ཏུན་ཧོང་ཡིག་རྙིང་ནང་གི་སད་མར་ཀར།

ཏུན་ཧོང་ཡིག་རྙིང་ནང་གི་སད་མར་ཀར།
ཆོས་འཁོར་ཚང་ཉི་མ་འོད་ཟེར། བོན་སྒོ་གཙོ་སྒྲིག་པ།

    ༄༅། །བོན་པོའི་བསྟན་འབྱུང་ལས་གཞན་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་རྣམས་སུ་ཞང་ཞུང་གི་སྐོར་གླེང་བ་ཤིན་ཏུ་ཉུང་ཞིང༌། དེ་ལས་ཞང་ཞུང་གི་རྒྱལ་པོ་དང་དེའི་བཙུན་མོ་སོགས་གླེང་བ་ནི་དེ་བས་ཀྱང་དཀོན་པར་སྣང༌། འོན་ཀྱང༌། ཏུན་ཧོང་ཡིག་རྙིང་ལས་ཞང་ཞུང་གི་སྐོར་མང་ཙམ་བྱུང་བས་མ་ཚད། བོན་བན་གཉིས་ཀའི་བསྟན་འབྱུང་ལོ་རྒྱུས་རྣམས་སུ་ཡོངས་གྲགས་མིན་པ་ཞིག་སྟེ། ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱའི་བཙུན་མོའི་གྲས་སུ་བོད་བཟའ་”སད་མར་ཀར་”བྱ་བ་ཞིག་གི་སྐོར་རྒྱས་པར་གླེང་ཡོད། དེས་ན་འདིར་ཡང་”སད་མར་ཀར་”གྱི་ལོ་རྒྱུས་ཏུན་ཧོང་ཡིག་རྙིང་དུ་འཁོད་པ་དག་ལ་གཞི་རྩར་བཅོལ་ཏེ་སྐབས་དེར་བྱུང་བའི་ཞང་ཞུང་གི་རྒྱལ་པོ་དང༌། བོད་ཀྱི་རྒྱལ་པོའི་སྐོར་གྱི་གནད་དོན་འགའ་ལ་ཞིབ་དཔྱོད་བྱ་བར་སྤྲོའོ། །

“སད་མར་ཀར་”འདི་སྲོང་བཙན་སྐབས་ཡིན་ནམ།

ཏུན་ཧོང་ཡིག་རྙིང་ལྟར་ན། ཞང་ཞུང་གི་རྒྱལ་པོ་ལིག་མིན་རྐྱ་ཡི་ཁབ་ཀྱི་ཆུན་མར་གྲགས་པའི་བོད་བཟའ་”སད་མར་ཀར་”བྱ་བ་འདི་ཉིད་བོད་ཀྱི་རྒྱལ་པོའི་ལྕམ་སྲིང་ཡིན་པར་གསལ་མོད། འོན་ཀྱང་ཁོང་གི་དྲལ་པོའམ་སྐུ་ཡི་གཅེན་པོ་དེ་སྲོང་བཙན་སྒམ་པོ་དང༌། ཁྲི་སྲོང་ལྡེའུ་བཙན་གཉིས་པོ་ལས་སུ་ཡིན་གྱི་སྐོར་ཡིག་ཆ་དེ་ཉིད་ལས་ཀྱང་གསལ་པོ་དེ་ཙམ་འབྱུང་གི་མེད། དེས་ན། སད་མར་ཀར་གྱི་སྐོར་འདི་སྲོང་བཙན་སྐབས་འཇོག་མཁན་སྔ་ཤོས་དེ་སུ་ཡིན་ཞེ་ན། དེ་ནི་དགེ་འདུན་ཆོས་འཕེལ་ཡིན་ཞིང༌། ཁོང་གིས་ཏུན་ཧོང་གི་ཤོག་དྲིལ་ནང་གསལ་བའི་བོད་ཀྱི་ལོ་རྒྱུས་དེ་དག་གོ་བདེར་སྒྲིག་སྐབས་སད་མར་ཀར་གྱི་སྐོར་རྣམས་སྲོང་བཙན་གྱི་མཛད་པའི་གྲས་སུ་བཅུག་ཡོད།  དེ་ལ་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་གསུངས་གསལ་ལྟར་ན། ད་ལྟ་མིག་སྔར་མཇལ་རྒྱུ་ཡོད་པའི་ཧཕ་རན་སིའི་འགྲེམས་སྟོན་ཁང་དུ་བཞུགས་པའི་ཏུན་ཧོང་ཡིག་རྙིང་(Pelliot Tibetain 1287)རྟགས་ཅན་རང་ནའང་སད་མར་ཀར་གྱི་སྐོར་དེ་ཁྲི་སྲོང་ལྡེའུ་བཙན་གྱི་ལོ་རྒྱུས་འཆད་པའི་ཁོངས་སུ་བསྒྲིགས་སྦྱར་བྱས་ཡོད་ཀྱང༌། དོན་དངོས་སུ་སད་མར་ཀར་གྱི་ལོ་རྒྱུས་འདི་ཉིད་ཀྱིས་གཙོས་པའི་ཤོག་དྲིལ་རྙིང་པ་ཕལ་མོ་ཆེ་རྣམས་གནའ་བོའི་རྒྱ་དཔེ་སྲིབ་ཕྱོགས་སྟོང་པ་ཡིན་པའི་ཤོག་དྲིལ་དག་གི་སྟེང་དུ་བྲིས་ཡོད་པ་ཤ་སྟག་ཡིན་སྟབས། རྒྱ་ཡིག་ལ་བྱང་ཆུབ་པའི་ཉི་ཧོང་གི་མཁས་དབང་(Yoshiro Imaeda)ལགས་ཀྱིས་ཞིབ་དཔྱོད་མཛད་པའི་སྐབས། རྒྱ་ཡིག་དེ་རྣམས་ཆོས་པའི་ཕར་ཕྱིན་ཡིན་ཞིང༌། དེར་གཞི་བཅོལ་ན་སད་མར་ཀར་གྱི་སྐོར་གླེང་བའི་ཤོག་དྲིལ་དེའི་རྒྱབ་ཕྱོགས་ཀྱི་རྒྱ་ཡིག་རྣམས་འཁྲུགས་ཡོད་པས། དེ་ཉིད་སྲོང་བཙན་སྐབས་དང་བསྟུད་ནས་ཞིབ་སྐབས་རྒྱབ་ཕྱོགས་ཀྱི་རྒྱ་ཡིག་ཏུ་ཡོད་པའི་ཕར་ཕྱིན་དེ་ཡང་གོང་འོག་འཆུག་མེད་དུ་འགྲིག་གི་ཡོད་པར་བརྟེན། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཞེས་པ་སྒྱུར་སྒྲིག་བྱེད་པོ་དབང་རྒྱལ་དང་བསོད་ནམས་སྐྱིད་ཟུང་གིས་ཀྱང༌། སད་མར་ཀར་གྱི་སྐོར་དེ་ཁྲི་སྲོང་ལྡེའུ་བཙན་གྱི་མཛད་པའི་སྐབས་སུ་ཡོང་བར་མཐོང་སྐབས། “འདི་མན་གྱི་དུམ་བུ་དེ་སྲོང་བཙན་སྒམ་པོའི་མཛད་པ་ཡིན་ཞིང༌། འདིར་བཅུག་ནོར་བ་འདྲ།” ཞེས་པའི་མཆན་བུ་ཞིག་ཀྱང་བཏབ་ཡོད། དེས་ན་ཏུན་ཧོང་གི་ཤོག་དྲིལ་དངོས་ན་སད་མར་ཀར་གྱི་སྐོར་དེ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་འབྱུང་གི་མེད་དམ་སྙམ་པའི་དོགས་པ་ཞིག་ང་ཚོར་ངང་ངམ་ཤུགས་ཀྱིས་སྐྱེས། འོན་ཀྱང༌། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན། འདིར་དྲི་བ་ཞིག་སླེབས་པ་སྟེ། རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་ཕྱིས་སུ་ཤོག་དྲིལ་དེ་རྣམས་བཅད་གཏུབས་བྱས་ཏེ། སད་མར་ཀར་གྱི་སྐོར་དེ་ཁྲི་སྲོང་ལྡེའུ་བཙན་གྱི་ལོ་རྒྱུས་ཁོངས་སུ་བསྒྲིགས་སྦྱར་ཞུས་པ་ཡིན་ནམ་ཞེས་པ་དེའོ། །

     ཡང་དགེ་འདུན་ཆོས་འཕེལ་ཁོང་གིས་སད་མར་ཀར་གྱི་སྐོར་དེ་ཉིད་སྲོང་བཙན་སྐབས་འཇོག་དོན་ཅི་ཡིན་ཞེ་ན། ཁོང་གིས་བཞེད་དོན་ལྟར་སྲོང་བཙན་གྱིས་འཛམ་གླིང་སུམ་གཉིས་དབང་བསྒྱུར་བྱས་པ་དང༌། དེས་ཞང་ཞུང་གི་རྒྱལ་པོའི་སྲིང་མོ་བླང་པ་སོགས་དང་འབྲེལ་བ་ཤིན་ཏུ་ཆེ་བས་མ་ཟད། ཞང་ཞུང་ཡང་བོད་འོག་ཏུ་འཇུག་མཁན་མཐའ་མའམ། ཞང་རྒྱལ་དགྲོང་མཁན་དེ་སྲོང་བཙན་ལ་ངོས་འཛིན་ཞུ་གི་ཡོད་པ་བཅས་ཀྱིས་ཡིན་པར་སྙམ།

     དེས་ན་འདིར་ངེས་པར་གཞིགས་དགོས་པའི་གནད་ཅིག་སྟེ། གལ་ཏེ་སད་མར་ཀར་འདི་སྲོང་བཙན་གྱི་སྲིང་མོ་ཡིན་པའི་དབང་དུ་བཏང་ན། ཏུན་ཧོང་གི་ཡིག་རྙིང་དེར་སད་མར་ཀར་ནི་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱའི་ཁྱིམ་ལས་སོ་ནམ་མམ་རྒྱལ་རྒྱུད་སྤེལ་གཞིའི་བུ་སྲིད་མི་མཛད་པར་ལོགས་སུ་བཞུགས་ཡོད་པར་གླེང་འདུག་པས། སྐབས་དེར་སྲོང་བཙན་གྱིས་ཞང་བཟའ་”ལིག་ཏིག་སྨན་”ཞེས་པ་ཞང་རྒྱལ་གྱི་སྲིང་མོ་ཞིག་བཙུན་མོར་བླང་ཡོད་པ་ནི་བོན་བན་གཉིས་ཀའི་ལོ་རྒྱུས་ནང་ཡོངས་སུ་གྲགས་ཕྱིར། སྲོང་བཙན་ལའང་འཁོན་ལན་སློག་ས་ཞིག་ཡོད་ཀྱང༌། ཏུན་ཧོང་ཡིག་རྙིང་ནང་དེའི་སྐོར་མིང་ཙམ་ཡང་མི་གླེང་བ་དེ་ནི་གནད་དོན་དངོས་ཉིད་འཚོལ་བྱེད་ཀྱི་དྲི་བ་གལ་ཆེན་ཞིག་ཏུ་གྱུར་ཡོད།

      ཡང་ཕྱོགས་གཞན་ཞིག་ནས་དཔྱད་ན། ཏུན་ཧོང་ཡིག་རྙིང་དུ་གསལ་བའི་སད་མར་ཀར་ལས་འཕྲོས་པའི་ཞང་ཞུང་གི་རྒྱལ་པོ་དང་བོད་ཀྱི་རྒྱལ་པོ་གཉིས་ཀྱི་གནད་དོན་གཅིག་མཚུངས་ཤིག་ཞང་ཞུང་སྙན་རྒྱུད་བོན་མ་ནུབ་པའི་གཏན་ཚིགས་ཀྱིས་གཙོས་པའི་བོན་གཞུང་རྙིང་གྲགས་རྣམས་སུ་རྒྱས་པར་གསལ། དེར་བརྟེན་ད་ལྟའི་ཚད་ལ་སད་མར་ཀར་འདི་བོན་ཕྱོགས་ནས་ཁྲི་སྲོང་དང་སྦྲེལ་ཞིང༌། ཆོས་ཕྱོགས་ནས་སྲོང་བཙན་དང་སྦྲེལ་མཁན་དེ་བས་ཀྱང་མང་བར་གྱུར་ཡོད།

ལིག་མི་རྐྱའམ་ལིག་སྙ་ཤུར།

      ཏུན་ཧོང་ཡིག་རྙིང་ནང་རྒྱལ་ཕྲན་སིལ་མ་བཅུ་གཉིས་གླེང་སྐབས་གཉའ་ཁྲི་བཙན་པོས་”ཞང་ཞུང་བར་པ་འྀ་རྗེ་བོ་ལིག་སྙ་ཤུར་”ཞེས་པ་ཞིག་དབང་དུ་བསྡུས་མྱོང་བར་གསལ་ཡོད། འོན་ཀྱང་དེ་ནས་དུས་ཇི་ཞིག་གི་རིང་ལ་ངོ་ལོག་མིན་མི་གསལ་མོད། ལོ་རྒྱུས་ལ་ལར་སྟག་རི་གཉན་གཟིགས་ཀྱིས་ཞང་ཞུང་རྗེ་བོ་བཏུལ་ཟེར་བའང་སྣང༌། དེ་ནི་བདེན་ཤས་ཆེ་སྟེ། ཏུན་ཧོང་ཡིག་རྙིང་དུ་སྲོང་བཙན་གཞོན་ནུའི་སྐབས་ཞང་ཞུང་རྣམས་ངོ་ལོག་པར་གསུངས་པས་སོ། །དེས་ན་ཡིག་རྙིང་དེ་རང་དུ་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་ནས་ལོ་གསུམ་གྱི་རྗེས་སུ་གཞི་ནས་སྲོང་བཙན་སྒམ་པོས་ཞང་རྒྱལ་ལིག་སྙ་ཤུར་བརླག་ནུས་པ་དང༌།    དེ་ནས་ལོ་དྲུག་ལས་མ་འགོར་བར་ཁྱིའི་ལོར་སྲོང་བཙན་འདས་པས། དེ་རྗེས་ཀྱི་ལོ་ངོ་ཉེར་བརྒྱད་ཙམ་འདས་པའི་གླང་གི་ལོ་སྟེ་བཙན་པོ་འདུས་སྲོང་གི་སྐབས་ཞང་ཞུང་རྣམས་སླར་ཡང་ངོ་ལོག་པར་གསལ་བས། ཡིག་རྙིང་དེ་ཉིད་ལ་སྲོང་བཙན་གྱི་སྐོར་རྣམས་གཏུབས་ཏེ། ཁྲི་སྲོང་གིས་ཀྱང་ཞང་ཞུང་གི་རྒྱལ་པོ་ལིག་མྱི་རྐྱ་བཏུལ་བར་བསྒྲིགས་སྦྱར་བྱས་ཡོད་པ་ལ་དགོས་པ་ཤིན་ཏུ་ཆེ་བར་མཐོང་ངོ༌། །

      དེས་ན་གཉའ་ཁྲི་དང༌། སྲོང་བཙན། ཁྲི་སྲོང་ཀུན་གྱིས་བཏུལ་བར་སྐད་པའི་ཞང་ཞུང་རྒྱལ་པོ་གསུམ་ཀའི་མཚན་ལ་ལིག་མི་རྐྱ་རང་དུ་གསལ་བ་ལ་བརྟགས་ན། “ལིག་མི་རྐྱ་”ཞེས་པའི་ཞང་མིང་འདི་ཞང་ཞུང་རྒྱལ་པོ་ཀུན་གྱི་སྤྱི་མིང་ཞིག་མིན་ནམ་སྙམ་སྟེ།   དེའི་དོན་བོད་སྐད་དུ་”སྲིད་པའི་རྒྱལ་པོ་”ཞེས་སུ་གོ་བ་བཞིན། ཞང་རྒྱལ་གྱི་ཕྱག་ཐམ་ད་ལྟའང་བཞུགས་པ་དེར་ཞང་ཡིག་ཏུ་”ཁ་ཙན་པ་ཞང་ལིག་ཞི་ར་ཙ་”ཞེས་བྱུང་བའང༌།   བོད་སྐད་དུ་”ཐམས་ཅད་དབང་བསྒྱུར་སྲིད་པའི་རྒྱལ་པོ་”ཞེས་སུ་གོ་ཡོང་བས་སོ། །

      དེས་ན་ཞང་ཞུང་འདི་གཉའ་ཁྲི་དང༌། སྟག་རི་གཉན་གཟིགས། སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེའུ་བཙན་རྣམས་ཀྱིས་རིམ་པས་དབང་དུ་བསྡུས་མྱོང་ལ། ངོ་ཡང་ལོག་མྱོང་བར་གསལ་པོར་གྱུར་པས། དེ་ལྟར་ན་སྲོང་བཙན་གྱིས་བཏུལ་བའི་ལིག་མི་རྐྱ་དང༌། ཁྲི་སྲོང་གིས་བཏུལ་བའི་ལིག་མི་རྐྱ་གཉིས་སོ་སོར་ཡོད་པའང་འཐད་སྟེ། སྲོང་བཙན་སྐབས་ཀྱི་ཞང་རྒྱལ་ལིག་མི་རྐྱ་ལས་”ཞང་ཞུང་བཟའ་ལི་ཐིག་དམན་”ཚུར་བླངས་པ་དང༌། ཁྲི་སྲོང་སྐབས་ཀྱི་ཞང་རྒྱལ་ལིག་མི་རྐྱ་ལས་སད་མར་ཀར་ཕར་ཕུལ་བ་གཉིས་ཀྱི་ལོ་རྒྱུས་རྩ་ནས་འདྲེས་མེད་པས་སོ། །གཉིས་སུ་ཁྲི་སྲོང་གིས་ཞང་ཞུང་བཏུལ་རྗེས་གཞི་ནས་དེ་འབྲེལ་གྱིས་ལི་ཡུལ་སོགས་དབང་དུ་བསྡུས་པར་ཡིག་རྙིང་དེ་རང་དུ་སྣང་བས་སོ། །

སད་མར་ཀར་ཁྲི་སྲོང་དང་འབྲེལ་ཚུལ།

     རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བོན་མ་ནུབ་པའི་གཏན་ཚིགས་སུ། ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་ལ་བཙུན་མོ་ཆེན་ཆུན་གསུམ་ཡོད་པར་གསུངས། དེ་གསུམ་ལས་”ཆེ་བ་ཁྱུང་མོ་ཟ་མཚོ་རྒྱལ་”དང༌། འབྲིང་བ་”ཤུད་ཀེ་ཟ་རྩལ་ཏིང་ཤགས།” “ཆུང་ཤོས་”སམ་”ཡང་ཆུན་”ནི་གུ་རུབ་ཟ་སྣང་སྒྲོན་ལེགས་མོ་ཡིན།

      འདིར་དེ་གསུམ་ལས་གང་དང་སད་མར་ཀར་འབྲེལ་བ་ཡོད་མིན་བརྟགས་པར་བྱ་བ་ལ། སད་མར་ཀར་ནི་ཞང་རྒྱལ་གྱི་བུ་སྲིད་མི་འཛིན་པར་ལོགས་ན་བཞུགས་ཡོད་ཕྱིར། ཁབ་ཀྱི་ཆེན་མ་ཁྱུང་བཟའ་མཚོ་རྒྱལ་བྱ་བ་དེ་ཉིད་མིན་པ་ནི་རྟོགས་སླའོ། །དེ་བཞིན་བཙུན་མོ་འབྲིང་བ་ཤུད་ཀེ་བཟའ་རྩལ་ཏིང་ཤགས་ཀྱང་མིན་པར་ཏུན་ཧོང་ཡིག་རྙིང་རང་ན་སད་མར་ཀར་ཞང་རྒྱལ་གྱི་ཁབ་ཏུ་མ་བྱོན་པའི་སྔོན་དུ་ཞང་རྒྱལ་ལ་བཙུན་མོ་ཤུད་ཀེ་བཟའ་ཡོད་པར་གླེང་བས་ཀྱང་ཤེས་སོ། །

       དེས་ན་ད་ནི་ཁབ་ཀྱི་ཆུན་མ་སྣང་སྒྲོན་ལེགས་མ་དང་འབྲེལ་བ་ཡོད་མེད་བརྟགས་པ་ལས་འོས་མེད་སྟབས། དང་པོ་མཚན་ནས་བརྟགས་པར་བྱ་བ་ལ། “སད་མར་ཀར་”ཞེས་པ་ནི་ཞང་ཞུང་གི་སྐད་ཡིན་པས། འདིར་”སད་”ནི་བྱལྷ་བྱདང༌། “མར་”ནི་བྱགསེར།བྱ “ཀར་”ནི་བྱའོད་བྱདམ་བྱསྒྲོན་མེ་བྱལ་འཇུག་ཕྱིར། “སད་མར་ཀར་”ནི་བོད་སྐད་དུ་”ལྷ་མོ་གསེར་འོད་”དམ། ཡང་ན་”ལྷ་མོ་གསེར་སྒྲོན་”ལྟ་བུ་ལ་གོ་བས། སྒྲ་དོན་གཉིས་ཕྱོགས་ནས་”སྣང་སྒྲོན་ལེགས་མ་”ཞེས་པའི་མིང་དང་ཤིན་ཏུ་ཉེ་བར་གནས།

      འོན་ཀྱང༌། ད་དུང་འདི་ལས་ཀྱང་ཅུང་ཟད་མནོ་བསམ་ཞིབ་པར་བཏང་ནས། གལ་ཏེ་སད་མར་ཀར་ཞེས་པའི་”མར་”དེ་”སྨར་”ཡིན་པའི་ཚད་ཅིག་བྱས་ན།  དེ་ནི་ཞང་ཞུང་སྐད་དུ་”བཟང་པོ་”དང་”ལེགས་པོ་”སོགས་ཀྱི་དོན་ལ་འཇུག་སྟབས། “སད་”ལྷ་དང༌། “སྨར་”ལེགས་པོ། “ཀར་”སྒྲོན་མེར་བྱས་ཚེ། “སད་སྨར་ཀར་”ནི་”ལྷ་མོ་སྣང་སྒྲོན་ལེགས་མོ་”རང་དུ་གོ་བར་གྱུར་པས་གནད་འདི་ལ་ཅིས་ཀྱང་བསམ་དགོས་པར་མཐོང་ངོ༌། །

       གཉིས་སུ་ནི། སད་མར་ཀར་དང་སྣང་སྒྲོན་ལེགས་མོ་འདི་གཉིས་ཀ་ཞང་ཞུང་རྒྱལ་པོས་གཙིགས་སུ་མི་ཆེ་བའི་ཁབ་ཀྱི་ཆུན་མར་གནས་པ་ལའང་མཐུན་ནོ། །

     གསུམ་དུ་ནི། བཙུན་མོ་དེ་གཉིས་ཀའི་ལོ་རྒྱུས་སུ་ཞང་ཞུང་རྒྱལ་པོ་དགྲོང་བ་ལ་གསང་བའི་བརྡ་བཏང་ནས་ནུས་པ་བཏོན་པའི་ལོ་རྒྱུས་ཡོད་པར་མཐུན་པ་སོགས་རྒྱུ་མཚན་དུ་མཐོང་ངོ༌། །འོན་ཀྱང་རག་ར་སོགས་མཁས་དབང་ལ་ལས། འདི་ཉིད་བོད་མིང་ཞིག་ཡིན་ཁུལ་དུ་པད་མ་ཀ་ར་ལྟ་བུ་སོགས་ཀྱང་བྱེད་ཀྱིན་འདུག་པས། དེ་ནི་འཆུག་པར་ཟད་དོ། །

      གཞན་ཡང་ཆོས་ཕྱོགས་ཀྱི་ལོ་རྒྱུས་དངོས་ཏེ་སྲོང་བཙན་གྱི་སྔོན་དུ་བོད་དུ་ཡི་གེ་འབྲི་རྒྱུ་མེད་པ་དེ་དང་བསྡུར་ཚེ་ཏུན་ཧོང་ཡིག་རྙིང་༥༩ལས། “བཙན་པོ་དྲལ་ལ༌། བཀའ་ལན་ཡྀ་གེར་གསོལ་བ་ནྀ་ཆང་མ་མཆིསོ།” །ཞེས་དང༌། “གྱིམ་བརྩན་རྨང་ཅུང་སླར་བཙན་པོ་སྤྱན་སྔར་མཆིས་ནས། བཙན་མོས་བཀའ་ལན་ཡྀ་གེར་གསོལ་པ་ནྀ་ཆང་མ་མཆིས།  །མགུར་བླངས་པ་འྀ་ཚིག་ནི་འདྀ་ཞེས་མཆི༌།” ཞེས་ཀྱང་གསུངས་པ་ནི་ཁྲི་སྲོང་གི་དུས་ལས། སྲོང་བཙན་གྱི་སྐབས་ཡིན་པར་དེ་ཙམ་གྱིས་ངེས་པ་རྙེད་ཁག་པ་ཞིག་ཡིན་པར་མཐོང་ངོ༌། །

སད་མར་ཀར་དང་འབྲེལ་བའི་བློན་པོ་སྤུག་གྱིམ་བརྩན་རྨང་ཆུང༌།

     གཞན་ཡང་ཏུན་ཧོང་ཡིག་རྙིང་ལྟར་ན། སད་མར་ཀར་དང་འབྲེལ་བའི་མི་སྣ་གཞན་ཞིག་ཡོད་པ་ནི། བོད་ཀྱི་རྒྱལ་པོའི་བློན་པོ་སྤུགས་གྱིམ་བརྩན་རྨང་ཆུང་བྱ་བ་དེ་ཡིན། འོན་ཀྱང་སྤུགས་གྱིམ་བརྩན་རྨང་ཆུང་འདི་ཉིད་སྲོང་བཙན་གྱི་ཕྱི་ནང་བློན་ཆེན་བཟང་གྲས་གང་དུའང་མི་གསལ་བས། བོན་གཞུང་ལྟར་ན་ཁྲི་སྲོང་གིས་བོན་སྣུབ་སྐབས་སུ་བོན་སྐྱོབས་པར་བྱས་རྗེས་ཆེ་བའི་མཁས་པ་མི་བཞིར་གྲགས་པའི་ནང་དུ་ལྡེ་བོན་གྱིམ་རྩ་རྨ་ཆུང་བྱ་བ་ཞིག་ཀྱང་ཡོད་པས། གལ་ཏེ་མིང་མཐུན་གྱི་སྐྱེས་བུ་འདི་གཉིས་འབྲེལ་བ་ཡོད་པའམ་སྐྱེས་བུ་གཅིག་ཏུ་ངེས་ན། སད་མར་ཀར་གྱི་སྐོར་འདིའང་མཐའ་གཅིག་ཏུ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ཡིན་པར་ཅིས་ཀྱང་རིགས་སོ། །གཉིས་སུ་ནི་སྲོང་བཙན་སྐབས་གྱིམ་བརྩན་དང་ཉེ་བའི་མཚན་ཞིག་བོན་བན་གཉིས་ཀའི་གཞུང་ལས་གསལ་མེད་ལ། སད་མར་ཀར་ནི་དེ་བས་ཀྱང་མ་གསལ་ལོ། །

        མདོར་ན་སྲོང་བཙན་སྐབས་ལིག་ཏིག་སྨན་དང༌། ཁྲི་སྲོང་སྐབས་སྣང་སྒྲོན་ལེགས་མའི་མཚན་དང་ལོ་རྒྱུས། དེ་བཞིན་དེའི་བློན་པོ་གྱིམ་རྩན་རྨ་ཆུང་སོགས་ལ་ལེགས་པར་བརྟགས་ན་སད་མར་ཀར་ནི་སྲོང་བཙན་སྒམ་པོ་ལས་ཁྲི་སྲོང་ལྡེའུ་བཙན་དང་འབྲེལ་བ་ཆེ་བར་ཡོད་པའི་བཟོ་རུ་སྣང་བ་ཙམ་དུ་གླེང་སྟེ་རེས་ཤིག་མཇུག་བསྡུའོ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།