ལྷ་སྲས་དར་མའི་སྐོར་ཅུང་ཙམ་གླེང་བ།

ལྷ་སྲས་དར་མའི་སྐོར་ཅུང་ཙམ་གླེང་བ།
དགེ་བཤེས་ལུང་རྟོགས་རྒྱ་མཚོ། ༼སྣང་ཞིག༽

        ༄༅། །ལྷ་སྲས་དར་མ་ཞེས་པ་ནི། 《ལེགས་བཤད་རིན་པོ་ཆེའི》མཛོད་ལས། “མུ་ཐུག་ལ་སྲས་གསུམ་ཡོད་པའི་འབྲིང་བོ་དར་མ་ཟེར་བ་དེ་ཡིནཔར”གསུངས། འགའ་ཞིག་ནས་ཁྲི་ལྡེ་སྲོང་བཙན་དང་ཡུམ་འབྲོ་བཟའ་ལྷ་རྒྱལ་གཉིས་ལ་སྲས་གཉིས་ཡོད་པའི་གཅེན་པོ་ཡིན་པའང་གྲགས། གང་ལྟར་ཡོངས་གྲགས་སུ་ཁོང་གི་མཚན་ལ་གླང་དར་མ་ཞེས་འབོད་པ་དེ་ཡིན། ཁོང་ལ་གླང་དར་མ་ཞེས་པའི་འབོད་སྲོལ་དེ། ཕྱིས་འབྱུང་གི་ཆོས་འབྱུང་རྣམས་སུ་ཆེས་གྲགས་ཀྱང༌། དུས་རབས་བཅུ་གཅིག་པའི་སྔོན་དུ་བྱུང་བའི་ལོ་རྒྱུས་ཡིག་ཆ་རྣམས་སུ་དེ་ལྟར་མཐོང་རྒྱུ་མེད་པ་ཞིབ་འཇུག་པ་མཁར་རྨེའུ་བསམ་གཏན་གྱིས་གསུངས་སོ།། “རྒྱལ་རབས་ཡིག་རྙིང་རྣམས་སུ་བཙན་པོ་འུའི་དུམ་བརྟན་ནམ་དུན་བརྟན་དང་ལྷ་སྲས་དར་མ་ཞེས་འབོད་པར་བཤད། འུའི་དུམ་བརྟན་ཞེས་པ་ཞང་ཞུང་གི་སྐད་དང་འབྲེལ་བའི་ཐ་སྙད་ཅིག་ཡིན། དེ་ཡང་འུ་ཞེས་པ་ནི། ཞང་ཞུང་གི་སྐད་ཨུའམ་ཨུ་ཡེ་ཞེས་པ་ལས་བྱུང་བ་ཞིག་ཡིན་པ་སྟེ། ཨུ་ཞེས་པ་དེ་བོད་སྐད་དུ་གསང་བ་ཞེས་པའི་དོན་དང༌། དུམ་ཞེས་པ་ནི་རྣམ་པ་ཞེས་པའི་དོན་ལ་འཇུག་པ་སྟེ། དོན་དུ་གསང་རྣམ་རྒྱལ་པོ་ཞེས་བྱ་བ་ཡིན། མཚན་འདི་བོད་ཀྱི་གནའ་སྲོལ་བཞིན་ཁོང་ཉིད་ཀྱི་སྐུ་གཤེན་བོན་པོ་ཞིག་གིས་གསོལ་ཡོད་པ་ནི་སྨོས་མ་དགོས་པ་རེད”ཅེས་མཁས་དབང་ནམ་མཁའི་ནོར་བུས་གསུངས་སོ།། གླང་དར་མ་ཞེས་འབོད་པའི་རྒྱུ་མཚན་ནི། ལོ་རྒྱུས་འགའ་ཞིག་ལས།“བ་ལང་གི་ཤ་ཚུགས་དང་འདྲ་ཞིང་མཁྱེན་རྒྱ་ཆུང་ལ་རྒྱུད་གྱོང་བས་འབངས་རྣམས་ཀྱིས་དེ་ལྟར་བཏགས་པར་བཤད” དེ་བཞིན་ཕྱིས་འབྱུང་རྒྱལ་རབས་ལོ་རྒྱུས་རྣམས་སུའང་གླང་དར་མ་ཞེས་འབོད་ཚིག་དེ་སྨོད་ཚིག་ཡིན་པ་གསུངས་ཀྱང་སྐྱེས་བུ་ལ་དུད་འགྲོའི་མིང་བཏགས་ཚད་སྨོད་ཚིག་ཡིན་པའི་ངེས་པ་མེད་དེ། དཔེར་ན། ཤེས་རབ་ཀྱི་ལྷ་ལ་སྨྲ་བའི་སེང་གེ་བཏགས་པ་དང༌། ཇོ་རུ་ལ་སེང་ཆེན་བཏགས་པ་བཞིན་ནོ།། དོན་དུ་ཁོང་གི་ཐུགས་རྒྱུད་མཁྲེགས་པའམ་གཞན་རྐྱེན་གྱིས་བསླུ་དཀའ་བས་དེ་ལྟར་བཏགས་པར་སེམས། རྒྱུ་མཚན་ནི་ཁོང་བ་ལང་དང་འདྲ་ཞིང་སེམས་རྒྱུད་གླེན་པ་མ་ཡིན་པ་བློ་རིག་གསལ་ཞིང་རྒྱལ་པོའི་ཆབ་སྲིད་སྐྱོང་བའི་ལས་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པ་ལོ་རྒྱུས་རྣམས་ལས་ཤུགས་ཀྱིས་གསལ། 《ལེགས་བཤད་མཛོད》ལས། “ཁོང་གི་ནུ་བོ་དར་མ་རལ་པ་ཅན་ཅོག་ཀླུ་ལྷ་ལོད་ཀྱིས་མགུལ་གཅུས་ནས་བཀྲོངས། དར་མས་ཆོས་བསྣུབས་ཤིང་གླེན་ལ་བྱ་བྱེད་མང་བས་དར་མ་སྤྲེལ་མགོར་གྲགས། རྒྱལ་ས་ལོ་བཅུ་དྲུག་བཟུངས་མཐར་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས་སོ།། བཙད་པོ་དེ་གཉིས་གྲི་རྒོད་དུ་ཤོར་བས་ཕྱིས་རྗེ་སྲོག་འབངས་ཀྱིས་གཅོད་པར་བྱུང་ངོ”ཞེས་གསུངས། མཁར་རྨེའུ་བས“སྐུ་ཡི་གཅུང་པོ་འཕྲུལ་གྱི་ལྷ་བཙན་པོ་ཁྲི་གཙུག་ལྡེ་བཙན་ནམ་ཕྱིས་སུ་རལ་པ་ཅན་དུ་གྲགས་པ་སྤྱི་ལོ༨༣༦ལོར་སྐུ་བཀྲོངས་ནས་ལྷ་སྲས་དར་མ་བོད་རྒྱལ་པོའམ་གསེར་ཁྲིར་བཀོད། སྐབས་དེར་ཁོང་དགུང་ལོ་སོ་དྲུག་ལ་ཕེབས་ཡོད་གསུངས་ཀྱང་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་ཁྲི་དར་མ་སྤྱི་ལོ༨༤༢ལོ་སྟེ་དགུང་ལོ་སོ་དགུའི་ཐོག་ལྷ་སར་སྐུ་བཀྲོངས”ཞེས་གསུངས་པ་ལ་སྤྱི་ལོ་དང་དགུང་ལོ་གཉིས་བསྡུར་ན་ཅུང་མི་འགྲིགས་པས་དཔྱད་པར་བྱའོ།། ལོ་རྒྱུས་འགའ་ཞིག“ལོ་བཅུ་གཉིས་ནས་ཡབ་དགུང་དུ་གཤེགས། ཆབ་སྲིད་ལོ་གཅིག་ཟླ་ཕྱེད་བཟུངས། ལོ་སོ་གཉིས་ལོན་ཙ་ན་སྟག་ལོ་ལ་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས།”ཞེས་གསུངས། དེས་ན་གོང་འོག་གི་ལོ་ཚིགས་སོགས་མི་མཐུན་པ་མང་ཡང་བདག་ལ་ཐོས་རྒྱ་དང་མཐོང་རྒྱ་ཆུང་ཁར་རྣམ་དཔྱོད་ཀྱི་བློ་མིག་དོག་པས་འདི་ཡིན་དང་འདི་མིན་ཞེས་ཐག་གཅོད་པར་མ་ནུས། གཞན་ཡང་ནམ་མཁའི་ནོར་བུའི《ཏི་སེའི་འོད་སྣང》ལས། “སྦ་བཞེད་ལས་གཅེན་ཁྲི་གཙུག་ལྡེ་བཙན་ལ་ལོ་བཅུ་ལོན་པ་དང་དབང་བསྐུར་ནས་རྒྱལ་སྲིད་གཏད།”ཅེས་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ལ་སྲས་ལྔ་བྱུང་བའི་ནང་ནས་རྐན་ཤོས་ཡིན་པར་ངོས་འཛིན་གནང་ཡོད་པར་བརྟེན། དེའི་རྗེས་སུ་བྱུང་བ《ཉང་གི་ཆོས་འབྱུང་ནེའུ་སྔོན་བྱུང་གི་གཏམ》《བུ་སྟོན་ཆོས་འབྱུང》《ཀློང་ཆེན་པའི་ཆོས་འབྱུང》《 མེ་ལོང་རྣམ་གསལ》 《བོད་ཀྱི་ཡིག་ཚང་རྒྱལ་རབས་འཕྲུལ་གྱི་ལྡེ་མིག》《ལྷ་ཐོག་རྒྱལ་རབས》སོགས་བོད་ཀྱི་ཆོས་འབྱུང་དང་རྒྱལ་རབས་གྲགས་ཆེ་བ་དུ་མ་ཞིག་དེའི་རྗེས་སུ་འབྲངས་ནས། རྒྱལ་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་དེ་ཡབ་ཁྲི་ལྡེ་སྲོང་བཙན་གཤེགས་མ་ཐག་ཁྲིར་ཕེབས་ཡོད་པ་ནི། རྒྱལ་སྲས་སྐུ་བགྲེས་ཤོས་ཡིན་སྟབས། བབས་འོས་དང་ལྡན་པའི་སྒོ་ནས་རྒྱལ་སྲིད་བཟུང་ཡོད་པའི་ཚུལ་གསུང་སྲོལ་ཡོད་ཅེས་དང༌། 《གྲགས་རྒྱལ་བོད་ཀྱི་རྒྱལ་རབས》ལས།“གླང་དར་མ་སྤྲེལ་མགོ་མི་སྡུག་པ་གླེན་པས་རྒྱལ་སར་མ་བཏོན། ཆུང་བ་ཁྲི་གཙུག་ལྡེ་རལ་པ་ཅན” ཞེས་པས་ཁྲི་དར་མ་གཅེན་དང་ཁྲི་གཙུག་ལྡེ་བཙན་གཅུང་ཡིན་པ་ཤིན་ཏུ་གསལ་བར་བསྟན་པར་མ་ཟད། ཁྲི་དར་མ་རྒྱལ་སར་མ་བཏོན་པའི་རྒྱུ་མཚན་གང་ཡིན་པའང་གསལ་བར་བསྟན་ཡོད་ལ་ཞེས་འདོད་ཚུལ་མི་འདྲ་བ་ཕྱོགས་གཉིས་བསྟན་ཡོད་ཀྱང༌། ཁོང་ནི་ཕྱི་མ་རྣམས་ཀྱི་རྗེས་སུ་འབྲངས་ཡོད་དེ། ཁྲི་དར་མ་འདི་ཁྲི་ལྡེ་གཙུག་བཙན་གྱི་གཅུང་མིན་པ་ནི། ལོ་རྒྱུས་ཀྱི་འགྲོས་དང་མི་མཐུན་པ་ཞིག་ཡིན་སྟབས་འདིར་སྤྲོ་བའི་དགོས་པ་མ་མཆིས་ཤིང་གསུངས་སོ།། ལོ་རྒྱུས་ཁུངས་དག་རྣམས་ལ་བལྟས་ན་ཁྲི་དར་མ་འདི་ཁྲི་རལ་པ་ཅན་གྱི་གཅུང་མིན་པར་ངེས་སོ།། གཞན་ཡང༌། མཁར་རྨེའུ་བས“གླང་དར་མ་འདི་ཉིད་བོད་སྤྱི་ལ་དབང་བསྐུར་བའི་རྒྱལ་རབས་མཐའ་མ་ཞེ་གཅིག་པ་དེ་ཡིན”ཞེས་རྒྱལ་རབས་ཞེ་གཅིག་པར་ངོས་འཛིན་གནང་ཡོད་ནའང༌། མཁས་དབང་ནམ་མཁའི་ནོར་བུས་བོད་རྒྱལ་ཞེ་ལྔ་བར་ངོས་འཛིན་ཡོད། ཁོང་བཀྲོངས་པའི་རྐྱེན་ནི། ལོ་རྒྱུས་འགའ་ཞིག་ལས།“དར་མ་ནི་བོན་གྱི་བསྟན་པ་ལ་མོས་པས། བོན་བསྟན་སྤེལ་བའི་ཆ་རྐྱེན་དུ་ཆོས་ཀྱི་བསྟན་པ་བསྣུབས་པས”ཞེས་ཟེར་ཀྱང༌། བཤད་སྒྲོས་དེ་ནི་བདེན་པ་མ་ཡིན་སྙམ་རྒྱལ་རབས་ཁུངས་དག་རྣམས་ལ་བལྟས་ན་བོན་བསྟན་སྤེལ་བའི་ལོ་རྒྱུས་ཡེ་ནས་མེད། མཁས་དབང་ནམ་མཁའི་ནོར་བུས་ཀྱང༌། “ཁ་ཤས་ཀྱིས་ཁྲི་དར་མ་འུ་དུམ་བཙན་འདི་ཆོས་ལ་མི་མོས་ནའང༌། ཁོང་ནི་བོན་ལ་མོས་པ་ཅན་ཞིག་ཡིན་སྟབས། བོན་གྱི་བསྟན་པ་སྤེལ་བའི་ཆ་རྐྱེན་དུ་ཆོས་ཀྱི་བསྟན་པ་བསྣུབས་ཡོད་པར་བཤད་མོད་དེ་ནི་བདེན་པ་མ་མཐོང་སྟེ”ཞེས་གསུངས་སོ།། རྒྱལ་རབས་མང་ཆེ་ཤོས་ཀྱིས། སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་རྐྱེན་གྱིས་ཁོང་བཀྲོངས་པར་བཤད། འོན་ཀྱང་དེ་དག་ལ་ཡང་དཔྱད་དགོས་པར་སྣང་སྟེ། མཁར་རྨེའུ་བས“རྒྱལ་པོ་ཁྲི་དར་མས་བསྟན་པ་བསྣུབས”ཞེས་བཤད་པའི་རྒྱལ་རབས་དང་ཆོས་འབྱུང་རྣམས་ཀྱི་ཁུངས་རྙིང་ཤོས་ནི།《སྦ་བཞེད་ཞབས་བཏགས་མ》ཞེས་པ་ལས་འབྱུང༌། ལོ་རྒྱུས་འདི་ཡིག་ཆ་དང་ངག་རྒྱུན་རྙིང་བ་བཅས་ལ་བརྟེན་ནས་བྲིས་པ་ཡིན་ངེས་ཀྱང་བཙན་པོ་ཁྲི་དར་མ་འདས་ནས་ཕལ་ཆེར་ལོ་ཉིས་བརྒྱ་ལྔ་བཅུ་ཙམ་གྱི་རྗེས་སུ་བྲིས་པའི་ལོ་རྒྱུས་ཤིག་རེད་ཅེས་པ་ནས་འདིའི་ནང་ཁྲི་དར་མས་བསྟན་པ་བསྣུབས་ཚུལ་བཤད་པ་ནི། ཕལ་ཆེར་གཏམ་རྒྱུད་ཀྱི་ཟོལ་ཙམ་དང་དོན་དངོས་ལ་དཔྱད་ཚེ་ཁས་ལེན་དཀའ་བའི་དོན་མང་པོ་འདུག དེར་བརྟེན་དེའི་ནང་རྒྱལ་པོ་ཁྲི་དར་མའི་སྐོར་གང་ཡོད་པ་དང་གནའ་རབས་ཀྱི་ཡིག་ཆའི་ནང་གང་ཡོད་པ་གཉིས་ར་འཕྲོད་པ་ཤིན་ཏུ་དཀའ་ཞེས་དང༌། འོན་ཀྱང་རྒྱལ་པོ་ཁྲི་དར་མའི་རིང་ལ་སྔགས་ཀྱི་ཐེག་པ་ཆེས་ཆེར་དར་བ་དང༌། གསང་སྔགས་རྡོ་རྗེ་ཐེག་པ་སངས་རྒྱས་ཆོས་ལུགས་ཀྱི་བསྟན་པའི་ཉིང་ཁུ་ཡིན་ཞེས་པའི་ཟེར་ལུགས་ལ་བལྟས་ན་ཞེས་པ་ནས། འདི《ཏུན་ཧོང》ཡིག་རྙིང་གི་གྲས་ནས་སྤྱི་ལོ༡༩༧༦ལོར་བདག་གིས་རྙེད། དེ་སྔོན་མཁས་པ་སུ་གང་གིས་གཟིགས་མི་འདུག་པས་བོད་ཀྱི་ལོ་རྒྱུས་མཁན་ཚོ་ལ་ལེགས་སྐྱེས་སུ་འབུལ། དེར་བརྟེན་ལོ་རྒྱུས་འདི་དུས་སྐབས་དེ་རིང་དུ་བྲིས་པས་ད་བར་ལོ་ཆིག་སྟོང་ཉིས་བརྒྱ་ལོན་པ་དང་དེ་ནི། ཕྱིས་སུ་བྱུང་བའི་ལོ་རྒྱུས་མཁན་གྱིས་ཕྱོགས་ཞེན་གྱིས་མ་བསླད་པའི་ཡིག་ཆ་ཁུངས་ལྡན་ཞིག་ཡིན་ཞེས་པའི་མཇུག་ཏུ་དེ་ལྟར་རྒྱལ་པོ་ལྷ་སྲས་དར་མ་ནས་དེའི་སྲས་ཁྲི་འོད་སྲུང་གི་སྐུ་རིང་བར་སངས་རྒྱས་ཆོས་ལུགས་ཧ་ཅང་དར་བར་བཤད་པ་ལས་བསྣུབས་པའི་ལོ་རྒྱུས་མི་འདུག་གོ། ཞེས་བཤད་པའི་ཕྱིར། དེས་ན་ཁོང་བཀྲོངས་པའི་རྐྱེན་དངོས་ནི། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ཆོས་ལུགས་མི་སྣ་ལ་རྩིས་མཐོང་ཧ་ཅང་ཆེ་སྟེ། ཁོང་ཚོ་ལ་རྒྱལ་པོའི་བླ་མཛོད་ནས་འཚོ་རྐྱེན་ཕུན་སུམ་འཚོགས་པར་སྦྱར་བ་མ་ཟད་ལྷ་རིས་ཞེས་དུད་ཚང་མང་པོ་དགེ་འདུན་གྱི་འཚོ་རྟེན་དུ་ཕུལ། ཁྲི་སྲོང་ལའང་ཆོས་རྒྱལ་ཞེས་བསྔགས་བརྗོད་ཚད་མེད་བྱས། ཁྲི་རལ་པ་ཅན་གྱི་སྐབས་སུ་ཡང་གཙུག་ལག་ཁང་རྣམས་ལ་ལྷ་རིས་སམ་བླ་འབངས་ཡོད་བཞིན་པའི་ཐོག་ད་དུང་ས་ཞིང་དང་སྒོ་ཕྱུགས་སོགས་རྒྱ་ཆེར་སྤྲད་དེ་བོད་ཀྱི་སྤྱི་ཚོགས་ནང་སངས་རྒྱས་ཆོས་ལུགས་མི་སྣས་མཆོད་གཞིས་རྒྱ་ཆེར་བཟུང་བ་དང་དེ་རྣམས་ཡོད་པའི་མི་སེར་རམ་བླ་འབངས་ལ་རྒྱལ་པོའི་ཕོ་བྲང་དང་སྲིད་གཞུང་ལྟོས་མེད་ཐོག་དབང་བསྐུར་བྱས་པའི་འགོ་ཚུགས་པར་བཤད། ལྷ་རིས་སམ་བླ་འབངས་རྣམས་ཀྱིས་སྐབས་དེར་རྒྱལ་པོ་ལ་དཔྱ་ཁྲལ་འཇལ་མི་དགོས་པར་མ་ཟད་སྲིད་གཞུང་ལ་དམག་ཁྲལ་མི་དགོས་པའི་ཁྲིམས་ཡིག་གཏན་འབེབས་བཟོས་ཡོད། དེར་བརྟེན་དགེ་འདུན་པ་ལ་རྒྱལ་པོའི་བླ་མཛོད་ནས་འཚོ་རྟེན་མུ་མཐུད་དུ་སྦྱར་དགོས་པའི་ཁར་དགེ་འདུན་པའམ་གྲྭ་བ་ཚོར་དབང་བའི་བླ་འབངས་སམ་མི་སེར་གྱིས་རྒྱལ་པོར་དཔྱ་ཁྲལ་དང་སྲིད་གཞུང་ལ་དམག་ཁྲལ་མི་དགོས་པས། ཁྲི་དར་མའི་རིང་ལ་ཆོས་ལུགས་པའི་མཐུན་རྐྱེན་དང་དམག་དོན་གྱི་འགྲོ་གྲོན་གཉིས་ཕལ་ཆེར་མགོ་མཉམ་ལྟ་བུར་ཆགས་པར་བཤད་སྐབས་དེར་བོད་སྲིད་གཞུང་ལ་དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད་དམག་དོན་གྱི་ཐོག་ནས་ཀྱང་དཀའ་ངལ་བྱུང་ཡོད་པས། ཁྲི་དར་མ་ཁོང་གིས་བོད་ཀྱི་རྒྱལ་སྲིད་ལ་ཉམས་རྒུད་བྱུང་བར་ཐུགས་དོགས་གནང་སྟེ། བླ་གྲྭ་རྣམས་ཀྱི་འཚོ་རྟེན་རྒྱལ་པོའི་བླ་མཛོད་ནས་སྦྱར་བའི་རྒྱུན་བཅད་པ་མ་ཟད་གསར་བུ་རྣམས་རབ་ཏུ་བྱུང་སྟེ་གྲྭ་བ་བྱས་ན་བོད་ཀྱི་མི་འབོར་དང་སྲིད་ཀྱི་དམག་དོན་ལ་ཧ་ཅང་གནོད་པའི་རྐྱེན་གྱིས་སྔར་ཡོད་གྲྭ་གཞོན་མང་ཤོས་སྐྱ་སར་ཕབས་སུ་བཅུག ཆོས་ལུགས་པའི་འཚོ་བ་གཞན་ལ་བརྟེན་པའི་ལམ་ལུགས་ཤུགས་ཀྱིས་བཀག་པས་བསམ་ཡས་སོགས་དགོན་སྡེ་གཞན་ལ་ཡོད་པའི་བླ་གྲྭ་རྣམས་ཀྱི་འཚོ་བ་ལ་དཀའ་ངལ་གང་མང་བྱུང༌། དེར་བརྟེན་བོད་བཙན་པོའི་རྒྱལ་ཁབ་ནང་ཆོས་ལ་མཐུན་རྐྱེན་སྦྱོར་བའི་སྲིད་ཇུས་དང་དམག་དོན་གྱི་ཆབ་སྲིད་གཉིས་ཀྱི་བར་འཐབ་རྩོད་རིམ་བཞིན་ཇེ་དྲག་དང་ཇེ་སྡུག་ཏུ་སོང༌། བསམ་ཡས་ཀྱི་བླ་གྲྭ་འགས་ཁྲི་དར་མའི་སྲིད་ཀྱི་ལམ་ལུགས་དེ་ཡིད་ལ་མ་བཟོད་པར། མཐར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་ཁྲི་དར་མའི་སྐུ་བཀྲོངས་སོ།།       ཁོང་གི་སྐུ་བཀྲོངས་མཁན་ལྷ་ལུང་དཔལ་རྡོར་ལའང་བཤད་ཕྱོགས་མང་ཡང་དོན་དུ་བསམ་ཡས་ཀྱི་མཁན་རབས་དགུ་བ་ཡིན་པ་གནའ་རབས་ཀྱི་ཡིག་ཆ《ཏུན་ཧོང》ཡིག་རྙིང་བྲིས་མའི་གྲས་ནས་བདག་གིས་རྙེད་བྱུང་ཞེས་མཁར་རྨེའུ་བས་བཤད་དོ།། ཡ་མཚན་པ་ཞིག་ལ་ལོ་རྒྱུས་འགའ་ཞིག་ནས་ཞིབ་འཇུག་མེད་པར་རང་རེའི་བོད་སྤྱི་ལ་དབང་བའི་རྒྱལ་པོའི་གདུང་རྒྱུད་གཅོད་མཁན་ལ་བྱང་ཆུབ་སེམས་དཔའ་ཞེས་བསྔགས་བརྗོད་བྱས་ཡོད་པ་ནི། རྨོངས་ཞྭ་གྱོན་པའི་གནག་ཕྱུགས་ཀྱི་རྗེས་སུ་བསྙེགས་པའི་རྒན་རྒོན་རྣམས་ཀྱི་རྣ་བར་འགྲོ་ནའང༌། གཟུར་གནས་ལོ་རྒྱུས་སྨྲ་མཁན་རྣམས་ཀྱིས་ག་ལ་ཚད་མར་འཛིན། དེ་བཞིན་ཆོས་ལུགས་ཀྱི་འབག་ཞལ་གྱོན་ནས་བོད་ཀྱི་སྲིད་དབང་ལ་ཐེ་གཏོགས་བྱེད་མཁན་མི་ཉུང་བ་ཞིག་བྱུང་ཡོད་པ་ནི། སྔོན་གྱི་ལོ་རྒྱུས་རྣམས་ཀྱིས་ར་སྤྲོད་བྱེད་ཐུབ། དེས་ན་ཕྱི་རབས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་དམངས་ལ་ཕན་བདེ་སྒྲུབ་མཁན་དང་གནོད་པ་སྐྱེལ་མཁན་སོགས་ལེགས་ཉེས་ཀྱི་ཁྱད་པར་རྣམ་དཔྱོད་ཤེས་རབ་ཀྱིས་ལེགས་པར་ཕྱེས་ཏེ་ཕྱོགས་ཞེན་གྱིས་མ་བསླད་པར་དངོས་ཚོལ་བདེན་དོན་གྱི་ལོ་རྒྱུས་ཤིག་སྨྲ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྙམ་མོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།