བོན་གྱི་འདུ་གནས་སོ་བདུན་ལས་འཕྲོས་པའི་སྟོད་ལུང་འབྲི་ལུང་དགོན་པར་རགས་ཙམ་དཔྱད་པ།

བོན་གྱི་འདུ་གནས་སོ་བདུན་ལས་འཕྲོས་པའི་སྟོད་ལུང་འབྲི་ལུང་དགོན་པར་རགས་ཙམ་དཔྱད་པ།
པཎ་ཙ་བསྟན་འཛིན་དར་རྒྱས།༼སྣང་ཞིག༽
2157511833

རི་མཐོ་ས་གཙང་གི་ཡུལ་གྲུ་འཛམ་གླིང་འཛིན་མའི་ཡང་རྩེ་བསིལ་ལྗོངས་ཁ་བའི་ཡུལ་ན། སྟོད་མངའ་རིས་སྐོར་གསུམ་དང༌། བར་དབུས་གཙང་རི་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་ཁག་གསུམ་དུ་དབྱེ་ཞིང༌། དེའི་ནང་གི་དབུས་གཙང་ཆོས་ཀྱི་ཆོལ་ཁ་འདི་ན། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང༌། གནམ་གྱི་ཁྲི་བདུན། སྟོད་ཀྱི་ལྡིང་གཉིས། བར་གྱི་ལེགས་དྲུག ཆུ་ལ་སྡེ་བརྒྱད། བར་གྱི་བཙན་ལྔ། ཡོན་ཏན་ཅན་གྱི་རྒྱལ་བོ་ལྔ། འཇུག་མའི་བཙན་ལྔ་ལ་སོགས་རིམ་བཞིན་བྱོན་མྱོང་ཞིང༌། བོད་བཙན་པོའི་རྒྱལ་རབས་ཞེ་གཉིས་རིང་གི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་སོགས་ཀྱི་ལྟེ་གནས་སུ་གྱུར་པ་མ་ཟད། དེང་སྐབས་འུ་ཚོའི་མིག་སྔར་དུ་འགྲེང་བའི་མེས་པོ་གོང་མའི་བློ་རྩལ་ལས་ཐོན་པའི་ཤུལ་བཞག་གི་ནོར་བུ། རྔམ་བརྗིད་ལྡན་པའི་ཕོ་བྲང་པོ་ཏ་ལ་དང༌། དུས་རབས་གསར་རྙིང་གི་སོ་མཚམས་ན་མངོན་པར་འཕགས་པའི་ལྷ་ལྡན་གཙུག་ལག་ཁང་སོགས་མི་རིགས་ཀྱི་ཁྱད་ཆོས་དང༌། ཡུལ་སྲོལ་གོམས་གཤིས། སྲོལ་རྒྱུན་རིག་གནས་ལ་སོགས་མཚོན་པའི་བཟོ་བཀོད་སྣ་ཚོགས་དང༌། ད་དུང་སོ་སོའི་ཁོར་ཡུག་དང་འཚམས་པའི་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ཀྱིས་ཀྱང༌། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་འགྲུལ་བཞུད་པ་མང་པོར་ནམ་ཡང་བརྗེད་པར་དཀའ་བའི་བག་ཆགས་ཟབ་མོ་རེ་ཡང་བཞག་ཡོད། གནས་འདི་ནས་ནུབ་ཕྱོགས་སྟོད་ལུང་ཕྱོགས་སུ་སྨིས༡༥ཙམ་ཕྱིན་ན། བོན་གྱི་འདུ་གནས་ཆེན་པོ་སོ་བདུན་གྱི་ནང་ཚན་སྟོད་ལུང་རལ་བོན་གྱི་འདུ་གནས་དང༌། བོད་ཀྱི་དགོན་རྙིང་ཆེ་ཤོས་སྟོད་ལུང་འབྲི་ལུང་དགོན་པ་ཡང་ས་གནས་འདི་རུ་ཡོད། བོན་གྱི་འདུ་གནས་སོ་བདུན་ཞེས་པ་འདི་ནི། བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོས་གཤེན་ནམ་མཁའ་སྣང་བ་མདོག་ཅན་བླ་རུ་བཀུར་ནས་གསང་བ་སྔགས་ཀྱི་བོན་ལ་བློ་སྦྱངས་ཏེ། མཐར་སྒྲུབ་པའི་དོན་གོ །རྟོགས་པའི་ཡོན་ཏན་རྒྱུད་ལ་སྐྱེས་ནས་རྫུ་འཕྲུལ་སྨན་བཞི་ལ་སོགས་སྒྲུབ་པའི་གྲོགས་སུ་བསྟེན་ནས་དབུས་གཙང་རུ་བཞིའི་ཁོངས་སུ་བོན་གྱི་འདུ་གནས་ཆེན་པོ་སོ་བདུན་བཙུགས་པ་རེད། དབུས་གཙང་རུ་བཞི་ནི། གཡས་རུ། གཡོན་རུ། དབུ་རུ། རུ་ལག་བཞི་ཡིན་ལ། དབུ་རུའི་ནང་ཚན་ལ་ཡང་སྟོད་རུ་ལུང་གསུམ་ཞེས་སོ་སོར་དབྱེ་སྲོལ་ཡོད་པ་རེད། འདི་ནི་སྟོད་རུ་ལུང་གསུམ་གྱི་ནང་ནས་སྟོད་ལུང་གི་ཁོངས་སུ་གཏོགས་པ་དང༌། བོན་གྱི་འདུ་གནས་སོ་བདུན་གྱི་ནང་གི “སྟོད་ལུང་རལ་བོན་གྱི་འདུ་གནས”དེ་ཡིན། འདི་ལ་མི་ལོ་སྟོང་ཕྲག་གསུམ་ལྷག་གི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་དང༌། གསང་བ་སྔགས་ཀྱི་བོན་སྡེ་ཉམས་ལེན་བྱེད་སའི་སྒྲུབ་གནས་གཙོ་བོ་ཞིག་གམ། ཡང་ན་གྲུབ་ཆེན་རིག་འཛིན་མང་བོ་འདུ་བའི་ལྟེ་གནས་ཞིག་ཀྱང་ཡིན་ཚུལ་སོགས། སྤྱི་སྤུངས་བསྒྲགས་པ་རིན་ཆེན་གླིང་གྲགས་ལས། དབུས་ན༢༠ཐམ་པ་གཙང་ན༡༧ཏེ་སུམ་ཅུ་རྩ་བདུན་ནོ། །དེ་ལ་དབུ་རུའི་རྒྱུད་ན༡༣ཡོད་དེ། ངན་ལམ་རལ་བོན་གྱི་འདུ་གནས། འདམ་ཤོད་སྣར་མ་བོན་གྱི་འདུ་གནས། འཕེན་ཡུལ་བྲག་དཀར་བོན་གྱི་འདུ་གནས། མར་གྲོས་གསེར་ཁང་བོན་གྱི་འདུ་གནས། ཤུན་གྱི་བྲག་དམར་བོན་གྱི་འདུ་གནས། ཧེས་པོ་ཁྲི་ཏང་བོན་གྱི་འདུ་གནས། ལྷ་ས་ཡེར་བ་བོན་གྱི་འདུ་གནས། གནམ་གྱི་རེ་གེད་བོན་གྱི་འདུ་གནས། གནམ་མཚོའི་དོ་རིང་བོན་གྱི་འདུ་གནས། སྟོད་ལུང་རལ་བོན་གྱི་འདུ་གནས། ཀྱི་ཤོད་ལུང་ནག་བོན་གྱི་འདུ་གནས། རེ་རྒྱང་ཤ་མཐའ་བོན་གྱི་འདུ་གནས། མཆོག་དགོན་རྒྱལ་མོ་ཁ་བོན་གྱི་འདུ་གནས་དང་བཅུ་གསུམ་མོ། གཡོན་རུ་ན་བདུན་ཡོད་དེ། འོལ་ཀ་ཤུག་ནག་བོན་གྱི་འདུ་གནས། ཉོང་ཡུལ་ཤིང་ནག་བོན་གྱི་འདུ་གནས། གཡེ་ལུང་གསོ་ཁ་བོན་གྱི་འདུ་གནས། ཀླུ་ཤོད་ཐང་མར་བོན་གྱི་འདུ་གནས། མལ་གྲོས་མཚོ་ཤོད་བོན་གྱི་འདུ་གནས་དང་བདུན་ནོ།། གཙང་གཡས་རུ་ན་བརྒྱད་ཡོད་དེ། འོད་ཡུལ་ས་ནག་བོན་གྱི་འདུ་གནས། ཤང་གི་ཞང་ཚག་བོན་གྱི་འདུ་གནས། བྲུད་ཀྱི་མཁར་གདོང་བོན་གྱི་འདུ་གནས། རྟ་ནག་རྐྱང་ཕུག་བོན་གྱི་འདུ་གནས། གྱེད་ཀྱི་རྐྱང་འཁོར་བོན་གྱི་འདུ་གནས། བྲག་ཕུ་གྲོ་ལྷ་བོན་གྱི་འདུ་གནས། གཙང་གི་གྱེར་བུ་བོན་གྱི་འདུ་གནས། ཟང་ཟང་ལྷ་བྲག་བོན་གྱི་འདུ་གནས་དང་བརྒྱད་དོ། །རུ་ཁ་ན་དགུ་ཡོད་དེ། ལྷང་སྟོད་སྟག་ཚལ་བོན་གྱི་འདུ་གནས། ཆུ་འགོ་སྟོད་རིང་བོན་གྱི་འདུ་གནས། མཁར་ཆེན་བྲག་དཀར་བོན་གྱི་འདུ་གནས། མཚོ་རྔ་བྲག་དཀར་བོན་གྱི་འདུ་གནས། གཉའ་རྩེ་ཐང་ཤོད་བོན་གྱི་འདུ་གནས། གྲ་པ་ཁ་དུ་བོན་གྱི་འདུ་གནས། ར་སང་ཐ་ཟླུམ་བོན་གྱི་འདུ་གནས། མང་མཁར་ལྕགས་འཕྲང་བོན་གྱི་འདུ་གནས། ལྷ་ཡུལ་གུང་ཐང་བོན་གྱི་འདུ་གནས་དང་དགུའོ། །ཞེས་གསལ་བོར་བསྟན་ཡོད་ལ། ད་དུང་བོན་གྱི་འདུ་གནས་རེ་རེ་ན་བྱིན་རླབས་ཀྱི་ཚན་ཁ་འབར་བའི་མཆོད་རྟེན་རེ་རེ་དང༌། ཤེལ་གྱི་དོ་རིང་རེ་རེ། བང་སོ་འདུར་ཆད་རེ་རེ་ཡོད་པ་ཡང་ལུང་དེ་ཉིད་ལས་གྲུབ། དེའི་སྐབས་ཀྱི་བོན་གྱི་འདུ་གནས་སོ་བདུན་ཞེས་པ་འདི་ནི། བོན་གཤེན་རིག་འཛིན་གོང་མས་ཐུན་སྦྱོང་ཉམས་ལེན་བྱེད་སའི་དབེན་པའི་རི་ཁྲོད་ཅིག་ཡིན་པ་ལས། ཆོས་སྲིད་ལུགས་གཉིས་བསྐྱངས་པའི་ཟང་ཟིང་གི་གཡུལ་ས་ཙམ་མ་ཡིན་པར། གནས་ཆེན་དེ་དག་ལས་སྔགས་རྫོགས་ལ་གྲུབ་པ་བརྙེས་པའི་གྲུབ་ཐོབ་རིག་འཛིན་བོད་རྒྱལ་མུ་ཁྲི་བཙན་པོ་དང༌། མོན་བོན་ཧ་ར་ཅི་པར། བོན་མོ་སྟག་ཝེར་ལི་ཝེར། ཞང་ཞུང་ཨ་ནུ་ཕྲག་ཐག ཞང་ཞུང་སད་ནེ་གའུ། དཔོན་གསས་ཐ་མི་ཐད་གེ ཤད་བུ་ར་ཁུག རྒྱ་བོན་ཟིང་པ་མཐུ་ཆེན་སོགས་ཀྱིས་འགྲོ་དོན་རྒྱ་ཆེན་མཛད་ནས་བསྟན་པ་ཕྱོགས་བཅུར་སྤེལ་བས། དེང་སྐབས་ཀྱང་གནས་འདིར་སྒྲུབ་ཕུག་དང་བཀའ་རྟགས་ཞབས་རྗེས་མང་པོ་མཇལ་རྒྱུ་ཡོད་པ་མ་ཟད། ད་དུང་གནའ་བོའི་དགོན་རྙིང་གྲགས་ཆེན་སྟོད་ལུང་འབྲི་ལུང་དགོན་པ་ཡང་ས་གནས་འདི་རུ་ཡོད་པ་རེད། དགོན་པ་འདིའི་ལུང་མདོར་སྡེ་བ་ཆུང་ཆུང་ཞིག་ཡོད་ལ། སྡེ་བ་འདིའི་མིང་ལ་ཞང་སྡེ་བ་འམ་ཞང་ལུང་པ་ཞེས་འབོད་ཀྱིན་འདུག རྒྱུས་ལོན་བྱས་པ་ལྟར་ན། སྡེ་བ་འདི་ནི་སྔོན་ཆད་ཞང་སྟོན་དམ་པ་ཚུལ་ཤེས་ཁོང་ཉིད་འཇིག་རྟེན་མི་ཡུལ་དུ་གཟུགས་སྐུའི་དཀྱིལ་འཁོར་མངོན་པར་བཞད་པའི་ས་གནས་ཡིན་འདུག་པ་དང༌། ཁོང་གིས་གཞོན་ནུ་རོལ་རྩེད་མཛད་སའི་མ་ཡུམ་གྱི་གཞིས་ཁྱིམ་དྲོན་མོ་ཡང་ཡིན། དེ་ལ་དེང་སྐབས་སྨྱུག་ཐོག་པ་ཁ་ཤས་ཀྱིས་ཞང་སྟོན་དམ་པ་ཚུལ་ཤེས་ཞེས་པ། ཁོང་ཉིད་ཞང་ཞུང་གི་ཡུལ་ནས་ཕེབས་པའི་སྟོན་པ་ཚད་མའི་སྐྱེས་བུ་ཞིག་ལ་ངོས་འཛིན་མཛད་འདུག་ཀྱང༌། དོན་དངོས་སུ་ཁོང་ཉིད་ཞང་སྡེ་བའི་ནང་དུ་འཁྲུངས་པས་ཡུལ་མིང་མི་ལ་ཐོགས་པ་སོམ་ཉི་མེད། དམ་པ་ཚུལ་ཤེས་ཁོང་ཉིད་སྐུ་ནར་སོན་རྗེས། མ་སྐུལ་དང་ལེན་གྱིས་གཙང་གི་གྲྭ་ས་ཡ་བཞི་ལ་སོགས་འགྲིམ་ནས། གཡས་རུ་དབེན་སའི་བྲུ་ཡི་རྗེ་བཙུན་རྒྱལ་བ་གཡུང་དྲུང་སོགས་ཀྱི་ཞབས་རྡུལ་སྤྱི་བོར་བླངས་ཏེ་མདོ་སྔགས་རྫོགས་གསུམ་གྱི་གནས་ལ་སྦྱངས་པ་དཔྱིས་ཕྱིན་མཛད་པ་དང།མདོ་འབུམ་རྒྱུད་མཛོད་ལ་སོགས་པའི་དབང་ལུང་མན་ངག་གི་གདམས་པ་མང་དག་ཞུས་པ་མ་ཟད། ད་དུང་དབུས་ཀྱི་མཁན་པོ་ཚུལ་ཁྲིམས་བླ་མ་སོགས་མཁན་སློབ་དཔང་བོ་ལོ་ཙཱ་བཞི་ལྡན་གྱི་དྲུང་ནས་དག་པ་དྲང་སྲོང་གི་ཁྲིམས་ཞུས་ཏེ། མཁས་བཙུན་བཟང་གསུམ་འཛོམས་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞིག་ཏུ་གྱུར་པ་རེད། ༡༠༦༠ལོར་ལྷ་དང་བླ་མས་ལུང་བསྟན་ལྟར་དུ་ཁོང་རིན་པོ་ཆེ་ཕྱིར་སྟོད་ལུང་དུ་ཕེབས་ནས། རིག་འཛིན་གོང་མས་བྱིན་ཀྱིས་རླབས་པའི་བོན་གྱི་འདུ་གནས་སོ་བདུན་གྱི་ནང་ཚན། སྟོད་ལུང་རལ་བོན་གྱི་འདུ་གནས་ཆེན་མོར་སྟོད་ལུང་འབྲི་ལུང་དགོན་པ་ཕྱག་བཏབས་གནང༌། དུས་དེ་ནས་བཟུང་དགོན་གནས་འདི་རུ་བཤད་པ་འཆད་ཉན་གྱི་སྡེ་དང༌། སྒྲུབ་པ་ཉམས་ལེན་གྱི་སྡེ་གཉིས་སུ་ཕྱེས་ཏེ། བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་འཕེལ་གཏོང་བར་ནུས་ཤུགས་ཟབ་མོ་བཏོན། སྦྱང་བའི་སྟོབས་ལས་ཤེས་བྱའི་དཀྱིལ་འཁོར་གསལ། བརྩེ་བའི་སྟོབས་ཀྱིས་འཛྙུ་ལ་མ་ལྟར་བྱམས་ཞེས་གསུངས་པ་ནང་བཞིན། རྟོགས་ལྡན་དམ་པ་ཚུལ་ཤེས་སམ་ཞང་སྟོན་དམ་པ་ཚུལ་ཤེས་ཁོང་གིས་ཐུན་མོང་རིག་གནས་ལ་སྦྱངས་པའི་ཡོན་ཏན་དང༌། ཐུན་མིན་སྔགས་རྫོགས་ལ་གཞོལ་བའི་ཤེས་རབ་ཉི་མའི་དཀྱིལ་འཁོར་ཕྱོགས་མཐར་རྒྱས་ཤིང༌། མདོ་དབུས་ཁམས་གསུམ་གྱི་སྐལ་ལྡན་སློབ་ཚོགས་རྣམས་པདྨའི་མཚོ་ལ་ངང་བའི་འདུ་འགོད་ལྟར་འདུས་ནས། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་བྱས་ཏེ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་མཛད་རྗེས་རླབས་ཆེན་བསྐྱངས་པ་དང༌། ཁོང་གི་མཁས་བཙུན་བཟང་གསུམ་གྱི་གྲུ་ཆར་སྙོམ་པོ་སྐལ་ལྡན་གྱི་སློབ་མ་བརྒྱ་ཕྲག་དང་སྟོང་ཕྲག་མང་བོའི་གསོས་སུ་གྱུར་ཀྱང༌། དེའི་ནང་ནས་སློབ་མའི་མཆོག་གྱུར་རམ་ཐུགས་ཟིན་གྱི་སློབ་མ་སུམ་སྟོན་ལྷ་འབུམ་དང༌། གཡོར་པོ་མེ་དཔལ་གཉིས་ཡིན་ལ། ཁོང་ཚོ་སྐྱབས་རྗེ་རྣམ་གསུམ་གྱི་རིང་ལ་སྟོད་ལུང་འབྲི་ལུང་དགོན་པ་འདི་ཉིད་ཀྱི་ཕྱིའི་འཛུགས་སྐྲུན་དང༌། ནང་གི་རྟེན་བཞེངས་ལ་སོགས་ཕྱོགས་གང་ཅིའི་ཐད་ལ་སྔོན་མེད་གསར་བཏོད་ཀྱི་མཛད་འཕྲིན་བླ་མེད་བསྐྱངས་པ་མ་ཟད། ད་དུང་ཕྱོགས་སོ་སོ་ནས་ཕེབས་པའི་སློབ་གཉེར་བ་ཡོངས་ལ་སྒྲིག་ཁྲིམས་དམ་པོ་བསྡམས་ནས་སོ་སོའི་འདོད་བློ་དང་འཚམ་པའི་འཆད་ཁྲིད་དང། སྒོམ་པ་ཉམས་ལེན་གྱི་སྐོར་ཟབ་སྦྱངས་གནང་བ་སོགས་ཀྱི་བཀའ་དྲིན་བསྐྱངས། སྐབས་དེར་སྟོད་ལུང་འབྲི་ལུང་དགོན་པ་འདི་ཉིད་ལ་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགེ་འདུན་འདུས་སྡེ་སྟོང་ཕྲག་དྲུག་ལྷག་འཚོ་སྡོད་བྱེད་སའི་དགོན་སྡེ་ཆེན་པོ་ཞིག་ཏུ་གྱུར་པ་རེད། ཡིན་ན་ཡང༌། སྤྱི་ཚོགས་ཀྱི་འགྱུར་ལྡོག་དང༌། དུས་རབས་ཀྱི་གོད་ཆགས་དབང་གིས་སྐབས་དེར་སོག་པོ་ལྷ་བཟང་ཧན་དང༌། ཅུང་གར་བ་ཚེ་དབང་རབ་བརྟན་གཉིས་ཀྱིས་བོད་ཀྱི་སྲིད་དབང་འཕྲོག་རྩོད་བྱེད་པའི་སྐབས་དང་ཁེལ་ནས། བོད་ཀྱི་ཆོས་སྲིད་ལུགས་གཉིས་ཐད་ལ་བློ་ཡུལ་ལས་འདས་པའི་གྱོང་གུད་ཆེན་པོ་ཐེབས། ལས་ཀྱི་རྣམ་སྨིན་གྱིས་དེད་པའི་སོག་པོ་ལྷ་བཟང་ཧན་སྐབས་དེར་ཅུང་དམག་གིས་ཕྱོགས་སོ་སོར་བཙིར་ཏེ། མཐར་པོ་ཏ་ལའི་ནང་དུ་ཡིབས་ནས་མི་འདུག་ག་མེད་བྱུང༌། ཉིན་ཁ་ཤས་ཀྱི་རིང་ལ་པོ་ཏ་ལའི་སྒོ་དམ་པོར་བསྡམས་ནས་ནང་དུ་དམག་བཀོད་སྣ་ཚོགས་འཐེན་ཡང་མཐར་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། ཕོ་བྲང་པོ་ཏ་ལའི་ཞོལ་གྱི་ཤར་སྒོ་ནས་ཐོན་སྐབས་ཅུང་དམག་གིས་ལག་རུབ་བརྒྱབ་ནས་ལྔ་ལམ་དུ་བརྫངས། དུས་དེ་ནས་བཟུང་ཅུང་གར་བ་ཚེ་དབང་རབ་བརྟན་གྱིས་ལོ་ངོ་གསུམ་ཙམ་གྱི་རིང་བོད་ཁམས་ཡོངས་ལ་དབང་བསྒྱུར་བྱས། སྐབས་དེ་དང་བསྟུན་ནས་ཅུང་གར་བས་རང་སྣང་གང་དྲན་གྱིས་འདྲ་མིན་ལས་སྤྱོད་སྣ་ཚོགས་སྤེལ་ཏེ། དགེ་ལུགས་པའི་གྲུབ་མཐའ་མ་གཏོགས་པའི་གྲུབ་མཐའ་གཞན་དག་ལ་གཉའ་གནོན་བྱས་པ་མ་ཟད། ད་དུང་གནའ་སྔ་མོའི་དགོན་རྙིང་མང་དག་ཅིག་བཤིགས་གཏོར་བཅོམས་གསུམ་བྱས་པ་སོགས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་མང་བོ་བཟོས། སྟོད་ལུང་འབྲི་ལུང་དགོན་པ་འདི་ཡང་དེའི་སྐབས་སུ་བཤིགས་གཏོར་ཐེབས་པའི་དགོན་རྙིང་གི་གྲས་ཤིག་རེད། ཡིན་ན་ཡང་དགོན་པ་འདིའི་ནང་གི་སྐུ་གསུང་ཐུགས་རྟེན་དང༌། མཆོད་རྫས་ཡོ་བྱད་གང་མང་བོ་ཞིག་གར་སོང་ཆ་མེད་དུ་གྱུར་ཡོད་ལ། ལྷ་རྟེན་ཆོས་གསུམ་མང་དག་ཅིག་འདིའི་ཉེ་འདབས་ཀྱི་དགོན་པ་ཁ་ཤས་ཀྱི་ནང་དུ་ཡོད་པར་གྲགས། ལྷག་པར་དུ་དེང་སྐབས་ལྷ་སའི་འབྲས་སྤུངས་དགོན་པའི་ནང་དུ་ཉར་ཚགས་བྱེད་བཞིན་པའི་བོན་གྱི་རིག་གཞུང་ཁག་དང༌། སྐུ་གསུང་ཐུགས་རྟེན། མཆོད་རྫས་ཡོ་བྱད་ཚང་མ་དེའི་གྲས་ཀྱི་ཡིན་པ་གཡོལ་ཐབས་བྲལ་བ་ཞིག་རེད། ལོ་ངོ་བརྒྱ་ཕྲག་དང་སྟོང་ཕྲག་མང་བོ་བརྒྱུད་པའི་དེ་རིང་གི་ཉིན་མོར་འུ་ཚོའི་མིག་སྔར་དུ་མངོན་བཞིན་པ་འདི་ནི། དུས་རབས་གསར་རྙིང་གི་དབྱེ་མཚམས་ན་གྲོང་ངེར་འགྱིང་བའི་ལོ་རྒྱུས་ཀྱི་དན་རྟགས་ཤིག་སྟེ། སྤྱི་ཚོགས་ཀྱི་འཕེལ་འགྱུར་ཁྲོད་དུ་དུས་རབས་ཀྱི་གོད་ཆགས་མྱོང་བའི་མཁར་ཤུལ་དང་དགོན་ཤུལ་ཙམ་རེད།
2

ཡིན་ན་ཡང༌། དགོན་ཤུལ་འདིའི་རྒྱ་ཁྱོན་དང༌། མཁར་ཁང་གི་བརྩིགས་འཕྲོ། གྱང་རལ། རྡོ་བཅལ་སོགས་ཀྱིས་ལོ་ངོ་བརྒྱ་ཕྲག་དང་སྟོང་ཕྲག་གོང་གི་དངོས་པོའི་གནས་བབས་མང་བོ་ཞིག་བདེན་དཔང་དང་ར་སྤྲོད་བྱེད་ཐུབ་ལ། ཁོར་ཡུག་འདི་མཐོང་བ་ཙམ་གྱིས་འུ་ཅག་སུ་ལ་ཡང་དོན་སྤྱིའི་རྣམ་པ་ཞིག་མི་འཆར་མི་སྲིད། ལྷག་པར་དུ་འདུ་ཁང་གཡས་གཡོན་བར་གྱི་ཧ་ཅང་ཟད་པའི་རྡོ་ལམ་དང༌། ཕྱིའི་རྡོ་བ་བརྩིགས་སྟངས། ད་དུང་འདུ་ཁང་མདུན་གྱི་ཟད་ཚད་ཟབ་པའི་རྡོ་རྐོ་སོགས་ལ་གཞིགས་ན་དེ་བས་ཀྱང་ཞིབ་འཇུག་གི་ཁ་ཕྱོགས་ངེས་ཅན་ཞིག་སྟོན་ངེས་རེད།
3
གནའ་བོའི་བརྩིགས་ངོས་ཀྱི་གྲུ་ཟུར་ཞིག་ལ་དེང་སྐབས་ལྷ་ཁང་ཆུང་ཆུང་ཞིག་བཞེངས་ཡོད་ལ། འདི་ནི་མ་མཆོག་སྲིད་པ་རྒྱལ་མོའི་ལྷ་ཁང་ཞིག་རེད། དེའི་རྒྱུ་མཚན་ཞང་སྡེ་བའམ་ཞང་ལུང་བའི་ནང་གི་རྒན་རྒོན་ཚོ་ལས་རྒྱུས་ལོན་བྱས་པ་ལྟར་ན། གནའ་སྔ་མོ་དགོན་པ་འདི་བོན་པོའི་དགོན་པ་ཡིན་ཚོད་འདུག ང་ཚོའི་སྡེ་བ་འདི་ཡང་བོན་སྡེ་ཡིན་ས་རེད། རྗེས་སུ་རིམ་གྱིས་འགྱུར་ནས་དགེ་ལུགས་པའི་བསྟན་པར་གྱུར། ཡིན་ན་ཡང༌། སྔོན་ཆད་ས་ཆ་འདིར་ཐན་པ་རྒྱབ་པ་དང༌། ཕྱུགས་ལ་གོད་ཁ་བྱུང་བ། མི་ལ་ན་ཚ་བྱུང་བ་སོགས་མི་འདོད་པའི་རྐྱེན་སྣ་ཚོགས་ཤིག་བྱུང་སྐབས། བླ་མ་དང་སྐྱེས་ཆེན་རྣམས་ཀྱིས་གནས་འདི་ལ་སྲིད་པ་རྒྱལ་མོའི་ལྷ་ཁང་ཞིག་བཞེངས་དགོས་ཚུལ་གསུངས་ནས།
4
སྲིད་རྒྱལ་ལྷ་ཁང་འདི་དེའི་སྐབས་སུ་ང་ཚོའི་སྡེ་བས་བཞེངས་པ་རེད་ཟེར་བ་སོགས་ལ་གཞིག་ན་སྔར་སོང་གི་ལོ་རྒྱུས་མང་བོ་ཞིག་ལ་ར་སྤྲོད་དང༌། ངེས་ཤེས་ཡང་དག་འདྲེན་ཐུབ། སྤྱིར་བཏང་དགོན་པ་འདིའི་སྐོར་གྱི་གནས་ཚུལ་མདོར་བསྡུས་ཤིག་ད་ལོའི་ཟླ་བ་དང་བོའི་ནང་དུ་ངས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བརྒྱུད་ནས། བདུན་ཕྲག་གཅིག་གི་ཡུན་ལ་རྒྱ་ཆེའི་ལྟ་མཁན་རྣམས་ཀྱི་སྤྱན་སྔར་ཕུལ་མྱོང་ཞིང༌། དེ་ལ་ཉམས་འཇོག་བྱས་པའི་བློ་མཐུན་མི་ཉུང་བ་ཞིག་ལ་དགའ་སྤྲོའི་རྣམ་པས་ཁེངས་པའི་ཚོར་སྣང་ཞིག་དང༌། ནམ་ཡང་བརྗེད་པར་དཀའ་བའི་བག་ཆགས་ཟབ་མོ་རེ་ཡང་བཞག་ཡོད་ཚོད་རེད།
5
གང་ལྟར་ཡང་རྒྱུས་མེད་ལམ་སྟོན་དང༌། བསམ་བློ་བརྗེ་རེས་སོགས་ནི་འུ་ཚོ་ཚང་མར་འོས་འགན་ཡོད་པའི་སྐབས་བབས་ཀྱི་གནས་ཚུལ་ཞིག་ཡིན་ལ། ལྷག་པར་དུ་འུ་ཚོ་སྨྱུག་ཐོགས་པ་སུ་ཞིག་ཡིན་རུང༌། འཆད་རྩོད་རྩོམ་གསུམ་གྱི་བསམ་བློའི་ཁ་ཕྱོགས་དེ་ཉིད་གྲུབ་མཐའི་ཕྱོགས་ཞེན་གྱིས་མ་བསླད་པར། ཡོད་ཚད་ཨུ་ཚུགས་མཐའ་སྐྱེལ་གྱི་ལམ་ཁར་མ་སོང་བར་བདེན་པ་བདེན་གཏུག་བྱ་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། །
6

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།