ལེའུ་ཞེས་པའི་ཐ་སྙད་ཀྱི་གོ་དོན་མཐའ་དཔྱོད།

ལེའུ་ཞེས་པའི་ཐ་སྙད་ཀྱི་གོ་དོན་མཐའ་དཔྱོད།
ངག་དབང་རྒྱ་མཚོ།

      ༄༅།།ཆབ་ནག་སྲིད་པ་རྒྱུད་བོན་གྱི་ཆོས་ལུགས་ཆོ་ག་སྤེལ་མཁན་དག་ལ་མདོ་སྨད་ལྷོ་རྒྱུད་དུ་ལྷ་བདག་ལེའུ་ཟེར། གཤམ་ནས་ལེའུ་ཞེས་པའི་མིང་གི་འབྱུང་ཁུངས་དང༌། དབྱེ་བ། བྱེད་ལས། ལེའུ་དང་ལྡེའུ། ལེའུ་དང་སྐུ་བོན། ལེའུའི་ཡིག་ཆ་སོགས་ནས་དཔྱད་བརྗོད་ཅུང་ཟད་བྱའོ།།
མདོ་སྨད་ལྷོ་རྒྱུད་དུ་བོན་བསྟན་དར་བའི་ལོ་རྒྱུས་ཤིན་ཏུ་རིང་སྟེ། འབྲེལ་ཡོད་བོན་འབྱུང་དག་ཏུ་སྟོན་པ་གཤེན་རབ་མི་བོ་རྫུ་འཕྲུལ་གྱིས་ཐེ་བོའི་དམུ་རི་སེང་གེ་རྫོང་ལ་ཞབས་ཀྱིས་བཅགས་ཚུལ་དམུ་རིའི་དཀར་ཆག་སོགས་སུ་བྲིས་ཡོད་པ་དང༌། སྟོད་དུ་རྒྱལ་བོ་གྲི་གུམ་བཙན་པོས་བོན་བསྣུབས་ཏེ་བོན་གྱི་རྗེས་འཇུག་པ་རྣམས་ཀྱིས་མདོ་སྨད་ཐེ་བོའི་བྲག་དཀར་བྱ་རྒོད་རྫོང་དང་དམུ་རི་སེང་གེ་རྫོང་དུ་བོན་ཆོས་གཏེར་དུ་སྦས་ཚུལ་དམུ་རིའི་དཀར་ཆག་རྒྱས་པ་དང་བྲག་དཀར་བྱ་རྒོད་རྫོང་གི་དཀར་ཆག་སོགས་སུ་གསུངས་ཡོད། མདོ་སྨད་ལྷོ་རྒྱུད་དུ་ཐོག་མར་སྲིད་པ་རྒྱུད་ཀྱི་བོན་དར་ཚུལ་དང༌། ཕྱིས་སུ་གཡུང་དྲུང་བོན་དར་བ་ཡིན། བཙན་པོའི་རྒྱལ་རབས་སུ་མངའ་རིས་མཐའ་མཚམས་བསྲུང་བའི་ཕྱིར་དུ་དབུས་ནས་བོད་དམག་མང་པོ་ཡུལ་མདོ་སྨད་དུ་བྱོན། ས་མཚམས་སྲུང་བའི་དམག་དཔུང་དང་མཉམ་དུ་ཕྱིན་པའི་བོན་པོ་དག་གིས་མོ་འདེབས་པ་དང༌། སྨན་བྱེད་པ། སྒྲ་བླའི་དཔང་བསྟོད་པ་དང༌། ཀླུ་གཉན་གྱི་ཐུགས་དམ་བསྐང་བའི་ལས་ཅི་རིགས་བྱས་ཏེ་དམག་རོགས་མཛད། དེ་རིགས་ཡུལ་མཐའ་འཁོབ་ཏུ་གནས་ཏེ་སྲིད་པའི་རྒྱུད་བོན་གྱི་ཆོ་ག་སྤེལ། གནའ་སྲོལ་མ་ཉམས་པའི་བོན་པོ་དེ་དག་ལ་ལྷ་བདག་ལེའུ་དང་བོན་པོ་ལེའུ་ཞེས་ཟེར། དེ་ཡང་མདོ་སྨད་འཕན་ཆུ་རྒྱུད་ཀྱི་བབ་བཟོ་སྟོད་སྨད་དང༌། བྱང་རྩེ། སྒུར་རྐྱང༌། སྟག་ར་སྟོད་སྨད། འབྲུག་དཀར་གཙང་པོ་རྒྱུད་ཀྱི་སྟེང་ཀ་དང༌། ཁ་སྤ། རྒྱ་ཉག དབང་ཚང་ལྷ་གཟིགས་སོགས་སུ་གདོད་མའི་བོན་གྱི་ཆོ་ག་སྤེལ་མཁན་དག་ལ་ལེའུ་དང༌། ལྷ་བདག་ལེའུ། བོན་པོ་ལེའུ། ལེའུ་ལྷ་བདག སྲིད་པའི་ལེའུ། ཨ་མྱེས་ལེའུ། ཡུལ་སྐད་དུ་ལོད་པོ་དང་ལེ་ཀུ་ཞེས་ཅི་རིགས་སུ་འབོད་སྲོལ་མཆིས། ལེའུ་ནི་ཆབ་ནག་སྲིད་པ་རྒྱུད་བོན་གྱི་ཆོ་ག་སྤེལ་མཁན་ཡིན་ཚུལ་ཡིག་ཆ་གཞན་དག་ལས་ར་སྤྲོད་ཐུབ་ཏེ། མདོ་དྲི་མེད་གཟི་བརྗིད་དང༌། ལྡེའུ་ཆོས་འབྱུང༌། སྟོང་རྒྱུང་བརྔན་གཞུང༌། སྣང་གསལ་སྒྲོན་མེ། སྒྲ་ཇའི་གཞུང་སོགས་སུ་མང་བོ་དྲངས་ཡོད་པ་དཔེར་ན། སྲིད་པའི་བོན་གྱི་ཡིག་ཆ་ཝེར་མ་དཔའ་བརྔན་ལས། གཉན་བོན་བདག་གི་སྒྲ་བླ་ཡིན། ལེའུ་ཡོན་གྱི་བདག་པོ་ཡིན་ཞེས་དང༌། སྒྲ་ཇ་ར་ཤུགས་ལས། བདག་དང་ལེའུ་ཡོན་བདག་གིས། གཏོའ་ཕྱའ་སྤྱས་པའི་ཤུགས་མགོན་བརྔན། སྒྲ་ཇ་བ་ཤུགས་ལས་དེ་རིང་ལེའུ་ཡོན་བདག་ལ། གྲོགས་བ་ཤུགས་འདིའི་མཚན་རྫི་མཛོད། ལྷ་བདག་མྱི་སྡེ་མཚན་རྫི་མཛོད་ཅེས་དང༌། དྲང་མཁན་གཏོའ་ཐིག་ལས། བོན་པོ་ལེའུ་འདི་དག་གིས། ཁ་སྨེ་ལག་སྨེ་ཆི་ཡོད་པ། གཏོའ་རྣམས་དྲང་དུ་དུང་མི་བཏང་ངོ༌། གོང་ཙེ་གཏོ་སྒྱུར་ལས། གོང་ཙེ་མ་བྱོན་ཇོན་རོལ་དུ་ལེའུ་ཡོན་གྱི་བདག་པོའ་ཞེས་ལེའུ་ཞེས་པའི་ཐ་སྙད་ཅི་རིགས་བྱུང་བ་དང༌། དམངས་ཁྲོད་ཀྱི་གླུ་ཤགས་སྲིད་པའི་ཆང་གླུ་སོགས་སུའང་ཇ་མ་ཞིག་གིས་ཚེ་སྒྲུབ་གཅིག སྔགས་པ་ཞིག་གིས་ཚེ་འགུགས་གཅིག ལེའུ་ཞིག་གིས་བླ་འགུགས་གཅིག་ཅེས་དང༌། ཡང་ཆུ་བྱ་ཀླད་དཀར་སྲུང་དམར་ཅན། སྐུད་མྱི་ལེའུ་སུ་ཡིན་ཤོད་ཅེས་གླུ་ཤགས་སོགས་སུ་ཡོད་དེ། བདག་ཀྱང་དམངས་གླུ་འཚོལ་བསྡུའི་ལས་ཀར་ཞུགས་སྐབས། ཐ་སྙད་འདིའི་དོན་རྟོགས་མ་ཐུབ་པས་བགྲེས་སོང་འགའ་ལ་དྲིས་པ་རྒྱུད་ནས་ད་གཟོད་ལེའུ་ཞེས་པའི་བོན་པོ་རྩད་ཆོད་དེ་ལེའུའི་ཡིག་ཆ་ལ་ཞིབ་འཇུག་བྱས་པ་ཡིན། བོད་ཀྱི་ཡིག་ཆ་གཞན་དག་ཏུ་ལེའུ་ཞེས་པའི་ཐ་སྙད་དེ་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད་ཅིང༌། ལྷག་པར་བོན་གྱི་དགོན་པ་ཁག་ཏུའང་ལེའུ་ཞེས་བརྗོད་ན་ཀུན་གྱིས་གོ་མ་མྱོང་ཟེར་བ་དང༌། དེང་འདིར་བོད་ཀྱི་ཡུལ་མཐར་གནས་པའི་ཐེ་བོ་དང༌། འཕན་ཆུ། གཙུགས་མ་སོགས་རྒྱ་ཁ་རོང་ཁར་གནས་པའི་གྲོང་བའི་ལེའུ་འགའ་རེ་ཡོད་དེ། དེ་དག་གི་ཆ་བྱད་ནི་ཐོད་པར་དོམ་རལ་བཅིངས་བ་དང༌། ལག་ཏུ་སིལ་སྙན་དང་ཤིང་གིས་བཟོས་པའི་ཁྱུང་འཛིན་པ། ལུས་ལ་བོད་ལྭ་གྱོན་པ་སྤྱིར་བཏང་བོད་མི་དང་འདྲའོ། ལོ་ལྟར་བོད་ཟླ་གཉིས་པའི་ཚེས་དགུ་ནས་བཅོ་ལྔའི་བར་ལེའུ་རྣམས་ཀྱིས་གཏོ་བདལ་དགོས་པས། མི་རྣམས་གཏོའི་ཆོ་ག་ལ་ཞུགས་ན་གདོན་གྱི་གནོད་པ་མི་ཐེབས་པ་དང༌། གེགས་བར་ཆད་སེལ་ཐུབ་པར་འདོད། ཇོན་དུ་བོད་ཀྱི་མཐར་གནས་ཀྱི་བོན་དགོན་ཁག་ཏུ་ལེའུ་རྣམས་ཀྱིས་གཏོ་བདལ་བའི་དུས་ཆེན་ཡོད་རུང༌། དེང་འདིར་ཕལ་ཆེར་ཉམས་འདུག།
ལེའུ་ཞེས་པའི་གོ་དོན་ཐད་ལ་སྔོན་དུ་དཔྱད་པ་མེད་སྟབས། བདག་གིས་འབྲེལ་ཡོད་སྲིད་པའི་བོན་གྱི་ཡིག་ཆ་འཚོལ་སྙེག་དང་དེ་ལ་མཐའ་དཔྱོད་པའི་འབྲས་བུ་ནི། ལེའུ་ནི་“ལྷེའུ”དང་དོན་མཐུན་ཏེ། ཕྱིས་སུ་འབྲི་བདེ་བའི་ཆེད་དུ་ལེའུ་ཞེས་བྲིས་པ་ཡིན། བོན་གྱི་ཡིག་ཆ་སོགས་སུ་ལེའུ་དང་ལྷེའུ་གཉིས་གང་རུང་བྲིས་པ་མཐོང་སྟེ། འཕྲག་ལྷ་ལས། དེ་རིང་བཙན་དྲག་ཕན་གསུམ་འགྱཽགས་བྱེད་འདི། ལེའུ་ལྷ་གསས་བརྔན་ལས་བཞེངས། ལྷེའུ་ལྷ་གསས་སྟེང་ལ་བྱོན། གཤེན་པོ་བདག་གིས་གསུམ་ཡང་བསྟེན། གནམ་གྱི་གཡུ་འབྲུག་གྲགས་པ་འདྲ་ཞེས་པ་ལས་ལེའུ་དང་ལྷེའུ་ནི་གང་ཟག་གཅིག་ཏུ་ངོས་འཛིན་པར་གསལ། ལྷེའུ་ཞེས་པ་ནི་ལྷ་ཆུང་ཆུང་གི་དོན་དུ་འཇུག་ཏེ། རྟ་དང་རྟེའུ། ར་དང་རེའུ། བྱ་དང་བྱིའུ། སྤྲ་དང་སྤྲེའུ་ཅེས་པའི་དཔེ་བཞིན་ལྷ་དང་ལྷེའུ་ཞེས་བྱུང་བར་འདོད། གདོད་མའི་སྲིད་པ་རྒྱུད་བོན་གྱི་ཆོ་ག་སྤེལ་མཁན་དག་ནི་མི་ཕལ་བ་གཞན་དང་མི་འདྲ་བར་གནམ་ལས་ཆད་པའི་ལྷར་ངེས། གནམ་ལ་གནས་པའི་ལྷ་ཆེན་དང་སར་གནས་པའི་ལྷ་ཆུང་ཆུང་དག་ལ་ལྷེའུ་ཞེས་བཏགས་པར་འདོད། བོན་རྣམས་དང་ལྷ་དག་རྒྱུད་གཅིག་པས་སོ།།
ལྷེའུ་ཞེས་པའི་གོ་དོན་ཐད་དུ་འགྲེལ་བཤད་ཁ་ཤས་ཡོད་དེ། བོད་ཀྱི་བརྡ་སྐད་མིང་གཞི་གསལ་བར་སྟོན་པའི་བསྟན་བཅོས་ལས། ལྷེའུ་ཞེས་པའི་མཚན་དུ་བརྡ་རྙིང་སྟེ་དཔོན་གསས་ཞེས་གསུངས། དཔེར་ན། བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ་ལས། ལུང་དང་ལྷེའུ་རྗེ་དག་ལ་བརྟེན་བྱས་ནས། ཚིག་གི་སྒྲོ་འདོགས་ཆོད་དང་དོན་དག་ཆོད་ཞེས་པ་ལྟ་བུའོ། དབང་ལུང་མན་ངག་ཐམས་ཅད་ཀྱི་རྒྱུད་པ་འཛིན་ཅིང་བསྟན་པའི་བདག་པོར་གྱུར་པས་དཔོན། ཡོན་ཏན་གྱི་གཞི་ཆེ་བས་གང་ཟག་གཞན་གྱི་དཔེ་ཟླར་མི་འོས་ཤིང་དམ་པའི་གནས་སུ་གྱུར་པས་གསས་ཞེས་བྱའོ་ཞེས་ལེགས་བཤད་མཛོད་ཀྱི་མཇུག་མཆན་དུ་གསལ་བ་བཞིན།དཔོན་གསས་ནི་བོན་གྱི་བླ་མའི་དོན་དུ་འཇུག་ཏེ། གསས་ནི་ལྷའི་དོན་དུ་འཇུག ལྷ་ཁང་ལ་གསས་ཁང་ཞེས་པའི་མིང་དེ་རྒྱུན་འབྱམས་སུ་སོང་ཡོད་པ་ལྟར་རོ།། གཞན་ཡང་ནམ་མཁའ་ནོར་བུའི་གསུང་རྩོམ་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་གྱི་མཆན་འགྲེལ་ནང་དུ། ལེའུ་ཞེས་པ་ནི་“ལྷའུ”འམ་“ལེའུ”སྟེ་སྒྲུབ་པ་པོ་ལ་འཇུག་ཟེར་རུང༌། འགྲེལ་བ་ལ་ལས་གོ་ལོག་ཏུ་སོང་བས་འདིར་མ་སྨྲས། དེང་འདིར་གྲོང་བར་གཉན་ལ་བྱ་འགྱོགས་པ། ཀླུ་སྐྱེལ་བ། བླ་བསླུ་དང་བླ་འགུགས། མོ་འདེབས་པ་དང་གཏོ་བདལ་བའི་ལས་བྱེད་མཁན་གྱི་བོན་པོ་དག་ལ་ལེའུ་ཞེས་འབོད་བཞིན་ཡོད། ཏུང་ཧོང་ཡིག་རྙིང་གི་མགུར་གླུར་བྱ་པུ་ནི་ལུང་ཆུང་ན། མགར་ཁོལ་ནྀ་རྨང་བ་དང༌། ཡར་ལུངས་ནྀ་པྱིང་ལུངས་ན། ལྷོ་རྔེགས་ནི་འཕན་པ་གཉིས། གང་འཕན་ནི་གང་རགས་པ། གཉི་ཟླ་ནི་ཡ་པིས་གཟིགས། ལྷེའུ་རྗེ་ནི་ཟིན་དགས་མཁྱེན་ཞེས་པ་ལ། ལྷེའུ་རྗེ་ནི་ལྷེའུ་ནང་གི་ཆེ་བ་ཡིན་ངེས། དེ་དག་གི་ཡིག་ཆ་ཕལ་ཆེར་བརྡ་རྙིང་གིས་བཅིངས་ཡོད་པས་སྐད་གསར་བཅད་གོང་གི་ཡིག་ཆ་ཤ་སྟག་གོ གདོད་མའི་བོན་ལ་དཔྱད་ན་ངེས་པར་“ལེའུ”ལ་ཞིབ་འཇུག་དགོས་ཏེ། ལེའུ་ནི་གདོད་མའི་བོན་གྱི་ཆོ་ག་སྤེལ་མཁན་གཙོ་བོ་ཡིན། དེང་འདིར་ཡུལ་མཐའ་འཁོབ་ཏུ་ཅུང་ཙམ་ཡོད་པ་མ་གཏོགས། དབུས་འགྱུར་དུ་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད། འོ་ན་ཅིའི་ཕྱིར་དུ་གདོད་མའི་བོན་གྱི་ཆོ་ག་སྤེལ་མཁན་ལ་ལེའུ་(ལྷེའུ)་ཞེས་བཏགས་པ་ཡིན་ཞེ་ན། བོན་གྱི་འདོད་ཚུལ་དུ་བོད་ཀྱི་མི་རྒྱུད་ལྷ་ལས་ཆད་པའམ་སྣང་སྲིད་སྒོ་ང་ལས་གྲོལ་ཚུལ་འདོད་པ། བོན་གྱི་ཆོ་ག་སྤེལ་བ་ནི་ལྷའི་འཕྲིན་ལས་སུ་སྲིད། བོན་པོ་དག་ནི་ལྷ་དང་མཉམ་ཏེ་དྲེད་མགོ་ནག་གི་སྐྱབས་བཅོལ་ས་ཡིན།        ལེའུ་ལ་དབྱེ་ན་གཉིས་ཏེ། སྲིད་པའི་ལེའུ་དང་མགོན་པོ་ལེའུ། སྲིད་པའི་ལེའུ་ནི་བོན་གྱི་ཆོ་ག་སྤེལ་མཁན་དང༌། མགོན་པོ་ལེའུ་ནི་བན་ལུགས་ཏེ་རྙིང་རྒྱུད་ཀྱི་སྔགས་པ་རྣམས་སོ།། མགོན་པོ་ལེའུ་དང་སྲིད་པའི་ལེའུ་གཉིས་ཀྱི་ཡིག་ཆ་ཅུང་མི་འདྲ་རུང་བྱེད་ལས་ཕལ་ཆེར་མཐུན་ནོ།       ལེའུའི་བྱེད་ལས་གཙོ་བོ་ནི་“ལེའུ་གཏོའི་བདག་པོ”དང་ནང་མྱི་གཏོའ་བདག ནང་མྱི་ནི་ལེའུ་མིང་གི་རྣམ་གྲངས་སུ་ངེས། ལེའུའི་བྱེད་ལས་གཙོ་བོ་ནི་མོ་དང་རྩིས་བྱས་ཏེ་གདོན་དང་ནད་ངོས་ཟིན་པ། གཏོ་མདོས་གླུད་ཡས་བྱས་ནས་གླུ་གཉན་ས་བདག་སྐང་བ་དང་གནོད་བྱེད་ཀྱི་འདྲེ་བཀར་བ། སྨན་དཔྱད་སོགས་ལ་བརྟེན་ནས་ནད་ཞི་བར་བྱེད་པ། བླ་བསླུ་དང་བླ་འགུགས། ཤི་ཐབས་དང་འདུར་ཐབས། མདོར་ན་ཡར་རྒན་གྱི་ལྷ་སྟེ་གནམ་གཉན་ཀླུ་སོགས་ལ་མཆོད་པ་དང༌། བར་ཁྱིམ་གྱི་ཐབས་འདོན་པ། མར་གནོན་བྱེད་ཀྱི་འདྲེ་སྲིན་ལ་གླུད་ཡས་འཕངས་ཏེ་མགོ་མནོན་པ་བཅས་ཡིན། དྲང་མཁན་ལས་ལེའུ་ལྷ་རྣམས་འོང་པའི་དུས་བཏབ་ན། དེ་རིང་གཏོའ་བཞི་བདལ་བར་བཟང༌། བདུད་བཙན་དྲག་པ་ཅན་ལ་གླུད་བདལ་བ་དེ་རིང་བཟང༌། ལྷ་ལ་ཡོན་འབུལ་བར་དེ་རིང་བཟང༌། བོན་ལ་བརྔན་བྱིན་པ་དེ་རིང་བཟང༌། འདྲེ་ལ་ཡས་སྦྱིན་པ་དེ་རིང་བཟང་ཞེས་པ་ལས་ལེའུ་བྱེད་ལས་གཙོ་བོ་ནི་བདུད་བཙན་ལ་གླུད་བདལ་བ་དང༌། ལྷ་ལ་ཡོན་ཕུལ། བོན་ལ་བརྔན་བྱིན། འདྲེ་ལ་ཡས་སྦྱིན་པ། བོན་གྱི་ཐེག་པ་རིམ་དགུ་ལས་ཕྱ་སྣང་འཕྲུལ་སྲིད་ནི་རྒྱུའི་ཐེག་པ་བཞི་བོ་ཡིན།       ད་ལྟའི་བར་ལག་ཟིན་པའི་ལེའུའི་ཡིག་ཆ་པོད་གསུམ་ཡོད། ནང་དོན་ཕལ་ཆེར་མོ་རྩིས་གཏོ་དཔྱད་དང་འདུར་ཐབས། བླ་བསླུ་སོགས་ཡིན། དེ་དག་གི་དཀར་ཆག་ཡིག་ཚོགས་རྒྱས་པར་དོགས་ནས་འདིར་མ་བཀོད། གཞན་ཡང་ལེའུ་རྣམས་ཀྱི་ཡིག་ཆ་མང་ཤས་ཁ་རྒྱུད་དུ་གྲགས་ཆེ། ཡུལ་སྐད་ཐལ་ཆེ་བ་སོགས་ཀྱི་དབང་གིས་ཤིན་ཏུ་གོ་དཀའ་བར་སྣང་ཡང༌། ཞིབ་འཇུག་གི་རིན་ཐང་མཐོ་བར་སེམས་སོ།།

༢༠༠༨ལོའི༼དཔྱོད་ལྡན་མཆོད་པའི་མེ་ཏོག༽ལས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།