གསོ་དཔྱད་སྨན་གྱི་མདོ་རྒྱུད་འཛམ་གླིང་དུ་དར་ཚུལ་བཤད་པ།

གསོ་དཔྱད་སྨན་གྱི་མདོ་རྒྱུད་འཛམ་གླིང་དུ་དར་ཚུལ་བཤད་པ།

སྐྱང་སྤྲུལ་དྲི་མེད་འོད་ཟེར། ༼མཛོད་དགེ། ༽

     ༄༅།།ཟབ་ཅིང་རྒྱ་ཆེ་བའི་གསོ་དཔྱད་སྨན་གྱི་མདོ་རྒྱུད་དེ་དག་སྤྱིར་འཛམ་གླིང་གི་ཡུལ་གྲུ་རྣམས་སུ་དར་ཚུལ་ནི། གསོ་རིག་རྒྱུད་གསུམ་བྱེ་བའི་ཡང་སྙིང་སྨན་སྦྱོར་སྟོང་རྩའི་གླེང་གཞི་ལས། སྐུ་བསྟན་རྫོགས་མཐར་གདུང་སོབ་མུ་ཆོ་ཡིས། །དཀར་ནག་བཀྲ་གསལ་རྗེས་བཞག་གསུང་རབ་ལ། །ཀློག་འཆད་བཀའ་འཁོར་ཡོངས་བསྐོར་བྱེ་བྲག་ཕྱེས། །འཛམ་གླིང་ལོ་ཙཱ་མཁས་པའི་རྒྱན་དྲུག་དང་། །དེར་བརྟེན་ཕྱོགས་ཀྱི་སློབ་མ་བསམ་འདས་ཀྱིས། །དཀར་ནག་རྒྱ་དང་བྲུ་ཤ་ཁ་ཆེ་ཕྲོམ། །ཨོ་རྒྱན་ཐོ་གར་ཞང་ཞུང་བོད་ལ་སོགས། །འཛམ་གླིང་ཡུལ་ཀུན་སོ་སོར་སྒྲ་བསྒྱུར་ཏེ། །འགྲོ་ཀུན་ནད་ཟུག་སྲིད་པའི་ཕས་མཐར་བསྐྲད། །ཚེ་རིང་བོན་ནོར་བདེ་སྐྱིད་ཁྲི་གདུགས་བརྡལ། །ཞེས་དང་། སྐྱང་འཕགས་ཆེན་པོའི་རྣམ་ཐར་ལས། བཀའ་གནང་སློབ་དཔོན་མུ་ཆོའི་དུས་སུ་ཡང་། །དཀར་ནག་བཀྲ་གསལ་གསས་ཁང་འབར་བ་རུ། །ཕྱི་ནང་སྡེ་སྣོད་བརྒྱར་ཕྱེ་བཤད་པའི་དུས། །བདག་སོགས་རིག་འཛིན་ཉི་ཤུ་རྩ་གཅིག་གིས། །མཁས་པའི་བོད་རྒྱུད་གསན་ཞིང་ཕྱོགས་བཅུར་སྤེལ། །ཞེས་སོགས་གསུངས་སོ། ཁྱད་པར་བོད་ཡུལ་དུ་ཀོང་རྗེ་དཀར་པོའི་དུས་སུ་རྒྱུ་ཡི་བོན་གྱི་དབུ་ཚུགས་པ་ཙམ་ནས་རིམ་བཞིན་མོ་གཏོ་སྨན་རྩིས་སོགས་དར་ནས་གཉའ་ཁྲིའི་གོང་རོལ་དུ་རྒྱུ་བོན་ཤེས་པ་ཅན་བཅུ་གཉིས་དར་ཡོད་པ་དང་། གཉའ་ཁྲིའི་དུས་སུ་སྔགས་སེམས་ཀྱི་བསྟན་པ་གསར་དུ་དར་བ་དང་འདུལ་བའི་བསྟན་པའང་ཡོད་པར་བརྟེན་སྨན་རྩིས་སོགས་ལྷག་པར་དར་ཞིང་གྲི་གུམ་གྱི་དུས་སུའང་མ་ནུབ་པར་ཁྲི་སྲོང་གི་ཚེ་སྟོད་ཡན་ལ་དར་བཞིན་བཞུགས་ཚུལ་གྱི་ལོ་རྒྱུས་མང་ཡང་ཚིག་ཉུང་གནད་དུ་འདུས་པ་ནི། བསྟན་འབྱུང་ལེགས་བཤད་སྐལ་བཟང་མགྲིན་རྒྱན་ལས། བོད་རྒྱལ་ཐོག་མ་གཉའ་ཁྲི་མ་ཕེབས་གོང་། །མི་ལོ་ཆིག་སྟོང་ཆིག་བརྒྱ་ལྷག་གོང་ན། །ཞང་ཞུང་མཁན་པོ་གཙུག་ཕུད་ཚུལ་ཁྲིམས་ཀྱི། །ཞལ་སློབ་ག་ཅི་གཙུག་ཕུད་རྒྱལ་བ་དང་། །དེ་བཞིན་ཡ་གོང་ཕམ་ཤིན་ལྡེ་བཙུན་བཞིས། །བོད་དུ་འདུལ་བསྟན་རིམ་སྤེལ་འོག་གསལ་ལྟར། །རྒྱུ་ཡི་བོན་བཞི་སྤྱི་ལས་སྔ་དར་བ། །ཤེས་པ་ཅན་གྲངས་བཅུ་གཉིས་སྔོན་རིམ་ལྟར། །ཁྱད་པར་རྒྱལ་བོ་གཉའ་ཁྲིའི་སྐུ་རིང་ལ། །དེ་ཡང་ཤེས་པ་ཅན་ཞེས་གང་ཞེ་ན། །མགོན་ཤེས་ལྷ་ཡི་བོན་ཞེས་བྱ་བ་ནི། །ཚུར་ལ་གཡང་བླངས་ནོར་ཕྱུག་འཕེལ་ངེས་པ། །ཞེས་པ་ནས། ཕན་ཤེས་སྨན་དཔྱད་བོན་ཞེས་བྱ་བ་ནི། །བྲོ་ནད་གསོ་བས་ཚེ་ཡི་བར་ཆད་སེལ། །སྐོས་ཤེས་རྩིས་ཀྱི་བོན་ཞེས་བྱ་བ་ནི། །དུས་འཁོར་གཏན་འབབ་སྔ་ཕྱིའི་ལྟས་འཛིན་ཤེས། །ཞེས་སོགས་ནས། དེ་སོགས་རྒྱུ་ཡི་བོན་རྣམས་རིམ་རྫོགས་དར། །ཞེས་གསུངས། ཡང་ས་ལ་ལེགས་དྲུག་ཆུ་ལ་ལྡེ་བརྒྱད་རིང་། །གདུང་རྒྱུད་བཅུ་གསུམ་དག་གི་བོན་དར་ཏེ། །ཕ་རྒྱུད་ལུང་ཆེན་ལྟ་བ་རྫོགས་ཆེན་དང་། །ཞེས་པ་ནས། སྡེ་བཞི་ གཟུངས་ཆེན་རིག་པ་གནས་ཆེན་དང་། །ཐེག་པ་རིམ་དགུའི་བོན་བཅས་དར་བའོ། །བར་གྱི་བཙན་ལྔའི་རིང་ལ་རྒྱན་དྲུག་བོན། །རིག་གནས་ལྔ་དང་ཁྱད་པར་ནང་རིག་བོན། །ཕྱི་རིག་བོན་དང་གསོ་བ་རིག་པའི་བོན། །སྒྲ་རིག་བོན་དང་སྲིད་པ་རྒྱུད་ཀྱི་བོན། །ཞེས་པ་སོགས་དང་། དེ་དུས་རྒྱ་གར་ཆོས་དང་རྒྱ་ནག་རྩིས། །ཕྲོམ་ན་སྨན་དཔྱད་བོད་དང་ཞང་ཞུང་ན། །གཡུང་དྲུང་བོན་སྡེ་མདོ་སྔགས་སེམས་གསུམ་དང་། །སྨན་དང་གཙུག་ལག་དེའི་ཆ་ལག་ཏུ་ཡོད། །ཅེས་གསུངས་པ་ལྟར་རོ། དེ་ནས་ཁྲི་སྲོང་གིས་སྲིད་འཛིན་སྐབས་བོན་སྣུབ་དུས་སུ་བོན་རྣམས་གཏེར་དུ་སྦ་བ་དང་ལྷན་དུ་གསོ་དཔྱད་སྐོར་རྣམས་གཏེར་དུ་སྦས་ཚུལ་བསྟན་འབྱུང་དག་ན་ལོ་རྒྱུས་དང་བཅས་མང་དུ་གསུངས་ཡོད་ལ། སྡེ་སྲིད་ཀྱི་གསོ་རིག་ཁོག་འབུག་སོགས་ལས་ཀྱང་ཁུ་ཚ་ཟླ་འོད་དམ་ཀུ་ས་སྨན་པ་དང་། དབྱིལ་སྟོན། བོན་པོ་དྲག་རྩལ་ཅན། གུ་རུ་རྣོན་རྩེའི་གཏེར་མ། ལོ་ཆེན་བེེ་རོས་བསྒྱུར་བའི་བླ་དཔེར་གྲགས་པའི་རྒྱུད་བཞི་ནི་བསམ་ཡས་དབུ་རྩེ་ནས་གྲྭ་བ་མངོན་ཤེས་ཀྱིས་རབ་བྱུང་དང་པོའི་ས་སྟག་ལོར་གཏེར་དྲངས་པ་སོགས་མང་དུ་གསུངས་ཡོད་ལ། འདིར་སྨན་འབུམ་སོགས་གཏེར་མའི་སྐོར་གནད་བསྡུས་ཙམ་འགོད་པ་ལ། བསྟན་འབྱུང་ལེགས་བཤད་བང་མཛོད་ལས། བུ་འཚོ་སྲིད་པའི་རྒྱལ་པོས་གཙང་སྟོད་རྡོ་རྗེ་གསང་ཕུག་ནས། སྨན་སྒྲུབ་བདུད་རྩི་ཕུམ་ཕུམ་དགུ་དང་བདུད་རྩི་སྨན་གྱི་རྒྱུད་དགུ་ཐོན་པ། གཤེན་དམ་པ་རྒྱལ་ཚབ་ལ་བརྒྱུད་དེ་དར་རོ། ཞེས་དང་། དཀར་ཆག་ཉི་མ་འབུམ་འོད་ལས། བུ་འཚོ་སྲིད་པའི་རྒྱལ་པོ་ཡིས། །གཙང་སྟོད་རྡོ་རྗེ་བྲག་ཕུག་ནས། །རིན་ཆེན་བུམ་པ་དགུ་ནི་གཏེར་ལས་ཐོན། །དེ་ལས་བདུད་རྩི་སྨན་གྱི་རྒྱུད་དགུ་བྱུང་། །ཞེས་དང་། ཟླ་འོད་འབར་གྱིས་སྤ་གྲོ་སྟག་ཚང་ནས་གཏེར་ནས་ཐོན་པ། གསོ་བ་རིག་པ་སྨན་འབུམ་རྒྱུད་འབུམ་བཞི། ཨ་ཙ་ར་མི་གསུམ་གྱིས་དྲངས་པའི་གསོ་དཔྱད་སྔོ་ཤིང་ལྡུམ་བཅོས། རབ་བྱུང་དང་པོའི་ས་སྟག་ལོར་ཁུ་ཚ་ཟླ་འོད་ཀྱིས་ཕུར་བོན་དང་མཉམ་དུ་བཏོན་པའི་སྨན་གྱི་རྒྱུད་བཞིའམ་འབུམ་བཞི་ཆ་ལག་དང་བཅས་པ་ཡན་ལག་བརྒྱད་པ་བདུད་རྩི་སྨན་གྱི་རྒྱུད་དགུ་ཡོད་པའི་ནང་ནས། རྩ་འབུམ། སྨན་འབུམ། ནད་འབུམ། དཔྱད་འབུམ་དང་བཅས་བཞི་འདི་དག་སྨན་རི་ན་ཡོད། ཞེས་གསུངས། ཡང་བསྟན་འབྱུང་དར་རྒྱས་གསལ་སྒྲོན་ལས། བསམ་ཡས་ཅ་ཏི་མཆོད་རྟེན་དམར་པོ་ནས། ཏྲེའུ་རྒྱ་རཱ་ཛ་དང་། ས་དགུ་རིན་ཆེན་གྲགས་པ་གཉིས་ཀྱིས་བཏོན་པའི་གསོ་དཔྱད་རྩ་འགྲེལ་གཉིས། ལག་ལེན་དང་བཅས་པ། ཤིང་སྦྱོར་རྡོ་སྦྱོར་ལྡུམ་བཅོས་གསུམ། དཔྱད་བུ་ཁྲི་ཤེས་སྨན་མདོ་སོགས་བྱུང་ངོ་། །ཞེས་ཀྱང་གསུངས་ཡོད། དེ་དག་མདོར་བསྡུས་པ་ནི་སྨན་སྦྱོར་སྟོང་རྩ་ཕན་བདེ་དཔྱིད་ཀྱི་དགའ་སྟོན་ལས། བར་དུ་བོད་ལྗོངས་དར་ནུབ་ཅུང་སྲིད་ཀྱང་། །སེམས་ཅན་སྤྱི་མཐུན་ལས་དབང་སྨོན་ལམ་ཕྱིར། །སླར་ཡང་དུས་བབས་ཤ་མོང་སྤང་བརྡོལ་ལྟར། །སྤྲུལ་བའི་གཏེར་སྟོན་བན་དེ་མི་གསུམ་དང་། །ཁུ་ཚ་ཟླ་འོད་རིག་འཛིན་ཁྱུང་རྒོལ་རྩལ། །བློ་ལྡན་སྙིང་བོ་ལ་སོགས་གཏེར་སྙན་དང་། །གཞན་ཡུལ་མ་ནུབ་སྨན་རྒྱུད་གྲངས་མེད་བཅས། །ཞེས་གསུངས་སོ། ཁྱད་པར་ད་ལྟ་དངོས་སུ་མཇལ་དུ་ཡོད་པའི་སྨན་འབུམ་གཏེར་མའི་ལོ་རྒྱུས་ནི། དེ་ཡང་སྔོན་ཁྱུང་བོའི་ཡུལ་ནས་དཔེ་ཕབས་པའི་བོན་གྱི་བཀའ་འགྱུར་ད་ལྟ་མདོ་ཁམས་ཉག་རོང་ན་བཞུགས་པ་དེ་ཉིད། ཉེ་སྔོན་སི་ཁྲོན་ཁྲིན་ཏུའུ་འཕྲུལ་དཔར་བྱས་པ་དེའི་ནང་གི་བུ་འཚོ་སྲིད་པའི་རྒྱལ་པོའི་གཏེར་མ་གསོ་དཔྱད་སྨན་གྱི་འབུམ་བཞི་ལས་རྩ་བ་ཐུགས་འབུམ་གྱི་མཇུག་བྱང་དུ། བདུད་རྩི་སྨན་གྱི་མདོ་དགུའི་བརྒྱུད་རིམ་ནི་སངས་རྒྱས་བསྟན་པའི་གཙོ་བོ་༼གཙོ་བོས༽དཔྱད་བུ་ཁྲི་ཤེས་ལ་གསུངས། དེས་དམུ་ཙ་ཏྲ་ཧེ་༼སྟག་གཟིག་གི་མཁས་པ ༽ལ་བཤད། དེས་གསར་ཐོག་ལྕེ་འབྱམས ༼ཕྲོམ་གྱི་མཁས་པ ༽ལ་བཤད། དེས་སྟོང་རྒྱུང་མཐུ་ཆེན་༼ཞང་ཞུང་གི་མཁས་པ ༽ལ་བརྒྱུད། དེས་གྱིམ་ཚ་རྨ་ཆུང་༼ལྡེ་ཡི་ཡུལ་གྱི་མཁས་པ ༽དེས།༼དེ་ནས༽བན་དེ་མི་བདུན་གྱི༼གྱིས༽ཆོས་སུ་བསྒྱུར་སྐབས། དཔེ་ཆ་མེ་ལ་བསྲེགས༼བསྲེག༽པའི་གྲབས་བྱས་དུས། བོན་པོ་མི་བདུན་གྱི༼གྱིས༽གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་དུ ༼ཏུ༽སྦས། ཕྱིའི་དུས་ལ་བབས་ཙམ་ན། གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་པས་གཏེར་ཞལ་ཕྱེས་ནས་རྨེའུ་མཁས་པ་དཔལ་ཆེན་ལ་སྤེལ་བའོ།

བསྟན་པའི་གསལ་བྱེད་ཀྱི་ཞབས་འདེགས་ཁམ༼ཁམས་༽ཡུལ་གྱི་རྐམ་གྱི་བཙུན་པ་དྲུང་མུ་ཉི་ཝེར་གྱི༼གྱིས༽བགྱིས་པ་ཛ་ཡནྟུ། ཞེས་གསུངས་ཡོད། ཡང་སྨན་འབུམ་དཔེ་ཆ་གཞན་གྱི་མཇུག་བྱང་དུ་བོན་འདི་ནི་སྟག་གཟིག་དམུ་ཙ་ཏྲ་ཧེ་དང་། ཕྲོམ་གསེར་ཐོག་ལྕེ་འབྱམས་ཀྱིས་སྟག་གཟིག་ནས་ཞང་ཞུང་དུ་བསྒྱུར། དེ་ནས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་ལྡེ་གྱིམ་ཚ་རྨ་ཆུང་གཉིས་ཀྱིས་ཡུལ་གཙང་སྟོད་བྱེ་མ་གཡུང་དྲུང་དུ་ཞང་ཞུང་གི་ཡུལ་ནས་བོད་དུ་བསྒྱུར། བསྟན་པ་དར་ནུབ་ཀྱི་སྐབས་སུ་བོ་དྷི་ས་ཏྭ་དང་རྒྱལ་བོས་ཆོས་སུ་བསྒྱུར་རྩིས་བྱས་པར། བོན་པོ་མི་བདུན་གྱིས་ཁྱེར་ནས་བྲོས་ཏེ། གཙང་བྱེ་བ་མཁར་ལ་གཏེར་དུ་སྦས་སོ། དེ་ནས་བདག་གི་དངོས་གྲུབ་ཏུ་བརྙེས་པ་ལགས་སོ། ཞེས་གསུངས་པའང་ཡོད་པ་བསྟན་འབྱུང་རེ་ན་བྲིས་འདུག  གང་ལྟར་ཡང་། མཇུག་བྱང་འདི་ཉིད་ལ་བལྟས་པ་ཙམ་གྱིས་སྟོན་པ་གཤེན་རབ་ཀྱི་བཀའ་ཡིན་པ་དང་། དུས་ཡུན་ཤིན་ཏུ་རིང་བ། སྤྱི་ཚོགས་ཀྱི་འགྱུར་ལྡོག་གམ་བན་བོན་ནང་འགལ་བྱུང་བ། འབུམ་འདི་ཉིད་ཆོས་སུའམ་རྒྱུད་བཞིར་བསྒྱུར་བ། རེ་ཞིག་གཏེར་དུ་སྦས་པ་དང་སླར་གཏེར་ནས་བཏོན་ཏེ་དར་བ་སོགས་དུས་རབས་དང་གནས་ཚུལ་འདྲ་མིན་བརྒྱུད་བྱུང་བ་བཅས་ཤེས་ཐུབ་འདུག  སྨན་འབུམ་དཀར་པོ་དང་ནད་འབུམ་ནག་པོའི་མཇུག་བྱང་དུ། རྟེན་འབྲེལ་འགྲིགས་པའི་དུས་སུ་བསམ་ཡས་དབུ་རྩེ་ནས་བན་དེ་མི་གསུམ་གྱིས་བཏོན་པའོ། དེ་ལ་ལྷ་རྗེ་གཡུ་ཐོག་པས་ཞུས་སོ། ཞེས་གསུངས་ཡོད། དེ་ནི་བེེ་རོས་རྒྱུད་བཞི་བསྒྱུར་ནས་གཡུ་ཐོག་རྒྱ་གར་ནས་མ་ཕེབས་བར་དུ་བསམ་ཡས་སུ་རེ་ཞིག་སྦས་པའི་བཞེད་སྲོལ་ཡོད་པ་དེ་ལྟར་ཡིན་ནམ་དཔྱད། ཞར་བྱུང་ན་གཞོན་བློ་གསར་དག་ལ་ངོ་སྤྲོད་ཅུང་ཟད་བྱ་བ་ལ། གོང་ན་བུ་འཚོ་སྲིད་པའི་རྒྱལ་པོའི་གཙང་སྟོད་རྡོ་རྗེ་གསང་ཕུག་ནས་བདུད་རྩི་སྨན་གྱི་རྒྱུད་དགུ་ཐོན་པ། གཤེན་དམ་པ་རྒྱལ་ཚབ་ལ་བརྒྱུད་དེ་དར་རོ། ཞེས་པའི་གཤེན་དམ་པ་རྒྱལ་ཚབ་ནི། བོན་གྱི་གདུང་རྒྱུད་ཆེན་པོ་དྲུག་ལས། དམུ་རིགས་གཤེན་གྱི་གདུང་རྒྱུད་དེ། གཤེན་ཆེན་ཀླུ་དབང་ནས་གདུང་རབས་བཞི་བ་སྟེ་ཁོང་རབ་བྱུང་དང་པོ་མ་ཚུགས་གོང་གི་ས་ཁྱི་ལོར་འཁྲུངས་པ་སྟེ། ད་ལོ་ཡན་ལ ༼༢༠༠༡༽ ལོ་དགུ་བརྒྱ་དང་གོ་དྲུག་འདས་ཡོད་ལ།  ཁོང་དགུང་ལོ་སུམ་ཅུ་བ་མེ་ཡོས་ལ་རབ་བྱུང་དང་པོ་ཚུགས་སོང་ངོ་། ཡང་གོང་གི་མཇུག་བྱང་ན་རྨེའུ་མཁས་པ་དཔལ་ཆེན་ལ་སྤེལ་བའོ། ཞེས་ཡོད་པས་དམ་པ་འདི་ཉིད་ཀྱི་གནས་ཚུལ་ཅུང་ཙམ་ཞུ་ན། སྔོན་གྱི་གདུང་རབས་ཆེན་པོ་བྲུ་ཚང་ཞུ་ཚང་སྤ་ཚང་རྨེའུ་ཚང་ཁྱུང་པོ་ཚང་གཤེན་ཚང་བཅས་དྲུག་ཡོད་པའི་ནང་གསེས་མཁས་པ་རྨེའུའི་གདུང་བརྒྱུད་དེ། རྨེའུའི་སྨྲ་སེང་བཅུ་རུ་གྲགས་པའི་གྲས་ཤིག་སྟེ་རྟེན་དགེ་སློང་ལགས་པས་མཚན་ལ་ཚུལ་ཁྲིམས་དཔལ་ཆེན་ཡིན་ཞིང་རབ་བྱུང་དང་པོའི་ཆུ་འབྲུག་ལོར་སྐུ་བལྟམས་པ་སྟེ་ད་ལྟ་ཤིང་ཁྱི་ལོའི་ཡན་ལ་མི་ལོ༼༩༤༢༽འདས་ཡོད། ཁོང་སྐྱེས་སྦྱངས་ཡོན་ཏན་ལྡན་པ་དང་བོན་ཆོས་རིས་མེད་ལ་ཐོས་བསམ་རྒྱ་ཆེར་མཛད་པས་ཕྱིས་སུ་རྨེའུའི་མཁས་པ་དཔལ་ཆེན་དུ་གྲགས་སོ། ཁོང་ལ་གསུང་འབུམ་ཡང་། ཁམས་བརྒྱད་སྟོང་ཕྲག་བརྒྱ་བའི་འགྲེལ་བ་དང་། མངོན་རྟོགས་ལམ་རིམ། མཛོད་ཀུན་བཏུས་སོགས་ལེགས་བཤད་རྣམ་དག་མང་པོ་བཞུགས། གདན་ས་ནི་དཔལ་ལྡན་བཟང་བོའི་རི་སྟེང་ཡོངས་གྲགས་སུ་བཟང་རི་རྨེའུ་ཚང་ཟེར། ཞིབ་པར་རྣམ་ཐར་ན་གསལ་ལོ། བུ་འཚོ་གཏེར་སྟོན་གྱིས་གཏེར་ནས་ནམ་ཐོན་མི་གསལ་ཡང་། གཤེན་དམ་པ་རྒྱལ་ཚབ་དང་། མཁས་པ་དཔལ་ཆེན་རྣམ་གཉིས་རབ་བྱུང་དང་པོའི་སྔ་ཕྱིར་འཁྲུངས་འདུག་པ་དང་། བུ་འཚོ་གཏེར་སྟོན་གྱིས་འདི་གཉིས་ལ་བརྒྱུད་ཁ་སྤེལ་ཡོད་པ་ལ་དཔགས་ན་བུ་འཚོ་སྲིད་པའི་རྒྱལ་པོས་སྨན་འབུམ་གཏེར་ཞལ་ཕྱེ་བ་ཡང་རབ་བྱུང་དང་པོའི་སྐབས་ཙམ་ཡིན་འདུག ཡང་མཇུག་བྱང་གི་མཐའ་མཇུག་ན། བསྟན་པའི་གསལ་བྱེད་ཁམས་ཡུལ་སྐམ་གྱི་བཙུན་པ་དྲུང་མུ་ཉི་ཝེར་གྱིས་བགྱིས་པ། ཞེས་པ་ནི། མདོ་སྨད་ཁམས་ཕྱོགས་སྡེ་དགེའི་ཡུལ་གྱི་ཀརྨ་སྐམ་ཚང་གི་གདུང་ལས་འཁྲུངས་ཤིང་རྟེན་དགེ་སློང་ཡིན་པས་སྐམ་གྱི་བཙུན་པ་ཡིན་ལ། མཚན་དངོས་ལ་ཞང་སྐད་དུ་དྲུང་མུ་ཉི་རི་ཝེར་ཞི་སྟེ་བོད་སྐད་ལ་གཡུང་དྲུང་ཉི་མ་རྒྱལ་མཚན་ཞེས་པ་ཡིན་ཞིང་། རྩོམ་བྱང་རྣམས་སུ་སྐམ་བཙུན་གཡུང་དྲུང་ཉི་རྒྱལ་ཞེས་བྲིས་པ་མང་། ཁོང་ནི་མཁས་བཙུན་བཟང་ལྡན་གྱི་སྐྱེས་མཆོག་ཅིག་དང་འཚོ་མཛད་མཁས་དབང་ཞིག་ཡིན་ཞིང་གསུང་རྩོམ་ཡང་མང་དུ་ཡོད་ཅིང་། ཁྱད་པར་ལྷ་གཤེན་སྲིད་པའི་ལུང་བཞིན་བརྩམས་པའི་སྨན་གྱི་ངོས་འཛིན་ཀུན་གསལ་ཉི་མའི་དབང་བོ་ཞེས་པ་ཤོག་ལྡེབ་སུམ་བརྒྱ་ལོངས་ཙམ་ཡོད་པར་བཤད། ཁོང་ནི་གཙང་གི་བཀྲ་ཤིས་སྨན་རིའི་དགོན་གྱི་མཁན་ཆེན་མཁས་དབང་ཉི་མ་བསྟན་འཛིན་མཆོག་གི་ཁུ་བོ་དངོས་ཡིན་ཞིང་། སྨན་རིའི་དགོན་དུ་ཡུན་རིང་བཞུགས་པ་སོགས་མཁན་ཆེན་ཉི་མའི་རྣམ་ཐར་དུ་གསལ། ཁོང་རབ་བྱུང་བཅུ་གསུམ་པ་དང་བཅུ་བཞི་བའི་ནང་དུ་ཞལ་བཞུགས་པ་ཞིག་ཡིན་ནོ། གོང་དུ་སྐམ་གྱི་བཙུན་པ་དྲུང་མུ་ཉི་ཝེར་གྱིས་བགྱིས་པ། ཞེས་པ་རྩོམ་པའི་དོན་མ་ཡིན་པར། བཟང་རི་རྨེའུ་ཚང་ཕྱོགས་ལྟ་བུའི་མ་ཕྱི་དཔེ་རྙིང་ཞིག་ཁོང་གིས་བཤུས་ནས་གསར་དུ་སྨན་འབུམ་བྲིས་བཞེངས་མཛད་པའི་དོན་ལ་གོ་དགོས་སོ་སྙམ། ཡང་བཤད་མ་ཐག་པའི་མཇུག་བྱང་འདི་ནི། བུ་འཚོའི་གཏེར་མའི་སྨན་འབུམ་གྱི་མཇུག་བྱང་ཡིན་འདུག་ལ། གོང་དུ་གཏེར་མའི་ལོ་རྒྱུས་སྐབས་ཀྱི་ཁོང་གི་གསུང་རྩོམ་སྨན་གྱི་ངོས་འཛིན་ཀུན་གསལ་ཉི་མའི་དབང་བོའི་རྩོམ་བྱང་ལས། ཁུ་ཚའི་གཏེར་མའི་སྨན་འབུམ་བཞི་སྨན་རི་ན་ཡོད་ཅེས་པ་དང་། མཁན་ཆེན་ཉི་མའི་བཀའ་འགྱུར་དཀར་ཆག་ལས། སྨན་རི་ན་བུ་འཚོའི་གཏེར་མ་ཡོད་གསུངས་འདུག་པ་ལྟར་ན་སྔར་གཙང་གི་སྨན་རི་དགོན་ན་གཏེར་སྟོན་རྣམ་གཉིས་ཀྱི་སྨན་འབུམ་བཞུགས་པ་ཡིན་ནམ། ཕྱོགས་འདིར་ཡང་སྨན་འབུམ་དང་ནད་འབུམ་གྱི་དཔེ་རྙིང་ཞིག་ད་ལྟའང་བཞུགས་སོ། །  ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།