འབྱུང་འདུས་ལུས་ཀྱི་དཀར་ཆག

འབྱུང་འདུས་ལུས་ཀྱི་དཀར་ཆག
རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས། ༼སྣང་ཞིག༽

ཡུལ་མཆོག་གནས་བཞི་སྐྱེ་དགུའི་གཏན་གྱི་སྐྱབས། །
སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་མཆོག །
མཆོག་དམན་བློ་དང་འཚམ་པའི་གསང་གསུམ་བོན། །
བོན་འཁོར་ཡུན་རིང་བསྐོར་ཕྱིར་གུས་ཕྱག་འཚལ། །

བཅུ་ཕྲག་རིག་པའི་མཛོད་ལ་དབང་བསྒྱུར་ཞིང༌། །
ཞིང་ཁམས་ཀུན་ཏུ་བྱམས་བརྩེས་འགྲོ་བ་ཀུན། །
ཀུན་སྤང་ལམ་དུ་འགོད་མཛད་ལྷག་པའི་ལྷ། །
ལྷ་མཆོག་སྨྲ་བའི་སེང་གེས་ཤིས་པ་སྩོལ། །

          དེ་ཡང་ཆགས་འཇིག་བསྟན་པའི་མདོ་ལས། “ཕྱི་སྣོད་འཇིག་རྟེན་མས་ནས་ཆགས། ནང་བཅུད་སེམས་ཅན་ཡས་ནས་གྲོལ།” ཞེས་སོགས་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་དང༌། ནང་བཅུད་སེམས་ཅན་གྲོལ་ཚུལ་སོགས་སྲིད་པའི་མཛོད་ཕུག་དང༌། ཞང་བོད་ཀྱི་རྟེན་འབྱུང་ཆེན་མོ་རྣམས་སུ་རྒྱས་པར་གསལ་བས་འདིར་མ་བསྟན་ལ། སྐབས་འདིར་བར་དོའི་རྣམས་ཤེས་དང༌། སེམས་ཅན་གྱི་ལུས་གཉིས་ཇི་ལྟར་འཕྲད་ཚུལ་དང༌། སེམས་ཅན་གྱི་ལུས་གྲུབ་ཚུལ་ཞང་བོད་ཀྱི་རིག་གཞུང་ལ་བརྟེན་ནས་ཅུང་ཟད་མདོར་བསྡུས་ཏེ་བཀོད་པ་ལ། ངོ་སྤྲོད་སངས་རྒྱས་ལག་འཆང་ལས། སྐལ་ལྡན་སྣོད་དང་ལྡན་པའི་སློབ་མ་དག། སྒོ་གསུམ་ཡེངས་མེད་ཆ་ལུགས་རྫོགས་སྐུ་ལྟར། དུར་རེ་བྲང་ངེ་དབང་པོ་ནང་ཁུག་ལ། སེམས་ཞེས་བྱ་བ་འདིའི་རྒྱུ་མཚན་རྟོག། ཅེས་གསུངས་པ་ལྟར། དང་པོ་སེམས་སམ་རྣམ་ཤེས་ཞེས་བྱ་བ་འདི་གང་ནས་བྱུང་ཞེ་ན། དང་པོ་སེམས་ཅན་རང་རང་གི་སེམས་ཀྱི་གནས་ལུགས་སམ། ཀུན་གཞིའི་དོན་ཇི་བཞིན་དུ་མ་རྟོགས། སྒྲ་འོད་ཟེར་གསུམ་གྱི་སྣང་བ་འཆར་བ་དེ་རང་སྣང་མ་ཤེས་པར་མ་ཟད་གཞན་སྣང་དུ་བདེན་པར་བཟུང་ནས་འཁྲུལ་བ་སྟེ། དཔེར་ན་སེང་གེ་རང་གཟུགས་ལ་འཁྲུལ་ཏེ་དགྲར་མཐོང་ནས་རང་སྲོག་བཅད་པའི་གཏམ་རྒྱུད་བཞིན་ནོ།།  དེ་ལྟར་སྔར་གྱི་ལུས་བོར། ཕྱི་མའི་ལུས་མ་བླངས་པའི་སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན་དབང་བོ་ཀུན་ཚང་བ་སྟེ། རྫོགས་ཆེན་ལས། “དབང་པོ་ཀུན་ཚང་ཐོགས་མེད་ལས་ཀྱི་རྒྱུ།།”ཞེས་པས་དབང་རྟེན་མེད་ཀྱང་དབང་པོ་ཀུན་ཚང་བ། ལས་མཐུན་གྱི་མངལ་མ་ཡིན་པར། གཞན་ས་རྡོ་རི་བྲག་ཁང་ཁྱིམ་ལ་སོགས་གང་ལ་ཡང་ཐོགས་པ་མེད་པར་གང་འདོད་འདོད་དུ་བསམ་པ་ཙམ་གྱིས་ཕྱིན་པ། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་ཀྱིས་རིགས་དྲུག་གི་གནས་ཀུན་ཏུ་རྒྱུ་ཞིང༌། ལྷ་མིག་དག་པ་མ་གཏོགས་གཞན་གྱིས་མི་མཐོང༌། རྟེན་པའི་གནས་མེད། སྐྱོབས་པའི་མགོན་མེད། བུ་ཕྲུག་མས་བོར་བ་དང་འདྲ་སྟེ། རྫོགས་ཆེན་ལས། “སྐྱོབས་པའི་མགོན་མེད་སྡུག་བསྔལ་མཚོ་མོ་བརྡོལ། །ཉ་མོ་བྱེ་ཚན་འགྲེ་བའི་དཔེ་དང་མཚུངས། །”ཞེས་སོ། ། དེ་འདྲའི་བར་དོའི་རྣམ་ཤེས་ཡིད་ལུས་ཅན་དེ། གར་ཡང་སྡོད་དབང་མེད་པར་བག་ཆགས་ཀྱི་རླུང་ལངས་ཏེ་དབང་མེད་དུ་དེད་ནས་རིགས་དྲུག་གི་གྲོང་ཁ་འགྲིམ་དགོས་ཏེ། རྫོགས་ཆེན་ལས། “བག་ཆགས་རླུང་ལངས་རིགས་དྲུག་གྲོང་ཁ་འགྲིམས། །ཟོ་ཆུའི་རྒྱུན་མ་ཤིང་རྟའི་འཁོར་ལོ་འདྲ། །”ཞེས་སོ། །དེ་ལྟར་ཕྱོགས་ཀུན་ཏུ་འཁྱམས་འཁྱམས་པའི་བར་དོའི་རྣམ་ཤེས་ཀྱིས་ལས་མཐུན་གྱི་མའི་མངལ་གྱི་ཕ་ཁམས་ཟླ་འོད་དཀར་པོ་ཤར་བའམ་སྦ་གུར་ཕུབ་པ་དང་མ་ཁམས་ཉི་འོད་དམར་པོ་འཁྱིལ་བའམ་མཆོད་ཁང་ལེགས་པ་བཞིན་ཉམས་དགའ་ཞིང་ཡིད་དུ་འོང་བའི་གནས་སུ་མཐོང་ཡང༌། དེ་ལ་བསོད་ནམས་ཆེ་ཆུང་གི་དབང་གིས། ཕ་མ་བསོད་ནམས་ཆེ་བའི་མངལ་སྒོ་རྒྱལ་བོའི་མཛོད་ཁང་དང་འདྲ་ལ། བསོད་ནམས་ཆུང་བའི་བར་དོའི་རྣམ་ཤེས་ལོང་སྤྲང་དང་འདྲ་བས། ལོང་སྤྲང་རྒྱལ་བོའི་དཀོར་མཛོད་དུ་འགྲོ་མི་ཕོད་པ་བཞིན། བསོད་ནམས་ཆུང་བའི་བར་དོའི་རྣམ་ཤེས་ཕ་མ་བསོད་ནམས་ཅན་གྱི་མངལ་དུ་འཇུག་མི་ཕོད། ཕ་མ་བསོད་ནམས་ཆུང་བའི་མངལ་སྒོ་རི་བོང་གི་རྒྱ་དང་འདྲ་ལ། བསོད་ནམས་ཆེ་བའི་བར་དོའི་རྣམ་ཤེས་ཤ་བ་དང་འདྲ་བས། རི་བོང་གི་རྒྱ་ལ་ཤ་བ་མི་འགུག་པའམ། གལ་ཏེ་འགུགས་ཀྱང་ཤ་བ་འདུག་མི་འདོད་དེ་འབུད་འགྲོ་བ་བཞིན། བསོད་ནམས་ཆེ་བའི་བར་དོའི་རྣམ་ཤེས་ཕ་མ་བསོད་ནམས་ཆུང་བའི་མངལ་དང་མི་འཕྲད་པའམ་གལ་ཏེ་འཕྲད་ཀྱང་འདུག་མི་བཟོད་པར་འབུད་འགྲོ། དེ་ཡང་ངོ་སྤྲོད་སངས་རྒྱས་ལག་འཆང་ལས། “ཕ་ལས་བྱུང་ངམ་མ་ལས་བྱུང་བའམ། །ལུས་ལས་བྱུང་ངམ་རང་ལས་བྱུང་ལྟོས་ད། རང་ཞེས་བྱ་བ་དེ་ཉིད་ཅི་འདྲར་འདུག། ལེགས་པར་བརྟག་ཅིང་ལྟས་པའི་དུས་དེ་རུ། །བསམ་ཞིང་དྲན་པ་ཙམ་མིན་ངོ་བོ་དང༌། །ཁ་དོག་དབྱིབས་གཟུགས་འབྱུང་ཁུངས་མི་རྙེད་པས། །བལྟ་ས་བས་ཀྱང་ལྟ་མཁན་དེ་ཡང་སུ། །འདི་རེད་མེད་པའི་དྲན་པ་ཁྱུག་ཁྱུག་པ། །ཡོད་ཅེས་བྱས་ན་མཐོང་རྒྱུ་མེད་པ་དང༌། །མེད་ཅེས་བྱས་ན་དྲན་ཞིང་རིག་པ་འདི། །ཡོད་མེད་མཐའ་ལས་འདས་པའི་ཀུན་གཞི་སྟེ། །འཁོར་འདས་ཀུན་ལ་ཁྱབ་པའི་ནམ་མཁའ་འདྲ། །མཐོ་དམན་ཕྱི་ནང་ཆེ་ཆུང་བཟང་ངན་མེད། །ཉོན་མོངས་ཡེ་ཤེས་སེམས་ཅན་སངས་རྒྱས་སོགས། །ཀུན་འབྱུང་གཞི་སྟེ་ངོ་བོ་དེ་གང་ཡིན། །དེ་ལ་བཅོས་བསླད་བློ་ཡིས་བྱར་མེད་པས། །ཀུན་གཞི་ཀ་དག་དྲི་མེད་བོན་སྐུ་ཟེར། །”ཞེས་སོགས་སྔོན་གྱི་རིགས་འཛིན་གྲུབ་བརྙེས་ཡོངས་ཀྱི་སེམས་ཚོར་མན་ངག་གི་དྲང་ཐིག་ཡིད་ཆེས་པའི་གནས་སུ་རང་སར་འཇོག་དགོས་པ་ཤེས་མོད་ཀྱང༌། འདིར་རྒྱུད་ཉི་ཟེར་སྒྲོན་མ་ལྟར་རྣམ་ཤེས་ཀྱི་གཟུགས་དབྱིབས་དང་བྱུང་ཁུངས་ཉུང་ཙམ་བཤད་ན། རྣམ་ཤེས་ཞེས་པ་རྣི་ལྗང་གུ་མགོ་དཀར་པོ་རྩ་བ་དམར་པོ་དཀྱིལ་ལྗང་གུ་འོད་ཀྱི་རྣམ་པ་ཅན་དབྱིབས་མོ་ཁབ་འདྲ་བ་ཞིག་བྱེད་འདུག་པས། དེ་འདྲའི་རྣམ་ཤེས་དང༌། ཕ་མ་གསུམ། སྔོན་གྱི་ལས་དང་སྨོན་ལམ་བསོད་ནམས་གསུམ་ཆ་མཐུན་ཞིང༌། མངལ་ནད་མེད་པ་གསུམ་དུས་གཅིག་ཏུ་འཛོམ་པ་ལ་བརྟེན་ནས་མའི་མངལ་དུ་ཉིང་མཚམས་སྦྱར་ཏེ། མཛོད་ཀུན་བཏུས་ལས། “འཁོར་བའི་རྒྱུ་འབྲས་ཤེས་པས་ཟིན། །མ་རིག་རྨོངས་པ་ཀུན་སློང་སྟེ། །འདུ་བྱེད་ཟག་བཅས་ལུང་བསྟན་ནས། །རྣམ་ཤེས་རྣམ་རིག་མཚམས་སྦྱོར་རོ། །”ཞེས་སོ། དེ་ལྟར་ཉིང་མཚམས་སྦྱོར་བའི་ཚེ་དང་པོ་རྣམ་ཤེས་དེ་ཕའི་སྤྱི་བོར་འབབ། དེ་ནས་ཀླད་པའི་གཞུང་ལ་འབབ། དེ་ནས་སྙིང་དང་གློ་བ་སྲོག་རྩ་གསུམ་བརྒྱུད་ནས་གསང་བ་སྲིད་པའི་འཁོར་ལོ་ནས་ལས་ཀྱི་རླུང་གིས་དེད་ནས་མའི་མངལ་གྱི་ཕ་མའི་ཁུ་ཁྲག་འདྲེས་པའི་ནང་དུ་ཉ་དོལ་ལ་འཁྲིས་པ་བཞིན་ཧྲིལ་གྱིས་འགྲོ་བའོ།།

      དེ་ལ་ཡང་མངལ་དུ་ཞུགས་པའི་རྒྱུ་བཞི་འཛོམས་དགོས་པས། རྒྱུ་བཞི་ནི་རྒྱུད་ཉི་ཟེར་སྒྲོན་མ་ལས། “ཕའི་ས་བོན་དཀར་པོ་སེམས་ཀྱི་རྒྱུ། མའི་ཟླ་མཚན་དམར་པོ་ཡིད་ཀྱི་རྒྱུ། དེ་གཉིས་ཞིང་ས་དང་འདྲ། རྣམ་ཤེས་ས་བོན་དང་འདྲ། ལས་དབང་དང་བླ་ཚེ་སོས་ཀ་དང་འདྲ། བསམ་སོ་ནི་ཕའི་འདོད་ཆགས་སློང་མཁན་ཏེ་དྲོད་གཤེར་དང་འདྲ། སོས་ཀ་དང་དྲོད་གཤེར་འཛོམ་ན་སོ་ནམ་རན་པ་བཞིན”ཞེས་སོ། དེ་ཡང་ཕོར་སྐྱེ་ན་མ་ལ་བྱམས་ཏེ་མའི་གཡས་སུ་མ་ལ་དགའ་བའི་ཚུལ་སྔུན་བསྟན་ནས་ཡོད། མོར་སྐྱེ་ན་ཕ་ལ་བྱམས་ཏེ་མའི་གཡོན་དུ་ཕ་ལ་དགའ་བའི་ཚུལ་མ་ལ་རྒྱབ་བསྟན་ནས་ཡོད། དེ་ནས་རིམ་གྱིས་འཕེལ་ཏེ། ཞག་བདུན་ཕྲག་གཅིག་གི་བར་དུ་ཕ་མའི་ས་བོན་ཁུ་ཁྲག་དཀར་དམར་འདྲེས་ཏེ་དཔེར་ན་འོ་མའི་ནང་དུ་ཞོའི་རུ་མ་བླུག་ན་འདྲེས་མི་ཕྱེད་པ་ལྟར་འདུག་གོ།
ཞག་བདུན་ཕྲག་གཉིས་ལོན་ནས། སེམས་དང་བསྡོངས་ནས་འཕྲོས་པས་ནམ་མཁའི་འབྱུང་བ་བཞིའི་གོ་ཕྱེ་བས་འོ་ཆགས་ཞོ་ལྟར་ནུར་ནུར་བོ་སྟེ། ཆུ་ནུར་ནུར་བོ་ཕྱོགས་བཞི་དབུས་ལྔར་དྲངས། འབྱུང་བའི་རླུང་བསྐྱེད་སྲ་བྱེད་རླུང་གིས་ཆུ་ཁམས་ཁྲག་བསྐྱེད། གཅིག་ཏུ་བསྡུས་ནས་གསོས་བཏབ། སྨིན་བྱེད་ཀྱི་རླུང་གིས་མེ་ཁམས་དྲོད་བསྐྱེད། ལུས་སེམས་སྨིན་པར་བྱེད། འདེགས་བྱེད་ཀྱི་རླུང་གིས་དབུགས་བསྐྱེད་ཅིང་དྭངས་སྙིགས་འབྱེད་སྦུ་གུ་སེལ་བར་བྱེད། རླུང་དེ་རྣམས་ཀྱི་མཐུ་བསྡོངས་ནས་སྲོག་བཟུང་སྟེ། དཔེ་འོ་མ་ལ་ཞོ་ཆགས་པ་ལྟར་མངལ་ཆགས་ཏེ་ལུས་ཀྱང་འདྲེས་ནས་ནར་ནར་བོར་གནས་སོ།།
ཞག་བདུན་ཕྲག་གསུམ་ལོན་ནས། ལྗོན་ཤིང་ལ་ཡལ་ག་སྐྱེས་པ་བཞིན་རྩ་ཆེན་ལྔ་ཕྱོགས་བཞི་དབུས་ལྔར་སྐྱེས། མཁྲིས་པའི་རྟེན་བཙུགས། ལུས་ཀྱང་མེར་མེར་བོར་གྱུར། ཞག་བདུན་ཕྲག་བཞི་ལོན་ནས། ལྷན་ཅིག་སྐྱེས་པའི་ལྷ་འདྲེ་གཉིས་ཀྱི་དབང་བྱས་རེས་ཀྱིས་ཐེངས་རེར་འཐིབ། ཐེངས་རེར་མྱོས་ཏེ། མྱོས་འཐིབ་རེས་མོས་ཀྱིས་ཟླ་བ་གཅིག་ཙམ་ནས་ཕོ་མོའི་རྩ་ཆགས་ནས། ལུས་ཀྱང་གོར་གོར་བོ་དང༌། མེར་མེར་བོར་གྱུར། དེ་ནས་ཟླ་བ་ངོ་གཉིས་ཏེ་ཞག་བདུན་ཕྲག་ལྔ་ནས་ཕྱི་ལུས་ཀྱི་པགས་པས་མདོ་འདུས་ཏེ་ལྟེ་བ་ཆགས། ལྟེ་བའི་མཇུག་ནི་མའི་བུ་སྣོད་ཁའི་ཁྲག་རྩ་གཉིས་དང་འབྲེལ། ལྟེ་བའི་དཀྱིལ་གྱི་བུའི་སྲོག་ཐག་དང༌། མའི་སྙིང་ཐག་གཉིས་འབྲེལ། དེ་ནས་ཞག་བདུན་ཕྲག་དྲུག་ནས་ཕ་མའི་ཁུ་ཁྲག་ལ། ཕའི་རུས་བཞི་བཙུགས་ཏེ་རུས་པ་ལས་ཆགས་སྔ་བ་སྒལ་བའི་གཞུང་ཤིང་ཆགས། དེ་ནས་རྩིབ་མའི་གུར་དང་ཀླད་པའི་བུམ་པ་རྣམས་ཆགས་ཏེ། དབང་པོའི་རྟེན་དུ་རུས་པའི་གུར་ཕུབ། ཞགས་བདུན་ཕྲག་བདུན་ནས་དབང་པོའི་རྟེན་ཆགས། ལྟེ་བ་ནས་སྲོག་རྩ་དཀར་དམར་ཆགས། སྲོག་རྩ་དམར་པོ་ལས། མགོ ལག་པ། རྐང་པ། མཚན་མ་བཞི་ལ་རྩ་གཉིས་གཉིས་བརྒྱད་གྱེས། དེའི་ཚེ་རྒྱུ་བའི་རྟེན་དབུགས་ཆགས། མའི་མངལ་དུ་བུའི་ཤའི་རྟེན་འབྲེལ་སྙིང་ཆགས། སྙིང་དབུས་ནས་འབྱུང་བཞིའི་རླུང་ཤར། རླུང་བཞིས་རྩ་སྦུབས་ཕྱེས་པས། ཙི་ཏ་གུར་ཕུབ་པ་ལྟ་བུ་ལ་ལུས་ཟུངས་ཀྱི་རྩ་ཆེན་པོ་བཞིས་ཕྱོགས་བཞིར་ཁྱོན་ཐག་འཐེན་བཞིན་གྱེས་ཏེ། དང་པོ་མཆིན་པའི་ཡོལ་བ་བྲེས། བྱང་ཁོག་སྟོད་སྨད་ཀྱི་མཚམས་ཕྱེས། སྙིང་གི་གྲོགས་གློ་བ་ཆགས་ཏེ། ཤ་ཁྲག་དྲོད་དབུགས་བཞི་འཚོགས། སྙིང་གི་གནས་ལུགས་ནི། གློ་བ་མ་བཞི་བུ་བཞིའི་སྟེང་ན་སྙིང་རྒྱལ་པོ་གདན་ལ་བཞུགས་པ་ལྟར་གནས་གསུངས། མཆིན་དྲིའི་གཡས་སུ་མཆིན་པ། གཡོན་དུ་མཚེར་བ། དལ་ཁུང་གཡས་གཡོན་གྱི་སྒལ་རྩལ། མཁལ་མ་གཉིས་ཆགས་ཏེ་དོན་སྙིང་རྣམ་ལྔའོ། དེ་ནས་ཞག་བདུན་ཕྲག་བརྒྱད་ནས། དབུགས་རྟེན་སྲོག་རྩ་ཆགས་ཏེ་སྙིང་ལ་ཟུག དེ་ནས་དབང་པོ་ལྔ་ལས་མིག་ཆགས་སྔ་བས་མིག་འབྲས་ཀྱི་གཟུགས་དོད། དེ་ནས་དགུང་ཟླ་ངོ་གཉིས་ཏེ་ཞག་བདུན་ཕྲག་དགུ་ནས་དོན་སྙིང་ལྔ་ལ་ནང་འབྱུང་བ་ལྔའི་རྟེན་བཅའ་སྟེ། ཞང་ཞུང་སྙན་རྒྱུད་སྒྲོན་མ་དྲུག་སྐོར་ལས། “བར་དོའི་འབྱུང་བཞིའི་བསྡུ་རིམ་བསྟན་སྐབས། ནང་དུ་རྟེན་ནམ་མཁའི་ཁམས་ཉམས་པས། ཕྱི་རུ་སྒོ་མིག་གིས་གཟུགས་མི་མཐོང༌། ཙི་ཏ་ནམ་མཁའི་རྩ་མགོ་ལས་སྐྱེས་པས། མགོ་མི་ཐེག་ཅིང༌། འབྲས་བུ་གསང་གནས་ནས་ཐིག་ལེ་རང་འབབ་བྱེད་དོ།། “ཞེས་པས། དང་པོ་ཆགས་དུས་ཀྱང་ནམ་མཁས་སྤྱིར་ལུས་ལ་ཁྱབ་ཅིང༌། རྟེན་སྙིང་ལ་བཅའ་སྟེ། སྤྱན་གྱི་རླུང་སྦུབས་ཕྱེས་པས། མགོའི་ཡན་ལག་དོད། དེ་ནས་ཞག་བདུན་ཕྲག་བཅུ་ནས་ཀླད་སྤྲེས་ས་གཞི་ལྟར་ཆགས། ལུས་ཀྱི་དབྱིབས་ཁོག་སྟོད་སྨད་ཕྱེས་ཏེ་ཆགས། དེ་ནས་ཟླ་བ་གསུམ་ངོ་མཐོང་སྟེ་ཞག་བདུན་ཕྲག་བཅུ་གཅིག་ནས་ཉིང་ལག་དབང་པོ་ལྔ་ཆགས། སྙིང་ནམ་མཁའི་སྒོ་མིག་ལ་ཤར། ཡུལ་ལ་དབང་བའི་ཤེས་པས་གཟུགས་དང་ཁ་དོག་ལ་ལོངས་སྤྱོད་འགྱེད། སྙིང་ཟླུམ་པོར་ཡོད་པས་མིག་ཀྱང་ཟླུམ་པོར་གནས། སྙིང་ཤུན་པ་གསུམ་གྱིས་བརྒྱན་ཏེ་བཀྲ་བས་མིག་ཀྱང་དང་པོ་དམར་ཤ་བ། དེ་ནས་དཀར་ཤ་བ། དེ་ནས་ནག་ཤ་བར་བཀྲ་བའོ།། དེ་ནས་རྣ་བ། སྣ། ལྕེ། མཆུ་སོགས་དབང་རྟེན་ལྔ་རིམ་གྱིས་ཆགས། དཔུང་བ་གཉིས་དང༌། དཔྱི་གཉིས་ཀྱི་དབྱིབས་ཆགས། དེ་ནས་ཞགས་བདུན་ཕྲག་བཅུ་གཉིས་ནས་བུ་ག་སྒོ་དགུ་དོད། རྩ་ཆེན་བཞི་ལ་ཡན་ལག་གི་ཚིགས་ཆེན་གྱི་རུས་མདུད་ཐམས་ཅད་འཕང་ལོ་ལྟར་ཆགས་སོ།།
དེ་ནས་ཞག་བདུན་ཕྲག་བཅུ་གསུམ་ནས་དོན་སྣོད་བཞི་ལ་འབྱུང་བ་བཞིའི་གནས་བཅའ་སྟེ། ཞང་ཞུང་སྙན་རྒྱུད་ལས། “ནང་དུ་རྟེན་གློ་བ་རླུང་གི་ཁམས་ཉམས་པས། །ཕྱི་རུ་སྒོ་སྣ་ཡིས་དྲི་མི་ཚོར། །འབྲེལ་བ་རྐང་བ་གཡས་མི་ཐེག་ཅིང༌། །འབྲས་བུ་དྲི་ཆེན་རང་འབབ་བྱེད་དོ།། “ཞེས་པས། དང་པོ་ཆགས་དུས་ཀྱང༌། རླུང་གིས་ལུས་སྤྱི་ལ་ཁྱབ་ཅིང་རྟེན་གློ་བ་ལ་བཅའ། ཡན་ལག་རྐང་བ་གཡས་དོད། ཉིང་ལག་སོར་མོ་ལྔ་གྱེས། སྒོ་སྣ་ལ་དོད། དྲི་ལ་དབང་བའི་ཤེས་པ་གློ་བ་རླུང་གི་སྦུབས་ཀྱི་རྩ་གསང་ཐག་ལ་གནས། དབྱིབས་ཟངས་ཟེ་འདྲིལ་བ་འདྲ། རླུང་སྒོ་དྲི་དང་ངད་ལ་ལོངས་སྤྱོད། ཡང་དེ་ཉིད་ལས། “མཆིན་པ་མེའི་ཁམས་ཉམས་པས། ལྕེས་རོ་མི་ཚོར་ལག་པ་གཡས་མི་ཐེག་ཅིང་སྣ་ནས་རག་ཏ་འབྱུང༌།”ཞེས་དང༌། དང་པོ་ཆགས་དུས་ཀྱང་འབྱུང་བ་མེས་ལུས་སྤྱི་ལ་ཁྱབ་ཅིང༌། རྟེན་མཆིན་པ་ལ་བཅའ། ཡན་ལག་ལག་པ་གཡས་དོད། ཉིང་ལག་སོར་མོ་ལྔ་གྱེས། སྒོ་ལྕེ་ལ་དོད། རོ་ལ་དབང་བའི་ཤེས་པ་མཆིན་རྩ་བརྒྱད་འདུས་ལ་གནས། དབྱིབས་བྱ་ཕོའི་ཟེ་བ་འདྲ། རོ་དྲུག་ལ་ལོངས་སྤྱོད། ཡང་ཞང་ཞུང་སྙན་རྒྱུད་ལས། “ནང་དུ་རྟེན་མཁལ་མ་ཆུའི་ཁམས་ཉམས་པས། ཕྱི་རུ་རྣ་བས་སྒྲ་མི་ཐོས། རྐང་གཡོན་མི་ཐེག་ཅིང་དྲི་ཆུ་བསྡོམ་མི་ཤེས་”ཞེས་པས། དང་པོ་ཆགས་དུས་ཀྱང་འབྱུང་བ་ཆུས་ལུས་སྤྱི་ལ་ཁྱབ་ཅིང་རྟེན་མཁལ་མ་ལ་བཅའ། ཡན་ལག་རྐང་བ་གཡོན་དོད། ཉིང་ལག་སོར་མོ་ལྔ་གྱེས། སྒོ་རྣ་བ་ལ་དོད། ཚིག་དང་སྒྲ་ལ་ལོངས་སྤྱོད། ཡང་དེ་ཉིད་ལས། “མཚེར་བ་སའི་ཁམས་ཉམས་པས། ལུས་ཀྱི་དབང་བོས་ཕྱི་རུ་རེག་བྱ་མི་ཚོར། ལག་པ་གཡོན་མི་ཐེག སྒོ་དགུའི་ཟག་པ་ལུགས། “ཞེས་པས། དང་པོ་ཆགས་དུས་ཀྱང་འབྱུང་ས་ལུས་སྤྱི་ལ་ཁྱབ་ཅིང༌། རྟེན་མཚེར་བ་ལ་བཅའ། ཡན་ལག་ལག་པ་གཡོན་དོད། ཉིང་ལག་སོར་མོ་ལྔ་གྱེས། སྒོ་མཆུ་ལ་དོད། རེག་བྱ་ལ་དབང་བའི་ཤེས་པ་ཚིགས་རྩ་བཅུ་གཉིས་ལ་གནས། སྒོ་རེག་བྱ་ལ་ཤར། ལོངས་སྤྱོད་ཚོར་བ་ལ་བྱེད། དེ་ནས་ཞག་བདུན་ཕྲག་བཅུ་བཞི་ནས་དོན་སྣོད་ལྔ་ཆགས། འབྱུང་ལྔའི་སྙིགས་མ་རླུང་ལྔའི་སྦུབས་ཕྱེ་བས་དོན་སྙིང་ལྔའི་སྙིགས་མའི་སྣོད་ལྔ་ནི། སྙིང་ནམ་མཁའི་སྙིགས་མའི་སྣོད་རྟ་ལ་ཆགས། གློ་བ་རླུང་གི་སྙིགས་མའི་སྣོད་རྒྱུ་ལོང་དུ་ཆགས། མཆིན་པ་མེའི་སྙིགས་མའི་སྣོད་མཁྲིས་པ་ལ་ཆགས། མཁལ་མ་ཆུའི་སྙིགས་མའི་སྣོད་སྒལ་བ་ལ་ཆགས། མཚེར་བ་སའི་སྙིགས་མའི་སྣོད་ཕོ་བ་ལ་ཆགས་སོ།།
སྣོད་དེ་ལྔའི་ནང་ནས་དམ་རྫས་ལྔ་རྒྱུ་སྟེ། མངལ་གྱི་ནང་ནས་ནམ་མཁའ་སེམས་ཀྱི་བཅུད་བྱང་སེམས་དཀར་པོ་ཤེལ་མདོག་ལྟ་བུ་རྒྱུ། རྒྱུ་ལོང་གི་ནང་ནས་རླུང་གི་བཅུད་དྲི་ཆེན་སེར་པོ་གསེར་མདོག་ལྟ་བུ་རྒྱུ། མཁྲིས་པའི་ནང་ནས་མེའི་བཅུད་རག་ཏ་དམར་པོ་ཟངས་མདོག་ལྟ་བུ་རྒྱུ། ཕོ་བའི་ནང་ནས་སའི་བཅུད་ཤ་ཆེན་པགས་མདོག་དབྱིབས་ཟུར་གསུམ་སྲིན་མཛུབ་ཀྱི་མགོ་ཙམ་སྣོད་བཞིའི་ཁ་ནས་ཕོ་བའི་ནང་དུ་རྒྱུ་གསུངས་སོ།། ཟླ་བ་ངོ་གསུམ་ནས་ཕྱིའི་པགས་པ་ཆགས་ཏེ། ལུས་མགོ་མཇུག་ཡན་ལག་དང་བཅས་པ་པགས་པས་བཏུམ། ཟླ་བ་ངོ་བཞི་སྟེ་ཞག་བདུན་ཕྲག་བཅོ་ལྔ་ནས་དཔུང་སྒང་དང་བརླ་སྒང་བཞི་དོད། ལྟེ་བའི་དཀྱིལ་ནས་རྩ་གཉིས་གྱེས་པའི་གཅིག་གྱེན་ལ་སོང་སྟེ་ཀླད་པའི་རྒྱ་མཚོ་ཆགས། གཅིག་ཐུར་ཏུ་སོང་སྟེ་ཆུའི་རྒྱ་མཚོ་ཆགས། ཞག་བདུན་ཕྲག་བཅུ་དྲུག་ནས་ཡན་ལག་གི་རུས་ཆེན་ལག་ངར་དང་རྗེ་ངར་རྣམས་རུས་ཆེན་བརྒྱད་དང་འབྲེལ། རུས་ཕྲན་བཅུ་གཉིས་ལུས་ཟུངས་དང་འབྲེལ། ཞག་བདུན་ཕྲག་བཅུ་བདུན་ནས། སོར་མོ་ཉི་ཤུ་ཆགས། རུས་དུམ་སུམ་བརྒྱ་དྲུག་ཅུ་འབྲེལ། ཞག་བདུན་ཕྲག་བཅོ་བརྒྱད་ནས། ཕྱི་ནང་འབྲེལ་བའི་རྩ་གསུམ་ཆགས་ཏེ། ཕྱི་རླུང་རྒྱུ་བའི་བག་རྩ། བར་གཟི་མདངས་རྒྱས་པའི་ཁྲག་རྩ། གསང་བ་དྲན་རིག་རྒྱུ་བའི་བྱང་ཆུབ་ཀྱི་ལམ་རྩ་དང་གསུམ་མོ། དེའི་ཕྱི་མ་ལམ་རྩ་ལ་ཡང་གསུམ་སྟེ། རོ་རྐྱང་དབུ་གསུམ་ཆགས་ཏེ་རྒྱུད་ཉི་སྒྲོན་ལས། རོ་མ་གཡས་དཀར་འཁོར་བའི་རྩ། སྙིགས་མ་ལུས་ཟུངས་ཐིག་ལེ་རྒྱུ། རྐྱང་མ་གཡོན་དམར་མྱང་འདས་རྩ། དྭངས་མ་སེམས་ཀྱི་ཐིག་ལེ་རྒྱུ། དབུ་མའི་ལམ་ལ་ཅི་ཡང་མི་རྒྱུ་སྟེ། ཀ་དག་སྟོང་གསལ་ཆེན་པོ་གནས་ཞེས་སོ།།
རྩ་དེ་གསུམ་ལུས་ཀྱི་སྲོག་ཤིང་ཡིན། རྩ་དབུས་མཐིང་གཙོ་བོའམ་རྒྱལ་པོ། གཡས་གཡོན་གཉིས་བློན་པོ་ཡིན། འཁོར་ལོ་དྲུག་ནི། སྤྱི་བོར་བདེ་ཆེན་འཁོར་ལོ་ལ་རྩ་འདབ་བཞི། མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ་རྩ་འདབ་བརྒྱད། སྙིང་ཁ་བོན་ཉིད་འཁོར་ལོ་ལ་རྩ་འདབ་ལྔ། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་གསུམ། ལྟེ་འོག་དང་གསང་གནས་གཉིས་ཀྱི་འཁོར་ལོ་ལ་རྩ་འདབ་མེད་དེ་འཕང་ལོ་ལྟར་གནས་པར་གསུངས་སོ།། རྩ་ཕྲན་སྟོང་ནི་ལུས་ཀྱི་དྲ་བར་འབྲེལ། ཤ་དང་རུས་པ་འབྲེལ་ཞིང་དབུགས་རྒྱུ་བར་གསུངས་སོ།། དེ་ནས་ཟླ་བ་ངོ་ལྔ་ནས་ཞག་བདུན་ཕྲག་བཞི་རེས་འཕེལ་ཏེ། ཞག་བདུན་ཕྲག་བཅུ་དགུ་ལ་མ་ཡང་ཉམས་ཆུང་རྒྱུད་བསྒྱུར། བུའི་ཤ་ཚིལ་ཆགས། ཞག་བདུན་ཕྲག་ཉི་ཤུ་ལ་ཆུ་བ་རྒྱུས་པ་ཆགས། ཞག་བདུན་ཕྲག་ཉེར་གཅིག་ལ་རྒྱུས་པ་དང་སྒང་མར་ཆགས། ཞག་བདུན་ཕྲག་ཉེར་གཉིས་ལ་ཕྱི་པགས་པས་གཡོགས་ཏེ་ཆགས། ཟླ་བ་ངོ་དྲུག་ལ་ཞག་བདུན་ཕྲག་ལྔ་རེས་འཕེལ་ཏེ། ཞག་བདུན་ཕྲག་ཉེར་གསུམ་ལ་དབང་པོ་སྒོ་དགུའི་བུ་ག་རྣམས་ཕྱེ། སེམས་དང་དབུགས་འབྲེལ། ལུས་ཀྱང་རིམ་གྱིས་རྒྱས། རླུང་གིས་འགུལ་ནུས། ཕོ་མོའི་མཚན་མ་དོད། ཞག་བདུན་ཕྲག་ཉེར་བཞི་ལ་པགས་པས་ལེབ་གཡོགས། སྐྲ་དང་སེན་མོ་སྐྱེ། ཞག་བདུན་ཕྲག་ཉེར་ལྔ་ལ་ནང་གི་དོན་སྣོད་དྲུག་རིམ་གྱིས་འཕེལ། ཕུང་པོ་རྣམ་པར་སྨིན། ཤ་ཁྲག་གི་ཚད་སྙོམས། ནད་འདུ་བ་རྣམ་བཞི་ཡང་རིམ་གྱིས་ཆགས། ནམ་མཁའ་ནད་འདུ་བ་རྣམ་བཞིའི་གཞིར་གྱུར། དབུགས་ལ་རླུང་ནད། དྲོད་ལ་མཁྲིས་ནད། ཁྲག་ལ་བད་ཀན། ས་ལ་འདུ་བའི་ནད་འབྱུང༌། དེ་ནས་འབྱུང་བཞིའི་ཆ་བསྐྱེད། ནམ་མཁས་གོ་ཕྱེས། རླུང་གིས་སྐྱེ་འགུལ་རིམ་གྱིས་འཕེལ། དེའི་དུས་ནས་བདེ་སྡུག་ཤེས་པ་ཙམ་འབྱུང་ངོ། ཞག་བདུན་ཕྲག་ཉེར་དྲུག་ལ་བུའི་ལུས་ལ་འབྱུང་བཞི་ཆ་སྙོམས་རླུང་གིས་རྒྱུ་བག་འབྱུང་སྟེ། འབྱུང་བའི་རང་རླུང་ལྔ། རྐྱེན་གྱི་ཤུགས་རླུང་ལྔ། ཉོན་མོངས་ཀྱི་རྩུབ་རླུང་ལྔ། ཡེ་ཤེས་ཀྱི་མེ་རླུང་ལྔ་རིམ་གྱིས་ཆགས། ཞག་བདུན་ཕྲག་ཉེར་བདུན་ལ། འབྱུང་བའི་རང་རླུང་ལྔ་བསྐྱེད། རྐྱེན་གྱི་རླུང་ལྔས་བུས་ཏེ། བརྟེན་ཅིང་འདེགས་བྱེད་ཀྱི་རླུང་གིས་ལྟེ་བ་ནས་བུས་པས། འགྲོ་བསྐྱོད་ཀྱི་ལུས་བྱེད། སྨིན་བྱེད་ཀྱི་རླུང་དྲོད་ལ་གནས་ཏེ་ཟས་ཀྱི་དྭངས་སྙིགས་འབྱེད་ཅིང་ལང་ཚོའི་བཅུད་བསྐྱེད། ཁྱབ་བྱེད་ཀྱི་རླུང་གིས་བ་སྤུའི་བུ་ག་སེལ་ཞིང་རྩའི་མདུད་པ་གྲོལ། ནམ་མཁའི་རླུང་གིས་ཙི་ཏའི་སྒོ་འབྱེད། གྱེན་དུ་རྒྱུ་བའི་རླུང་གིས་རྩ་ཨུ་མའི་སྦུབས་ཡར་བྱེ། མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ་གཟུགས་རྒྱུ། འཁོར་ལོ་དེའི་དབུས་ནས་རླུང་སྤྱི་བོར་བདེ་ཆེན་འཁོར་ལོ་ལ་ཟུག་ཅིང༌། ཚངས་པའི་བུ་ག་ལ་སྒོ་དོད། བདེ་ཆེན་གྱི་ལམ་ཕྱེ། སྦུབས་སེལ་ཐུར་གནས་ཀྱི་རླུང་ལམ་དབུ་མ་ནས་འབྱུང་སྟེ། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་ནས་མར་ཐུག ཚིག་པར་ཁ་ཆེན་མར་གྱི་ཐེམ་སྐས་ལ་ཟུག གསང་གནས་ཐབས་ཀྱི་འཁོར་ལོའི་སྒོ་དོད། འཁོར་བའི་ལམ་མོ། དྲི་མ་སེལ་བྱེད་ཀྱི་རླུང་གིས། ཟག་པ་ཡར་འདྲེན་པ་དང༌། མིག རྣ་བ། སྣ། ལྕེ་ལ་སོགས་པའི་དབང་པོའི་སྒོ་སེལ་བར་བྱེད། དེ་ནས་ཟླ་བ་ངོ་བདུན་ལ། ཞག་བདུན་ཕྲག་གསུམ་གྱིས་འཕེལ་ཏེ། ཞག་བདུན་ཕྲག་ཉེར་བརྒྱད། ཉེར་དགུ་གཉིས་ལ་རིམ་བཞིན། མཁྲིས་པ་ལྔ་དང༌། བད་ཀན་ལྔ་རིམ་གྱིས་འཕེལ། ཞག་བདུན་ཕྲག་སུམ་བཅུ་ལ། སྔར་གྱི་དབྱིབས་ཐམས་ཅད་ཆ་སྙོམས་སུ་སྨིན་ཅིང་གསལ་བར་རྫོགས། སེམས་ཀྱི་དྲན་པ་རྙེད་ཅིང༌། གསལ་བའི་མཚན་ཉིད་ནི། སྙིང་གི་དཀྱིལ་དུ་མེ་འབར་བ་ཙམ་དུ་གནས། རྣམ་པར་ཤེས་པ་ནི་སྐར་ཁུང་དོད་པ་འདྲ། གཟུགས་ཀྱི་ཕུང་པོ་ཁང་བ་ཕུབ་པ་འདྲ་སྟེ། དཔེར་ན། ཁང་བར་མེ་བཏང་ན། སྐར་ཁུང་ནང་ནས་འོང་བ་དང་འདྲ། ཡིད་ཀྱི་རྣམ་ཤེས་ནི་ཚོགས་དྲུག་གི་སྒོ་ནས་འབབ་ཆུ་དང་འདྲ་སྟེ། དར་གཅིག་ཀྱང་མི་ཆགས། སྤྲེལ་དང་འདྲ་སྟེ་གཅིག་བཏང་ཡང་གཅིག་འཛིན་ནོ།།
ཟླ་བ་ངོ་བརྒྱད་ནས། ཞག་བདུན་ཕྲག་ལྔས་འཕེལ་ཏེ། ཞག་བདུན་ཕྲག་སོ་གཅིག བདུན་ཕྲག་སོ་གཉིས། བདུན་ཕྲག་སོ་གསུམ། བདུན་ཕྲག་སོ་བཞི། བདུན་ཕྲག་སོ་ལྔའི་བར་ལ། ལུས་ཐམས་ཅད་ཆ་ཆ་ནས་འཕེལ་ཏེ། རྟགས་སུ་མ་ལ་སྒེག་བུ་མང་པོ་འབྱུང། ལུས་རྫོགས་པར་བྱེད། མ་དང་བུ་གཉིས་གཟི་མདངས་རེས་མོས་འཕོས་ཏེ། མ་རིང་ན་བུ་འཕེལ། བུ་རིང་ན་མ་འཕེལ། ཟླ་བ་ངོ་དགུའི་ཞག་བདུན་ཕྲག་གཉིས་ཀྱིས་མངལ་ནས་འབྱུང་བའི་འགོ་བརྩམ་སྟེ། ཞག་བདུན་ཕྲག་སོ་དྲུག་ནས། བུ་ལ་མངལ་དུ་མི་དགའ་བའི་འདུ་ཤེས་སྐྱེ། སེམས་དང་དབུགས་འདྲེས། ལུས་ཀྱང་ཕྱིར་འབྱུང་འདོད། ཞག་བདུན་ཕྲག་སོ་བདུན་གྱིས་ཕྱི་ལ་ལྡོག་པའི་འདུ་ཤེས་སྐྱེས་ཏེ། སྒྱུར་བྱེད་ཀྱི་རླུང་གིས་ཕྱིར་བསྒྱུར་རོ། །དེ་ནས་ཟླ་བ་ངོ་བཅུ་སྟེ་ཞག་བདུན་ཕྲག་སུམ་ཅུ་སོ་བརྒྱད་ནས། འཕུལ་བྱེད་ཀྱི་རླུང་གིས་འཕུལ། སེལ་བྱེད་ཀྱི་རླུང་གིས་སྦུབས་བསལ་ཏེ་མངལ་ནས་འབྱུང་ཡང༌། ལ་ལ་མངལ་ནས་ཤི། ལ་ལ་ལམ་དུ་ཤི། མ་ཤི་གསོན་དུ་སྐྱེས་པ་རྣམས། ལྕགས་ཀྱི་སོག་མིག་ནང་ནས་དྲངས་པ་ཙམ་དང༌། ས་ལ་ལྷུང་ཚེ་མཚོན་ཆའི་འོབས་སུ་སྐྱུར་བ་ཙམ་དང༌། སེར་བུའི་ངད་ནི་བསྐལ་བའི་རླུང་ཙམ་གྲང། ལྟེ་བ་བཅད་དུས་སྲོག་རྩ་བཅད་པ་ཙམ་དང༌། མས་བླངས་པའི་ཚེ་བྱེའུ་ཆུང་ཁྲས་ཁྱེར་བ་བཞིན་སྡུག་བསྔལ་དུ་མ་འབྱུང་ཞིང༌། སྒུལ་བསྐྱོད་ལྡིང་མི་ནུས། སྐོམ་ལྟོག་དང་བདེ་སྡུག་གྲང་དྲོ་སྨྲ་མི་ཤེས། ལུས་ཟུངས་ཡོད་ཀྱང་མངལ་གྱི་དྲི་མས་བརྗེད་པའོ།།   དེ་ནི་མའི་མངལ་དུ་ཟླ་དགུ་ངོ་བཅུ་ཙམ་དུ་ཆུང་ནས་རིམ་གྱིས་འཕེལ་ཚུལ་ཏེ། དྲང་དོན་མུན་སེལ་སྒྲོན་མ་ལས། དང་པོ་བདག་ཉིད་མ་ཡི་ལྟོ་རུ་འཁྲིས་ཙམ་ན། ཟས་ཀྱི་བྲོ་མཆོག་སྤངས་ནས་དང་ཁ་གཏིང་ནས་ལོག སྒྱིད་སྒུར་ལུས་པོའི་ཤེད་རྣམས་འབྲི་བ་དང༌། ཤ་ཤོར་མདོག་ལོག་མགོ་ཡི་སྐྲ་ཡང་བྱི། ཡང་ཞིང་དར་བའི་ལུས་ཀྱང་ཕ་བོང་རྡོས་བཏགས་འདྲ། གསལ་ཞིང་དྭངས་པའི་ཤེས་པ་ཕུགས་འཆོར་མུན་ལྟར་གཏིབ། མ་འདིའི་ལུས་ལ་ཟླ་བ་བཅུ་རུ་བདག་ཉིད་གཏེར་བཞིན་འཆང༌། དེ་ཕྱིར་བདག་གི་མ་འདི་དྲིན་ཆེ་སྙིང་རེ་རྗེ། ཕྱི་རུ་བྱུང་ནས་ལྟས་ངན་སྲིན་བུ་འདྲ་བ་དེ། ཁྱོད་ཀྱི་སྙིང་ལྟར་མེད་ཐབས་མེད་པ་དང༌། དཀའ་དགུར་སྤྱད་པར་དྲན་པའི་འདུ་ཤེས་ཀྱིས། ཆུང་བ་ཕུད་བུ་ཙམ་ནས་ཆེ་བ་གཡག་ཙམ་སྐྱེས། ཞེས་པས། འགྲོ་བ་མིའི་རིགས་མཐོ་དམན་ཕྱུག་དབུལ་དང་ཆེ་ཆུང་དྲག་ཞན་མེད་པར་རང་རང་གི་མའི་མངལ་དུ་ཟླ་བ་དགུ་དང་ངོ་བཅུའི་བར་དུ་ཆུང་བ་ཕུད་བུ་ཙམ་ནས། ཞག་བདུན་ཕྲག་རིམ་བརྒྱུད་ཀྱིས་འགྱུར་ཏེ་སྐྱེས་ནས་འགྲོ་བ་ལྔའི་གནས་སྐབས་བརྒྱུད་པའི་ལུས་འདི་ནི། ཞང་ཞུང་སྙན་རྒྱུད་ལས། ལས་ཀྱི་དབང་གིས་ལུས་སེམས་འདུས་པའི་དུས། ཕུང་པོའི་ལུས་ནི་རི་རབ་ལྷུན་པོའི་ཚུལ། ཙི་ཏ་རིན་ཆེན་གཞལ་ཡས་གུར་ཁང་ཚུལ། དོན་སྣོད་བཞི་ནི་མེ་ཆུ་ས་རླུང་ཚུལ། རྩ་གསུམ་སྲོག་ཤིང་དཔག་བསམ་སྡོང་བོའི་ཚུལ། འཁོར་ལོ་བཞི་ནི་རི་རབ་བང་རིམ་ཚུལ། རྩ་ལག་རྣམས་ནི་དཔག་བསམ་ཡལ་གའི་ཚུལ། ཡན་ལག་ཉིང་ལག་གླིང་བཞི་གླིང་ཕྲན་ཚུལ། ཕྱིའི་པགས་པ་ལྕགས་རི་འཁོར་ཡུག་ཚུལ། དབང་པོ་ལྔ་ནི་ཉི་ཟླ་གཟའ་སྐར་ཚུལ། ནང་གྲོལ་ལྔ་ནི་རི་རབ་དཀོར་མཛོད་ཚུལ། ཤ་ཁྲག་དྲོད་དབུགས་ནམ་ཟླ་དུས་བཞིའི་ཚུལ། ཞེས་དཔེ་དོན་རྟགས་གསུམ་གྱི་སྒོ་ནས་བསྟན་པའི་ཕྱིའི་ལུས་འདི་ཡང་བརྟན་པ་མེད་ཅིང་འགྱུར་བ་ཅན་ཡིན་པས་འགྲོ་བའི་གནས་སྐབས་ལྔ་བརྒྱུད་དགོས་ཏེ། སྐྱེས་ནས་བུ་ཆུང་འགྲོ་བ། བུ་ཆུང་བྱས་པར་འགྲོ་བ། བྱིས་པ་གཞོན་པར་འགྲོ་བ། གཞོན་པ་རྒན་པར་འགྲོ་བ། རྒས་པ་འཁོགས་པོར་འགྲོ་བ་སོགས། འགྲོ་བའི་གནས་སྐབས་ལྔའི་ཐོག་མཐའ་བར་གསུམ་དུ་ནམ་འཆི་ཆ་མ་མཆིས་ཏེ། ལམ་རིམ་སུམ་བརྒྱ་བ་ལས། བེམ་རིག་དུས་བཞིར་བདེ་སྡུག་ལ་སོགས་འགྱུར། བུ་ཆུང་བྱིས་པར་འགྱུར་སོགས་རིམ་གྱིས་འགྱུར། ཞེས་སོ། །      དེ་ལྟར་རྣམ་ཤེས་ཀྱི་དབྱིབས་ཁ་དོག་དང་ཕྱི་ནང་གི་ལུས་གྲུབ་ཚུལ་འདི་རྒྱུད་ཉི་ཟེར་སྒྲོན་མའི་གཞུང་ལ་ཁུངས་བཅོལ་ཏེ་ཚིག་གི་ཆ་ལ་རྒྱས་བསྡུས་ཅུང་ཙམ་ཕྱེས་ཏེ་དགོངས་པ་ཅི་བཞིན་བཀོད་པས་ཡིད་ཆེས་པའི་གནས་སུ་འགྱུར་རོ།།
ངོ་མཚར་རིག་ལམ་མཚོན་ཆའི་འཕྲུལ་འཁོར་དང༌། །
ངོ་མཚར་ཟབ་དོན་གཏེར་གྱི་སྒོ་འབྱེད་མིན། ‘
ངོ་མཚར་སྙན་ཚིག་ངག་གི་དཔལ་ཡང་བྲལ། །
ངོ་མཚར་འབྱུང་བཞིའི་ལུས་འདི་གྲུབ་ཚུལ་ཙམ། །

ཕྱོགས་ཞེན་གྲུབ་མཐའི་ཁེ་དྲེགས་ངོམ་ཕྱིར་དང༌། །
ཕྱོགས་གཉིས་དགའ་སྡུག་འབྱེད་པའི་གཏམ་ཙམ་མིན། །
ཕྱོགས་མེད་ཀུན་ལ་ཉེར་མཁོའི་མན་ངག་ཞིག །
ཕྱོགས་ཀུན་ཁྱབ་ཕྱིར་ལྷག་བསམ་བཟང་པོས་བྲིས། །

སྣང་དགོན་སློབ་ཟུར་ནམ་མིང་བས་སོ།།

དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་ཚང་ནི་ད་ལྟ་རྔ་ཡུལ་སྣང་ཞིག་དགོན་ཆེན་གྱི་སློབ་དཔོན་ཆེན་མོ་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།