བོད་ཀྱི་རྒྱལ་རབས་རྣམས་འཁྲུངས་འདས་ཀྱི་ལོ་ཚིགས་མི་མཐུན་པའི་སྐོར་ལ་དཔྱད་པ།

བོད་ཀྱི་རྒྱལ་རབས་རྣམས་འཁྲུངས་འདས་ཀྱི་ལོ་ཚིགས་མི་མཐུན་པའི་སྐོར་ལ་

དཔྱད་པ་སྒྲོན་མེ་ཆུང་ངུའི་འོད་སྣང་ཞེས་བྱ་བ་བཞུགས།

 བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

ཧོ་ལན་རྒྱལ་ཁབ་ཏུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་

ཐེངས་དགུ་བའི་སྟེང་གི་གསུང་བཤད།

༄༅། ། བོད་ཀྱི་ཐོག་མའི་རྒྱལ་པོ་གཉའ་ཁྲི་ནས།  །བོད་རྒྱལ་རིམ་བྱོན་རིགས་ཀྱི་ཅོད་པན་མཆོག  །བོན་ཆེན་སྣང་བ་མདོག་ཅན་ནས་བཟུང་སྟེ།  །བོན་གྱི་གྲུབ་ཆེན་དགུ་བཅུའི་ཞབས་ལ་འདུད།  །ལོ་རྒྱུས་དྭངས་པའི་ཆུ་གཏེར་དུ།  །རང་འདོད་རྡུལ་སིག་སྤུངས་པ་ཡིས།  །བསུབ་པར་མ་ནུས་ཡིད་བཞིན་ནོར།  །མཐོང་ལ་བསྐལ་འདིས་སྣང་བ་སྐྱོ།།  

     བོད་ཀྱི་རྒྱལ་པོ་རྣམས་འཁྲུངས་འདས་ཀྱི་ལོ་ཚིགས་མི་མཐུན་པའི་སྐོར་ཅི་ཙམ་བྱུང་བ་དང༌།  དེའི་བྱུང་རྐྱེན་གྱི་གནད་གང་ཡིན་པ་དང༌།  གང་ལྟར་ཁས་བླངས་ན་འགྲིགས་མི་འགྲིགས་ཀྱི་སྒྲུབ་བྱེད་ཅི་ཡོད་པ་སོགས་ནི།

དང་པོ།

བོད་ཀྱི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙད་པོ་ལ།  བོན་པོའི་ལུགས་སུ་འཁྲུངས་ལོ་བཞེད་པ་གཅིག་ལས་མེད་དེ།  སྤྱི་ལོའི་སྔོན་ཡར་བརྩིས་པའི་ཆིག་སྟོང་ཆིག་བརྒྱ་སོ་དྲུག༼༡༡༣༦༽ཤིང་བྱི་ལ་འཁྲུངས་པར་བཤད། དེ་ནས་ད་བར་སུམ་སྟོང་ཆིག་བརྒྱ་སོ་དྲུག༼༣༡༣༦༽ཡིན།  བན་དེའི་ལུགས་ལ་མི་མཐུན་པ་དགུ་ཡོད་དེ།

༡、སྤྱི་ལོའི་སྔོན་གྱི་ལོ་ལྔ་བརྒྱ་སོ་དགུ༼༥༣༩༽ཆུ་ཁྱི་ལ་འཁྲུངས་པར་འདོད་པ་ནི། གཡས་རུ་སྟག་ཚང་གི་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ལུགས་ཡིན།  འདི་རྒྱ་གར་གནས་བརྟན་སྡེ་བའི་ལུགས་ལྟར་ན་ཐུབ་པ་འདས་ནས་ལོ་དྲུག་སོང་བ་ཡིན།  རི་པན་དང་རྒྱའི་ཡི་གེ་ཞིག་གི་ལུགས་ལྟར་ན།  ཐུབ་པ་དགུང་ལོ ༢༦ སྟེ་ཞལ་བཞུགས་པའི་རིང་རེད།

༢、སྤྱི་ལོ་སྔོན་ལོ་བཞི་བརྒྱ་བཅུ་བདུན༼༤༡༧༽ཤིང་བྱི་ལ་འཁྲུངས་པ་སུམ་པས་བཞེད།

༣、སྤྱི་ལོ་སྔོན ༣༡༣ ས་སྤྲེལ་ལ་འཁྲུངས་པ་ས་སྐྱའི་ཡིག་རྙིང་དུས་གསལ་སྒྲོན་མེའི་ལུགས།

༤、སྤྱི་ལོ་སྔོན ༢༣༧ ཤིང་བྱི་ལ་འཁྲུངས་པ་སྡེ་སྲིད་ཀྱི་བཻ་དཀར་དང་འཇམ་དབྱངས་བཞད་པའི་བསྟན་རྩིས། བླ་བྲང་གདན་རབས་སོགས་ཀྱི་ལུགས།

༥、སྤྱི་ལོ་སྔོན ༢༠༠ ལྕགས་གླང་ལ་འཁྲུངས་ཞེས་ས་ཆེན་གྲགས་རྒྱན་བཞེད།

༦、སྤྱི་ལོ་སྔོན ༡༩༥ མེ་རྟ་ལ་འཁྲུངས་པ་གཙུག་ཕྲེང་བཞེད་ལུགས་གཅིག

༧、སྤྱི་ལོ་སྔོན ༡༣༤ མེ་ལུག་ལ་འཁྲུངས་པ་ས་སྐྱ་འཕགས་པའི་ལུགས།

༨、སྤྱི་ལོ་སྔོན ༡༢༧ ཤིང་སྟག་ལ་འཁྲུངས་ཟེར་བ་རྒྱལ་བའི་མཛད་རྣམ།  རྫོགས་ཆེན་དཔལ་སྤྲུལ།

༩、སྤྱི་ལོ་སྔོན ༡༡༥ མེ་སྟག་ལ་འཁྲུངས་ཟེར་བ།  གཙུག་ཕྲེང་གི་བཤད་ལུགས་གཉིས་པ།

དེ་ལྟར་མི་མཐུན་པ་དགུ་ཙམ་སྟེ། འཁྲུངས་ལོ་གཅིག་ཡིན་པ་ལས་ཐམས་ཅད་ཡིན་མི་འགྱུར།  སངས་རྒྱས་བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་མཛད་པ་ལྟར་ན་ལོ་རེར་འཁྲུངས་པའི་ཚུལ་བསྟན་ཀྱང་ཆོག་ཟེར་ན་ཡང༌།  ལོ་རྒྱུས་ལ་ཐུན་མོང་སྣང་ཚུལ་གྱི་དོན་དངོས་གཞི་འཛིན་པ་ལས།  ལྷ་སྒྲུང་ལྟ་བུའི་བཤད་ཚུལ་ཁས་མི་ལེན་པ་སྨོས་ཅི་དགོས། དེས་ན་གཉའ་ཁྲིའི་འཁྲུངས་ལོ་མར་འདེད་མ་བྱས་ན།  ཤཱཀྱ་ཐུབ་པའི་སྔོན་ལ་གཉའ་ཁྲི་བྱོན་ན།  དེའི་དབུ་བླར་གཤེན་ནམ་མཁའ་སྣང་བ་མདོག་ཅན་བྱོན་ནས་གསང་སྔགས་སྤེལ་བས།  ཐུབ་པ་མ་བྱོན་གོང་བོད་ན་ནང་བ་སངས་རྒྱས་པའི་བསྟན་པ་ཡོད་པ་ཁས་ལེན་དགོས་པར་འགྱུར་བས་དེ་ལྟར་བཤད་པ་ཡིན་ཏེ།  སྟོན་པ་གཤེན་རབ་མཆོག་གི་བསྟན་པ་ནི།  ཐུབ་པ་མ་བྱོན་གོང་ནས་ཡོད་པར་འགྱུར་བ་སོགས་ཀྱི་དབང་གིས།  སྟོན་པ་གཤེན་རབ་དང་ལོའུ་ཀྱུན་༼老君༽གཅིག་རེད་ཟེར་བ་དང༌།  དེ་གཉའ་ཁྲི་མན་ཆད་ནས་བྱོན་པར་བཤད་པ་སོགས་ཀྱི་དམིགས་ཡུལ་རྟོགས་ཐུབ་བོ།  དེས་ན་སྲོང་བཙན་ཚུན་ཆད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཆོས་ལུགས་ཕྱོགས་ཞེན་དབང་གིས་བཤད་ཚུལ་དུ་མ་བྱུང་བ་ཤ་སྟག་གོ།

ཡང་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རིའི་འཁྲུངས་ལོ་མི་མཐུན་པ་བརྒྱད་ཡོད་དེ།  ༡ བོན་ལུགས་ལ་སྤྱི་ལོ ༢༥༤ ཤིང་ཁྱི་ལ་འཁྲུངས་པར་བཤད།  དེ་དང་སྡེ་སྲིད་ཀྱི་བཻ་དཀར། སུམ་པའི་མ་རྩིས། བྲག་དགོན་པའི་རྩིས་སོགས་མཐུན།   ༢、སྤྱི་ལོ ༢༤༤ ཤིང་བྱི་ལ་འཁྲུངས་ཟེར་བ་སུམ་པའི་བུ་རྩིས་དང་ཆོས་འབྱུང༌།  ༣、སྤྱི་ལོ ༣༤༧ མེ་ལུག་ལ་འཁྲུངས་ཟེར་བ་ཚུལ་སེང་ཆོས་འབྱུང༌།   ༤、སྤྱི་ལོ ༣༤༨ ས་སྤྲེལ་ལ་འཁྲུངས་པར་འདོད་པ་ས་སྐྱའི་དུས་གསལ་སྒྲོན་མེ་དང༌།  ངོར་བ་དཀོན་ལྷུན་གྱི་ཆོས་འབྱུང་སོགས་ཀྱི་ལུགས།  ༥、སྤྱི་ལོ ༣༦༦ མེ་སྟག་ལ་འཁྲུངས་པ་ས་སྐྱ་འཕགས་པའི་ལུགས།   ༦、སྤྱི་ལོ ༣༧༤ ཤིང་ཁྱིར་འཁྲུངས་པ་དཔལ་སྤྲུལ་དང་འཇུ་མི་ཕམ་ལུགས།  ༧、སྤྱི་ལོ ༥༠༦ མེ་རྟ་ལ་འཁྲུངས་པ་ས་སྐྱ་གྲགས་རྒྱན་བཞེད།  ༨、སྤྱི་ལོ ༤༡༩ ས་ལུག་ལ་འཁྲུངས་ཟེར་བ་གཡས་རུ་སྟག་ཚང་བ།

བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོའི་འཁྲུངས་ལོ་ལ་མི་མཐུན་པ་གསུམ་ཙམ་བྱུང༌།  སྤྱི་ལོ ༦༡༧ མེ་གླང་ལ་འཁྲུངས་པར་འདོད་པ་རང་ལུགསཡིན།  འདི་ས་ཆེན་གྲགས་རྒྱན།  རྒྱལ་བ་ཀློང་རམས་པ།  པཎ་ཆེན་བསོད་གྲགས།  དཔལ་བོ་གཙུག་ཕྲེང༌།  ཚལ་བའི་དེབ་དམར།  ངོར་བ་དཀོན་ལྷུན།  འཇམས་དབྱངས་བཞད་པ།  དབལ་མང༌།  བྲག་དགོན།  སུམ་པ། རྒྱའི་ཡི་གེ་རྣམས་མཐུན།  གཙུག་ཕྲེང་གིས་ལོ་འདིར་རྒྱ་བཟའ་དང་བལ་བཟའ་འཁྲུངས་ཞེས་བཤད། དེའི་ཕྱི་ལོ་རྒྱ་ནག་གི་ཐང་རྒྱལ་རབས་ཚུགས། ཐང་ཀོ་ཙུ༼唐高祖༽ནས་སྲིད་བསྐྱངས་པ་སོགས་རྒྱ་བོད་ཀྱི་དུས་ཚིགས་འདིར་འགྲིགས་སྙམ།

སྤྱི་ལོ ༦༢༩ ས་གླང་ལ་འཁྲུངས་ཟེར་བ། འགོས་ལོ། འཁོན་སྟོན། རྒྱལ་དབང་ལྔ་བ། སྡེ་སྲིད་ཀྱི་བཻ་དཀར་དང་དུ་ཀཱུ་ལའི་ཁ་སྐོང༌།    འཇིགས་གླིང༌། ཅོ་ནེ་གྲགས་པ། སུམ་པའི་མ་རྩིས། བྲག་དགོན། འཇུ་མི་ཕམ་སོགས་ཡིན་ལ། བོན་ལུགས་ཀྱི་མཁན་ཆེན་ཉི་མ་རྗེས་འབྲངས་དང་བཅས་པའང་དེར་མཐུན་པར་འདུག་ནའང༌། དེ་ལྟར་ན་རྒྱ་བཟའ་དང་བལ་བཟའ་གཉིས་སྲོང་བཙན་གྱི་སྤྱན་གཡས་གཡོན་ལས་འོད་ཟེར་སྤྲོས་ཏེ། བཙུན་མོ་ལོ་བཅུ་དྲུག་ཅན་ལ་འཕེན་པ་བཏང་ཞེས་པའི་ལོ་རྒྱུས་དང་མཐུན་དཀའོ།

དེ་ལྟར་སྲོང་བཙན་འཁྲུངས་འདས་ཀྱི་ལོ་ཚིགས་ཡར་འདེད་མར་འདེད་བྱེད་དོན་ནི། འཇམ་དཔལ་རྩ་རྒྱུད་ལས། མི་ཡི་་དབང་པོ་དེ་ཡང་གྲུབ། ། ལོ་ནི་བརྒྱད་ཅུར་རྒྱལ་སྲིད་བྱ། ། ཞེས་པའི་ཚིག་དེ་གཅིག་པུར་དང་དུ་བླངས་ནས། དེ་སྲོང་བཙན་ལ་ལུང་བསྟན་པ་ཡིན་ཞེས། དགུང་ལོ་བརྒྱད་ཅུར་བཞུགས་ཞེས་པ་དང༌། ཡང་ཁྱི་ལོར་འདས་པ་ལ་འགྲིགས་དགོས་ཕྱིར་གྱ་གཉིས་ལ་འདས་ཞེས་བཤད་པ་ཡིན་ནོ།    དེའི་དབང་གིས་ཁྲི་སྡེ་དང་ཁྲི་སྲོང་མར་བསྣུར་བྱས་ཤིང༌། ཁྲི་རལ་དང་དར་མ་སྐུ་མཆེད་ཀྱང་དྲུག་ཅུ་སྐོར་གཅིག་གིས་འཕྱི་བ་དེ་བྱུང་ངོ༌།།

དེས་ན་སྲོང་བཙན་གྱ་གཉིས་ལ་བཞུགས་ན་དུས་ཚིགས་མི་འགྲིག་པའི་རྒྱུ་མཚན་ཉུང་ཙམ་ཞུ་ན། གཙུག་ཕྲེང་ལྟར་སྲོང་བཙན་དང་བལ་  བཟའ་དང་རྒྱ་བཟའ་གསུམ་སྤྱི་ལོ་ ༦༡༩ མེ་གླང་ལ་འཁྲུངས་པ་ན་མཉམ་དུ་བཞེད་པ་འཐད་དེ། དེའི་ཕྱི་ལོ་ས་སྟག་ལ། ཐང་རྒྱལ་རབས་ཚུགས། གོང་མ་ཐང་ཀོ་ཙུས༼唐高祖༽སྲིད་བསྐྱངས་ནས་ལོ་དགུ་སྟེ། སྲོང་བཙན་དགུང་ལོ་བཅུ་བཞེས་པའི་སྐབས། ཐང་གི་གོང་མ་གཉིས་པ་ ཐང་ཐེ་ཙུངཐང་༼唐太宗༽གོང་མའི་ཁྲིར་བཞུགས་ནས་སྲིད་བསྐྱངས་པ་དང༌། དེ་ནས་ལོ་གསུམ་སྟེ། སྤྱི་ལོ ༦༢༩ སྲོང་བཙན་དགུང་ལོ་བཅུ་གསུམ་བཞེས་སྐབས་ཡབ་རྒྱལ་པོ་གནམ་རུ་སྲོང་བཙན་གྱིས་རྒྱལ་སྲིད་ཕུལ་ནས་སྲོང་བཙན་བོད་ཀྱི་རྗེ་བོར་མངའ་གསོལ། དེ་ནས་  ཡབ་འདས། སྲོང་བཙན་གྱིས་སྲིད་བསྐྱངས་པ་དང༌། ཐང་ཐེ་ཙུང་གིས་རྒྱ་ནག་གི་སྲིད་བསྐྱངས་པའི་སྐུ་ཚེ་ཡུན་ཕལ་ཆེར་མཉམ། སྤྱི་ལོ    ༦༤༩ ས་བྱ་ལོར་ཐང་ཐེ་ཙུང༼唐太宗༽དགུང་ལོ་ང་གཉིས་པ་ལ་འདས། དེའི་ཕྱི་ལོ་ལྕགས་ཁྱི་ལ་ཐང་ཀོ་ཙུང༼唐高宗༽ཁྲིར་བཞུགས་པ་ལ་སྲོང་བཙན་ནས་རྒྱ་དཔོན་ཆན་སུན་བརྒྱུད་ནས་གོང་མར་ཡི་གེ་བཏང་བར། གནམ་གྱི་སྲས་ཁྲི་ལ་གསར་དུ་བཞུགས་པ་ལགས། གལ་ཏེ་གོང་མའི་ཆབ་འབངས་ངོ་ལོག་པ་བྱུང་ན། ཁོ་བོས་དམག་བཏང་སྟེ་གྲོགས་དན་བྱས་ཆོག  འདིར་གསེར་གྱི་ཡོ་བྱད་རྣམ་གྲངས་བཅོ་ལྔ་གོང་མའི་མདུན་དུ་ཕུལ། ཞེས་པ་དགེ་འདུན་ཆོས་འཕེལ་གྱིས་རྒྱའི་ཡི་གེ་བོད་ཡིག་ཏུ་བསྒྱུར་བ་ལས་གསལ། དེ་ལ་ཐང་ཀོ་ཙུང༼唐高宗༽གིས་སྲོང་བཙན་ལ་ཧུ་མ་དུ་ཝེ་༼ཧྥུ་མ་ཏུ་ཝེའི驸马都尉༽ཞེས་པ་མག་པའི་ཆོ་ལོ་དང༌། སའི་ཁུན་དབང༼ཤིས་ཧེའི་ཅུན་ཝང西海郡王༽ཞེས་པ་མཚོ་སྔོན་གྱི་རྒྱལ་བོའི་ཆོ་ལོ་གནང་བ་བསྐུར་ཞེས་དང༌། ཕོ་ཉ་བ་ལྷ་སར་འབྱོར་སྐབས་སྲོང་བཙན་འདས་ཟིན་ཞེས་དེབ་དམར་ལས་གསལ་བར་བཤད་དོ།།

ཡང་ལྕགས་ཕོ་ཁྱི་ལ་སྲོང་བཙན་འདས་རྗེས་སུ་སྲས་གུང་སྲོང་སྔར་ནས་འདས་ཟིན་པས་མང་སྲོང་མང་བཙན་ལོ་ན་ཤིན་ཏུ་ཕྲ་བ་སྲིད་ཁྲིར་བཞག་སྟེ། བློན་པོ་མགར་སྟོང་བཙན་གྱིས་སྲིད་སྐྱོང་རོགས་མཛད་ཅེས་པ་དང༌། དེ་ཡང་རྒྱའི་ཡིག་ཚང་ལྟར་ན་ལོ་བཅོ་ལྔ་དང༌། དེབ་དཀར་ལྟར་ན་ལོ་བཅོ་བརྒྱད་ལོན་ནས་མགར་འདས་པར་བཤད་པ་དང༌།  གཙུག་ཕྲེང་གིས་ཡུ་གྱར་ཡུལ་བླངས་པའི་དམག་ཐོག་ཏུ་འདས་ཞེས་པ་སོགས་ལ་དཔྱད་ན་བལ་བཟའ་དང་རྒྱ་བཟའ་བསུ་སྐབས། མགར་བློན་པོ་རྒན་གྲས་ཡིན་ཟེར་བས། སྲོང་བཙན་གྱ་གཉིས་ལ་བཞུགས་ན།  སྐབས་དེར་མགར་ལོ་བརྒྱ་ལ་ཉེ་བ་ཡིན་དགོས་ཤིང༌། དེ་ནས་སྲས་ལ་སྲིད་སྐྱོང་རོགས་ལོ་དེ་ཙམ་དུ་མཛད་ན། ལོ་བརྒྱ་དང་བཅུ་ལྷག་གི་སྐབས་སུ་དམག་དཔོན་བྱེད་དགོས་བྱུང་བ་སོགས་ལ་ཡིད་ཆེས་པར་མི་འགྱུར་རོ། དེ་བས་ན་སྲོང་བཙན་སོ་བཞི་ལ་འདས་པ་ཁས་ལེན་དགོས་སྙམ། སྐུ་ཚེ་མ་རིང་བའི་རྒྱུ་མཚན་ཡང༌། སྲས་གུང་སྲོང་འདས་རྗེས་སླར་དྲག་པོའི་སྒོ་ནས་སྲིད་བསྐྱངས་པའི་སྐབས། ཁྲིམས་ཁང་དུ་མི་མང་པའི་མིག་བྲུས་པ། ཡན་ལག་བཅད་པ་སོགས་ཡ་ང་བའི་ཁྲིམས་ལུགས་སྣ་ཚོགས་བཀོལ་བ་དང༌།  བཙུན་མོ་རྣམས་ཀྱིས་ཅི་འདོད་ལྟར།  ཕོ་བྲང་མང་པོ་བཞེངས་པའི་དོན་དུ་འདངས་རྣམས་ལུས་དང་ལོངས་སྤྱོད་ལྟ་ཅི་སྡུག་བསྔལ་བས་ཚེ་སྲོག་འདོར་དགོས་པ་ཡང་མང་དུ་བྱུང་ཞིང་འབངས་རྣམས་སྡུག་བསྔལ་ལ་ཐུག་ནས་གནོད་འཚེ་བྱུང་བ་རེད་དེ། རྒྱལ་པོ་དང་བཙུན་མོ་གཉིས་ཏེ་གསུམ་པོ་ལྷན་ཅིག་ཏུ་སྐུའི་ཐུགས་ཀར་ཐིམ་ཚུལ་བཤད་པ་དང༌། སྤྲུལ་པའི་རྒྱལ་པོས་སྤྲུལ་པའི་མི་ལ་ཆད་པ་བཅད་པ་ཟེར་བ་སོགས་དང་གཤེགས་ཚུལ་མི་ལེགས་པ་དང༌། གདུལ་བྱ་འདུལ་བའི་ཐབས་ཚུལ་མ་འགྲིགས་པ་སོགས་ལོ་རྒྱུས་རྣམས་ལས་དངོས་ཤུགས་གང་རུང་གིས་བསྟན་ཟིན་ཏོ། 

རྒྱལ་པོ་ཉིད་སྐུ་ན་ཆུང་དུས་ཐུགས་དམ་གྱི་ཉམས་ལེན་དང་ཞལ་འདོན་ནི། ཞི་བ་གཡུང་དྲུང་ཡོངས་རྫོགས།  ཁྲོ་བོ་ངོ་མཚར་རྒྱས་པ་དང་གསེར་ལུང་དྲི་མེད།  ཉི་ཁྲི་ཆིག་འབུམ།  དྲི་མེད་ཤེལ་མདོ་རྣམས་ཡིན་ཞེས་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས་གསུངས་ཚུལ་ལྟར་ལ།  སྐུ་ཚེ་དཀྱིལ་ནས་རྒྱ་གར་བན་དེ་མང་པོ་བྱོན་ནས་ཐུགས་ཅུང་ཟད་འགྱུར་ཏེ།  རྒྱ་གར་གྱི་ཆོས་ཟ་མ་ཏོག  རྡོ་རྗེ་གཅོད་པ།  མདོ་སྡེ་པད་དཀར་རྣམས་དང་སྔ་མ་ཟུང་འབྲེལ་དུ་ཉམས་བཞེས་མཛད།  དེ་རྗེས་གྲུབ་མཐའ་འགྱུར་བས།  རྒྱ་གར་བན་དེ་རྗེས་འབྲང་དང་བཅས་པས་རྒྱལ་པོ་ལ་བསྔགས་བརྗོད་ཚད་མེད་མཛད་དེ།  སྤྱན་རས་གཟིགས་དངོས་ཡིན་པ་དང༌།  སྲོང་བཙན་ལ་ཨ་མི་དེ་ཝའི་དབུ་བྱུང་ཚུལ།  ཕྱིའི་རྒྱལ་ཁབ་རྣམས་ནས་བོད་ལ་རྒྱལ་པོ་མགོ་གཉིས་པ་བྱུང་ཞེས་སྐྲག་ནས་གུས་འདུད་བྱས་ཚུལ་དང༌།  རྒྱལ་པོ་ཕན་ཚུན་ལ་སྐྱེས་དང་ཡི་གེ་བསྐུར་རེས་མཛད་ནས་གཟོད་ཡི་གེ་དགོས་ཚུལ་ཤེས་ཏེ།  ཐོན་མི་རྒྱ་གར་དུ་མངགས།  སམྦྷོ་ཊ་རྒྱ་གར་དུ་ལེགས་པར་འབྱོར་ནས་གསེར་བྲེ་གང་དང་གསེར་གྱི་པ་ཏྲ་སོགས་ཕུལ་ནས།  པཎྜི་ཏ་ལྷ་རིག་པའི་སེང་གེ་ལས་སྒྲ་པ་ཎི་བྱཱ་ཀ་ར་ཎ།  ཀ་ལ་པ།  ཙནྟྲ་པ།  སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བསླབས་ནས་ཤེས་པ་མ་ཟད།  ལོ་གསུམ་གྱི་ནང་དུ་ཕར་འགྲོ་ཚུར་འོང་གི་བྱ་བ་མཐའ་དག་ཀྱང་ལེགས་པར་གྲུབ།  དེ་ནས་བོད་དུ་བྱོན་ནས་བོད་ཡིག་གསར་དུ་བཟོས།  དེ་ལ་དཀའ་ངལ་བྱུང་ཚེ་རྨི་ལམ་ལ་བརྟེན་ནས།  ཅ་ཆ་ཇ་དང་ཞ་ཟ་འ་སྟེ་ཡི་གེ་དྲུག་དགོས་པ་གཟོད་ཤེས་ཚེ་ཡི་གེ་དྲུག་གསར་དུ་བསྣན་ནས་སྐད་བསྒྱུར་ཐུབ་པ་བྱུང་བ་སོགས་བཤད་པ་ནི།  སྔོན་བོད་ན་ཡི་གེ་མེད་པའི་སྒྲུབ་བྱེད་ཙམ་དུ་བཀོད་པ་ཡིན་ཡང༌།  དོན་ངོ་མ་དེ་ལྟར་མ་ཡིན་ཏེ།  ལོ་གསུམ་ནང་དུ་སློབ་གཉེར་དང་ཕར་འགྲོ་ཚུར་འོང་གི་བྱ་བ་མཐར་ཕྱིན་པའི་མཁྱེན་རྩལ་ཆེ་བའི་སློབ་སྤོན་དེས།  རྒྱུན་དུ་སྤྱོད་བཞིན་པའི་ཅ་ལག  ཇ་ཆང༌།  འོ་ཞོ།  ཟ་འཐུང་སོགས་ཡིད་ལ་མི་ཤར་བར།  རྨི་ལམ་དུ་གཞན་གྱི་སྐད་ལ་ཉན་ནས་ཡི་གེ་དྲུག་དགོས་པ་ཤེས་སོང་ཞེས་པ་ཐོན་མི་ལ་བསྔགས་བརྗོད་ཀྱི་ཚིག་ཏུ་མི་འགྲོ་ལ་ལོ་རྒྱུས་ཡིད་ཆེས་ཅན་དུའུང་མི་འགྱུར་རོ།  འོན་ཀྱང་འཇམ་དབྱངས་མི་ཡི་རྣམ་རོལ་སློབ་དཔོན་ཐོན་མིས།  ཡི་གེའི་གཟུགས་ཇེ་ལེགས་སུ་བཏང་བ་དང༌།  སྒྲ་རིག་པའི་བརྡ་དག་གི་སྦྱོར་བ་ཕུན་སུམ་ཚོགས་པ་སུམ་བཅུ་བ་ནི་རྒྱ་གར་གྱི་སྒྲའི་མཚམས་སྦྱོར་བྱེད་ཚུལ་ལ་དཔེ་བླངས་ནས་བརྩམས་པ་དང༌།  བོན་ལུགས་ཀྱི་ཡི་གེ་འབྱུང་ཆེན་དང་འབྱུང་ཆུང་གི་རྣམ་བཞག་ལ་ཕོ་མོ་མ་ན་ལྷང་ལྷང་་གི་མིང་བཏགས་ནས་རྟགས་ཀྱི་འཇུག་པ་བརྩམས་པ་སོགས་ཕྱག་རྗེས་བླ་ན་མ་མཆིས་པའི་བཀའ་དྲིན་ནི་བན་བོན་ཀུན་གྱིས་ཁས་ལེན་པར་སྣང་ངོ༌།  དེས་ན་ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་དག་ཆོས་ལུགས་ཕྱོགས་ཞེན་གྱི་དབང་དུ་སོང་ནས་ཆོས་ལུགས་སྔ་མ་རྩིས་མེད་དུ་གཏོང་བའི་ཐབས་ཁོ་ནར་ཟད་དོ།  མཁས་པ་རང་རང་གི་གསུངས་པའི་ཤུགས་ལའང་སྔོན་ཆད་བོད་ལ་ཡི་གེ་ཡོད་པར་མ་ཟད་རིག་གནས་དར་ཡོད་པའང་ཅུང་ཙམ་རེ་གསལ་བར་ཐོན་འདུག་སྟེ།  ལོ་རྒྱུས་ཀུན་ལས་གཉའ་ཁྲིའི་དུས་བོད་ཀྱི་ཤེས་པ་ཅན་བཅུ་གཉིས་ཡོད་པར་བཤད་པ་དེ་ཡང་ཤེས་ལྡན་གྱི་ཡོན་ཏན་པ་སྐོར་བཅུ་གཉིས་ལ་གོ་དགོས་ཤིང༌།  ཤེས་པའི་གནས་གང་དང་གང་ཡིན་པ་ལོ་རྒྱུས་སྔ་མ་རྣམས་ལས་བཤད་པ་ལྟར།  ཁོ་བོས་བོན་གྱི་ལོ་རྒྱུས་ཤེལ་གྱི་རྒྱང་མཐོང་ཞེས་པར་བྲིས་ཡོད་པས་འདིར་མང་དུ་དོགས།  དེའི་ཁུངས་ནི་སྟོན་པ་གཤེན་རབ་བོད་ཡུལ་དུ་བྱོན་སྐབས།  རྒྱུའི་བོན་གྱི་ལུང་གནངས་ཏེ་རིམ་བཞིན་འབྲས་བུའི་བོན་གསང་སྔགས་སྤྱི་སྤུངས་སྐོར་གསུམ་དང༌། རྫོགས་ཆེན་གྱི་བོན་སྡེ་རྣམས་དར་ཞིང་རྒྱས་པ་ཙམ་དུ་མ་ཟད།  གྲུབ་པ་ཐོབ་པ་དང་འཇའ་ལུས་པ་མང་པོ་ད་ལྟའི་བར་དུ་བྱོན་པ་ནི་མཐོང་ཐོས་མངོན་གྱུར་ཡིན་ནོ།  སྔོན་ཡི་གེ་ཡོད་པས་སྟོན་པ་གཤེན་རབ་ཀྱི་བཀའ་གླེགས་བམ་བརྒྱ་ཕྲག་མང་པོ་བོད་དུ་དར།  དེ་ལ་བརྟེན་ནས་བརྩམས་པའི་ཞང་བོད་ཀྱི་པཎ་གྲུབ་དུ་མའི་བཀའ་བརྟེན་ཀྱང་མང་དུ་བཞུགས་པ་དེ་བོད་ཡིག་ཁོ་ནའོ། །

བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་ལ་འཁྲུངས་ལོ་མི་མཐུན་པའི་སྐོར་བདུན་ཙམ་ཡོད་དེ། 

༡  སྤྱི་ལོ༧༡༨ ས་རྟ་ལོ་ལ་འཁྲུངས་པར་བཞེད་པ། བོན་ལུགས་ཀྱི་མཁན་ཆེན་ཉི་མ་སོགས་ཡིན་ལ།  སྐབས་འདིར་ཡབ་མེས་ཨག་ཚོམ་དགུང་ལོ ༢༧ དང་ཁྲི་སྲོང་གི་མ་ཡིན་ཟེར་བའི་ཀྱིམ་ཤང་༼ཅིན་ཁྲིན་༽ཀོང་ཇོ་ལོ་ ༡༩ ཡིན་པར་འདོད༼ལོ་བརྒྱད་ཀྱིས་ཆེ་ན་རྒན་པ་ཞེས་བཏགས་ཀྱང་རུང་སྙམ་༽

༢  སྤྱི་ལོ ༧༣༠ ལྕགས་རྟ་ལ་འཁྲུངས་ཟེར་བ།  བཻ་དཀར།  སུམ་པའི་མ་རྩིས།  བྲག་དགོན་རྩིས།  འཇིགས་མེད་གླིང་པ་སོགས་ཡིན།  འདི་སྐབས་མེས་ཨག་ཚོམ་དགུང་ལོ ༣༩ དང་ཀོང་ཇོ་ལོ ༣༡ ཡིན།

༣  སྤྱི་ལོ ༧༤༢ ཆུ་རྟ་ལ་འཁྲུངས་ཟེར་བ། རྒྱལ་དབང་ལྔ་བ། ཏུན་ཧོང་ཡི་གེར་བཤད་ཚུལ། ༼རྒྱའི་ཡིག་ཚང་དུ་འདི་སྐབས་ཀོང་ཇོ་འདས་པའི་ཕྱི་ལོ་ཡིན་པས་ཡིད་མ་ཆེས་ལ། ཏུན་ཧོ་ཡི་གེར་ཡང་ཀྱིམ་ཤིང་ཀོང་ཇོ་ས་ཡོས་ལོར་འདས་ནས་ལོ་གསུམ་སོང་བ་ཡིན།  དེ་ལྟར་ན་ཁྲི་སྲོང་གི་མ་ཡིན་ཟེར་ཚུལ་མེད།༽

༤  སྤྱི་ལོ ༧༦༧ ས་སྤྲེལ་ལ་འཁྲུངས་ཞེས་གཡུ་ཐོག་རྣམ་ཐར་ལས་བཤད་ཚུལ་ཏེ།  གཡུ་ཐོག་རྙིང་མ་དང་ན་མཉམ་ཡིན་ཟེར། ༼འདི་སྐབས་ཀོང་ཇོ་འདས་མེད་ན་ལོ ༦༩ ཡིན་པས་ཡིད་མ་ཆེས།༽

༥  སྤྱི་ལོ ༧༧༨ ས་རྟ་ལ་འཁྲུངས་ཟེར་བ།  བུ་སྟོན།  བསོད་གྲགས༌།  འཇམ་བཞད།  དབལ་མང༌།  གཡའ་སེལ་་སོགས་ཡིན་ལ། འདི་ལུགས་སྔ་མ་དང་དྲུག་ཅུ་སྐོར་གཅིག་གིས་ཁྱད་ཤོར་ལ།  བཻ་དཀར་དང་དེའི་གཡའ་སེལ་གཉིས་ལ་ལོ ༤༩ ཁྱད་བྱུང༌།༼ཀོང་ཇོ་ལོ ༧༩༽

༦  སྤྱི་ལོ ༧༩༠ ལྕགས་རྟ་ལ་འཁྲུངས་ཟེར་བ།  ས་ཆེན་གྲགས་རྒྱན།  ཚལ་པ་ཀུན་རྡོར།  རྒྱལ་རབས་གསལ་མེ།  དཔའ་བོ་གཙུག་ཕྲེང༌།  སུམ་པ།  བ་རི་སྟག་ཚང་བ་སོགས་ཡིན།༼འདི་སྐབས་ཀོང་ཇོ་ལོ ༩༡ ཡིན་དགོས།༽

༧  སྤྱི་ལོ༨༠༢ཆུ་རྟ་ལ་འཁྲུངས་ཟེར་བ། རྒྱལ་དབང་བདུན་པ། སྨིན་གླིང་ཆོས་དཔལ། དཔལ་སྤྲུལ་སོགས་ཡིན། ༼འདི་སྐབས་ཀོང་ཇོ་ལོ༡༠༣ཡིན་དགོས། ཀོང་ཇོའི་འཁྲུངས་ལོ་རྒྱའི་ཡི་གེ་ལ་མཐུན་ན་ལེགས་ཏེ་རྒྱས་རང་གི་ལོ་རྒྱུས་ཐད་ཀར་བྲི་བ་ལས། ལོ་བརྒྱ་ཕྲག་མང་པོ་སོང་རྗེས་དཔྱད་ནས་བྲིས་པ་མིན་པས་སོ།༽ དེ་ལྟར་ལོ་ཚིགས་མ་མཐུན་པའི་དབང་གིས་པད་འབྱུང་དང་བོངྷི་སཏྭ་བོད་དུ་བྱོན་པ་དང༌།  བསམ་ཡས་བཞེངས་གྲུབ་ཀྱི་ལོ་ཚིགས་ཀྱང་མི་མཐུན་པར་གྱུར་པ་ཡིན་ནོ།  དེས་ན་ཕྱོགས་ལྷུང་གི་དབང་དུ་མ་སོང་བར་གཟུ་བོའི་བློས་ཞིབ་མོར་དཔྱད་ན། གཉའ་ཁྲི་ནས་སྲོང་བཙན་བར་གྱི་ལོ་རྒྱུས་ནི་བོན་ལུགས་དང་མི་བསྟུན་ཀ་མེད་བྱུང་སྟེ། དེ་སྐབས། བླ་མ་ཆེ་དྲུག གདུང་རྒྱུད་བཅུ་གསུམ། འཛམ་གླིང་རྒྱན་དྲུག མཁས་པ་མི་བཞི། ལོ་པཎ་གཤེན་བརྒྱད། བོན་ཆེན་བཞི་བཅུ། དྲན་པ་ཡབ་སྲས་སོགས་བྱོན་ནས་གསང་སྔགས་ཀྱི་བསྟན་པ་སྤེལ་བ་ལགས་ལ། རྒྱལ་པོ་རྣམས་བསྟན་སྦྱིན་གྱི་རྒྱལ་པོ་ཙམ་དུ་མ་ཟད། གསང་སྔགས་རིག་པ་འཛིན་པ་ཁོ་ནར་བྱོན་པ་མང་བས། སྤྱི་སྤུངས་བླ་བརྒྱུད་ལྟ་བུ་ལས་ཤེས་ཏེ། དེ་དག་བླ་སློབ་ཚུལ་དང་མཆོད་ཡོན་འབྲེལ་བར་བྱོན་པས་ཐེ་ཚོམ་ཟ་བའི་གནས་མེད་དོ།  སྲོང་བཙན་ནི་རྒྱ་ནག་གི་ཐང་ཐེ་ཙུང་༼唐太宗༽དང་ཀོང་ཇོ་སྔ་མ་དང་ཐང་ཀོ་ཙུང་༼唐高宗༽སོགས་ཀྱི་དུས་དང་འགྲིགས་དགོས་སྙམ་མོ།

     བོད་རྒྱལ་ཞེ་གཅིག་པ་ཁྲི་རལ་བ་ཅན་གྱི་འཁྲུངས་ལོ་ལ་མི་མཐུན་པ་གསུམ་ཙམ་དུ་འདུག 

༡  རང་ལུགས་སྤྱི་ལོ༨༠༦མེ་ཁྱི་ལ་འཁྲུངས་པར་འདོད།  འཇམ་དབྱངས་བཞད་པའི་བསྟན་རྩིས་ལུགས་འདིར་མཐུན།  འདི་བསྟན་རྩིས་ཀུན་བཏུས་ལས་དྲུག་ཅུ་སྐོར་གཅིག་གིས་སྔ་སོང་ཞེས་བཤད་ཀྱང་སྔ་ཆེས་བའི་རྒྱུ་མཚན་མེད་དེ། ཁྲི་རལ་དགུང་ལོ་བཅུ་དྲུག་གི་ཐོག་རྒྱ་རྗེ་མུ་ཙུང་གོང་མའི་ཁྲིར་བཞུགས་ནས་རྣམ་པ་གཉིས་ཀས་དབོན་ཞང་རྡོ་རིང་བསླངས་པ་སྤྱི་ལོ༨༢༡ཡིན་པས་སོ།

༢  སྤྱི་ལོ༨༥༥ཤིང་ཕག་ལ་འཁྲུངས་ཞེས་ས་པཎ་བཞེད་ལུགས་སྔ་མ་ལྟར་ན་ཁྲི་རལ་འདས་ནས་ལོ༡༩ཡིན།

༣  སྤྱི་ལོ༨༦༦མེ་ཁྱི་ལ་འཁྲུངས་ཟེར་བ། ས་ཆེན། བུ་སྟོན། དེབ་དམར། བསོད་གྲགས། གསལ་མེ། རྒྱལ་དབང་ལྔ་བ། དུ་ཀཱུ་ལ་དང་བཻ་དཀར། གཙུག་ཕྲེང༌། སུམ་པའི་མ་རྩིས་ཆོས་འབྱུང༌། འཇུ་མི་ཕམ་དང་རྒྱལ་བའི་མཛད་རྣམ་སོགསཡིན་པར་བཤད།  ལུགས་ཕྱི་མ་འདི་རྒྱ་རྗེ་མུ་ཙུང་སྐབས་དབོན་ཞང་རྡོ་རིང་བསླངས་པ་ལ་འགྲིགས་ཐབས་མེད་དེ། གོང་མ་ཙིན་ཙུང་དང་འུན་ཙུང༌། གི་ཞུང་སོགས་ཁྲིར་བཞུགས་པའི་རྗེས་ཡིན་པས་ལོ་ཚིགས་འགྲིགས་དཀའ། 

གཉིས་པ།

རྒྱ་གར་གྱི་ཆོས་བོད་དུ་ཐོག་མར་དར་བ་ལ་དཀའ་ཁག་ཆེན་པོ་བྱུང་བའི་རྒྱུ་མཚན་ཡང་སྲོང་བཙན་གྱི་སྐུ་རིང་ལ་དངོས་སུ་ཆེན་པོ་དར་མ་ཐུབ།  རྒྱུ་རྐྱེན་ནི་རྒྱལ་པོ་ལ་ཐུགས་སྨོན་ཡོད་པ་དེ་བོན་ལ་དགའ་བའི་བློན་འབངས་རྣམས་ཀྱི་ཆོས་ལུགས་སྔ་མ་འདོར་འདོད་ཀྱི་བསམ་པ་མ་བྱུང་བས་བློར་མ་འཕྲོད། རྒྱལ་པོས་དྲག་པོའི་སྒོ་ནས་སྲིད་བསྐྱངས་པ་དེ་ཐབས་ཚུལ་མ་ལེགས་པས་སྐུ་ཚེ་ལ་བར་ཆོད་བྱུང༌།  རྒྱལ་དབང་ལྔ་བའི་དཔྱིད་གླུ་དང་ལོ་རྒྱུས་རྣམས་སུ། རྒྱལ་པོས་ད་སྟེ་གདུང་རབས་ལྔ་ན། ངའི་དབོན་སྲས་རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ཆོས་འབྱུང་ཞེས་པའི་ལུང་བསྟན་ཟངས་ཀྱི་བྱང་བུ་ལ་བྲིས་པ་རྙེད། ༼དེབ་སྔོན་དུ་ཁྲི་ལྡེ་གཙུག་བརྟན་གྱི་བློན་པོ་ཞིག་གིས་མཆིན་ཕུའི་རྫ་གསེབ་ནས་རྙེད་ཅེས་བཤད་པས་སྲོངགབ་ཙེན་གྱིས་བྲིས་པ་ཡི་མིན་ཀྱང་མ་ངེས།༽ དེ་རང་ཉིད་དུ་གོ་སྟེ་གངས་ཏི་སེ་ན་སངས་རྒྱས་ཞི་བ་དང་གསང་བ་གཉིས་བཞུགས་པ་གདན་དྲངས་པས་མ་འདྲོངས།  འོན་ཀྱང་ཕོ་ཉ་བས་ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བློ་ལ་བཟུང་ངམ། གླེགས་བམ་ལྔ་སྤྱན་དྲངས། དེ་བཞུགས་པར་ལྷ་ཁང་ལྔ་བཞེངས། ལི་ཡུལ་ནས་རབ་བྱུང་བ་སྤྱན་དྲངས་༼དེབ་སྔོན་དུ་རྒྱའི་ཡུལ་ནས་ཧྭ་ཤང་མང་པོ་སྤྱན་དྲངས། བོད་མི་རབ་ཏུ་བྱུང་བ་མེད་བཤད་པ་༽སོགས་བཤད་པ་ལྟར་ན།  གླེགས་བམ་ལྔ་ལ་ལྷ་ཁང་ཙམ་བཞེངས་པ་ལས་ཆེན་པོ་དར་མ་ཐུབ་སྟེ། དར་ཡོད་ན་སྲས་ཁྲི་སྲོང་རིང་གི་དཀའ་ཁག་དེ་འདྲ་བྱུང་མི་དགོས་སྙམ།  རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིས་ཀྱང་སྲོང་བཙན་ལྟར་རྒྱ་ལ་གཉེན་ཉེ་བྱེད་པ་དགོངས་ནས་བློན་ཆེན་སྟོན་བཞེར་བྱ་བ་མངགས་ཏེ་ཀོང་ཇོ་ཞིག་མནའ་མར་བསླང་ན་ཡང༌།  གོང་མས་ལན་མ་གནང༌།  སླར་ཡང་སྤྱི་ལོ༧༡༡ལྕགས་ཕག་གི་ལོ་ལ་ཕོ་ཉ་སྐྱེས་དང་བཅས་པ་རྒྱ་ལ་སླེབས་པས་གོང་མ་ཝི་ཚུང་གི་ཚ་མོ་ཅིན་ཁྲིན་ཞེས་པ་བོད་རྒྱལ་ལ་ཐོབ།  ཀོང་ཇོ་དེ་ལ་འཁྲུངས་པ་ཡི ན་མིན་མ་ངེས་ཀྱང༌།  ཁྲི་ལྡེ་གཙུག་བརྟན་ལ་སྲས་ཁི་སྲོང་ལྡེ་བཙན་འཁྲུངས་པ་ཡང་སྐུ་ཚེ་སྟོད་ལ་བླ་ཆེན་དྲན་པ་སོགས་བཞུགས་པ་དང༌།  བློན་ཆེན་འགོས་ཁྲི་བཟང་དང་ངམ་སྟག་ར་ཀླུ་གོང་སོགས་དབང་ཆེ་བས་རྒྱལ་པོ་ཡང་སྐུ་ན་ཆུང་བས་བོན་ལ་སྤྱོད་པ་ཙམ་དུ་བཞུགས།  དགུང་ལོ་ཉི་ཤུ་བཞེས་ཏེ་བན་དེ་ལ་དགའ་བའི་བློན་པོ་སྨྲ་མཁས་པ་དང་རྒྱ་ནག་གི་ཧྭ་ཤང༌། རྒྱ་གར་ཨ་ཙ་སོགས་ཀྱིས་ཐབས་ཚུལ་གང་ལེགས་ཀྱི་སྒོ་ནས་རྒྱལ་པོའི་ཐུགས་བསྒྱུར་ཏེ་བོན་བསྟན་སྣུབ་པར་བྱས་པ་ཡང་རྩེ་ཀློང་ཆེན་ལས།  བླ་ཆེན་དྲན་པ་ནམ་མཁའ་དང་སྙ་ལི་ཤུ་སྟག་རིང་བཞུགས་པའི་དུས། མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེ་སྨད་ལ་ནབ་ཅེས་པ་དང། ཞང་ཞུང་སྙན་བརྒྱུད། བསྒྲགས་བྱང་སོགས་མཐུན་ལ། རྒྱལ་བློན་རྣམས་ཀྱིས་གྲོས་བྱས་ཏེ་བྷོ་དྷི་སཏྭ་གདན་འདྲེན་པ་འཆམས་ན་ཡང༌།  བློན་ཆེན་རྣམས་ལ་དོགས་ནས་ངམ་སྟག་ར་ཀླུ་གོང་བྱང་དུ་སྤྱུགས།  བློན་ཆེན་མ་ཞང་གསོད་མ་ཐུབ་ན་མི་ཉན་ཞེས་པར། འགོས་རྒན་གྱིས་ངན་སེམས་ཡ་ང་བ་དྲན་ཏེ།  མ་ཞང་གི་ལམ་ཁར་ས་དོང་ཟབ་མོ་དུ་རུ་ཀ་ནས་ནང་དུ་འཕངས་ཏེ་གསོན་པོར་སྦས།  རྒྱ་སང་ཤིས་རྒྱ་ནག་གི་ཧྭ་ཤང་རྣམས་གདན་དྲངས།  དབའ་གསལ་སྣང་གིས་བྷོ་དྷི་སཏྭ་གདན་དྲངས། མཁན་པོས་ཆོས་གསུངས་ཚེ་དམར་པོ་རིའི་ཕོ་བྲང་ཐོག་གིས་བཤིག  ཕོ་བྲང་འཕང་ཐང་ཆུས་ཁྱེར།  ལོ་ཉེས་དང་མུ་གེ་འོང་ནས་བོད་ཁམས་མི་བདེ་བར་གྱུར་པ་ན། བོན་ལ་དགའ་བའི་བློན་འབངས་རྣམས་ཀྱིས་ཨ་ཙ་ར་འདིས་ཆོས་བྱས་པས་ལན་ཞེས་ཚིག་ངན་མང་དུ་སྨྲས་པས་མཁན་པོ་ཕྱིར་བྲོས་བྱས་ཏེ་སློབ་དཔོན་པདྨ་གདན་འདྲེན་པར་བགྲོས།  སློན་དཔོན་བྱོན་ཚེ་ཡང༌། དེ་བརྟན་མ་བཅུ་གཉིས་སོགས་ཀྱི་ཐོ་བརྩམས་ན་ཡང༌། དམ་ལ་བཏགས་ཞེས་དེབ་སྔོན་སོགས་སུ་བཤད། དེ་ནས་མཁན་པོས་རབ་བྱུང་གི་སྡེ་ཇེ་མང་དུ་བཏང༌། སློབ་དཔོན་གྱིས་བསམ་ཡས་སོགས་བཞེངས་ནས་ཆོས་གྲྭ་མང་དུ་བཙུགས།  དེ་ཡང་བསམ་ཡས་དོན་དུ་བོད་འབངས་དུ་མས་ལུས་སྲོག་ལོངས་སྤྱོད་བཏང་ནས་དཀའ་བ་ཁྱད་དུ་བསད།  དགེ་འདུན་གྱི་སྡེ་ལ་དཔྱ་ཁྲལ་གྱིས་འཚོ་དགོས་པ་བྱུང༌།  ལ་ལས་དད་གུས་ཀྱི་སྒོ་ནས་ཅི་བཞིན་བསྒྲུབས།  ཁ་ཅིག་ཁུར་ལྕི་བ་མི་ཐེག་པའི་སྡུག་བསྔལ་དུ་མཐོང༌།  དེ་ནས་ཅང་མ་འགོར་བར་མཁན་པོ་རིམ་ཁང་འོག་མར་རྟས་བཀྲོངས།  རྒྱ་ནག་གི་ཧྭ་ཤང་མང་པོ་དང་རྒྱ་གར་གྱི་ཨ་ཙ་ར་སྟོན་མིན་བརྩེན་མིན་གྱི་ལུགས་སུ་ཕྱོགས་རིས་ཀྱིས་ཆད་ནས་རང་སྲོག་དོར་བ་ཡང་དུ་མ་བྱུང༌།  དེ་ལ་རྒྱལ་པོ་དང་ཡེ་ཤེས་དབང་པོ་བཀའ་བགྲོས་ནས་ཀ་མ་ལ་ཤི་ལ་གདན་དྲངས་ཏེ་རྩོད་པ་བྱས་པས།  ཨ་ཙ་ར་རྒྱལ་བ་བྱུང་ཡང༌། སློབ་དཔོན་དེ་མཚན་མོ་གཟིམས་ཁང་དུ་ཧྭ་ཤང་བཞིས་མཁལ་མ་བརྡུང་ནས་བཀྲོངས་ཞེས་བན་བོན་གྱི་ལོ་རྒྱུས་མང་པོར་བཤད་ལ། ཁྱད་པར་དཔའ་བོ་གཙུག་ལག་ཕྲེང་བས་གསལ་བོར་གསུངས་ཡོད། དེ་ནས་རྒྱལ་པོ་ཡང་སྐུ་བསྙུངས། བོན་བསྣུབས་པའི་དབུ་ཡོག་རེད་ཅེས་ཀུན་གྱིས་གླེང༌། ད་ང་ཡང་ཚེ་རིང་པོ་མེད་ཅེས་ཐུགས་ལས་ཆུང་ངུར་གཞོལ་ཏེ་ང་ལྔ་ལ་སྒོམ་དུ་གཤེགས་ཞེས་པའི་ལོ་དེར་འདས་པ་དོན་གྱིས་གྲུབ།  བང་སོ་སྔོན་ནས་བརྩིགས་ཟིན་ཅེས་པ་སོགས་གཙུག་ཕྲེང་གིས་སྦ་བཞེད་དྲངས་ནས་གསུངས་པ་དང།  བཻ་རོའི་འདྲ་འབག་ཆེན་མོ་ལས་ཀྱང༌། བཻ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས་པའི་བཀའ་ཆད་ཀྱིས་དེ་ནས་ཟླ་བ་གསུམ་ལོན་པ། བི་མ་ལ་མི་ཏྲ་མ་ཕེབས་ཙམ་ན་ཆོས་རྒྱལ་ཁྲི་སྲོང་སྐུ་གཤེགས།  ཕྱི་ལོར་མུ་ནེ་བཙན་པོ་ཡང་གཤེགས་ཞེས་པ་དང༌། ཁྲི་སྲོང་འདས་པའི་ལོ་དང་རྒྱུ་རྐྱེན་སོགས་བཤད་ཚུལ་མང་པོ་ཞིག་ཡོད་པ་ཀུན་གྱིས་ཤེས་ཏེ།  ཁྱད་པར་རྒྱ་གར་པ་དང་བློན་པོ་སྣ་ནམ་ལེགས་གྲུབ་སོགས་ཁ་ཤས་ཀྱི་ངག་ལ་ཅན་ནས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་བཀྲོངས་པ་སོགས་མ་ལེགས་པ་ལོ་རྒྱུས་ཀུན་ཏུ་གསལ་ལ།  དེ་ཡང་མཐར་གཏུགས་ན་ཆོས་ལུགས་ཕྱོགས་ཞེན་གྱི་དབང་གིས་སམ་བོན་བསྟན་མ་ནུབ་ན་རྒྱ་གར་གྱི་ཆོས་ལུགས་དར་མ་ཐུབ་པའི་རྐྱེན་གྱིས། རྒྱལ་པོ་སྲས་རྒྱུད་དང་བཅས་པ་ཚེ་མ་རིང༌། བོད་ཀྱི་ལ་རྒྱ་དང་ལོ་རྒྱུས་ཚང་མ་གསེར་ས་འོག་ཏུ་སོང་བ་ལྟར་གྱུར་པ་ནི་ཆོས་ལུགས་ཀྱི་ཕྱོགས་རིས་ཁོ་དབང་དུ་སོང་ངོ༌།  ཁྲི་སྲོང་གི་སྐུ་ཚེ་སྨད་ལ་དེ་ལྟར་མཛད་ན་ཡང༌། སྲས་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་བསམ་ཡས་ལྷ་ཁང་ཆེན་མོ་སོགས་ཉམས་གུད་བྱུང་ཚུལ་དེ་ལ་ཡེ་ཤེས་དབང་པོའི་བུ་མོ་སྤྱན་རས་དང་གཞན་ཇོ་མོ་བྱང་ཆུབ་རྗེ་སོགས་དང༌། ཤྲནྟི་དང་དགེ་ལྡེམ་སོགས། དེ་ཀུན་གྱིས་བསམ་ཡས་ལ་བྱ་བ་བྱས་ཚུལ། མཐར་སྤྱན་རས་གཟིགས་རང་གིས་རང་འགུམ་པའི་དུས་བཙལ་ཏེ། མཆིམ་ཕུ་ན་སྒོམ་ཞིང་མཆིས་པ་ལས་ཚེ་འདས་ཞེས་པ་སོགས་སྦ་བཞེད་ཇི་མ་ཇི་བཞིན་གཙུག་ཕྲེང་གིས་བཤད་པ་སོགས་ལ་དཔྱད་ན། རྒྱ་གར་གྱི་ཆོས་བོད་དུ་དར་བ་ལ་དཀའ་ཁག་ཆེན་པོ་བྱུང་བ་རྟོགས་སླའོ།།

གསུམ་པ།

བསྟན་པ་ནུབ་པའི་རྐྱེན་གཙོ་བོ་གང་ལགས་ཤེ་ན།  ཁྲི་སྲོང་རིང་བོན་བསྟན་ནུབ་པ་ནི། རྒྱ་གར་གྱི་ཆོས་དར་མ་ཐུབ་པའི་ཆེད་ཡིན་པ་གོང་དུ་ཟུར་ཙམ་བཤད་ལ།  གྲི་གུམ་རིང་བོན་བསྟན་ནུབ་པ་དང་དར་མའི་རིང་བན་དེའི་བསྟན་པ་ནུབ་པའི་རྐྱེན་ཕལ་ཆེར་མཚུངས་ཏེ།  ཁྲི་རལ་བ་ཅན་གྱི་སྐུ་རིང་ལ།  རབ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་རེ་ཕུལ། བཀྲ་ཤིས་དགེ་འཕེལ་གཙུག་ལག་ཁང་སོགས་མང་དུ་བཞེངས།  དགེ་འདུན་གྱི་སྡེ་ཅི་ཙམ་མང་ན་དེ་ལ་ཐུགས་དགྱེས་ཤིང་བསྙེན་བཀུར་ཚད་མེད་བྱས།  བོད་རྣམས་དམག་འཁྲུགས་ཕམ་རྒྱལ་ལ་བརྟེན་ནས་ཡོད་པས་དེས་ཡིད་སུན་ཏེ་རབ་བྱུང་ཇེ་མང་དུ་སོང༌།  དམག་གི་སྟོབས་ཤུགས་ཇེ་ཞན་དུ་སོང༌།  རབ་བྱུང་རྣམས་ང་རྒྱལ་ཇེ་ཆེར་སོང་ནས་འབངས་ཀྱིས་བརྩི་བཀུར་མ་བྱས་ན་མི་ཆོག་པ་ལྟར་གྱུར་ནས།  སྲིད་ཁྲིམས་ལས་ཆོས་ཁྲིམས་བཙན། འབངས་རྣམས་སྡང་མིག་གིས་བལྟ་བ་དང་མཛུབ་མོས་སྟོན་པ་དང་འབུལ་བ་མི་ལེགས་ཞེས་རྒྱལ་པོར་སྙན་ཕྲ་གསོལ་ན། མིག་ཕྱུངས། མཛུབ་མོ་ཆོད། རྒྱུ་ནོར་འཕྲོག་ཅེས་བཀའ་ཕབ་པ་དེ་ལྟར་བྱས། ཆོས་པ་རང་རང་གིས་ཆོས་ཚུལ་བཞིན་མི་ བྱེད་པ་ནི།  གཙུག་ཕྲེང་ཆོས་འབྱུང་ལས། རྟགས་རང་གིས་བླངས་༼མཁན་པོ་མི་དགོས་པ་འདྲ་༽ནས་ཤམ་ཐབས་གོང་བ་ཅན་གོན།  སྐྲ་འདབ་བྲེག་གཙུག་ཕུད་བཞག  དབྱར་ཟླ་གསུམ་ལ་དབྱར་གནས་བྱེད་ཟེར་ནས་གཙུག་ལག་ཁང་དུ་བསྡད་ནས་རྩ་བཞི་ཙམ་བསྲུང༌།  དེ་ནས་དགག་དབྱེ་བྱེད་ཟེར་ཏེ་གྲོང་དུ་ཁྱིམ་ཐབས་བྱེད།  མིང་དགྲ་བཅོམ་གཙུག་ཕུད་ཅན་ཟེར་བ་མང་པོ་བྱུང་བ་སྐྱེ་བོས་མཆོད་གནས་བྱེད།  མི་དར་མ་ཤི་ན་འབུམ་འདོན། གཞོན་པ་ཤི་ན་ཉི་ཁྲི་འདོན། བྱིས་པ་ཤི་ན་བརྒྱད་སྟོང་པ་འདོན།  ཀློག་མཁན་བཟང་ན་ཊི་ཀ་བཀླགས་ནས། དམར་པོ་དོན་བསྡུས་ཡིན། ནག་པོ་རྒྱས་བཤད་ཡིན།  ཡིག་ཆུང་དོགས་དཔྱད་ཡིན་ཟེར་ནས་གསལ་བཤད་ཙམ་བརྗོད།  སྔགས་པ་ཕལ་ཆེར་སྒྲུབ་ཐབས་འཆད་པ་དང་སྒོམ་པ་མེད་པར་བོན་པོའི་ཆོ་ག་ལ་མིག་ལྟོས་བྱས་ཏེ་སྒྲུབ། ༼གཙུག་ཕྲེང་གིས་དེ་ལྟར་བཤད་ཀྱང་སྐབས་འདི་ཙམ་མ་ཡིན་ཏེ་ཁྲི་སྲོང་དུས་ནས་བཟུང༌། ཐུབ་པས་མ་གསུངས་པའི་གསང་སྔགས་དང་རྫོགས་ཆེན་་སོགས་བོན་གཞུང་ལས་བསྒྱུར་བ་མང༌།༽ གཞུང་ངག་འདོན་དུ་གྱེར་ནས་གྲོང་ཆོག་འགྲིམ༼འདི་ད་ལྟ་བན་བོན་ཀུན་ཏུ་ལག་ལེན་བྱེད་རྒྱུའི་གཙོ་བོ་ཞིག་ཏུ་སྣང་།༽ སྦྱོར་སྒྲོལ་དང་བམ་སྒྲོལ་དར་བས་མི་ལ་ གསོན་སྒྲོལ་བྱེད་པ་བྱུང་༼འདི་ད་ལྟ་བྱེད་ནུས་པའི་སྔགས་གཟུགས་ཙམ་ཡོད་ན་ནུས་མཐུ་ཅན་མིང་ལ་གཉན་པོ་བཏགས་ནས་བཟང་པོར་བརྩི།༽ཞེས་བཤད་པ་ལྟར་ལ་ཆོས་ཁྲིམས་ཀྱིས་ཆོས་པ་རང་གི་རྒྱུད་དམ་པོ་མི་བྱེད་པར་ཉམ་ཆུང་གི་འབངས་དམ་པོར་བྱས་ཏེ་ཟ་ཁ་དབང་རྩོད་བྱེད་ཅིང་ཕྱོགས་རིས་ཆགས་སྡང་ཆེ་བ་ནི་དད་པ་ལོག་རྐྱེན་དང་བསྟན་པ་ཉམས་པའི་རྐྱེན་ཁོ་སྣང་ངོ༌།  དུས་དེ་ཙམ་ན། དར་མ་ཨུ་དུམ་བཙན་དགུང་ལོ་སོ་དགུའི་བར་དུ་བསམ་གཞིག་མང་པོ་བྱས་ཏེ།  སྔར་རྒྱལ་རབས་མང་པོའི་རིང་བོད་རང་ན་ཡོད་པའི་ཆེས་སྔ་བའི་བོན་ནི་མེད་པར་བཏངས།  རྒྱ་གར་ནས་ཡོང་བའི་ཆོས་དང་ཨ་ཙ་ར་རྣམས་མཆོག་ཏུ་བཟུང༌། ཨ་ཙ་རས་ངག་བཀོད་ལྟར་ཆོས་སྲིད་བསྐྱངས་པས་ནང་འཁྲུགས་ཏེ།  རྒྱལ་པོ་ཡུམ་སྲས་བློན་འབངས་དང་བཅས་པ་ནང་མ་མཐུན།  སྐུ་ཚེ་མ་རིང་ཆོས་པ་རྣམས་ཀྱང་གསོད་རེས་བྱས་པ་དང་གྲིར་འདས་པ་མང༌། ཆོས་ཁྲིམས་ཞིག ཆབ་སྲིད་ལྷོད། འབངས་ཀྱི་འབྱོར་བ་དང་སྟོབས་ཤུགས་ཚང་མ་ཉམས་གུད་དུ་སོང༌། ད་ཆོས་ལུགས་པ་རྣམས་སུན་འབྱིན་བྱེད་དགོས། ཉེས་ཅན་གསོད་པ་དང་ཕལ་བ་སྤྱུགས།  ཁྲིམས་འཆལ་རྣམས་ཁྱིམ་ལ་ཕབས། གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པ་ཇེ་ཉུང་དུ་གཏོང་བ་དང༌།  འབངས་ཀྱི་དཔྱ་ཁྲལ་མེད་པར་བཟོ་བ་དང་ཆབ་སྲིད་གཙོ་བོར་བྱེད་སྙམ་ནས།  དེ་ལྟར་བཀའ་བསྒྲགས་ཚེ། ཨ་ཙ་ར་ལ་ལ་བྲོས། བྲོས་མ་ཐར་བ་རྣམས་མོན་ཡུལ་དུ་སྤྱུགས།  རྨ་རིན་ཆེན་མཆོག་དང་ཉང་ཏིང་འཛིན་བཟང་པོ་སོགས་བཀྲོངས།  རབ་བྱུང་ངོ་མ་རྣམས་བྲོས། ཕལ་ཆེར་ཁྱིམ་ལ་ཕབ། ཁ་ཅིག་གསད། ཁ་ཅིག་བྲན་དུ་བཀོལ། ཁ་ཅིག་རྔོན་པར་བཏང་ནས་ཁྲིམས་བཙན་པོ་བཀོལ་བ་ལ་ཆོས་ཀྱི་བསྟན་པ་བསྣུབས་ཞེས་པ་དང༌། བདུད་ཀྱི་རྒྱལ་པོ་རེད་ཅེས་ངན་སྨྲས་བྱས་མཐར།བསམ་ཡས་བཙུན་པ་ལྷ་ལུང་དཔལ་རྡོར་གྱིས་ལག་བསྟར་ནས་བཀྲོངས་པས། བོད་ཀྱི་རྒྱལ་རྒྱུད་ཆད།  གདུང་རྒྱུད་གཟུགས་བརྙན་ཙམ་ཡང་གྱེས་ནས་སིལ་བུར་འཐོར། དཔའ་མཛངས་བརྟུལ་ཕོད་ཆེ་ཞིང་བརྗིད་ཉམས་སྙན་གྲགས་ལྡན་པའི་ཁ་བ་ཅན་ནི། དུས་དེ་ནས་བཟུང་ནང་ཧ་ལའི་ས་བོན་བཏབས་པ་ལྟ་བུར་ཉམས་གུད་ཀྱི་གནས་སུ་ལྷུང་ངོ༌།  དེ་དག་གི་བྱུང་རྐྱེན་གཙོ་བོ་ནི་ཆོས་ལུགས་ཕྱོགས་ཞེན་དང་ཆགས་སྡང་ཆེ་བས་ལན་པ་ནི་ཤེས་སླ་སྟེ། བོད་རང་ལ་ཡི་གེ་དང་རིག་གནས་ཡོད་བཞིན་དུ་རྒྱ་གར་བ་རྣམས་ཀྱིས་བོད་ཡུལ་མུན་པའི་གླིང་ཞེས་བཏགས་པ་དང༌། དེར་དགའ་བའི་བོད་པ་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་ཞེས་སྒྲོ་འདོགས་སྐུར་འདེབས་ཀྱི་སྨྲ་བ་མང་དུ་བྱུང་ངོ༌།  དོན་ངོ་མ་ནི། གཉའ་ཁྲི་ནས་བཟུང་རྒྱལ་པོ་རེ་རེས་ཕོ་བྲང་དང་ལྷ་ཁང་བོན་ལུགས་ཀྱི་དཀྱིལ་འཁོར་ལྟར་ངོ་མཚར་བྲོ་གརཕ་བཞེངས་པ་དང༌།  སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས་པ་དཔེར་ན། མུ་ཁྲིའི་རིང་གི་སྟོང་རྒྱུང་མཐུ་ཆེན་གྱིས་ཕྱག་བཟོ་གསེར་ཟངས་དངུལ་ལས་གྲུབ་པའི་སྟོན་པ་གཤེན་རབ་དང༌།  གཤེན་ལྷ་འོད་དཀར་གྱི་སྐུ་འདྲ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་དང༌།  སྟོང་རྒྱུང་དུས་སུ་བཟོ་བོའི་རྩལ་ལས་ཐོན་པའི་ལྷ་ཁང་གི་་དབྱིབས་འཁོར་ཆེན་ངོ་མཚར་བ་ད་ལྟ་ཟིང་ཆུ་ན་མཇལ་རྒྱུ་ཡོད་པས་བཟོ་རིག་དར་བའི་བདེན་དཔང་བྱེད་ཐུབ་པ་དང༌། སྟག་རི་སྙན་གཟིགས་ཀྱི་ཕྱེ་ཐུབ་པའི་སྨན་པ་ཡོད་པས་གསོ་རིག་དར་བ་ཤེས་ཐུབ་པ་དང༌། སངས་རྒྱས་སྟོན་པ་གཤེན་རབ་ཀྱི་བཀའའ་དང་བཀའ་བརྟེན་མང་དུ་བཞུགས་པ་ཙམ་དུ་མ་ཟད། ཉམས་ལེན་བྱེད་མཁན་སྒྲུབ་གཤེན་དང་རྒྱལ་པོ་རང་རང་གིས་ཐུགས་དམ་གྱི་མཐིལ་དུ་འཛིན་པ་དེས་ནང་དོན་རིག་པ་གཙོ་བོ་དར་བ་དང༌། སྔར་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པའི་སྒྲུང་ནི། ཟློས་གར་རིག་པ་ཡིན་པ་དང༌། བོད་སྐད་གསར་བཅད་དང༌། བོད་ཀྱི་བརྡ་གསར་རྙིང་ཞེས་པའི་སྒྲ་རིག་པ་ལས་གསར་རྙིང་གིས་ཕྱེ་བའི་རྙིང་བ་དེ་སྔོན་ནས་ཡོད་པ་དང༌། དེར་མ་ཟད་མཁས་བཞིའི་མཛོད་འགྲེལ་དང༌། ཤ་རིའི་སྒྲ་མདོ་དང་སྒྲ་གཞུང༌། སྒྲ་འགྲེལ་སོགས་སྒྲ་རིག་པ་ལས་བྱུང་བ་དང༌། མདོར་ན་དེ་དག་སྟོན་པ་སངས་རྒྱས་གཤེན་རབ་ཀྱིས་ཐེག་དགུ་གཏན་ལ་ཕབ་ནས་དུས་འཁོར་གསུངས། སྲས་རྣམས་ལ་གསོ་དཔྱད་སྐོར་དང་སྨན་འབུམ་བཞི་སོགས་གསུངས་པས་དཔྱད་སླའོ།  དེས་ན་བོད་རང་གི་ལོ་རྒྱུས་དབུ་མེད་པར་བརྩམས་པ་ནི་ཆེས་ཡིད་སྐྱོ་བའི་གནས་ཏེ། སྔོན་ནས་བོད་རང་ལ་རིག་པའི་གནས་རྣམས་དར་ཡོད་ཅེས་འཛམ་གླིང་མཁས་པ་མང་པོའི་མདུན་དུ་སྤོབས་པ་ཆེན་པོ་བསྐྱེད་ནས་ཞུས་པ་ལགས་ཏེ།  ཞལ་གྱི་བཞེས་མིན་གསལ་བར་གསུངས་ན།  ད་དུང་ལུང་རིགས་ཀྱི་རྒྱབ་སྐྱོར་དང་བཅས་ཞུ་དགོས་བྱུང་ཡང་སྤྲོ་བ་དང་བཅས་སོ།

དེས་ན་བོན་པོ་རྣམས་ཀྱིས་གྲི་གུམ་བདུད་ཡིན་ཚུལ་བཤད་པ་དང་བན་དེ་རྣམས་ཀྱིས་དེར་མ་བདུད་ཡིན་ཞེས་པ་དང༌། རང་རང་གི་ཆོས་ལ་དགའ་བའམ་ཞབས་འདེགས་རོགས་རམ་བྱེད་མཁན་ཞིག་ཡིན་ན། ལྷའམ་ཆོས་ཀྱི་རྒྱལ་པོ་ཞེས་བསྟོད་ར་བྱེད་པ་ནི་ཆགས་སྡང་གི་གཏམ་ཁོ་ན་ཡིན་ལ། ཆགས་སྡང་དབང་གིས་བསྟན་འགྲོའི་དོན་སྒྲུབ་ན། ཕན་བདེ་ ཕྱོགས་རེ་བ་ཙམ་མ་གཏོགས་ཐམས་ཅད་ཀུན་ལ་རིས་མེད་དུ་མི་འབྱུང་བ་ནི། ལོ་རྒྱུས་ཕྱི་མ་རྣམས་སུ་བལྟས་ན་ཤེས་སླ་སྟེ།  དཔེར་ན། བསྟན་པ་ཕྱི་དར་གྱི་དབུ་ཚུགས་ནས་ལོ་ཉིས་བརྒྱ་ལྷག་ལ། བན་བོན་གང་ཡིན་ཀྱང་རང་རང་གི་ཆོས་དེ་དར་སྤེལ་མཛད་པ་ལེགས་ཤིང་ཆོས་ལ་ཕྱོགས་རིས་དང་རྩོད་པ་ཅི་ཡང་མེད། དུས་རབས་བཅུ་གཉིས་ཏེ་རབ་བྱུང་བཞི་བའི་ནང་ཙམ་ནས། ཆོས་ལུགས་པ་སྲིད་དབང་ལ་དགའ་བས་རིས་སུ་ཆད། ས་སྐྱ་དང་འབྲུ་གུང་འཁྲུགས་ནས་འབྲུ་གུང་ཕམ།༼སྤྱི་ལོ༡༢༩༠༽  ས་སྐྱ་དང་ཕག་གྲུ་འགལ་བས་ས་སྐྱའི་སྲིད་དབང་ཤོར།༼སྤྱི་ལོ༡༣༤༩༽ཕག་གྲུ་དང་རིན་སྤུངས་འགལ་བས་ཕག་གྲུའི་སྲིད་དབང་ཤོར་བའི་འགོ་བརྩམས།༼སྤྱི་ལོ༡༤༣༥༽ཀརྨ་བཀའ་རྒྱུད་དང་སྡེ་བ་རིན་སྤུངས་པ་གཉིས་དགེ་ལུགས་པ་ལ་འགལ་བས་འཁྲུགས།༼སྤྱི་ལོ༡༤༨༡༽འབྲི་གུང་པ་དང་དགེ་ལུགས་པ་འཁྲུགས།༼སྤྱི་ལོ༡༥༢༦༽ དགེ་ལུགས་པ་དང་ཀརྨ་པ་འཁྲུགས།༼༡༦༡༧༽ འབྲི་གུང་དང་ཕག་གྲུའི་འཁྲུགས་པ་བྱུང༌།༼སྤྱི་ལོ༡༦༢༣༽དགེ་ལུགས་པ་དང་ཀརྨ་པ་འགལ་བས་དབུས་དང་གཙང་གཉིས་འཁྲུགས།༼སྤྱི་ལོ༡༦༤༢༽ དགེ་ལུགས་པའི་ནང་འཁྲུགས་ནས་སྡེ་སྲིད་བགྲོངས།༼སྤྱི་ལོ༡༧༠༥༽ རྐྱེན་དེས་ཇུན་གར་དམག་གིས་རྙིང་མའི་དགོན་ཆེན་དང་བླ་ཆེན་མང་པོ་མེད་པར་བཏང་༼སྤྱི་ལོ༡༧༡༨༽དེ་དག་ཚང་མ་ཆོས་སྲིད་གཉིས་ཀྱི་དོན་དུ་ཧོར་རྒྱལ་གོང་མ་ཇུན་གར་སོགས་ལ་མགོ་བཏགས་ཤིང༌། རྒྱབ་སྐྱོར་བྱས་ནས་ཆོས་ཀྱི་རྒྱལ་པོ་ཞེས་བསྔགས་བརྗོད་ཕུལ།  གནོད་བྱས་ན་བདུད་ཀྱི་སྤྲུལ་པར་བཏགས་པ་སོགས་ཀྱི་གནས་ཚུལ་དེས།  སྔོན་གྱི་ལོ་རྒྱུས་སུ་གྲི་གུམ་དང་དར་མ་བདུད་ཡིན་ཚུལ་དང༌། སྲོང་བཙན་དང་ཁྲི་རལ་ལྷ་ཡིན་ཚུལ་བཤད་པ་སོགས་ཆགས་སྡང་གི་སྨྲ་བ་ཁོ་ན་སྟེ། དོན་དུ་ཆོས་ལུགས་པའི་རྒྱུ་སྤུས་མ་ལེགས་པའི་རྐྱེན་ཁོ་ན་ལས་བྱུང་སྙམ་མོ།  དེ་བས་ན་ཆོས་ལུགས་པ་ཞིག་ཡིན་ན་ཆོས་ཁོ་ན་ཚུལ་བཞིན་དུ་མཛད་དེ། སེམས་ཅན་རྣམས་ལ་རིས་མེད་དུ་ཕན་བདེ་འབྱུང་བར་སེམས་བསྐྱེད་ལེགས་པོ་ཞིག་འཛིན་རྒྱུ་མ་གཏོགས་རང་ཕྱོགས་བཟང་འདོད་དང་གཞན་ཕྱོགས་ངན་འདོད་ཀྱི་ཆགས་སྡང་ཆེ་ན་ཆོས་པ་རྣམ་དག་ཅིག་མིན་པར་ངེས་པ་དང༌།  ཆོས་ལུགས་པ་སྲིད་དབང་དང་ཆོས་བརྒྱད་རྙེད་བཀུར་ལ་དགའ་ན་དེའི་ཆོས་ལུགས་ཡང་དག་ཅིག་མིན་པ་ཤེས་སླ་སྟེ། ནང་བ་སངས་རྒྱས་ཀྱི་ཆོས་ལུགས་གཞུང་གང་ན་ཡང༌། ཆོས་པས་སྲིད་དབང་འཕྲོག་རྩོད་བྱས་ཆོག་པ་དང༌། དེའི་དོན་དུ་དངོས་དང་བརྒྱུད་ནས་སྲོག་འཕྲོག་པ་སོགས་ཀྱང་རུང་བའི་རྒྱུ་མཚན་གསུངས་པ་གཅིག་ཀྱང་མེད་ངེས་སོ། དེ་ཕྱིར་ཆོས་མཛད་མཁན་དང་ལོ་རྒྱུས་སྨྲ་བ་དག་དང་ཞིབ་འཇུག་པ་གང་ཡིན་ཀྱང༌། བློ་གཟུ་བོར་གནས་ཤིང་ཕྱོགས་ལྷུང་གི་དབང་དུ་མ་སོང་བ། གུ་དོག་གི་སྒྲོག་ཏུ་མ་ཚུལ་པ། ཁོག་རྒྱ་ཡངས་པ། མཐོང་རྒྱ་ཆེ་བ་བཅས་དགོས་པ་ནི་ཤིན་ཏུ་གལ་ཆེའོ། ཞེས་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་འཛམ་གླིང་མཁས་པ་དུ་མའི་མདུན་སར་ལྷག་བསམ་ཟོལ་མེད་ཀྱིས་ཞུས་པའོ། 

༧ རང་ཕྱོགས་བཟང་འདོད་བུ་མོའི་འགྲམ་ཆང་གིས།  །རང་དོན་བ་ཀུ་ལ་ཡི་འདབ་མཛེས་ཀྱང༌།  །དོན་གྱི་པད་དཀར་བཞད་པའི་ཚལ་ཡངས་པོའི།  །དོན་ལ་ཟླ་བ་སྟོང་གིས་ཕན་མ་གྱུར།  །རྐང་བས་བསྣུན་ཀྱང་མྱ་ངན་མེད་པའི་ཤིང༌།  །དགའ་བའི་འདབ་མ་མཛེས་པའི་རྐྱེན་དུ་གྱུར།  །རི་བོང་རི་མོ་བཀྲ་བའི་འཛུམ་ཞལ་ལ།  །སྔ་འགྱུར་པདྨ་དཀར་པོས་གཟིགས་མ་འདོད།  །གསེར་ལྡན་ལུས་ལ་གནས་ཚད་ལུས་ཅན་ཀུན།  །ཀུན་མཐུན་ལྷག་བསམ་གསེར་ལས་ལྷག་པའི་སེམས།  །སེམས་ཅན་སྤྱི་ལ་ཁྱབ་པའི་སྤྱི་མཐུན་ལས།  །ལས་འབྲས་མི་བསླུ་བ་ཡིས་མི་འགྱུར་ཤོག།  ཅེས་པ་འདི་ཡང་ཧོ་ལན་རྒྱལ་ཁབ་ཏུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེང་དགུ་བའི་སྐབས་སུ།  བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས།  ལུགས་རྙིང་ལྕགས་འབྲུག་ལོའི་ཟླ་བ་ལྔ་བ་སྟེ་སྤྱི་ལོ ༢༠༠༠ ལོའི་ཟླ་བ ༦པའི་ནང་ཕུལ་བ་དགེ་ཞིང་བཀྲ་ཤིས་སོ།།  །།

བོད་ཀྱི་རྒྱལ་བོ་གཉའ་ཁྲི་བཙད་པོའི་འཁྲུངས་ལོ་ལ་བཞེད་པ་མི་མཐུན་པ་བཅུ།

གནམ་ལོ།

སྤྱི་ལོའི་སྔོན།

མཁས་པ་གང་གི་ལུགས།

ཤིང་བྱི།

༡༡༣༦

བོན་ལུགས། མཁན་ཆེན་ཉི་མ། ཀུན་གྲོལ། དྲུང་རམས་པ།

ཆུ་ཁྱི།

༥༣༩

གཡས་རུ་སྟག་ཚང་གི་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ལུགས།

ཤིང་བྱི།

༤༡༧

སུམ་པའི་བུ་རྩིས་དང་ཆོས་འབཡུང་གི་ལུགས།

ས་སྤྲེལ།

༣༡༣

ས་སྐྱའི་ཡིག་རྙིང་དུས་གསལ་སྒྲོན་མེའི་ལུགས།

ཤིང་བྱི།

༡༣༧

སྡེ་སྲོད་བེེ་དཀར། འཇམ་དབྱངས་བཞད་པའིོ་བསྟན་རྩིས།

ལྕགས་གླང་།

༢༠༠

ས་ཆེན་གྲགས་པ་རྒྱལ་མཚན།

མེ་རྟ།

༡༩༥

གཙུག་ཕྲེང་གི་བཤད་ཚུལ་གཅིག

མེ་ལུག

༡༣༤

ས་སྐྱ་འཕགས་པའི་ཤེས་བྱ་རབ་གསལ་ལུགས།

ཤིང་སྟག།

༡༢༧

རྒྱལ་བའི་མཛད་རྣམ། དཔལ་སྤྲུལ།

མེ་སྟག

༡༡༥

གཙུག་ཕྲེང་གི་བཤད་ལུགས་གཉིས་པ།

བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ཐོ་ཐོ་རིའི་འཁྲུངས་ལོ་ལ་མི་མཐུན་པ་བརྒྱད།

གནམ་ལོ།

སྤྱི་ལོ།

མཁས་པ་གང་གི་ལུགས།

ཤིང་ཁྱི།

༢༥༤

བོན་ལུགས། སུམ་པའི་མ་རྩིས། བྲག་དགོན་པའི་རྩིས།

ཤིང་བྱི།

༢༤༤

སུམ་པའི་བུ་རྩིས་དང་སུམ་པའི་ཆོས་འབྱུང་།

མེ་ལུག

༣༤༧

ཚུལ་ཁྲིམས་སེང་གེའི་ཆོས་འབྱུང་།

ས་སྤྲེལ།

༣༤༨

ས་སྐྱའི་དུས་གསལ་སྒྲོན་མེ། ངོར་བ་དཀོར་ལྷུན་གྱི་ཆོས་འབྱུང་།

མེ་སྟག

༣༦༦

ས་སྐྱ་འགྲོ་མགོན་འཕགས་པའི་ལུགས།

ཤིང་ཁྱི།

དཔལ་སྤྲུལ། འཇུ་མི་ཕམ།

མེ་རྟ།

༤༠༦

ས་སྐྱ་གྲགས་པ་རྒྱལ་མཚན།

ས་ལུག

༤༡༩

གཡས་རུ་སྟག་ཚང་བའི་མཁས་པ་དགའ་བྱེད།

བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོའི་འཁྲུངས་ལོ་ལ་མི་མཐུན་པ་གཉིས།

གནམ་ལོ། སྤྱི་ལོ།

གང་གི་ལུགས།

མེ་གླང་།

༦༡༧

བོན་གྱི་རིང་ལུགས། ས་ཆེན་གྲགས་པ་རྒྱལ་མཚན། ཀློང་རམས་པ་ཚུལ་ཁྲིམས་བློ་གྲོས། པཎ་ཆེན་བསོད་གྲགས། དཔའ་བོ་གཙུག་ཕྲེང་། ཚལ་བའི་དེབ་དམར། ངོར་བ་དཀོར་ལྷུན། འཇམ་དབྱང་སབཞད་པ། དབལ་མང་། བྲག་དགོན། སུམ་པ། རྒྱའི་ཡི་གེའི་ལུགས། གཙུག་ཕྲེང་གིས་ལོ་འདིར་བལ་བཟའ་དང་རྒྱ་བཟའ་གཉིས་འཁྲུངས་ཟེར། འདིའ་ཕྱི་ལོ་ཐང་རྒྱལ་རབས་ཚུགས།

ས་གླང་།

༦༢༩

འགོས་ལོ། འཁོན་སྟོན། རྒྱལ་དབང་ལྔ་བ། སྡེ་སྲིད་བེེ་དཀར་དང་དུ་ཀཱུ་ལའི་ཁ་སྐོང་། འཇིགས་མེད་གླིང་བ། ཅོ་ནེ་གྲགས་པ་བཤད་སྒྲུབ། སུམ་པའི་མ་རྩིས། བྲག་དགོན་པའི་རྩིས། འཇུ་མི་ཕམ། དཔལ་སྤྲུལ། རྒྱལ་བའི་མཛད་རྣམ། འདི་དག་ལྟར་ན་ཀོང་ཇོའི་ལོ་ཚུགས་དང་ཐང་ཐེ་ཙུང་གི་དུས་ཙིགས་དང་མི་འགྲིག་ས་མང་ངོ་།

བོད་རྒྱལ་སོ་དགུ་བ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་ལོར་བཞེད་པ་མི་མཐུན་པ་བདུན།

གནམ་ལོ།

སྤྱི་ལོ།

མཁས་པ་གང་གི་བཞེད་ལུགས།

ས་རྟ།

༧༡༨

བོན་ལུགས་ཀྱི་མཁན་ཆེན་ཉི་མ་སོགས་ཀྱི་ལུགས། ལོ་འདིར་མེས་ཨག་ཚོམ་ལོ ༢༧ དང གྱིམ་ཤིང་ཀོང་ཇོ་ལོ ༡༩ ཡིན་པར་འདོད།

ལྕགསརྟ།

༧༣༠

བེེ་དཀར། སུམ་པའི་མ་རྩིས། བྲག་དགོན་རྩིས། འཇིགས་མེད་གླིང་བ་སོགས།

ཆུ་རྟ།

༧༤༢

ཏུན་ཧོང་ཡི་གེར་བཤད་ཚུལ། གྱིམ་ཤིང་ཀོང་ཇོ་ས་ཡོས་ལོར་འདས་ནས་ལོ་གསུམ་སོང་། རྒྱའི་ཡིག་ཚང་དུ་ལོ་འདི་ཀོང་ཇོ་འདས་པའི་ཕྱི་ལོ་ཡིན།

ས་སྤྲེལ།

༧༦༧

གཡུ་ཐོག་རྣམ་ཐར་ལས་བཤད། གཡུ་ཐོག་རྙིང་མ་དང་ན་མཉམ་ཡིན་ཟེར།

ས་རྟ།

༧༧༨

བུ་སྟོན། བསོད་གྲགས། འཇམ་བཞད། གཡའ་སེལ། དབལ་མང་། འདི་ལུགས་སྔ་མ་དང་དྲུག་ཙུ་སྐོར་གཅིག་གི་ཁྱད་བྱུང་།

ལྕགས་རྟ།

༧༩༠

ས་ཆེན་གྲགས་རྒྱན། ཚལ་བ་ཀུན་རྡོར། རྒྱལ་རབས་གསལ་མེ། དཔའ་བོ་གཙུག་ཕྲེང་། རྒྱལ་དབང་ལྔ་བ། སུམ་པ། སྟག་ཚང་བ།

ཆུ་རྟ།

༨༠༢

རྒྱལ་དབང་བདུན་པ། སྨིན་གླིང་ཆོས་དཔལ། དཔལ་སྤྲུལ། རྒྱའི་ཡི་གེར་བསྡུར་ན། འདི་སྐབས་གྱི་མ་ཤིང་ཀོང་ཇོ་སྐྱེས་ནས་ལོ་བརྒྱ་ལྷག་ལོན་ཡོད་པས་ཡིད་མི་ཆེས། ཀོང་ཇོ་སྔ་ཕྱིའི་འཁྲུངས་ལོ་ནི་རྒྱའི་ཡི་གེར་བསྟུན་ལེགས་སྙམ།

བོད་རྒྱལ་ཞེ་གཉིས་པ་ཁྲི་རལ་བ་ཅན་གྱི་འཁྲུངས་ལོར་བཞེད་པ་མི་མཐུན་པ་གསུམ།

གནམ་ལོ།

སྤྱི་ལོ།

མཁས་པ་གང་གི་ལུགས།

མེ་ཁྱི།

༨༠༦

བོན་གྱི་རང་ལུགས་ཡིན་ལ་འཇམ་དབྱངས་བཞད་པའི་བསྟན་རྩིས་འདིར་མཐུན། བསྟན་རྩིས་ཀུན་བཏུས་ལས་འདི་དྲུག་ཅུ་སྐོར་གཅིག་གིས་སྔ་སོང་ཞེས་ཀྱང་བཤད། སྤྱི་ལོ ༨༢༡སྐབས་རྒྱ་རྗེ་མུ་ཙུང་གོང་མའི་ཁྲི་བཞུགས་ནས་རྣམ་པ་གཉིས་ཀས་དབོན་ཞང་རྡོ་རིང་བསླངས་ཞེས་པའི་དུས་ཚིགས་ལ་འདི་འགྲིགས།

ཤིང་ཕག

༨༥༥

ས་སྐྱ། པཎྡི་ཏ།

མེ་ཁྱི།

༨༦༦

ས་སྐྱ་གྲགས་པ་རྒྱལ་མཚན། བུ་སྟོན། དེབ་དམར། བསོད་གྲགས། གསལ་མེ། རྒྱལ་དབང་ལྔ་བ། དུ་ཀཱུ་ལ་དང་བེེ་དཀར། གཙུག་ཕྲེང་། སུམ་པའི་མ་རྩིས་དང་ཆོས་འབྱུང་། བ་རིའི་ཆོས་འབྱུང་། རྒྱལ་བའི་མཛད་རྣམ། འཇུ་མི་ཕམ་སོགས་ཡིན། འདི་གོང་མ་ཅིན་ཙུང་དང་འུན་ཙུང་དང་གུང་ཙུང་སོགས་ཁྲིར་བཞུགས་པའི་རྗེས་ཡིན་པས་རྒྱ་བོད་ཀྱི་ལོ་ཙུགས་དང་བསྡུར་ན་མཐུན་དཀའོ།

 

མཆན་འགྲེལ།

༼༡༽བོད་ཀྱི་ཤེས་པ་ཅན་བཅུ་གཉིས་ནི།  ༡ མགོན་ཤེས་ལྷ་བོན་ཞེས་པ།  ལྷས་མགོན་སྐྱོབས་བྱེད་པར་ལྷ་ལ་གསོལ་མཆོད་བྱེད་པའི་ཐབས་ཤེས་པ།   ༢ གཡང་ཤེས་ཕྱྭ་བོན་ཞེས་པ། ནོར་ཕྱུགས་དང་དཔལ་འབྱོར་འཕེལ་ཕྱིར་ཕྱྭགཡང་འགུགས་ཤེས་པ།   ༣ འགྲོ་ཤེས་གླུད་གཏོང་གི་བོན་ཞེས་པ། མི་ནོར་གྱི་ཚབ་ཏུ་གླུད་བཏང་ནས་ལྷ་འདྲེ་ཚིམས་པར་བྱེད་པའི་ཐབས་ཤེས་པ།   ༤ འདུལ་ཤེས་སྲིད་གཤེན་པའི་བོན་ཞེས་པ། མི་ཤི་བའི་རྗེས་སུ་གཤེད་འདུལ་བ་དང་རྣམ་ཤེས་བདེ་གནས་སུ་འགོད་ཤེས་པ།   ༥ གཙང་ཤེས་སེལ་གྱི་བོན་ཞེས་པ། སྨེ་མནོལ་རྩོག་གྲིབ་སེལ་ཞིང་གཙང་སྦྲ་བྱས་ཏེ་ལྷ་སྲུང་ཉམས་ཆགས་སྐོང་ཤེས་པ།   ༦ སྒྲོལ་ཤེས་ལྟ་བ་ཅན་ཞེས་པ། དགྲ་བགེགས་འགུགས་སྒྲོལ་བྱེད་ཅིང་གེགས་དང་གནོད་འཚེ་ཞི་བའི་ཐབས་ཤེས་པ།   ༧ ཕན་ཤེས་སྨན་གསོ་བོན་ཞེས་པ། ནད་རིགས་གསོ་ཞིང་ཚེ་གེགས་བསལ་ཤེས་པ།   ༨ སྐོས་ཤེས་རྩིས་དཔྱད་བོན་ཞེས་པ། རྩིས་དཔྱད་ལ་བརྟེན་ནས་སྔ་ཕྱིའི་ལྟས་བཟང་ངན་ སྟོན་པ།   ༩ སྨྲ་ཤེས་གཏོ་རྒུའི་བོན་ཞེས་པ། གཏོ་མདོས་རིགས་མང་པོ་བཏང་ནས་ལྷ་འདྲེ་ལ་ཤག་འདེབས་བདེན་བརྗོད་ཤེས་པ།   ༡༠ ལྡིང་ཤེས་ཤ་བའི་བོན་ཞེས་པ། ཤ་བའི་གཟུགས་བསྔོས་ན། བར་སྣང་ལ་ལྡིང་བས་བདུད་བཙན་ཡུལ་འདོན་ཤེས་པ།   ༡༡ འཕུལ་ཤེས་ཇུ་ཐིག་བོན་ཞེས་པ། ཇུ་ཞགས་འཕང་བས་བདེ་སྡུག་ལེགས་ཉེས་སྟོན་ཤེས་པ།   ༡༢ འགྲོ་ཤེས་འཕྲུལ་གྱི་བོན་ཞེས་པ། རྩི་ཤིང་དམིགས་པས་བསྔོས་ན་རང་འགྲོས་བྱས་ཏེ་རྫུ་འཕྲུལ་སྟོན་ཤེས་པ་སོགས་བཅུ་གཉིས་སོ།

༼༢༽  རྒྱུའི་བོན་ནི།  ཕྱྭ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་བཞི་དང༌།  འབྲས་བུའི་ཐེག་པ། དགེ་བསྙེན། དྲང་སྲོང༌། ཨ་དཀར། ཡེ་གཤེན། བླ་མེད་ཀྱི་ཐེག་པ་སྟེ་ཐེག་པ་རིམ་དགུའོ།

༼༣༽  སྤྱི་སྤུངས་སྐོར་གསུམ་ནི།  ཞི་བ་དང་ཁྲོ་བོ་སྐུ་གསུང་ཐུགས་གསུམ་གྱི་སྐོར་ལྷ་ཀླུ་མི་གསུམ་གྱི་ཡུལ་དུ་བསྒྲགས་པའོ།

༼༤༽རྫོགས་ཆེན་གྱི་བོན་སྡེ་ནི། རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཀྱི་བོན་སྐོར།རྫོགས་ཆེན་བསྒྲགས་པ་སྐོར་གསུམ། རྫོགས་ཆེན་ཡང་རྩེ་ཀློང་ཆེན། རྫོགས་ཆེན་ཡེ་ཁྲི་མཐའ་སེལ། རྫོགས་ཆེན་མན་ངག་གསེར་གདམས། རྫོགས་ཆེན་གསེར་གྱི་ཐུར་མ། རྫོགས་ཆེན་གསེར་གྱི་ཡང་ཞུན། རྫོགས་ཆེན་ནམ་མཁའ་སྤྱི་གཅོད། ཨ་ཁྲིད་ཐིག་ལེ་ཉག་གཅིགསྙན་བརྒྱུད་རིན་ཆེན་སྒྲོན་གསལ་སོགས་བསམ་གྱིས་མི་ཁྱབ་ལ། གདམས་པ་དེ་ལ་བརྟེན་ནས་འཇའ་ལུས་པ་ཡང་མང་དུ་བྱོན།                                                                                                   

༼༥༽དེ་ལ་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེ་བའི་མདོ་སྡེ་གླེགས་བམ ༦༣ འབུམ་སྡེ ༦༧ རྒྱུད་སྡེ༢༠ སེམས་སྡེ ༧ སོགས་ད་ལྟ་བཞུགས་ཡོད་པའི་གྲངས་ལ། སྐབས་དེར་དེ་ལས་མང་བ་ནི་བཀའ་འགྱུར་རིན་པོ་ཆེའི་དཀར་ཆག་ལས་གསལ་བ་ལྟར་རོ། 

༼༦༽  བླ་མ་ཆེ་དྲུག་ནི།  གཤེན་གསང་བ་འདུས་པ། སྟག་ལ་མེ་འབར། ཡོངས་སུ་དག་པ། ཡེ་ཤེས་སྙིང་པོ། མི་ལུས་བསམ་ལེགས། སྣང་བ་མདོག་ཅན་དྲུག་གོ། 

༼༧༽  གདུང་རྒྱུད་བཅུ་གསུམ་ནི།  རྒྱལ་པོ་མུ་ཁྲི་བཙད་པོ། ཧ་ར་ཅི་པར། སྟག་ཝེར་ལི་ཝེར། ཨ་ནུ་འཕྲག་ཐག སད་ནི་གའུ། ཐད་མི་ཏད་གེ། ཤད་བུ་ར་ཁུག ཟིང་བ་མཐུ་ཆེན། སྤེ་བོན་ཐོག་འཕྲུལ། སྤེ་བོན་ཐོག་རྩེ། ཧྲིང་ནི་མུ་ཏིང༌། སུམ་པ་དབུ་དཀར། གླང་ཆེན་མུ་ཝེར་དང་བཅུ་གསུམ་མོ།

༼༨༽  འཛམ་གླིང་རྒྱན་དྲུག་ནི། རྟག་གཟིགས་དམུ་ཚ་ཏྲ་ཧེ། ཁྲི་ཐོག་སྤར་ཙ། ཧུ་ལུ་སྤར་ཡ། རྒྱ་གར་ལྷ་བདག་སྔགས་གྲོལ། ཕྲོམ་གསེར་ཐོག་ལྕེ་འབྱམས། རྒྱ་ནག་ལེགས་ཏིང་རྨང་པོ་དང་དྲུག་གོ།

༼༩༽མཁས་པ་མི་བཞི་ནི།  ཞང་ཞུང་སྟོང་རྒྱུང་མཐུ་ཆེན། སེ་བོན་ཤ་རི་དབུ་ཆེན། མེ་ཉག་ལྕེ་ཚ་མཁར་བུ། ལྡེ་བོན་གྱིམ་ཚ་རམ་ཆུང་དང་བཞིའོ།  

༼༡༠༽  ལོ་པཎ་གཤེན་བརྒྱད་དང་བོན་ཆེན་བཞི་བཅུ་ནི། ཕྲོམ་གཤེན་རྔམ་པ་ལྕེ་རིང༌། ཏ་ཟིག་ཟ་རིང་མེ་འབར། ཞང་ཞུང་ཧྲིས་པ་གྱེར་མེད། སུམ་པ་མུ་སྤུངས་གསལ་ཏང༌།  སྟང་ཆེན་དམུ་ཚ་གྱེར་མེད། གྲུབ་ཐོབ་ར་སངས་ཁོད་རམ། ཡབ་རྒྱུང་ཡར་མུ་ཁོད། རྗེ་ཆེན་ལྷ་སྒོམ། བློན་ཆེན་མུ་ཐུར། ཙོ་མིན་གྱེར་རྒྱུད། རྣལ་འབྱོར་ཀོང་བུ་མར་མེ། མཁས་མཆོག་ནམ་ར་རྩེ་དགུ། ལི་བོན་སྤུངས་རྒྱུང༌། སྙ་ཆེན་ལི་ཤུ་སྟག་རིང༌། མི་ལི་མུ་གྱུར། ཕུ་ལུ་ཡ་དོར། རྣལ་འབྱོར་ཟ་རང༌། བྲུ་ཤ་གནམ་བོན། ཉི་མ་འོད་གསལ། ལི་བོན་མུ་ཕྱྭ། ཅོ་བོན་གྱིམ་བུ། ཞང་ཞུང་རལ་འཁྱུད། སུམ་པ་མུ་ཕྱྭ། ཁུ་བོན་མཐོང་གྲགས། ཞང་ཞུང་མུ་ཕྱོ། བ་གོར་དོད་དེ།  འཇང་ཚ་འཕན་སྣང༌། རམ་བོན་ཐུགས་དཀར། སྣང་དབུལ་ཞིང་འཕོངས་པའི་ས་ཁུལར་ལོད་པོ། གཙང་གཤེན་སྙན་ངག་མཁན། ཡར་གཤེན་ལྡེམ་བུ། ཐང་གཤེན་ཕྱག་དཀར་བ། ཁྱུང་ཡེར་དཀར་པོ། གཤེན་མ་དྷ་བྷི་ཤ འདུལ་བྱེད་སྙིང་པོ། ལྗང་བོན་ཡེ་མཁྱེན། ཧ་ཤང་རྒྱ་བོན། མུ་ཟི་གསལ་བཟང༌། བཀའ་ཁྲིམས་འདུལ་འཛིན་ཆེན་པོ་དགུ་དང༌། མཁའ་འགྲོའི་ཚུལ་བསྟན་པའི་མཁའ་སྤྱོད་མ་དགུ༼དེ་དགུ་ནི། ལི་ཟ་སྟག་རིང༌། ཇོ་མི་བོན་མོ། བྷི་ཤོ་མགྲིན་དཀར། ཕུ་ལུ་གྲུ་འཛིན། དམུ་ཏང་གཡུ་འཛིན། དཔའ་མོ་ཁྲི་སངས། དོད་དེ་རྒྱ་ལྕམ། ཁྱུང་ཟ་གར་དཔོན། དཔའ་མོ་སྒྲོན་གསལ་བཅས་སོ༽

༼༡༡༽  དྲན་པ་ཡབ་སྲས། ཡབ་བླ་ཆེན་དྲན་པ་ནམ་མཁའ། སྲས་བླ་མ་ཚེ་དབང་རིག་འཛིན་དང་པདྨ་མཐོང་གྲིལ་བྱོན་ཏེ། དེ་རྣམས་ནི་བོད་རྒྱལ་གཉའ་ཁྲི་ནས་ཁྲི་སྲོང་ལྡེ་བཙན་བར་གྱི་རྒྱལ་རབས་སུམ་ཅུ་སོ་བརྒྱད་རིང་ལ་མཁས་པ་དང་གྲུབ་པ་གྲགས་ཆེན་བྱོན་པའི་མཚན་ཙམ་མོ།

གཞན་ཡང་བྲུ་ཞུ་སྤ་རྨེའུ་གཤེན་ཁྱུང་སོགས་ཀྱི་བརྒྱུད་ཁུངས་ནས་བཟུང༌། གདུང་རབས་ལ་བྱོན་པའི་མཁས་གྲུབ་གྲགས་ཆེ་བ་མང་དུ་བྱུང་ན་ཡང༌། གྲུབ་མཐའ་གཞན་དང་དེའི་རྗེས་འབྲང་ཕྱོགས་གཏོགས་དང་བཅས་པས་ལོ་རྒྱུས་སུ་མཚན་ཙམ་ཡང་མ་ཐོན་པ་ནི། ཆོས་ལུགས་ཕྱོགས་ཞེན་གྱི་དབང་ཁོ་ནར་སོང་བ་ཡིན་ནོ།

༼༡༢༽  མདོ་སྡེ་ལྔ་ཞེས་པ་དེ། དཔའ་བོ་གཙུག་ལག་ཕྲེང་བས། མདོ་སྡེ་ལས་རྣམ་འབྱེད་དང༌། གསེར་འོད་དམ་པ་ཏོགདང་ཀྲི་ཡ་དང༌། ཨུ་པ་ཤས་ཙམ་ཞུས་ཞེས་བཤད། ལྷ་ཁང་ལྔ་ནི། ལྷ་ས་མཁར་བྲག བྲག་དམར་མགྲིན་བཟང༌། མཆིམས་ཕུ་ནམ་རལ། བྲག་དམར་ཀ་རུ། མ་ས་གོང་གི་གནས་དང་ལྔ།   

༼༡༣༽ ཡང་རྩེ་ཀློང་ཆེན་ནི། པཎ་ཆེན་ལི་ཤུའི་གསུང་འབུམ།

༼༡༤༽ བོན་ལས་བསྒྱུར་ཅེས་པ་ནི། དྲན་པའི་བསྒྲགས་བྱང་དང་སྲིད་པ་རྒྱུད་ཀྱི་ཁ་བྱང་སོགས་ལས་གསུངས་པ་ལྟར་བོན་གྱི་བསྟན་འབྱུང་༼དར་རྒྱས་གསལ་སྒྲོན་དང་ལེགས་བཤད་མཛོད་༽རྣམས་ལས་བོན་གྱི་ཁམས་བརྒྱད་འབུམ་བན་དེའི་སྟོང་ཕྲག་བརྒྱ་པར་བསྒྱུར། བོན་སེམས་ཕྱོགས་རྫོགས་ཆེན་གྱི་སྐོར། ཆོས་ཀྱི་སེམས་ལུང་ཞེས་པར་བསྒྱུར། བོན་རྫོགས་ཆེན་གསེར་གྱི་ཡང་ཞུན་ནི་ཆོས་ལྟ་བ་གཅེར་མཐོང་བྱ་བར་བསྒྱུར། བོན་གྱི་བྱང་སེམས་གབ་པ་ནི་ཆོས་ཀྱི་སེམས་སྡེ་བྱ་བར་བསྒྱུར། བོན་བསྒྲགས་པ་ཐུགས་ཀྱི་དཔེའུ་རྩེ་ནི་ཆོས་ཀྱི་མཛོད་ཅེས་པར་བསྒྱུར་ཅེས་བཤད་ལ་དར་རྒྱས་གསལ་སྒྲོན་ལས་གཏེར་གྱི་ཐེམ་བྱང་དྲང་ནས། དེ་དུས་བཻ་རོ་ཙ་ན་དང་གུ་རུ་པདྨས་བསྒྱུར་ཅེས་བཤད་ཡོད་ཀྱང༌། བོན་ལུགས་ཀྱི་བཤད་ཚུལ་ནི་ཡང་དག་ཡིན་མིན་ཐུབ་པས་རྫོགས་ཆེན་སོགས་ཆོས་དེ་དག་རྒྱ་གར་ནས་གསུངས་ཡོད་མེད་ལ་དཔྱད་དགོས་སྙམ།

༼༡༥༽གཤེན་རབ་སྐུ་དེ་ཟི་ཁྲོན་རྔ་བ་རྫོང་རྟོགས་ལྡན་དགོན་གྱི་བོན་སློབ་ནམ་མཁའ་བསྟན་འཛིན་རིན་པོ་ཆེའི་བླ་བྲང་གི་ནང་རྟེན་གཙོ་བོར་བཞུགས་ཡོད་ལ། དེའི་ལོ་རྒྱུས་དང་བཅས་པ་ཡོད།

༼༡༦༽འཁོར་ཆེན་དེ་ཟི་ཁྲོན་ཤར་དུང་རིའི་གནས་མདུན་དུ་ད་ལྟ་བཞུགས་ཟེར།

༼༡༧༽སྨན་འབུམ་བཞི་ནི། རྩ་བ་ཐུགས་འབུམ་ཁ་སྔོན། འཚོ་བྱེད་སྨན་འབུམ་དཀར་པོ། འཚོ་ཐབས་དཔྱད་འབུམ་ཁྲ་བོ། གསོ་བྱའི་ནད་འབུམ་ནག་པོ་དང་བཞི་ཡིན།༼དེ་ལ་བདུད་རྩི་སྨན་གྱི་འབུམ་བཞི་ཡང་ཟེར།  དེ་བསྒྱུར་ནས་དེ་ལྟ་སྨན་གྱི་རྒྱུད་བཞི་ཞེས་སུ་གྲགས་པ་ཡིན།  དེ་ཡང་ཐུབ་པས་གསུངས་ཡོད་ན་བསྒྱུར་བ་མ་ལེགས་ཀྱང༌། མེད་ན་སྟོན་པ་གཤེན་རབ་ཀྱིས་དཔྱད་བུ་ཁྲི་ཤེས་ལ་གསུངས་པའི་སྨན་འབུམ་བཞི་བསྒྱུར་བ་ཡིན་སྙམ།༽

༼༡༨༽  རྙིང་མའི་དགོན་ཆེན་ནི། སྨིན་གླིང་དགོན་པ།  རྡོ་རྗེ་བྲག་དགོན་སོགས་མེད་པར་བཏང༌།

༼༡༩༽  བླ་ཆེན་མང་པོ་ནི།  རྡོ་བྲག་སྤྲུལ་སྐུ་པདྨ་འཕྲིན་ལས་དང་སྨིན་གླིང་ལོ་ཆེན་དྷརྨ་ཤྲི་༼ཆོས་དཔལ།༽ གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ།  རྣམ་གླིང་པཎ་ཆེན་སོགས་བླ་ཆེན་མང་པོ་བགྲོངས། 

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་གྲོས་དཔྱོད་ཚོགས་འདུ་ཐེང་དགུ་བར་ཕུལ་བའི་མཆན་འགྲེལ་ལོ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།