གཞན་གྱིས་བཤད་ཚད་ཁས་ལེན་དགོས་དོན་མེད།

གཞན་གྱིས་བཤད་ཚད་ཁས་ལེན་དགོས་དོན་མེད།
གདོང་བཙུན་རྒྱ་ཐར། ༼སྣང་ཞིག༽

《བོད་རྒྱ་ཚིག་མཛོད་ཆེན་མོ》རུ་བོན་གྱི་ཐ་སྙད་འགའ་ཞིག་ལ་འགྲེལ་བཤད་གནང་ཚུལ་ལས་འཕྲོས་ཏེ་བསམ་འཆར་ཕྲན་བུ་གླེང་བ།  

       བོན་ལ་མི་སྡང་ཆོས་ལ་མི་སྨོད་པར། །བོན་ཆོས་དབྱེར་མེད་གཟིགས་པ་མཁས་པའི་ཕུལ། །བོན་ཆོས་ཟབ་མོ་རོ་གཅིག་རྟོགས་པ་ཡི། །བོན་དང་ཆོས་ཀྱི་སྤྱན་ལྡན་རྣམས་ལ་འདུད། །ཐ་སྙད་ཚིག་སྤྱིའི་རྗེས་འདེད་བླུན་པོའི་ལུགས། །དོན་གྱི་རོ་མཆོག་འཆད་པ་མཁས་པའི་རྟགས། །གཉིས་ཀ་མ་ཡིན་བདེན་དོན་དབྱེ་འབྱེད་ཙམ། །དྲང་པོའི་ལམ་ནས་བྲིས་ལ་འགལ་བ་ཅི། །བོན་གཞུང་ཟབ་མོའི་དགོངས་དོན་གསང་བའི་མཐིལ། །བོན་ལ་མ་འདྲེས་ཇི་བཞིན་རྟོགས་དཀའ་ཡང༌། །བོན་ལ་ངན་སྨྲས་ཚིག་གི་སྒྲོ་སྐུར་གྱིས། །བོན་གྱི་ཐ་སྙད་ལོག་འགྲེལ་བྱས་ལ་ལྟོས། །  
དེ་ཡང《བོད་རྒྱ་ཚིག་མཛོད་ཆེན་མོ》ནི་ཐ་སྙད་ལྔ་ཁྲི་སུམ་སྟོང་ལྷག་གིས་གྲུབ་པའི་བོད་རྒྱ་ཤན་སྦྱར་གྱི་ཚིག་མཛོད་ཆེ་ཤོས་ཤིག་ཡིན་ལ། རྩོམ་སྒྲིག་པའམ་ཐ་སྙད་བསྡུ་སྒྲིག་པའི་ཆ་ནས་ཀྱང་བོད་ཀྱི་དགེ་རྒན་ཆེན་མོ་བ་དང༌། སློབ་གྲྭ་ཆེན་མོ་བ། མི་རིགས་དཔེ་སྐྲུན་ཁང་དང༌། ཞིབ་འཇུག་ཚན་ཁག་ཆེ་གྲས་མང་པོས་མཉམ་རུབ་ཀྱིས་བསྒྲུབས་པའི་ཚིག་མཛོད་ཆེ་གྲས་ཤིག་ཡིན་པས། ད་ལྟ་ཕྱོགས་ཀུན་ལ་ཁྱབ་རྒྱ་ཤིན་ཏུ་ཆེ་ལ། བེད་སྤྱོད་ཀྱི་ཆ་ནས་ཀྱང་ཆེན་པོ་བྱུང་སྟེ་ཤེས་ཡོན་པ་དང་སློབ་གཉེར་བའི་སྡེ་ཁག་མང་པོར་ཕན་ཐོག་མི་དམན་པ་རེ་བྱུང་དང་འབྱུང་བཞིན་ཡོད་པ་ནི་སྨྲོས་མ་དགོས་པ་ཞིག་ཡིན།           ཚིག་མཛོད་འདིར་གཡུང་དྲུང་བོན་གྱི་ཐ་སྙད་འགའ་རེ་བཀོད་ནས། དེ་ལ་འགྲེལ་བཤད་ཀྱང་མང་ཙམ་གནང་འདུག་པར་རྗེས་སུ་ཡི་རང་ཞུ་བའི་གནས་ལྟ་བུར་སྣང་མོད། ཡིད་ཕངས་པ་ཞིག་ལ་བོན་གྱི་ཐ་སྙད་སྐོར་ལ་འགྲེལ་བཤད་གནང་བ་དེ་དག་ལ་དཔྱད་གསུམ་དག་པས་བརྟག་དཔྱད་དང༌། ཁུངས་ལྡན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གཞི་ནས་བོར་ཏེ་རང་གི་མེས་པོའི་ཆོས་ལུགས་གྲུབ་མཐའ་ལ་མཐོང་ཆུང་དང༌། ལོ་རྒྱུས་ཁག་སྣང་མེད་དུ་བཞག་ནས་གང་དྲན་ཡིག་ཐོག་ཏུ་བཀོད་ཡོད་པ་ལ་ནི། བལྟས་ན་སེམས་ཀྱིས་མི་བཟོད་པ་དང༌། བསམས་ན་ཡིད་ལ་མི་འབབ་པའི་ཕྱོགས་ལྷུང་གི་འཁྱལ་གཏམ་ཉག་ཅིག་ཏུ་ཟད་པས། དེ་ནི་ཆོས་གྲུབ་ཕན་ཚུན་བར་དང་དད་ལྡན་དམངས་ཚོགས་དང་ཤེས་ཡོན་པའི་སྡེ་ཁག་ནང་ཕན་ཚུན་ལ་འགལ་འདུ་སློང་བྱེད་ཀྱི་རྒྱུ་རུ་འགྲོ་ཉེན་ཤིན་ཏུ་ཆེ་ཨང་སྙམ།     རབ་ཡིན་ན་ཚིག་མཛོད་འདི་ཉིད་བསྡུ་སྒྲིག་གནང་སྐབས་གཡུང་དྲུང་བོན་ཕྱོགས་ཀྱི་མི་སྣ་ཆེད་མཁས་འགའ་རྩོམ་སྒྲིག་པའི་གྲས་སུ་གདན་དྲངས་ཏེ་འོས་ཤིང་འཚམས་པའི་བྱ་བ་འདིའི་སྐོར་སྒྲུབ་ཏུ་འཇུག་པ་དང༌། དེ་ལྟར་མ་ཐུབ་རུང་ཁུངས་ལྡན་བོན་གྱི་གཞུང་ལུགས་གཙང་མ་རྣམས་ལ་གཞི་བཅོལ་ཏེ་བོན་གྱི་ཐ་སྙད་སྐོར་ལ་ཡིན་ལུགས་གསལ་བཤད་དང༌། བདེན་དོན་ངོ་སྤྲོད་ཞུས་ན་གནས་ལུགས་དང་ཤིན་ཏུ་མཐུན་ན་ཡང༌། ཚིག་མཛོད་འདིའི་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་འགོ་འདྲེན་བྱེད་པའི་རྩོམ་སྒྲིག་མི་སྣ་རྣམ་པས་བྱེད་ཕྱོགས་དེ་ལས་ལྡོག་སྟེ”མི་ཤེས་ཤེས་ཁུལ་བྱས་ན་སྐྱོན”གྱི་རྣམ་པ་འབྱུང་བར་ཐུགས་ཉམས་མ་བཞེས་པར། མ་ཡིན་ཡིན་ཁུལ་གྱི་ནོར་འཁྲུལ་དང་ལོག་བཤད་མང་ཙམ་གྲུབ་མཐའི་ཆགས་ཞེན་གྱི་དབང་གིས་བསམ་བཞིན་གནང་འདུག་པ་ལ། ཚིག་མཛོད་ཆེན་མོ་འདིའི་འགོ་བརྗོད་དུ“དེབ་འདིའི་ནང་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་ངེས་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་སྐྱོན་བརྗོད་དང་ནོར་བཅོས་མཛད་རོགས”ཞེས་བཀོད་འདུག་པ་ཕྲན་གྱིས་དང་དུ་བླངས་ཏེ། རང་ཉིད་ཀློག་པ་པོ་ཞིག་ཡིན་པའི་ངོས་ནས་རྣམ་པ་ཚོའི་ཐུགས་འདུན་དེ་བསྐང་བའི་ཆེད་དུ་འདིར”མཁས་པ་འཆུག་ན་འདོམ་གང”གི་དཔེ་དོན་དེར་བསམས་ན། :བླུན་པོ་འཆུག་ན་མཐོ་གང”གི་བྱ་བར་ཅི་སྐྱོན་སྙམ་བཞིན་འདིའི་སྐོར་ལ་སྤྱི་ཚོགས་གསར་བའི་ལུགས་སྲོལ་དང་མཐུན་པའི་གླེང་མོལ་ཕྲན་བུ་ཞིག་བྱེད་པར་སྤྲོ་བས་འཇུག་པའོ།།           ཚིག་མཛོད་འདི་ཉིད༼1985༽ལོར་དཔེ་སྐྲུན་བྱས་པ་ནས་བཟུང་སྔ་ཕྱིར་པར་ཐེངས་རིམ་པ་མང་པོ་པར་དུ་བཏབས་ཏེ་དེབ་གྲངས་ཀྱི་ཆ་ནས་ཀྱང་སྟོད་སྨད་བར་གསུམ་ཅན་དང༌། སྟོད་ཆ་སྨད་ཆ་ཅན་སོགས་རྣམ་གྲངས་རེ་གཉིས་བཏོན་ཏེ་ཕུད་པ་ལས། ཁོ་བོའི་ལག་སོན་བྱུང་བའི་དེབ་ནི་སྟོད་ཆ་སྨད་ཆ་ཅན་ཞིག་སྟེ་སྤྱི་ལོ༼2003༽ལོའི་ཟླ1པོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབས་པའི་དེབ་གཟུགས་ཤིག་ཡིན།          ཚིག་མཛོད་དེའི་སྟོད་ཆ་ཤོག་ངོས18སྟེང་དུ། “ཀུན་ཏུ་བཟང་པོ། བོན་ལུགས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ “ཞེས་བོན་གྱི་ཐ་སྙད་ཉུང་ཤས་ཤིག་ཚིག་མཛོད་དེར་བཀོད་པའི་ས་བཅད་ཙམ་མ་སྟོང་བའི་འགོ་བརྩམས་ནས་ཡོད། སྤྱིར་བཤད་ན་འདི་ལྟར་བོན་གྱི་ཐ་སྙད་འགའ་རེ་དེབ་འདིའི་གྲས་སུ་བཀོད་འདུག་པ་དེ་ནི། ཕྱོགས་ལྷུང་གི་སྒོ་ནས་བོན་གྱི་སྐོར་འདི་རིགས་སུ་ཅི་ཡང་མི་སྨྲ་མཁན་དག་ལས་ཅུང་བཟང་བ་ཞིག་ཏུ་སྣང་རུང༌། འདི་ལ་འགྲེལ་བཤད་བཀྱོན་སྟངས་ལ་བལྟས་ན། ཁ་དཀར་ཕྱོགས་དང༌། ཁོག་ནག་ཕྱོགས་ནས་བྲིས་པ་ལྟ་བུར་མཐོང་སྟེ། བོན་རང་གི་གཞུང་ལུགས་རྣམས་སུ། ཀུན་ཏུ་བཟང་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་རུ་ངོས་འཛིན་གནང་བ་མི་སྲིད་པ་ལྟ་བུ་ཡིན། བོན་གཞུང་རྣམས་སུ་སྐུ་གསུམ་གྱི་རྣམ་གཞག་འཆད་སྐབས་བོན་སྐུ་ལ་ཀུན་ཏུ་བཟང་པོ་དང༌། རྫོགས་སྐུ་ལ་སྨྲ་བའི་སེང་གེ། སྤྲུལ་སྐུ་ལ་ཤེས་རབ་རྒྱལ་མཚན་སོགས་སྐུ་གསུམ་གྱི་མཚན་གཞིའམ་རྣམ་དབྱེ་འབྱེད་ལ། དེ་ལས་བོན་གྱི་སྐུ་ནི་སྒྲིབ་གཉིས་བྲལ་བའི་བྲལ་ཆ་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོགས་ལ་ངོས་འཛིན་པ་དང༌། ཡོངས་གྲགས་སུ་བོན་སྐུ་མེད་པ་ལྔ་ལྡན། རྫོགས་སྐུ་ངེས་པ་ལྔ་ལྡན། སྤྲུལ་སྐུ་མ་ངེས་ལྔ་ལྡན་ཞེས་ཟེར་བ་ལས། གོང་དུ་བརྗོད་པ་ལྟར་བོན་གྱི་སྐུ་དེ་ལོངས་སྤྱོད་རྫོགས་པའི་སྐུ་རུ་འདོད་པ་མ་ངེས་སོ།།
ཡང་སྟོད་ཆ་ཤོག་ངོས125ཐོག་ཏུ། “སྐུ་གཤེན། བོན་པོའི་ཆོས་སྐད་དུ་ཆོས་སྐུ”ཞེས་བཀོད་ཡོད་ནའང༌། དེ་ནི་མ་བརྟག་བབ་ཅོལ་གྱི་ཚིག་ཙམ་དུ་ཟད་དེ། བོན་གྱི་ལོ་རྒྱུས་རྣམས་སུ་“སྐུ་གཤེན”ནི་སྔོན་ཆད་རྒྱལ་གྱི་གོང་ན་གཤེན་བཙུན་ཞེས་ལོ་རྒྱུས་རྣམས་སུ་གྲགས་པ་ལྟར་བོད་རྒྱལ་རྣམས་ཀྱིས་གདམས་ངག་ཞུ་ཡུལ་གྱི་བླ་མའམ་དཔོན་གསས་དང༌། རྒྱལ་སྲིད་བརྟན་བརླིང་གི་ཆེད་དུ་ལྷ་སྲུང་ལ་བསྐང་གསོལ་འཕྲིན་བཅོལ་གནང་མཁན་ཞིག་ལ་ངོས་འཛིན་གནང་འདུག་སྟེ། འདིར་དཔེ་ཙམ་དྲངས་ན། “གཉའ་ཁྲི་དང་གནམ་ཟ་མུག་མུག་གི་སྲས་མུ་ཁྲི་བཙན་པོ། སྐུ་གཤེན་གཅོའུ་ལན་ཚས་མཛད། གསས་ཁང་ཁོང་མ་ནེའུ་ཆུང་བཞེངས། མུ་ཁྲི་དང་ས་སླན་ཏིང་ཏིང་མའི་སྲས་ཏིང་ཁྲི་བཙན་པོ། སྐུ་གཤེན་གཅོའུ་སྨིན་དཀར། གསས་ཁང་ཁོ་མ་ཡང་རྩེ་བཞེངས། དིང་ཁྲི་དང་སེ་ཟ་སྨན་གྱི་སྲས་སོ་ཁྲི་བཙན་པོ། སྐུ་གཤེན་གཅོའུ་འོད་དཀར། གསས་ཁང་རྨུ་ར་དགུ་ཁྱུད་བཞེངས”ཞེས་སོགས་བོད་རྒྱལ་གནམ་གྱི་ཁྲི་བདུན་གྱི་རིང་གི་སྐུ་གཤེན་རེ་བསྟན་པ་དང༌། སྔར་ཆབ་སྲིད་འཛིན་པའི་རྒྱལ་པོ་མང་པོའི་རིང་ལ་དབུ་ཡི་མཆོད་གནས་ཀྱི་སྐུ་གཤེན་རེའམ་འདྲེན་པའི་དཔོན་གསས་རེ། བཀའ་ཡི་ལོ་པཎ་རེ། ཐུགས་དམ་གྱི་བོན་རེ། བྱ་བཞག་ཐབས་ཀྱི་གསས་ཁང་རེ་ཀུན་ལ་ཡོད་པར་བཤད་པ་ནང་བཞིན་ཡིན་པ་ལས“བོན་པོའི་ཆོས་སྐད་དུ་ཆོས་སྐུ་ལ”གོ་རྒྱུ་ཡིན་པ་མ་གསལ་ལ། དེ་བས་ཀྱང་བོན་གྱི་ལུགས་ལ་བོན་སྐུ་ཟེར་སྲོལ་ལས་ཆོས་སྐུ་ཟེར་སྲོལ་ཞིག་སྔར་མ་གྲགས་ལ་ད་མི་སྲིད་པ་ལྟ་བུའང་ཡིན་ནོ། །
ཡང་སྟོད་ཆ་ཤོག་ངོས634ཐོག་ཏུ། “བསྒྱུར་བོན། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་ནས་གླང་དར་མའི་བར་པཎྚི་ཏ་ཤམ་ཐབས་སྔོན་པོ་ཅན་དང༌། རྒྱལ་བའི་བྱང་ཆུབ་སེམས་དཔའ་ཟེར་བ་དང༌། གཤེན་སྒུར་ཀླུ་དགའ་སོགས་ཀྱིས་ནང་པའི་ཆོས་ལུགས་ཁག་བོན་དུ་བསྒྱུར་བའི་ལུགས་ལ་ཟེར། བསྒྱུར་བོན་ལ་ཆབ་དཀར་ཟེར་ཏེ་འབྲས་བུའི་བོན་ཞེས་ཀྱང་ཟེར། བོན་ལུགས་ཀྱི་གླེགས་བམ་རྣམས་དུས་འདི་ནས་བྱུང”ཞེས་གསལ། འདི་ནི་བོན་ལ་སྡང་བའི་བན་རྒན་འགའི་ངག་སྒྲོས་ཁུངས་ལུང་མེད་པའི་འཁྱལ་གཏམ་ཞིག་འདིར་བཀོད་པ་འདྲ་སྟེ། བོན་གཞུང་ཁག་ཏུ་སྟོན་མཆོག་གཤེན་རབ་མི་བོའི་བསྟན་པ་གཡུང་དྲུང་གི་བོན་རིན་པོ་ཆེ་ལ“བསྒྱུར་བོན”སོགས་ཀྱི་རྣམ་དབྱེ་གང་ཡང་གསུངས་མེད་ལ། ལྷག་པར་དུ་ཐུའུ་བཀྭན་ཚང་གི་རྟོག་བཟོའི་ཕྲུ་གུ་པཎྚི་ཏ་ཤམ་ཐབས་སྔོན་པོ་ཅན་དང༌། བོན་གྱི་གཏེར་སྟོན་བརྒྱ་རྩའི་གཙོ་བོ་གཤེན་ཆེན་ཀླུ་དགའ་སོགས་ཀྱིས་ནང་པའི་ཆོས༼ཤཱཀྱའི་ཆོས་ལུགས༽རྣམས།”ལྷ་རང་ལ་ཡོད་བཞིན་ཕྱག་གཞན་ལ་འཚལ”བའི་དཔེ་ལྟར་བོན་དུ་བསྒྱུར་མི་དགོས་ཏེ། བོནད་རང་ལ་བོད་ཀྱི་རྒྱལ་པོ་གཉའ་ཁྲི་ཡབ་སྲས་ཀྱི་རིང་ནས་ཐུན་མོང་མ་ཡིན་པ་སངས་རྒྱས་གཡུང་དྲུང་བོན་གྱི་ཆོས་ལུགས་སམ་ནང་པའི་ཆོས་ལུགས་ཡོད་པར་ལོ་རྒྱུས་རྣམས་སུ་གསལ་གསལ་ཉི་མ་ཇི་བཞིན་གསལ་བའི་ཕྱིར། “བསྒྱུར་བོན་ལ་ཆབ་དཀར་ཟེར་ཏེ་འབྲས་བུའི་བོན་ཞེས་ཀྱང་ཟེར་བ”བོན་གྱི་གྲུབ་མཐའི་འདོད་སྟངས་གཏན་ནས་མིན། འདི་ནི་སྟོན་པ་སངས་རྒྱས་ཀྱིས་བཀའ་ཡི་འཁོར་ལོ་རིམ་པ་གསུམ་མམ་ཐོག་མཐའ་བར་གསུམ་དུ་བསྐོར་བའི་བར་བ་སྒོ་བཞི་མཛོད་ལྔ་སྟེ་སྣང་སྲིད་སྣོད་བཅུད་ཀྱི་སྲིད་པའི་འབྱུང་ཁུངས་སྟོན་པ་དང༌། བོན་རྣམས་ཀུན་རྫོབ་ཏུ་སྣང་ལུགས་དང༌། དོན་དམ་པར་སྟོང་ལུགས་སྨྲ་བ། སྣང་སྟོང་དེ་གཉིས་ཀྱང་ཐབས་ཤེས་གཉིས་ཀྱི་བདག་ཉིད་ཅན་དུ་བསྒྲུབ་ལུགས། ཐབས་ཤེས་གཉིས་ཀྱང་དབྱིངས་དང་ཡེ་ཤེས་ཀྱི་གནས་ལུགས་སུ་སྨྲ་བ་སོགས་བོན་སྒོ་བཞི་མཛོད་ལྔ་དང༌། དེའི་ཡ་གྱལ་ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོ་སོགས་ཀྱི་གོ་དོན་མ་ཁྲོལ་བར་འོལ་ཚོད་ཙམ་དུ་སྨྲས་པར་ཟད་དོ།། “བོན་ལུགས་ཀྱི་གླེགས་བམ་རྣམས་དུས་འདི་ནས་བྱུང”ཞེས་གདེངས་ཚོད་ཡོད་ཐག་ཆོད་ཀྱིས་འུད་ཤོད་ཅིག་བཤད་འདུག་ཀྱང༌། དོན་ལ་དེ་ལྟར་མ་ངེས་ཏེ་རྒྱལ་པོ་གཉའ་ཁྲིའི་སྔོན་ལ་ཡུལ་འདིར་རྒྱུའི་བོན་རྣམས་དར་ཞིང༌། བོད་རྒྱལ་རིམ་པར་བྱོན་པ་དག་གི་རིང་ལ་འབྲས་བུའི་བོན་གསང་སྔགས་སྤྱི་སྤུངས་སྐོར་གསུམ་དང༌། རྫོགས་པ་ཆེན་པོའི་བོན་སྡེ་ཁག་དར་རྒྱས་བྱུང་བར་མ་ཟད། སྟོན་མཆོག་གཤེན་རབ་མི་བོའི་བཀའ་གླེགས་བམ་བརྒྱ་ཕྲག་མང་པོ་བོད་དུ་དར་བ་ནས། ཞང་བོད་ཀྱི་པཎ་གྲུབ་དུ་མས་བཀའ་བརྟེན་ཀྱང་མང་དུ་མཛད་བཞུགས་ཡོད་པ་རྣམས་བོན་ལུགས་ཀྱི་གླེགས་བམ་ཡིན་དགོས་ལ། ཁྱད་པར་དུ་ཞང་ཞུང་གི་པཎ་གྲུབ་རྣམས་ཀྱིས་མཛད་པའི་བཀའ་བརྟེན་ཁག་དེ་བོད་རྒྱལ་ཁྲི་སྲོང་དང་དར་མའི་སྔོན་དུ་བྱུང་མིན་ལ་བརྟག་དོན་འཚོལ་ན་གནས་ལུགས་གཙང་མ་རེ་རྙེད་ངེས་ཡིན།
ཡང་སྟོད་ཆ་ཤོག་ངོས1486ཐོག “བརྡོལ་བོན། རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་དྲུག་པ་ཁྲི་ལྡེ་བཙན་པོའི་དུས་སུ་བོད་དུ་དར་བའི་བོན་གྱི་ཆོས་ལུགས་ཤིག་སྟེ་སྔོན་གྱི་བཤད་སྲོལ་དུ་སྔར་གདུག་འདྲེས་བྱིས་པ་ཞིག་ཡུལ་ཁམས་གཞན་དུ་ཁྲིད་དེ་ནུས་པ་བསླབས་ནས་མངོན་ཤེས་ཐོབ་པ་དང༌། ཕྱིས་ཀྱི་དེབ་ཐེར་ཁག་གི་ནང་དུ་ཆབ་སྲིད་བོན་གྱིས་བསྐྱངས་ཞེས་གསལ་བའི་བོན་པོ་དེ་ནས་བྱུང”ཞེས་བཀོད་འདུག དེ་ནི་རྫུན་ལུང་བ་གཉིས་ཀྱི་འགོ་ཁུངས་གཏུག་ས་སྐྱོབས་པ་འཇིག་རྟེན་མགོན་པོ་དང༌། 《གྲུབ་མཐའ་ཤེལ་གྱི་མེ་ལོང》ལྟ་བུ་ཡིན་པར་ངེས་ཏེ། གྲུབ་མཐའ་དེར་རང་ཉིད་གང་ལ་དགའ་བ་རྒྱུ་མཚན་དུ་བྱས་ནས་རང་ཕྱོགས་ཀྱི་འདོད་པ་ཉག་གཅིག་ཐབས་གང་དྲག་གི་སྒོ་ནས་ཡིད་ཚིམས་པ་ཞིག་བསྟོད་རྗེས། ཞར་བྱུང་གི་ཚུལ་དུ་གཡུང་དྲུང་བོན་གྱི་སྐོར་ལ་འགྲེལ་བཤད་ཙག་ཙིག་རེ་གནང་ཁུལ་གྱིས་འབྲེལ་མེད་དོན་གཞན་གྱི་རིགས་ཏེ། བོན་གཞུང་དག་ན་གསལ་ཁ་ཅི་ཡང་མེད་པའི་རྡོལ་འཁྱར་བསྒྱུར་གསུམ་སོགས་ཀྱི་རྣམ་དབྱེ་བསྟན་འདུག་ཀྱང༌། དེ་ལ་མཁས་དབང་ནམ་མཁའི་ནོར་བུ་མཆོག་གིས། “སྐྱོབས་པ་འཇིག་རྟེན་མགོན་པོས། ལོ་རྒྱུས་ཀྱི་ཁུངས་འདི་གང་ཞིག་ཡིན་པར་མ་བསྟན་པས། ཕལ་ཆེར་བོན་ལ་སྡང་བའི་བན་རྒན་འགའི་ངག་སྒྲོས་ཡི་གེར་བཀོད་པ་ཡིན་ལས་ཆེ། དེ་ལྟར་མིན་པར་ཁོང་གིས་ཡིག་ཆ་གཞན་ཞིག་ལ་ཁུངས་གཏུགས་ཡོད་པའང་སྲིད་མོད། རྩ་བའི་འབྱུང་ཁུངས་དེ་ཕྱོགས་རིས་ཅན་གྱི་བན་དེ་རྒན་པོ་འགའི་ངག་སྒྲོས་ལས་མ་འདས་པ་བཤད་སྟངས་ཁོ་ནའི་སྟེང་ནས་ངེས་ཤེས་སྐྱེ་ཐུབ”ཅེས་གསུངས་པ་ལྟར་ལས་མ་འདས་ལ། གོང་བཞིན་བཤད་པ་ནི་ཀུན་ལ་གཟིགས་རྒྱ་ཆེ་བའི་དགེ་མཚན་གྱིས་ཕྱུག་པའི་གཟི་བརྗིད་མ་ཡིན་ལ། ཀུན་དང་མི་མཐུན་འཁོན་ཁ་སློང་བའི་མི་རིགས་ནང་ནས་དཀྲུགས་པའི་ཕུངས་འདྲེ་ངོ་མ་ལས་གཞན་དུ་ཅི། “སྔོན་གྱི་བཤད་སྲོལ་དུ་སྔར་གདུག་འདྲེས་བྱིས་པ་ཞིག་ཡུལ་ཁམས་གཞན་དུ་ཁྲིད་དེ་ནུས་པ་བསླབས”ཞེས་བཤད་པ་དོན་ལ་སུ་ཞིག་འདྲེས་ཁྲིད་ཚུལ་གྱི་ཁུངས་མེད་ཕྱོགས་གཏམ་སྨྲས་པ་མི་ཤེས་རྒྱུ་མེད་ལ། དེ་ལ་བོན་དང་འབྲེལ་བའི་སྐད་ཆ་འགའ་ཞེས་པ་ལས། “མི་ལ་ལས་བོན་ནི་བྱིས་པ་ལོ་བཅུ་གཉིས་ཅན་ཞིག་ལོ་མང་རབས་ལ་གདོན་གྱིས་བཟུང་པའི་རྗེས་སུ་སྲོལ་དེ་བྱུང་བ་རེད་ཟེར། ངས་ནི་གཤེན་རབ་མི་བོ་ཆེའི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པར་ཁས་ལེན་གྱི་ཡོད། རྒྱུ་མཚན་ནི་མིའི་ཐུན་མོང་མ་ཡིན་པའི་འཚོ་གནས་དང་གསང་གནད་ཡོངས་སུ་རྫོགས་པ་བསྟན་ཡོད་པས་སོ”ཞེས་གསལ་བ་ནི་ངོ་བོའི་གནས་ཚོད་ཀྱི་ཕྱོགས་སུ་ཉེ་ཞིང༌། གང་ལྟར་ཆགས་ཞེན་དབང་གིས་ངན་སྨྲས་བཤད་མཁན་བླུན་པོ་སྐོར་ཞིག་གིས་གནའ་ནས་ད་བར་གྲུབ་མཐའ་འདི་ལ་ལོག་ལྟའི་སྒོ་ནས་སྐུར་བ་བཏབས་པ་དང༌། ཕྲག་དོག་དབང་གིས་སྡིགས་ཚིག་བརྗོད་པ། ཕྱོགས་ལྷུང་གི་སྒོ་ནས་འོལ་ཚོད་ཀྱི་གཏམ་བཤད་ཞུས་པ་སོགས་ནི་ཁུངས་མེད་ཟེར་སྒྲོས་ཙམ་ལ་རྒྱབ་རྟེན་བཅོལ་ཏེ་ཞིབ་འཇུག་མེད་པའི་དན་རྟགས་ཉག་གཅིག་ལས། བོན་གྱི་ལོ་རྒྱུས་དངོས་ལ་འཇུག་པའི་འབྲས་རྟགས་ཤིག་ནམ་ཡང་ཡིན་མི་སྲིད་ལ། འདི་རིགས་སྨྲ་བ་ནི་བོན་ལ་མཐོང་ཆུང་དང་དམའ་འབེབ་ཤ་སྟག་གནང་བ་ཡིན་པར་བརྟེན། རེ་རེ་ལ་གསལ་བཤད་ཞིབ་རྒྱས་སུ་བྱེད་བཏུབ་ཀྱང་ཡིག་ཐོག་ཏུ་འཁོད་པར་མང་གིས་དོགས་ཏེ་བཞག
ཡང་སྨད་ཆ་ཤོག་ངོས1853ཐོག་ཏུ། “བོན་སྒྲུང་ལྡེའུ་གསུམ། སྔར་བོད་རྗེ་པུ་དེ་གུང་རྒྱལ་སྐབས་ཆོས་ལུགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་རྒྱལ་སྲིད་སྐྱོང་བྱེད་གསུམ་གྱི་མིང་སྟེ།”ཞེས་པ་ནས”གདུང་རབས་ཉེར་བདུན་བར་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་པར་གྲགས་སོ།།”ཞེས་གསལ། འདི་ལས་བོད་རྒྱལ་གོང་མ་དག་གི་རིང་ལ་རྒྱུ་བོན་རིགས་བཞི་སོགས་འཇིག་རྟེན་པའི་ཐེག་པ་རྣམས་དར། དེ་རང་རེའི་ཡུལ་དུ་གྲུབ་མཐའ་བོན་སྔ་བའི་ཤེས་བྱེད་དུ་བཀོད། རྒྱལ་རབས་སྔ་མ་དེ་དག་གི་དུས་འབྲས་བུའི་བོན་གསང་བ་སྔགས་ཀྱི་སྐོར་དང༌། བླ་མེད་རྫོགས་པ་ཆེན་པོའི་བོན་སྡེ་སོགས་རྒྱུ་འབྲས་གཉིས་ཀྱི་བོན་ཆ་ཚང་བ་དར་ཏེ་ཕན་འབྲས་བླ་མེད་ཀྱི་སྒོ་ནས་རྒྱལ་གཤེན་བསྟན་པ་མཉམ་ཆགས་ཀྱི་ཚུལ་དུ་ཆབ་སྲིད་བོན་གྱིས་བསྐྱངས་པ་སོགས་ཀྱི་ཁུངས་འགེབས་ཐབས་བྱས་ཡོད་ལ། དེ་ལས་ཀྱང་སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་བསྐྱངས་པ་དེ། ལེགས་པ་ལས་ཉེས་པའི་ཆ་དང༌། བཟང་བ་ལས་ངན་པའི་ཕྱོགས་སུ་བགྲངས་འདུག་རུང༌། དོན་ལ་དཔྱོད་ལྡན་གཟུ་བོར་གནས་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་གིས།”མུ་ཁྲི་བཙན་པོ་ལ་སོགས་གནམ་ལ་ཁྲི་བདུན། ས་ལ་ལེགས་དྲུག སིལ་མ་བདུན། ཚིགས་ལ་བཙན་ལྔ་སོགས་རིམ་པར་བྱོན་པ་ལས། རྒྱལ་རབས་སྔ་མ་རྣམས་ཀྱི་སྐབས་ཆབ་སྲིད་སྒྲུང་དང༌། ལྡེའུ་བོན་གྱིས་བསྐྱངས།”ཞེས་བཞེད་འདུག་པ་ལྟར། ཁོང་གིས་བོད་སྔ་རབས་པའི་རྒྱལ་པོ་རྣམས་རིག་པའི་གཞུང་ལུགས་ཡོད་པ་དང༌། དེ་དག་གཡུང་དྲུང་བོན་ལ་སྤྱོད་པའི་རྒྱལ་རབས་རིམ་བྱོན་ཞིག་ཡིན་པས་བསྔགས་བརྗོད་ཚད་མཐོན་པོར་གནང་བ་ཡིན་པ་ནི་ཟུར་ནས་བལྟས་ན་ལེབ་མཐོང་བའི་དཔེ་བཞིན་རྟོགས་ཐུབ་པར་གྱིས།
ཡང་སྨད་ཆ་ཤོག་ངོས་དེར། “བོན་མདོ། བོན་ཆོས་ཤིག་སྟེ་སྔར་བསྒྱུར་བོན་གྱིས་སངས་རྒྱས་ཆོས་ལུགས་ཀྱི་བསྟན་བཅོས་བསྒྱུར་ནས་བྱུང་བ་རྣམས་སོ།།”ཞེས་གསལ་ཡང་གོང་དུ་སོང་བ་བཞིན་བོན་ལུགས་ཀྱི་རིག་པའི་གཞུང་ལུགས་ཁག་སངས་རྒྱས་ཆོས་ལུགས༼ཤཱཀྱའི་ཆོས་ལུགས།༽ལས་ཚུར་བསྒྱུར་མི་དགོས་ཏེ། ཤཱཀྱའི་ཆོས་ལུགས་བོད་དུ་མ་དར་གོང་ནས་སངས་རྒྱས་གཡུང་དྲུང་བོན་གྱི་ཆོས་ལུགས་དང༌། རིག་པའི་གཞུང་ལུགས་ཁག་སྟེ་མདོ་སྡེ། འབུམ་སྡེ། རྒྱུད་སྡེ། མཛོད་སྡེ་སོགས་མདོ་སྔགས་རིག་གནས་དང་བཅས་པ་འཐུས་ཚང་བ་ཞིག་ཡུལ་འདིར་དར་ཏེ་ཆུ་འགོ་གངས་དང༌། ཆོས་འགོ་བོན་གྱིས་བཟུང་ཟིན་པའི་ཕྱིར།
ཡང་སྨད་ཆ་ཤོག་ངོས་དེར། “བོན་པོ། སྔར་བོད་ཀྱི་ཡུལ་དུ་དར་བའི་ཆོས་ལུགས་ཤིག་ཡིན་པ་འདིའི་སྲོལ་གཏོད་མཁན་གཤེན་རབ་ཟེར་བའི་ལོ་དུས་ཐད་རེ་ཞིག་དཔྱད་གཞིར་བཞག ཆོས་ལུགས་དེ་དར་ཆེ་བའི་སྐབས་སུ། བརྡོལ་བོན། འཁྱར་བོན། བསྒྱུར་བོན་གསུམ་ཕྱེ་བའི་བོན་དཀར་དང༌། བོན་ནག་གཉིས་ཡོད་ཅིང༌། ” ཞེས་པ་ནས།”ཕྱིས་སུ་ཆོས་ལུགས་འདིར་ལྟ་སྤྱོད་སྒོམ་གསུམ་སངས་རྒྱས་ཀྱི་ཆོས་ལུགས་དང་འདྲ་བའི་རིག་གཞུང་མང་པོ་ཐོན། དེ་ནས་ཡང་དུ་ཅུང་ཟད་ཉམས་དམས་སུ་སོང་བའོ།།”ཞེས་གསལ་བས། ཕར་བལྟས་ཚོད་ལ་”བོན་པོ”ཟེར་བ་དེ་སྟོན་པ་གཤེན་རབ་མི་བོའི་བསྟན་པ་ལ་འགྲེལ་བཤད་གནང་འདུག་པར་བསམས་ན། ཚིག་མཛོད་འདི་ཉིད་བསྡུ་སྒྲིག་བྱེད་མཁན་རྣམས་བོད་ཀྱི་ཤེས་ཡོན་པའི་སྡེ་ཁག་ཅིག་ཡིན་ཚུལ་འཛིན་པ་ངོ་གནོང་དགོས་པའི་གནས་ལྟ་བུར་མཐོང་སྟེ། སྤྱད་ཅིང་ཉམས་སུ་བླངས་པ་ལ་བརྟེན་ནས་ལུས་ཅན་གྱི་སྡུག་བསྔལ་ལས་སྐྱོབ་པའི་ཐབས་སུ་གྱུར་བའི་རྣམ་དཀར་གྱི་ཡོན་ཏན་ཞིག་དང༌། དེ་ཉིད་བོད་ཀྱི་ཡུལ་དུ་མ་དར་གོང་གི”བོན་པོ།””སྟོན་པ་གཤེན་རབ་ཀྱི་བསྟན་པའི་སྒོར་ཞུགས་པའི་བོན་པོ་མིན”དང༌། དེ་ལས་སངས་རྒྱས་གཤེན་རབ་མི་བོའི་ཆོས་ལུགས་གཡུང་དྲུང་གི་བོན་རིན་པོ་ཆེ་དེ་ཉིད་དད་འདུན་མོས་པའི་སྒོ་ནས་ཉམས་སུ་ལེན་མཁན་གྱི་སེར་སྐྱ་གང་རུང་གི”བོན་པོ”སོགས་ལ་ཁྱད་ཆེ་བ་བྱིས་པས་ཀྱང་རྟོགས་སླ་བའི་ཕྱིར་ཏེ།དཔེར་ན། “ཆོས་པ།”ཟེར་བ་དེ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ངོས་བཟུང་ན་མི་འགྲིག་པ་ལྟར་ཡིན་ནོ།། “ཆོས་ལུགས་དེ་དར་ཁྱབ་ཆེ་བའི་སྐབས་སུ་བརྡོལ་བོན་དང༌། འཁྱར་བོན། བསྒྱུར་བོན་གསུམ་དུ་ཕྱེ་བའི་བོན་དཀར། བོན་ནག་གཉིས་ཡོད་ཅིང༌།”ཞེས་བོན་གྱི་ཕྱོགས་ལ་ཐུགས་རྒྱུས་ཆེར་མངའ་རློམ་གྱིས་དེ་ལྟར་བཤད་འདུག་ཀྱང༌། དེ་ནི་གྲུབ་མཐའི་ཆགས་སྡང་གི་དབང་དུ་སོང་བའི་གཏམ་ཁོ་ན་སྟེ། སྤྱིར་བོན་གྱི་གཞུང་ལུགས་ཁག་དུས་རབས་སྔ་ཕྱིའི་ཁྱད་པར་གྱི་སྒོ་ནས་ཟབ་གཏེར་བཞེས་པ་ལ་བོན་གསར་རྙིང་ཞེས་ཁྱད་པར་འབྱེད་དུ་ཡོད་པ་ལས། བོན་དཀར་བོན་ནག་གི་ཁྱད་འབྱེད་པའི་ཤོད་སྟངས་ཤིག་བོན་གཞུང་གང་ན་གསལ་བར་མཐོང་དང་ཐོས་པ་མེད་ལ། གལ་ཏེ་ཡོད་ན་གཞུང་གང་ན་གསལ་བ་དང༌། ཡང་ན་མཁས་པ་སུས་བཞེད་ཀྱི་གསལ་ཁ་ཙམ་རེ་མཐོང་ཐོས་སྲིད་ངེས་སོ། ། བརྡོལ་འཁྱར་བསྒྱུར་གསུམ་གྱི་སྐོར་གོང་དུ་བཤད་ཟིན་ལ། བོད་རྒྱལ་ནང་ནས་འཁྲུགས་ཏེ་ཁྲག་གི་འཁོར་ལོ་བསྐོར་བའི་རྒྱུ་རྐྱེན་སུས་མ་བཤད་ནའང་ཤེས་སླའོ།། “བོན་པོ་རྣམས་ཀྱིས་གྲི་གུམ་བདུད་ཡིན་ཚུལ་བཤད་པ་དང༌། བན་དེ་རྣམས་ཀྱིས་དར་མ་བདུད་ཡིན་ཞེས་པ་དང༌། རང་རང་གི་ཆོས་ལ་དགའ་བའམ་ཞབས་འདེགས་རོགས་རམས་བྱེད་མཁན་ཞིག་ཡིན་ན། ལྷའམ་ཆོས་ཀྱི་རྒྱལ་པོ་ཞེས་བསྟོད་ར་བྱེད་པ་ནི་ཆགས་སྡང་གི་གཏམ་ཁོ་ན་ཡིན་ལ། ཆགས་སྡང་དབང་གིས་བསྟན་འགྲོའི་དོན་སྒྲུབ་ན། ཕན་བདེ་ཕྱོགས་རེ་ཙམ་མ་གཏོགས་ཐམས་ཅད་ཀུན་ལ་རིས་མེད་དུ་མི་འབྱུང་བ་ནི། ལོ་རྒྱུས་ཕྱི་མ་རྣམས་སུ་བལྟས་ན་ཤེས་སླ།” བོན་གྱི་ཆོས་ལུགས་སམ་གཡུང་དྲུང་བོན་གྱི་ལྟ་སྒོམ་སྤྱོད་གསུམ་ཕྱིས་སུ་ཤཱཀྱའི་ཆོས་ལུགས་དར་རྗེས་སུ་བྱུང་བ་ཞིག་གཏན་ནས་མ་ཡིན་ཏེ། བོད་ཡུལ་དུ་ཆོས་མ་དར་གོང་དུ་བོན་དར་རྒྱས་སུ་ཕྱིན་ཏེ་རྒྱལ་ཁམས་བདེ་ལ་བཀོད་མངའ་དབང་བོན་གྱིས་བསྐྱངས་ཚུལ་གོང་དུ་སོང་ཟིན་པའི་ཕྱིར།
ཡང་སྨད་ཆ་ཤོག་ངོས་2372ཐོག “ཞང་ཞུང༌། ཡུལ་ཞིག་སྔར་ཡུལ་དེའི་རྗེ་བོ་ནི་ཆོས་རྒྱལ་གྱི་གདུང་རྒྱུད་ལས་མཆེད་པས་བཙན་པོའི་གཉེན་དུ་གྱུར་བའི་རྒྱལ་ཕྲན་ཞིག་ཡིན་ཡང༌། མཐར་བཙན་པོའི་མངའ་དབངས་སུ་བཅུག གཡུང་དྲུང་བོན་ལུགས་ཐོག་མར་དར་བའི་ཡུལ་དུ་གྲགས། དེབ་སྔོན་དུ་གུ་གེའི་ཡུལ་འདི་ཉིད་ཡིན་གསུངས། ད་ལྟ་སྟོད་མངའ་རིས་རྩ་མདའ་རྫོང་གི་ཁོངས་སུ་ཡོད།”ཅེས་རྒྱུས་ཡོད་ལམ་སྟོན་གྱི་ཚུལ་དུ་ཡིན་ཐག་ཆོད་པའི་གསལ་ཁ་ཙམ་གནང་འདུག་རུང༌། དོན་ལ”ཞང་ཞུང”གི་རྗེ་བོ་དེ་ཆོས་རྒྱལ་གྱི་གདུང་རྒྱུད་ལས་མཆེད་ཚུལ་བཤད་པ་ནི་ར་མགོ་ལུག་ལ་སྦྱར་བ་དང་གཉིས་སུ་མེད་ལ། ཡུལ་འདིའི་ཁྱབ་ཁོངས་དང༌། སྒོ་ཕུགས་བར་གསུམ་གྱི་དབྱེ་སྟངས། རྒྱལ་པོ་རྣམས་ཀྱི་བྱུང་རབས་དང༌། མཛད་རྗེས། ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་པའི་གཞུང་ལུགས། སངས་རྒྱས་གཤེན་རབ་མི་བོ་དངོས་སུ་འཁྲུངས་པའི་ཡུལ་སྒོ་ཕུགས་བར་གསུམ་གང་ཡིན་སོགས་ཀྱི་ཐད་ནས་ཟུར་ཙམ་ཡང་གླེང་མེད་པར་བལྟས་ན། ཡུལ་འདི་ནི་གཡུང་དྲུང་བོན་དང་འབྲེལ་བ་ཤིན་ཏུ་ཟབ་པ་དང༌། ལྷག་པར་དུ་བོན་གྱི་པཎ་གྲུབ་སྐྱེས་ཆེན་མང་པོ་གནས་འདིར་དངོས་སུ་བྱོན་ཏེ་བསྟན་འགྲོའི་དོན་ཆེན་མཛད་པའི་སྟོབས་ལྡན་གྱི་རྒྱལ་ཁམས་ཤིག་གམ་ཡུལ་གྲུ་རྒྱ་ཆེ་བ་ཞིག་ཡིན་པར་ཐུགས་ལ་མ་བབས་པར་དངོས་སུ་གསལ་འདུག
ཡང་སྨད་ཆ་ཤོག་ངོས་2876སྟེང༌། “གཤེན་རབ། སྔར་ཤཱཀྱ་ཐུབ་པ་དང་དུས་མཚུངས་སུ་བོད་མངའ་རིས་ཞང་ཞུང་ཡུལ་གྱི་འོལ་མོ་ལུང་རིང་དུ་བྱུང་བའི་བོན་པོའི་སྟོན་པ་ཞིག”ཅེས་གསལ། ཁུངས་མེད་ཕྱོགས་ཞེན་གྱི་དབང་གིས་དེ་ལྟར་བཤད་ན་མ་གཏོགས། ཁུངས་ལྡན་ལོ་རྒྱུས་ཀྱི་བབས་དང་བསྟུན་ཏེ་བཤད་ན་ཤཱཀྱ་ཐུབ་པ་དང་སྟོན་པ་གཤེན་རབ་མི་བོ་གཉིས་དུས་མཚུངས་ཚུལ་གཏད་ནས་མེད་དེ། ཤཱཀྱ་ཐུབ་པ་ནི་སྟོན་མཆོག་གཤེན་རབ་མི་བོའི་གསུང་གི་བསྟན་པའི་ཟུར་སྡོང་དུ་བྱོན་པར་འདོད་ལ། རྩོད་ལྡན་ཚེ་ལོ་བརྒྱ་བའི་མགོན་པོ་སངས་རྒྱས་གཤེན་རབ་མི་བོའི་བསྟན་པ་ལ་སྐུ་གསུང་ཐུགས་ཀྱི་རྣམ་དབྱེ་གསུམ་དུ་འབྱེད་པ་ལས། མི་རྣམས་ཚེ་ལོ་བརྒྱ་ནས་བདུན་ཅུའི་བར་དུ་གཤེན་རབ་ཀྱི་སྐུ་ཡི་བསྟན་པས་འགྲོ་དོན་མཛད། བདུན་ཅུ་ནས་བཞི་བཅུའི་བར་ལ་གསུང་གི་བསྟན་པས་འགྲོ་དོན་མཛད་པར་གྲགས་ཤིང༌། གཏན་ཚིགས་ངེས་པའི་གལ་མདོ་ལས། “སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་ཕྱིར། །ལོག་པར་འདུལ་ཕྱིར་རྒྱལ་བའི་སྲས་བཞི་བཞག”ཅེས་དང༌། “གཙུག་ལག་བུ་བཞི་གཡུང་དྲུང་བོན་དུ་ངེས།།གདུལ་བྱ་ཐ་དད་འདུལ་ཕྱིར་དེ་བཞི་བསྟན”ཞེས་སོགས་གསལ་བ་ལྟར་ལོག་སྡེ་རིགས་བཞི་འདུལ་བའི་གཉེན་པོར་གཙུག་ལག་བུ་བཞི་བྱ་བ་བྱུང་བའི་ནང་ཚན་ལྷ་ཡི་བུ་དམ་པ་ཏོག་དཀར་ཞེས་པ་དེ། རྒྱ་གར་ཝ་ར་ན་ས་རུ་རྒྱལ་པོ་ཤཱཀ་གི་སྲས་སུ་འཁྲུངས་ནས་དམ་པའི་ཆོས་བསྟན་ན་འགྲོ་དོན་རྒྱ་ཆེ་ཚུལ་ལུང་དུ་བསྟན་པ་སོགས་ཀྱིས་འདི་གཉིས་དུས་མཚུངས་མིན་པ་ཤེས་ངེས་ཡིན་ནོ། །
དེ་ལྟར《བོད་རྒྱ་ཚིག་མཛོད་ཆེན་མོ》 བྱ་བའི་ནང་དུ་བོན་གྱི་ཐ་སྙད་སྐོར་ཞིག་ལ་འགྲེལ་བཤད་བཀྱོན་སྟངས་འདི་དག་ཁོ་བོའི་ལྟ་ཚུལ་དང་བསྡུར་ན་འགལ་འཛོལ་བསམ་ཡུལ་ལས་འདས་པ་རེ་བྱུང་འདུག་པས། དེ་ལ་ཡིན་ལུགས་གསལ་བཤད་ཀྱི་ལན་རེ་ཕུལ་ཁུལ་བྱས་པ་འདི་ནི་སྤྱི་ཚོགས་གསར་བའི་ལུགས་སྲོལ་དང་མི་མཐུན་པར་ཅི་ཡང་མེད་པར་སྙམ། ཚིག་མཛོད་འདིའི་ནང་བོན་ཕྱོགས་ཀྱི་ཐ་སྙད་སྐོར་ལ་འགྲེལ་བཤད་གནང་བ་དག་འགྲེལ་ཐོག་ཏུ་བབས་པ་ཧ་ལམ་དཀོན་འདུག་ཅེས་བཤད་ན། འདི་ཉིད་བསྡུ་སྒྲིག་བྱེད་མཁན་དག་མཁས་པའི་ཆོ་ལོ་འཛིན་མཁན་ཤ་སྟག་ཡིན་གཤིས། མང་པོ་ཞིག་གི་ཐུགས་ལ་འགྲོ་མིན་མི་ཤེས་མོད། གང་ལྟར་ད་ལན་ཕྲན་གྱིས་བཤད་འདོད་པའམ་ཞུ་འདོད་པ་ཉུང་ཤས་ཤིག་ཞུས་ཟིན་པས། འདི་ལ་ཉེས་པའི་ཆ་མཆིས་ཚད་ལ་མཛུབ་མོས་རི་སྟོན་གྱི་ཚུལ་དུ་སྐྱོན་བརྗོད་ལྷུག་པར་གནང་རྒྱུ་ནི་ཀློག་མཁན་མང་པོས་ཐུགས་ལ་ནན་འཛིན་འཚལ་ཞེས་ཞུ་བ་དང་ཆབས་ཅིག་སླད་མར་ཁ་བ་རི་བའི་ཆོས་གྲུབ་ཕན་ཚུན་བར་མཐུན་ལམ་གསེར་གྱི་ཨ་ལོང་གཅིག་ཏུ་དྲིལ་ཏེ་བསྟན་འགྲོ་གཉིས་ཀྱི་བདེ་སྐྱིད་ཉི་མའི་རང་ཞལ་ནམ་ཡང་ནུབ་མེད་ཀུན་གསལ་ངོས་སུ་གཟི་འོད་ཀྱིས་འཚེར་བའི་བཀྲ་ཤིས་སྨོན་འདུན་ཞུ་བའོ།།
འདིར་སྨྲས་པ།
ཕྱོགས་འཛིན་དབང་གིས་ཕྱོགས་སུ་ལྷུང་བ་ཕྱོགས་ཀུན་མ་གཟིགས་མཁས་མང་ཚོས། །
བོན་གྱི་ཐ་སྙད་བོན་དང་མི་མཐུན་བོན་གཞུང་གང་ནའང་གསལ་མིན་པའི། །
དོན་ལོག་ཚིག་འགྲེལ་དོན་མེད་ཉོག་གཏམ་དོན་གྱིས་སྟོང་བའི་སྐད་ཆ་ནི། །
ཚིག་འབྲུ་མང་འཛོམས《ཚིག་མཛོད་ཆེན་མོར》ཚིག་དང་དོན་གྱི་ལམ་ནས་སྨྲས། །
འདི་ལ་གཟིགས་པ་རང་རེའི་མཁས་པ་བརྒྱ་དང་སྟོང་དང་ཁྲི་ཡོད་ཀྱང༌། །
འདི་ཉིད་འགྲིག་མིན་ཚུལ་ཙམ་མ་གླེང་ད་ལྟའི་བར་དུ་འདི་ལྟར་ལུས། །
འདི་འདྲའི་མི་བཤད་དགུ་བཤད་རིགས་ནི་བཏང་སྙོམས་འཇོག་པར་མ་བཟོད་པར། །
འདི་བཞིན་ཡིན་ལུགས་གསལ་བཤད་ཞུ་བར་མ་བསྐུལ་དང་ལེན་བདག་གིས་བྱས། །
དགེའོ།། བཀྲ་ཤིས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།