ཞང་ཞུང་བོད་མིའུ་གདུང་དྲུག་གི་རུས་རྒྱུད་ཡིན་ནམ་མིན།

ཞང་ཞུང་བོད་མིའུ་གདུང་དྲུག་གི་རུས་རྒྱུད་ཡིན་ནམ་མིན།
ཆོས་འཁོར་ཚང་ཉི་མ་འོད་ཟེར། བོན་སྒོ་གཙོ་སྒྲིག་པ།

      བོན་གྱི་ལོ་རྒྱུས་ཁུངས་དག་རྣམས་སུ་གདུང་རྒྱུད་ཀྱི་རྒྱལ་པོ་དྲུག་འཆད་སྐབས་ཞ༷ང་ཞུ༷ང་ནི་དམུ༷་རིགས་གཤེན་ལྷའི་གདུང་རྒྱུད་དང༌། བོད་ཡུལ་རུ་བཞི་ནི་གཉེན་རིགས་མཁའ་འགྱིང་གི་གདུང་རྒྱུད། རྒྱ་གར་ནི་ཤཱཀ་རིགས་གར་གསས་ཀྱི་གདུང་རྒྱུད། སོག་པོ་ནི་ཧོས་རིགས་གནམ་གསས་ཀྱི་གདུང་རྒྱུད། ཕྲོམ་གེ་སར་ནི་དཔོ་རིགས་གསས་རྗེའི་གདུང་རྒྱུད། རྒྱ་ནག་ནི་ཧ་ཤང་རྒོད་གསས་ཀྱི་གདུང་རྒྱུད་བཅས་རྒྱས་ཤིང་གསལ་བར་འཆད་སྟེ། བོད་དང་ཞང་ཞུང་གཉིས་ནི་མི་རིགས་སོ་སོ་རུ་བཞག་ཡོད།

     དེ་བཞིན་ཕྱྭ་དམུ་གཙུག་གསུམ་གྱི་རྒྱུད་རབས་འཆད་དུས་ཀྱང་ཞང་ཞུང་མི་རིགས་ཀྱི་འགྲོལ་ཕུགས་ནི་ལ་ལ་ཞིག་”ཕྱྭ་”རབས་སུ་གསལ་ཡང༌། བོད་རིགས་ནི་མཐའ་གཅིག་ཏུ་”གཙུག་”རབས་ཀྱི་ཁོངས་སུ་གཏོགས་པ་ནི་གཤེན་རབ་མི་བོའི་མཛད་མདོ་དག་གི་དགོངས་པའོ། །

      ཡང་ཆེས་སྔ་བའི་བོན་གཞུང་རྣམས་སུ་མི་ལ་རིགས་རུས་བཞི་རུ་བགྲང་ཚུལ་གྱི་ཐ་སྙད་དེ་རྒྱ་གར་གྱི་ལུགས་ལྟར་རྒྱལ་རིགས་དང༌། རྗེའུ་རིགས། བྲམ་ཟེའི་རིགས། དམངས་རིགས་བཅས་སུ་འདྲ་མཚུངས་”ས་པའང་ཡོད་མོད།  འོན་ཀྱང་དེ་དག་གི་དབྱེ་ཚུལ་ནི་རྒྱ་གར་དང་མི་མཐུན་པར་བོན་གཞུང་ནང་གི་མི་རིགས་བཞི་པོ་དེ་ནི་འཛམ་གླིང་མི་རིགས་ཀུན་ལ་ཁྱབ་པའི་ཁུལ་དུ་སྣང་ལ། དེ་དག་དང་མཚུངས་པར་ཀློང་ཆེན་ཆོས་འབྱུང་ལས་”བཞི་པོ་དེ་རུ་འཛམ་གླིང་གི་མི་རིགས་ཐམས་ཅད་འདུ་བ་ཡིན་”ཞེས་ཀྱང་བཤད་པས། དེ་དག་གི་རབས་དང་རིམ་པ་ལ་དཔྱད་ཚེ་བོད་དང་ཞང་ཞུང་གཉིས་མི་ཁུངས་གཅིག་གི་གདུང་རྒྱུད་དུ་མི་གཏོགས་པ་ནི་ཤིན་ཏུ་གསལ་བའི་ཚད་དུ་སྣང༌། །འོན་ཀྱང་ལ་དྭགས་རྒྱལ་རབས་སུ་”བཞི་པ་དེ་ལས་མི་རིགས་ཕལ་ཆེར་གྱེས་སོ་”ཞེས་ཀྱང་གསལ།

     འོན་ཀྱང་ཕྱིས་ཀྱི་དུས་རབས་བདུན་པའི་ནང་ཚུད་ནས་བྱུང་བའི་རྒྱལ་རབས་དང་ཆོས་འབྱུང་རྣམས་སུ་”མིའུ་གདུང་དྲུག་”ཅེས་གཙོ་བོ་སེ་ཁྱུང་དབྲ༷་དང༌། དམུ་ཚ་སྒ༷། ཨ་སྤོ་ལྡོང༌། ཨ་ཐང་འབྲུ༷་ཞེས་རྩ་བའི་རུས་ཚན་བཞི་ཡི་སྟེང་དུ་ལྷ་རིགས་རྒོ་བརྩིས་པས་རུས་ཚན་ལྔ་དང༌། དེ་སྟེང་དཔ༷འ་ཟླ་[ཧོར་]བསྣན་པས་རུས་ཚན་དྲུག་ཏུ་བརྩི་ཚུལ་སོགས་ཤུགས་ཆེར་ཁྱབ་ཡོད། དེ་ལྟར་ན་ཡང་གོང་གསལ་མིའུ་རིགས་བཞི་དང༌། རུས་ཆེན་སྡེ་ལྔ། མིའུ་གདུང་དྲུག་དེ་དག་རེ་རེ་ལའང་བགྲང་ཚུལ་མི་འདྲ་བའི་ལུགས་ཤིན་ཏུ་མང་བས་ཡིད་རྟོན་ཕེར་བ་ཞིག་ནི་དེ་བས་ཀྱང་དཀོན་པར་གྱུར་ཡོད།

     གང་ལྟར་ཅུང་ཟད་གྲགས་ཆེ་བ་དག་ལ་གཞི་བཅོལ་ནས་གླེང་ན། མིའུ་གདུང་དྲུག་དེ་ཆེ་ས་ནས་བོད་ཡུལ་རུ་བཞིའི་ཁྱིམ་མཚེས་སུ་གྱུར་པའི་རྒྱལ་ཁབ་ཕལ་ཆེ་བའི་ཡུལ་སོགས་རིགས་རུས་དང་བཅས་པ་རྣམས་སྲོང་བཙན་སྒམ་པོའི་སྔོན་ཚུད་ནས་བོད་ཁོངས་སུ་ཡོད་པའི་རྣམ་པ་ཞིག་སྟོན་གྱིན་ཡོད། འོན་ཀྱང་ཞང་ཞུང་གི་མི་རབས་དང༌། བོད་ཀྱི་ལྷ་རབས། རྒྱའི་ཐང་ཡིག་དག་ལ་གཞིགས་ཚེ་དེ་དག་ལས་གནད་དོན་གཞན་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་ར་འཕྲོད་འབྱུང་བར་མངོན།

     མིའུ་གདུང་དྲུག་དེ་ཁྱབ་ཆེ་སའི་དབང་དུ་འཇོག་ཚུལ་ནི། དང་པོ། དབུ་ནག་མིའུ་འདྲ་ཆགས་ ཞེས་ཆེ་དགུ་རིང་བཅུ་ཡིས་མཛད་པར་གསལ་བའི་ནང་”སེ་ཁྱུང་དབྲ་”ཞེས་འཁོད་པ་དེ་ལ་”བསེ་ཁྱུང་སྦྲ་”ཡང་ཟེར་མོད། གང་ལྟར་དེ་ལ་”སྦྲ་ཞང་ཞུང་”ངམ་”དབྲ་ཞང་ཞུང་”ཞེས་”དབྲ་” རིགས་དེ་ཉིད་ཀྱི་ཁྱབ་ཁོངས་སུ་”ཞང་ཞུང་”སྒོ་ཕུག་བར་གསུམ་ཐམས་ཅད་བཙུད་པར་”ས་རུང༌། དེ་དག་ནི་ཏུང་ཧོང་གི་ཡིག་རྙིང་ལས་ཀྱང་ཕྱིས་སུ་བྱུང་བའི་གཏམ་གསར་ཞིག་ཏུ་འཁུམས་སོ། “།དབྲ་ཞང་ཞུང་”འདི་ལ་མིའུ་རིགས་བཞིའི་ལྷ་སེལ་ལྟར་ན་”སྨར་ཞང་ཞུང་”ཡང་ཟེར་རོ། །

       གཉིས་པ། “དམུ་ཚ་སྒ་”ཞེས་པའི་”དམུ་”འདི་ནི་གདུང་རྒྱུད་ཀྱི་རྒྱལ་པོ་”དམུ༷་ཤག་ཧོས་དཔོ་རྒྱ་གཉན་”དྲུག་གི་”དམུ་”དེ་མིན་པར། “ཕྱྭ་དམུ༷་གཙུག་”གསུམ་དུ་གྲགས་པའི་”དམུ་”དེ་ཉིད་ལ་འཇུག་སྟེ། རྩ་རྒྱུད་ཉི་ཟེར་སྒྲོན་མའི་ནང་ཕྱྭ་དམུ་གཙུག་གསུམ་གྱི་རྒྱུད་རབས་གསུངས་སྐབས་”རྗེའུ་རིགས་ནི་སྒ༷་རིགས། རྟག་གཟིགས། བལ་པོ་གསུམ་ཞེས་པ་ནས་དེ་རྣམས་ནི་དམུ༷་རྒྱུད་དོ།” །ཞེས་གསུངས་པས་ངེས་ལ། “སྒ་”དེ་ལ་”རྒྱ་”ཡང་འབྲི་སྟེ། ལུང་གོང་མའི་དོད་དུ་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས། “རྗེ་རིགས་རྒྱ༷་དང་ཏ་ཟིག་བལ་པོ་གསུམ།” །ཞེས་ཀྱང་གསལ་བས་སོ། །དེ་བཞིན་”དམུ་ཚ་སྒ༷་”འདི་ལའང་བན་དེ་དང་བོན་པོ་གཉིས་ཀའི་གཞུང་དུ་སྐབས་འགར་”རྒྱ༷་དྲང་རྗེ་”ཞེས་ཀྱང་གསལ་བས། “སྒ་”རིགས་ནི་ཅིས་ཀྱང་”རྒྱ་”རིགས་ལའང་འཇུག་པའི་ཁུལ་དུ་སྣང་སྟེ། དུང་དཀར་བས་དྲང་གར་རྗེ་དང་དྲང་རྗེ་ཕ་ལྔའི་ཡུལ་དེ་མདོ་ཁམས་ཤར་རྒྱུད་ལ་ཚོད་དཔག་བྱེད་པ་བཞིན། གངས་རིའི་དཀར་ཆག་ལས་ཀྱང༌། “སྨད་མདོ་གམ་སྒང་དྲུག་རྒྱ༷་ན༷ག་གི་ཡུལ།” ཞེས་བྱུང་བས་སོ། །འོན་ཀྱང༌། དེ་ནི་ཆེས་སྔ་བའི་ལོ་རྒྱུས་དང་འབྲེལ་བ་ཞིག་ཡོད་ན་མ་གཏོགས། ཡོངས་གྲགས་སུ་དེ་ལྟར་”སྒ་”རིགས་དང༌། “རྒྱ་”རིགས། “རྒྱལ་”རིགས་སོགས་ཅི་ཞིག་”ས་རུང་འབབ་ས་ནི་སྲོང་བཙན་སྐབས་རང་སྲིད་རང་སྐྱོང་བྱེད་པའི་བོད་རྒྱའི་དབར་གྱི་རྒྱལ་ཕྲན་”འ་ཞ་” ཞེས་པ་དེ་ལ་འཇུག་པའི་ཁུངས་ལུང་ཤིན་ཏུ་ནས་མང་ངོ༌། །འོན་ཀྱང་ཏུན་ཧོང་ཡིག་རྙིང་ལྟར་ན་”རྒྱ་དྲང་རྗེ་”འམ་”དྲང་གར་རྗེ་”ནི། “འ་ཞ་རྗེ་”ལས་ལོགས་སུ་ཡོད་པ་ལྟ་བུར་ཡང་ཡང་མངོན་ལ། མཁས་པའི་དགའ་སྟོན་ལའང་དེ་བཞིན་གསལ། འ་ཞའི་ཡུལ་ནི་རྨ་པོམ་ར་མན་ཆད་ཀ་ཐང་ཀླུ་ཚེས་ཡན་ཆད་ན་ཡོད་པར་གསལ། དེ་ལྟར་རྒྱ་བོན་ཟིང་པ་མཐུ་ཆེན་སོགས་ནི་དེ་ཕྱོགས་སུ་འཁྲུངས་ཤིང་རུས་རྒྱ་ཡིན་པས་ལུང་རིག་མཐུན་ནོ། །

        གསུམ་པ། “ཨ་སྤོ་ལྡོང་”ལ་ཡོངས་གྲགས་སུ་“ལྡོང་མེ་ཉག་”ཅེས་སུ་བརྗོད་པ་ལྟར་“ལྡོང་རིགས་”ནི་“མེ་ཉག་”ཁུལ་གྱི་མི་རྒྱུད་ལ་ངོས་འཛིན་”པའང་མང༌། འོན་ཀྱང་ནམ་མཁའི་ནོར་བུས་“ལྡོང་རིགས་”ནི་“ཆཱང་”རིགས་ལ་ངོས་བཟུང་མཛད་པ་བཞིན།  བོན་གཞུང་རྣམས་སུ་“ལྡོང་གི་སྐད་”དང་“མེ་ཉག་གི་སྐད་”གཉིས་སོ་སོར་བསྟན་པ་ལ་དཔྱད་ཚེ་གནས་ལུགས་ཆེ་བར་སྙམ། གང་ལྟར་“མེ་ཉག་”འདི་ཉིད་སྔ་མོའི་དུས་སུ་བོད་ཡུལ་རུ་བཞིའི་ཁྱབ་ཁོངས་སུ་མེད་ཅིང༌། རང་སྲིད་རང་སྐྱོང་བྱེད་པའི་རྒྱལ་ཁབ་ཅིག་ཏུའང་བྱུང་མྱོང༌།

     བཞི་པ། “ཨ་ཐང་འབྲུ༷་”འམ་”ཨ་ཅག་འབྲུ༷་”འདི་ནི། “སྟོང་སུམ་པ་”སྟེ། སུམ་པའི་ཡུལ་གྲུ་ཞེས་གནའ་དུས་བོད་ལས་ལོགས་སུ་ཡོད་ཀྱང༌། སྲོང་བཙན་གྱིས་དབང་དུ་བསྡུས་རྗེས་བོད་ཡུལ་རུ་བཞིའི་སྟེང་དུ་”སུམ་པའི་རུ་”འདི་བསྣམས་པས་བོད་ཡུལ་རུ་ཆེན་ལྔ་རུ་གྲགས་སོ་སྐད་པའི་རུ་ལྔ་པ་དེ་ཉིད་དོ། །

       ལྔ་པ། “ལྷ་རིགས་རྒོ་”འདི་ལ་འབྲུ་བཀྲ་ཤིས་རྒྱ་མཚོས་”ཞིང་བོ་རྒོ་”ཞེས་ཟེར་ཡང༌། ཡོངས་གྲགས་ཀྱི་རུས་མཛོད་རྣམས་སུ་”ཞང་པོ་རྒོ་”ཞེས་ཟེར་བའང་འདུག་པས། ཕལ་ཆེར་བོད་རྒྱ་གཉེན་སྒྲིག་”ས་རྗེས་སུ་བོད་པས་རྒྱ་ལ་”ཞང་པོ་”དང༌། རྒྱས་བོད་ལ་”དབོན་པོ་”རུ་འབོད་པས། འདི་”རྒྱ་”ལ་གོ་བ་མིན་ནམ་སྙམ་པའང་བྱུང་སྟེ། རྒྱ་ནག་ནི་”ལྷ་རིགས་རྒོད་གསས་”ཀྱི་གདུང་རྒྱུད་ཡིན་པར་གནའ་བོའི་བོན་གཞུང་རྣམས་སུ་གསལ་ཕྱིར། “ལྷ་རིགས་རྒོད་”ཅེས་པའི་”རྒོད་”དེ་ཕལ་ཆེར་”རྒོ་”རུ་གྱུར་པ་ཡིན་ཡང་སྲིད་ལ། གཉིས་སུ་ནི་ལོ་རྒྱུས་འགར་སྟོང་ཞང་པོ་ཁྱུང་ལུང་དང་སྨད་ཞང་པོ་རྒྱ་ལ་”ས་པའང་སྣང༌། གསུམ་དུ་ནི་གོང་གསལ་བཞི་པོ་རྣམས་བོད་ཡུལ་གྱི་ཁྱིམ་མཚེས་ཁོ་ནར་གྱུར་པ་ལ་བལྟས་ན། འདིར་དེ་དུས་ཀྱི་བོད་དང་འབྲེལ་བ་ཤིན་ཏུ་ཆེ་བའི་”རྒྱ་”ཡང་ཡོང་དགོས་པར་སྣང་བས་སོ། །འོན་ཀྱང་འདི་ནི་ད་དུང་ཡང་དཔྱད་གཞིར་ཕུལ་བ་ཙམ་སྟེ། བཻ་སེར་རྣམས་སུ་འདི་ཡི་དོད་དུ་”ནེ་བོ་”ཡང་བྲིས་པས་མཐའ་གཅིག་ཏུ་འདི་ཞེས་སུ་མ་ངེས་པས་སོ། །

      དྲུག་པ། “དཔ༷འ་ཟླ་ཧོར་”ཞེས་པ་དེ་ནི་”བྷ་ཏ་ཧོར་”ཏེ། “དཔ༷འ་སྟག་ཤ་”དང་”ཧོར་སོག་པོ་”གཉིས་ལའང་བྱེད་པ་ཐོས་མོད་ཀྱང༌། འདིར་ནི་དཔྱད་གཞི་ཙམ་ལས་རྒྱས་པར་གླེང་རྒྱུར་སྐབས་སུ་མ་བབས་ཏེ། མཁས་པ་རྣམས་ཀྱིས་ཀྱང་འདི་ཉིད་འཆད་སྐབས་གཡོལ་ཅི་ཐུབ་”ས་སྟབས་གསལ་ཁ་འདོན་པའང་ནོར་འཆུག་ཏུ་གྱུར་ཉེན་ཆེ་བས་སོ། །འོན་ཀྱང་ལ་དྭགས་རྒྱལ་རབས་སུ་མཚམས་ཀྱི་མི་རིགས་བཞི་བགྲང་སྐབས། “གམ་ཤང་རྒྱ༷། གྱིམ་ཤང་ཧོར།” ཞེས་གསུངས་པ་དང་བསྡུར་ཚེ་སྐྱོན་མེད་ནའང་ཐང༌།

       མདོར་ན་འདིར་ཅུང་ཟད་རྒྱས་ཞུས་ཀྱིས་མིའུ་གདུང་དྲུག་ཚང་མ་ངོས་འཛིན་བྱེད་དོན་ནི། གདུང་དྲུག་དེ་དག་ཁྱབ་ཆེ་སའི་དབང་དུ་བཤད་སྐབས་སེ་འ་ཞ་དང༌། ལྡོང་མེ་ཉག སྟོང་ སུམ་པ། དབྲ་ཞང་ཞུང༌། དཔའ་ཟླ་ཧོར་སོག ཞང་པོ་རྒོ་ཞེས་བོད་ཡུལ་རུ་བཞིའི་ཁྱིམ་མཚེས་སུ་གྱུར་པའི་རྒྱལ་ཁབ་ཆེ་གྲས་དེ་རྣམས་བོད་ཁོངས་སུ་བཙུད་ཐབས་”ས་ཡོད་པའི་སྣང་བ་སྟེར་བ་ཙམ་དུ་གླེང་བ་ནི་དགོས་དོན་གྱི་སྙིང་པོའོ། །

རྒྱུ་མཚན་ནི། བོད་ཀྱི་མིའུ་གདུང་དྲུག་ཅེས་པའི་བརྩི་ཚུལ་འདི་ཉིད་ཐོག་མར་དར་བའི་སྒང་ཞང་ཞུང་དང༌། སུམ་པ། རྒྱ། མེ་ཉག འ་ཞ། ཧོར་སོག་རྣམས་ནི་རང་ངོས་ནས་རྒྱལ་པོ་དང་རྒྱལ་ཁྲིམས་སོགས་བོད་ཡུལ་རུ་བཞི་ལས་ལོགས་སུ་ཡོད་པས་མ་ཚད། སྐབས་འགར་དེ་རྣམས་རེས་མོས་ཀྱིས་བོད་དང་གཡུལ་འགྱེད་མཛད་པའི་ལོ་རྒྱུས་ཀྱང་ཁུངས་ལྡན་གྱི་ཡིག་ཆ་ཕལ་མོ་ཆེར་གསལ་བའི་ཕྱིར་རོ། །

གཉིས་སུ་མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་ལས། “སྟོང་སུམ་པ་དང༌། སེ་འ་ཞ་དང༌། དབྲ༷་ཞང་ཞུང་དང༌། རྒྱལ་[རྒྱ་]དྲང་རྗེ།” ཞེས་གསུངས་པ་དང་མཐུན་པར་བཻ་ཌཱུརྱ་དཀར་པོ་ལས་ཀྱང་སྟོང་སུམ་པ་དང༌། སེ་འ་ཞ། སྦྲ་ཞང་ཞུང༌། རྒྱལ་[རྒྱ་]དྲང་རྗེ། ལྡོང་མི་ཉག་ཅེས་ཀྱང་གླེང་བར་གཞིགས་ན། དེ་དག་ནི་བོད་ཀྱི་མི་རིགས་མིན་པར་བོད་ཡུལ་རུ་བཞིའི་ཁྱིམ་མཚེས་སུ་གནས་པའི་ཡུལ་སྡེ་དག་གི་མི་རིགས་རྣམས་བོད་ཁོངས་ཡིན་ཁུལ་གྱིས་བྲིས་པའང་མཐའ་གཅིག་ཏུ་ངེས་ཏེ། དེ་དག་ནང་བོད་ཡུལ་རུ་བཞིའི་རུས་རྒྱུད་དངོས་དེ་མ་གསལ་བས་སོ། །

ད་དུང་སྐབས་འགར་མིའུ་གདུང་དྲུག་གི་གྲངས་འདྲེན་དེ་དག་འབྱུང་བའི་གཞི་རྩ་གཙོ་བོ་སྟེ། མིའུ་རིགས་བཞི་དང༌། རུས་ཚན་སྡེ་ལྔ་རྣམས་བགྲང་བའི་སྐབས་ཡིག་ཆ་འདྲ་མིན་དུ་སྐབས་འགར་མེ་ཉག་མེད་པ་དང༌། སྐབས་འགར་རྒྱལ་དྲང་རྗེ་མེད་པ། སྐབས་འགར་སུམ་པ་མེད་པར་”ས་པའང་ཡང་ནས་བསྐྱར་དུ་མཇལ་རྒྱུ་མང་བས་སོ། །

དེས་ན་༼རུས་མཛོད་པད་དཀར་སྐྱེད་ཚལ་༽ལས་ཀྱང༌། བོད་ཀྱི་ཁྱིམ་མཚེས་ཡུལ་གྲུ་མེ་ཉག་ལས་ལྡོང་རིགས་དང༌། སུམ་པ་ནས་འབྲུ་རིགས། ཞང་ཞུང་ནས་དབྲ་རིགས། འ་ཞ་ནས་སྒ་སོགས་བོད་ཡུལ་རུ་བཞིར་སླེབས་ནས་རུས་རྒྱུད་དེ་རྣམས་བོད་དུ་རྒྱ་ཁྱབ་ཏུ་གྱུར་བར་བཤད་ཡོད་པ་ལྟར་ན། ཞང་ཞུང་གི་ཡུལ་ནས་བོད་ཡུལ་དུ་མཆེད་པའི་གདུང་རུས་ཀྱི་ཁོངས་སུ་”སེ་”རིགས་དང༌། “ཁྱུང་པོ་”ཡི་རིགས་སོགས་ཡོད་པ་རྣམས་ལ་ཡོངས་གྲགས་སུ་”དབྲ་”ཡི་རིགས་ཞེས་འབོད་པ་ལས།  “ཞང་ཞུང་པ་”ཞེས་མི་འབོད། འོན་ཀྱང་ཆོས་དབང་གྲགས་པ་ལྟ་བུ་མངའ་རིས་སྟོད་རང་ནས་བྱུང་བ་རྣམས་ལ་”དབྲ་”རིགས་སུ་མི་འབོད་པར་”ཞང་ཞུང་པ་”ཞེས་འབོད་དོ། །དེས་ན་བོད་མིའུ་གདུང་དྲུག་གི་ཁོངས་སུ་ཞང་ཞུང་གི་རིགས་རུས་ཡོད་པར་ཁས་སུ་རུང་ཡང༌། ཞང་ཞུང་ནི་བོད་མིའུ་གདུང་དྲུག་གི་རུས་རྒྱུད་མིན་པར་འདོད་པའོ། །

ཡང་བཤད་ཚུལ་གཉིས་པ་བོད་མིའུ་གདུང་དྲུག་འདི་ཉིད་ཁྱབ་ཆུང་སའི་དབང་དུ་བཤད་ན། དེ་དག་ནི་བོད་ཡུལ་རུ་བཞིར་ཡོད་པའི་ཕྱི་ནང་གི་མི་རིགས་འདྲ་མིན་གླེང་བ་ཙམ་དུ་སྣང་སྟེ། དཔེར་ན། “སེ༷་ཁྱུང་དབྲ་”ཞེས་པའི་”སེ་”ཡི་སྡེ་ཚན་ནང་ཞང་ཞུང་དངོས་ཀྱི་རིགས་རུས་རྣམས་མི་འདུ་སྟེ། “སེ་” དེ་ནི་སྔར་ཞང་ཞུང་ནས་བོད་ཡུལ་རུ་བཞིར་མཆེད་པའི་རུས་རྒྱུད་བྱེ་བྲག་ཅིག་གི་མིང་ཡིན་པས་སོ། །བོན་གཞུང་ལྟར་ན་སེ་ཡི་རུས་སུ་གཏོགས་པའི་སེ༷་བོ༷ན་ཤ་རི་དབུ་ཆེན་”་བ་དེའང་བོད་རིགས་ཤིག་ལས་ཞང་ཞུང་པ་ཞིག་མིན་པར་”ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་བོ༷ད་ཤ་རི་དབུ་ཆེན་གཉིས་”ཞེས་ཞང་ཞུང་ལས་ལོགས་སུ་གྱུར་པའི་བོད་རིགས་ཤིག་ཏུ་གཏོགས་པར་ཚིག་གིས་གསལ་བས་སོ།  །དེ་མཚུངས་ཀྱིས་བན་དེར་གྲགས་པའི་སེ༷་བ༷ན་རས་པའང་དབུས་གཙང་དུ་གནས་པའི་”སེ་”ཡི་རུས་རྒྱུད་ཅིག་ཀྱང་ལགས་པས་སོ། །

དེ་བཞིན་”སེ་ཁྱུ༷ང་དབྲ་”ཞེས་པའི་”ཁྱུང་”དེའང་ཞང་ཞུང་དངོས་ལ་མི་འཇུག་པར། སྔར་ཞང་ཞུང་གི་ཁོངས་སུ་གཏོགས་མྱོང་བའི་ཁྱུང་པོ་དཀར་ནག་སེར་གསུམ་དག་གི་རུས་རྒྱུད་ཅིག་ཆེས་གནའ་བོའི་དུས་སུ་བོད་ཡུལ་དུ་མཆེད་སྟེ། གཉའ་ཁྲི་བཙན་པོས་བོད་ལ་དབང་སྒྱུར་བྱེད་སྐབས་རྒྱལ་རིགས་སུ་གཏོགས་པའི་ཡབ་འབངས་རུས་དྲུག་གི་ནང་ཚན་དུ་གྱུར་པའི་”ཁྱུང་པོ་”ཞེས་པའི་རུས་རྒྱུད་ཕྱིས་གནམ་རི་སྲོང་བཙན་དང་སྲོང་བཙན་སྒམ་པོའི་སྐབས་སུའང་བློན་ཆེན་”ས་མྱོང་བ། སྤུངས་ཟད་ཟུ་ཙེ་སོགས་གཙང་སྨད་ཀྱི་མངའ་བདག་བྲན་ཁྱིམ་ཉིས་ཁྲི་ལྷག་ལ་དབང་བར་བྱེད་པ་དེ་དག་གི་རུས་རྒྱུད་དེ་ཉིད་དོ། །

དེ་དང་དེ་མཚུངས་ཀྱིས་མཚམས་ཀྱི་མི་རིགས་བཞིའི་ནང་གྱིམ་ཤང་ཧོར་བགྲངས་པ་བཞིན། ཧོར་དེ་ལ་དཔའ་ཟླ་ཧོར་ཡང་ཟེར་བས། དཔའ་ཟླ་ཞེས་པའི་དཔའ་འདི་”དབ༷འ་འམ་ས༷ྦའི་རུས་རྒྱུད་” ཅེས་པའི་”དབའ་”འདི་ཉིད་ཡིན་ན། དབ༷འ་གསལ་སྣང་དང༌། དབ༷འ་དཔལ་ད”ངས། བློན་ཆེན་དབ༷འ་རྒྱལ་ཏོ་རེ་སྟག་གཉའ། དམག་སྤྱི་ཆེན་པོ་དབ༷འ་ཁྲོམ་བཞེར་སོགས་ཀྱི་རུས་རྒྱུད་ཀྱང་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ལས་མཆེད་པར་ཤེས་ལ། དེ་དག་གིས་མཚོན་པའི་རིགས་རུས་དུ་མར་དཔྱད་ཚེ་ཁྱབ་ཆུང་ས་ནས་མིའུ་གདུང་དྲུག་ཅེས་པ་དེ་ཁྱིམ་མཚེས་རྒྱལ་ཁབ་ནས་བོད་ཡུལ་རུ་བཞིར་མཆེད་པའི་གདུང་རྒྱུད་སྲོང་བཙན་གྱི་ཡས་མས་སུ་གྲགས་ཆེ་བ་དག་གླེང་བའི་བཟོ་རུའང་ཡང་ཡང་སྣང་སྟེ། མཁས་པའི་དགའ་སྟོན་དུ་སྲོང་བཙན་སྐབས་ཡུལ་བགོས་སྐབས་རུས་མིང་མགོས་དང༌། དྲང་རྗེ། ཁྱུང་པོ། འདྲུ། སྦས། སྟོང་བཅས་ལ་ཡུལ་ཆེན་ཐོབ་རབས་ལ་བལྟས་ན། མགར་གྱི་རྗེས་སུ་འབྲངས་པའི་རྒྱ་ཡི་གྱད་རིགས་རྣམས་ལས་རྒྱའི་རུས་བྱུང་ཡང་ཟེར་བས། དེས་ན་རྒྱལ་དང་རྒྱ་སོགས་གཅིག་མཚུངས་འབྲི་བ་ལ་རྒྱུ་མཚན་ཡོད་པར་མཐོང་ངོ༌། །

དེ་མིན་༼དབུ་ནག་མིའུ་འདྲ་ཆགས་༽སུ་སྟོད་ཀྱི་དབྲ་དཀར་ཚོ་དགུ་བཤད་པའི་ནང་བལ་པོ་ཡང་བཙུད་པ་དང༌། དགུ་འབུམ་དབྲ་ཡི་ཕ་ཕྱུག་གི་ཁོངས་སུ་འཇང་ཉི་མ་འཕྲུལ་གྱི་བུ་ཚ་དང༌། རྒྱ་གར་ཨ་ཡག བལ་པོ་ཨ་མགོན་སོགས་ཀྱང་བགྲངས་པ་འདུག་པས། སྐབས་ལ་ལར་དབྲ་རིགས་དེ་ཞང་བོད་གཉིས་ལས་ཀྱང་ཁྱབ་ཆེ་བའི་ཚོད་དུ་སྣང་བ་ནི། སྲོང་བཙན་གྱི་རྗེས་སུ་བྱུང་བའི་གཏམ་ཁོ་ནར་ངེས་ཏེ། དེ་དག་རྣམས་སུ་སྲོང་བཙན་སྒམ་པོས་ཞང་ཞུང་དང་སུམ་པ་སོགས་དབང་དུ་བསྡུས་པས་མ་ཚད། འཛམ་གླིང་གསུམ་གཉིས་ཀྱང་དབང་བསྒྱུར་མཛད་རབས་གསལ་བའི་ཕྱིར།

གང་ལྟར་བོད་མིའུ་གདུང་དྲུག་ཅེས་སུ་བཤད་ཀྱང༌། འདུ་ས་ནི་མིའུ་རིགས་བཞི་ལས་མེད་པས། མིའུ་རིགས་བཞིའི་ངོ་བོ་དང་འབྱུང་ཁུངས་སོགས་གང་ལ་བརྟགས་རུང༌། དེ་དག་ནི་སྲོང་བཙན་གྱི་རྗེས་སུ་རིམ་པས་བོད་ཁོངས་སུ་ཚུད་པ་ལས། དེ་སྔོན་བོད་རིགས་ཤིག་མིན་པ་ནི། ཁུངས་ལྡན་ལོ་རྒྱུས་ཀྱི་ཡིག་ཆས་ར་སྤྲོད་པར་ནུས་སོ། །

དེས་ན་ཞང་ཞུང་ཙམ་དུ་མ་ཟད་སྟོང་སུམ་པ། ལྡོང་མེ་ཉག སེ་འ་ཞ་སོགས་ཀྱང་ཕ་སྤྲེའུ་”ང་ཆུབ་སེམས་དཔའ་དང༌། མ་བྲག་སྲིན་མོ་གཉིས་ལས་མཆེད་པའི་བོད་མིའུ་གདུང་དྲུག་གི་རུས་རྒྱུད་ནི་ཕར་ཟད། དེ་དུས་ཀྱི་བོད་རིགས་ཤིག་ཀྱང་མིན་པར་ཤིན་ཏུ་གསལ། འོན་ཀྱང་ཕྱིས་དེ་དག་ཐམས་ཅད་བོད་ཁོངས་ཚུད་རྗེས་གདུང་རྒྱུད་ཀྱི་རྒྱལ་པོ་དྲུག་གི་ཤོད་ཚུལ་ལ་ལད་ཟློས་ཀྱིས་མིའུ་རིགས་བཞི་ལས་མིའུ་གདུང་དྲུག་དང༌། མིའུ་གདུང་དྲུག་དེ་བོད་མིའུ་གདུང་དྲུག་ཏུ་བཅོས་ཏེ། དེ་དག་གདོད་མ་ནས་བོད་རིགས་སམ་བོད་ཁོངས་སུ་ཡོད་པར་”ས་སོ་སྙམ།

མདོ་རུ་བསྡུས་ན། ཁྱབ་ཆེ་ས་དང་ཆུང་ས་གཉིས་ཀའི་དབང་དུ་ཞུས་རུང༌། ཞང་ཞུང་ནི་བོད་མིའུ་གདུང་དྲུག་གི་རུས་རྒྱུད་མིན་པར་མཐའ་གཅིག་ཏུ་ངེས་པ་རྙེད་སྟེ། ཞང་ཞུང་གི་རྒྱལ་ཁབ་དེ་བོད་ཀྱི་ཁོངས་གཏོགས་ཚུད་པ་ནི་ཆོས་འབྱུང་ལྟར་ན་སྲོང་བཙན་སྒམ་པོ་དང༌། བོན་གཞུང་ལྟར་ན་ཁྲི་སྲོང་ལྡེ་བཙན་སྐབས་སུ་ཡིན་པས་སོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།