གསོ་རིག་འབུམ་བཞི་དང་རྒྱུད་བཞི་གཉིས་ཀྱི་འབྲེལ་བ་ལ་དཔྱད་པ།

གསོ་རིག་འབུམ་བཞི་དང་རྒྱུད་བཞི་གཉིས་ཀྱི་འབྲེལ་བ་ལ་དཔྱད་པ།
རྗེ་ཤོག་གཡུང་དྲུང་བཀྲ་ཤིས། ༼སྨན་རིའི་གླིང་། ༽

གསོ་རིག་འབུམ་བཞིའི་ངོ་སྤྲོད།

མ་དག་བློ་ཡིས་བཅིངས་པའི་ལུས་ཅན་གང་། །       གཏན་གྲོགས་ཀུན་དཀྲིས་དུག་གསུམ་རྐྱེན་གྱི་འོག །  བཟོད་མེད་ཟུག་རྔུ་དྲག་པོའི་བཙོན་དོང་ལས། །    སྒྲོལ་མཛད་གཤེན་རབ་མཆོག་དེར་ཕྱག་བགྱིའོ། །

         ཞེས་ཤད་བར་བཞི་ཡིས་མདུན་བསུས་ཏེ་ཐོག་མར་འཆད་པར་བྱ་བ་ནི། ཞང་ཞུང་རྒན་པོའི་ཁྲག་རྒྱུན་ལས་མཆེད་པའི་བོད་ཀྱི་གསོ་རིག་ཀུན་གྱི་མ་ཕྱི་བདུད་རྩིའི་བང་མཛོད་འབུམ་བཞི་འདི་ཉིད་གསུང་པ་པོ་་དང་། གསུངས་པའི་གནས། གསུངས་པའི་དུས། གསུངས་པའི་དགོས་པ། གསུང་བྱའི་བོན་དེ་ཉིད་མདོ་རྒྱུད་གང་གི་ཁོངས་སུ་འདུས་པ་བཅས་ཀྱི་ངོ་སྤྲོད་རོབ་ཙམ་ཞུས་ན། གཞུང་འདི་ཉིད་གསུང་མཁན་ནི་ཚེ་ལོ་བརྒྱ་བའི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཆེ་ཡིན།          གསུངས་པའི་གནས་ནི་རྟག་གཟིགས་ཀྱི་ཡུལ་གནས་མཆོག་དམ་པ་འོལ་མོ་ལུང་རིང་ཞེས་བྱ་བ། རྒྱལ་ས་ཕོ་བྲང་གླིང་བརྒྱད་དང་། གླིང་ཆེན་པོ་བཅུ་གཉིས། ཡུལ་ཆེན་པོ་བཅུ་དྲུག གླིང་ཕྲ་མོ་བཅུ་གཉིས་སོགས་ཕྱི་ནང་བར་གསུམ་རིམ་པ་བཞི་རུ་ཡོད་པ་དེ་དག་ཀུན་གྱི་དབུས། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ། ཤིང་འཇའ་ཚོན་འོད་འབར་འཛམ་བུ་པྲིཀྵའི་ཚལ། རྩི་མ་ཀུན་དྷ་རའི་གསེབ། ལྕགས་རི་དཔག་ཚད་བཞི་ཡིས་བསྐོར་བའི་ཕོ་བྲང་དུ་ངེས་སོ། །          གསུངས་པའི་དུས་ནི། སྟོན་པའི་བཀའ་འཁོར་ཐོག་མཐའ་བར་གསུམ་གྱི་ནང་ནས་བཀའ་ཐོག་མ་གསུངས་པའི་དུས་ཡིན་ནོ།        གསུངས་པའི་དགོས་པ་ནི་གཙོ་བོ་ཟག་བཅས་ཀྱི་གདོས་ལུས་ཅན་གྱི་སེམས་ཅན་གང་ཞིག་ན་ཚའི་གདུང་བ་མེད་པར་བདེ་བར་གནས་པའམ་ན་བ་གསོ་བ་དང་། ཚེ་རིང་བ། བོན་ནོར་བདེ་སྐྱིད་ཕུན་སུམ་འཚོགས་པའི་ཕྱིར་གསུངས་པ་ནི་ལུང་རིགས་གཉིས་ཀས་གྲུབ།           མདོ་རྒྱུད་གང་གི་ཁོངས་སུ་འདུས་པ་ནི། བོན་མདོ་འབུམ་རྒྱུད་མཛོད་བཞི་ཡི་ནང་ཚན་མདོ་ཕྱྭ་གཤེན་ཐེག་པའི་བོན་དུ་གསུངས་ཀྱང་། རྒྱུ་འབྲས་གཉིས་ཀྱི་ཐེག་པར་གཏོགས་པས། ཀུན་ཕན་གདུགས་ཀྱི་ནོར་བུའི་ཁྱད་བོན་ལྡན་པ་ཞིག་མངོན་ཏེ། སྨན་འབུམ་ལས། “ དཔྱད་བུ་ལ་སོགས་གསོ་རིག་འཛིན་པ་ཀུན། །རྒྱུ་འདི་རྒྱུ་འབྲས་གཉིས་ཀའི་ཐེག་པར་གཏོགས། །རིག་པའི་གནས་ལྔའི་གཅིག་ཡིན་ཕྱྭ་གཤེན་ཏེ། །”ཞེས་དང་། “ཉོན་ཅིག་ལེགས་རྒྱལ་ཐང་བོ་ཉོན། །རང་དོན་ཁོ་ན་མ་ཡིན་པར། །པྲ་དང་དཔྱད་དང་རྩིས་དང་གཏོ། །ཀུན་རྫོབ་དངོས་མཚན་ལྡན་པ་དང་། །མི་བདེན་ཐབས་ཀྱི་ལྡེམ་དགོངས་༼ཤིང་༽། །”ཞེས་གསུངས་པས་གྲུབ།        སྤྱིར་རྒྱུད་འདིའི་བརྗོད་དོན་རྒྱ་ཆེ་ལ་གཏིང་ཟབ་ཅིང་མི་ལོ་ཁྲི་ཕྲག་སྔོན་གྱི་ལོ་རྒྱུས་ཕུགས་ཐག་རིང་པོ་དེ་ད་བར་ཉམས་ཆག་རྒྱ་མཚོའི་རླབས་རིས་ལྟ་བུའི་ཁྲོད་དུ། བརྒྱུད་རིམ་དང་ས་མཚམས་མ་ནོར་བར་ངེས་ཤེས་དྲངས་ནུས་པ་ཞིག་རྙེད་དཀའ་ནའང་། ད་ཡོད་བན་གྱི་སྨན་གཞུང་ཁག་ལ་དཔྱད་ན་རྒྱས་བསྡུས་འགའ་ཞིག་ཡོད་འདུག་པས་དེ་དག་གི་ནང་ནས་བདུད་རྩི་ཕུམ་ཕུམ་དགུ་བ་དང་། ཐུགས་འབུམ་ནམ་མཁའ་སྔོན་པོ་གཉིས་ཀྱི་གཏེར་སྟོན་དང་། གཏེར་གནས། བརྒྱུད་རིམ་རྣམས་མཚུངས་པར་ཡོད་དེ། ཕུམ་ཕུམ་དགུ་པ་བུ་འཚོ་སྲིད་པའི་རྒྱལ་པོས་བཏོན་པ་དང་། གཏེར་གནས་གཙང་སྟོད་རྡོ་རྗེ་གསང་ཕུག་ཡིན་པར་གསུངས། ཐུགས་འབུམ་མཁའ་སྔོན་ནི་གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ནས་བཏོན་པས། དེ་གཉིས་གཏེར་ནས་འདོན་པ་པོའི་གང་ཟག་དང་། གནས། བརྒྱུད་རིམ་གཅིག་ཏུ་འཐད་ཀྱང་། སྨན་འབུམ་དང་ནད་འབུམ་གཉིས་སོ་སོའི་མཇུག་ཏུ་རྟེན་འབྲེལ་འགྲིག་པའི་དུས་སུ་བསམ་ཡས་ཀྱི་རྩེ་ནས་བན་དེ་མི་གསུམ་གྱིས་བཏོན་པའོ་གསུངས་པས། ཕུམ་ཕུམ་དགུ་བ་དང་ད་ལྟ་སྤྱོད་བཞིན་པའི་འབུམ་བཞི་ཀའི་གཏེར་སྟོན་དང་གཏེར་གནས་བརྒྱུད་རིམ་གཅིག་ཏུ་བཞག་ན། བུ་འཚོ་སྲིད་པའི་རྒྱལ་པོ་དང་བན་དེ་མི་གསུམ་ཐ་དད་ཡིན་མིན་དང་། གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཅེས་པའི་ཕུག་པ་དེ་བསམ་ཡས་ཀྱི་རྩེ་རུ་ཡོད་པའི་གཏེར་གནས་དེ་ཡིན་མིན་ལ་དཔྱད་གཞི་ཆེ་བར་སེམས།          སྔ་དར་གསོ་རིག་གི་བརྒྱུད་རིམ་བྱུང་ཚུལ་བསྡུས་ཙམ་ཞུས་ན། ཐོག་མར་ཀུན་ཏུ་བཟང་པོ་ལས་རིམ་གྱིས་ཡབ་འཕྲུལ་གཤེན་སྣང་ལྡན་དང་ཡུམ་བཟང་བཟའ་རིང་བཙུན། སྲས་འཆི་མེད་གཙུག་ཕུད། གཤེན་གསང་བ་འདུས་པ། འཚོ་མཛད་དཔྱད་བུ་ཁྲི་ཤེས་ལ་བརྒྱུད།         དེ་ནས་ཡོངས་སུ་དག་པས་ལྷ་ཡི་ཡུལ་དུ་གསོ་ཐབས་སྨན་འབུམ་གསུངས། མི་ལུས་བསམ་ལེགས་ཀྱིས་མི་ཡི་ཡུལ་དུ་གསོ་ཐབས་དཔྱད་འབུམ་བསྒྲགས། ཡེ་ཤེས་སྙིང་བོས་ཀླུ་ཡི་ཡུལ་དུ་གསོ་བྱའི་ནད་འབུམ་གསུངས།         དེ་རྗེས་གསུང་བསྟན་སྐབས་གཡུང་དྲུང་སེམས་དཔའ་ལོ་ཙཱ་བ་རྣམས་ཀྱིས་རྒྱུད་འདི་བསྟན་པའི་དུས་མཐར་གནས་ཕྱིར་རྒྱ་དཀར་ནག་དང་བྲུ་ཤ། ཁྲོམ། ཁ་ཆེ། ཨོ་རྒྱན། ཐོད་གར། ཞང་ཞུང་། བོད་སོགས་འཛམ་གླིང་ཡུལ་གྲུ་ཐམས་ཅད་དུ་གསོ་རིག་གི་བསྟན་པ་ཆེས་ཆེར་སྤེལ་ཡོད་པས་དུས་དེ་ནས་བཟུང་འབུམ་བཞི་བོད་དུ་དར་བ་ལ་ཐེ་ཚོམ་མེད་སྙམ། ཕུམ་ཕུམ་དགུ་བ་དང་། ཐུགས་འབུམ་མཁའ་སྔོན་སོགས་ཀྱི་བརྒྱུད་རིམ་སྐོར་སྔ་རབས་བོན་གྱི་སྨན་གཞུང་རྣམས་དང་རིགས་འདུས་སྐྱེས་མཆོག་དག་གི་གསུང་དུམ་དུ་མ་ཡོད་འདུག་ལ། དེ་ཡང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ལྷོ་བྲག་ཁམ་མཐིང་དུ་སྦས་པའི་བདུད་རྩི་སྨན་གྱི་གོལ་ཁལ་ལ་རྒྱུད་ཁྲི་སྟེ་འབུམ་དང་། གཞན་ཡང་བདུད་རྩི་སྨན་གྱི་མདོ་དགུ། བདུད་རྩི་སྙིང་བོ་ཡོངས་འདུས་འགྲེལ་བ་དང་བཅུ་དེ་རྣམས་ཆ་ལག་བཅོ་བརྒྱད་ལྷག་ཡོད་ཅིང་། དེང་དུས་མཐོང་ཡུལ་དུ་གྱུར་བའི་འབུམ་བཞི་ནི། བདུད་རྩི་སྨན་གྱི་མདོ་དགུའི་ཆ་ཤས་ཤིག་ཡིན་ཏེ། གཞུང་ལས། “ སྤྱིར་ཡང་བདུད་རྩི་སྨན་གྱི་མདོ་དགུར་བསྟན་པ་ནི། བདུད་རྩི་མུ་ཏྲིའི་གཞུང་ཆེན་མདོ། བདུད་རྩི་འཁོར་ལོ་ཆེན་པོའི་མདོ། བདུད་རྩི་བང་མཛོད་འབུམ་བཞིའི་མདོ། བདུད་རྩི་ཡིད་བཞིན་ནོར་བུའི་མདོ། བདུད་རྩི་གཟའ་ཀླུ་སྒོས་བཅོས་མདོ། བདུད་རྩི་དམར་བྱང་ཐེམ་བྱང་མདོ། བདུད་རྩི་ཤེལ་དཀར་མེ་ལོང་མདོ། བདུད་རྩི་དཔག་བསམ་ལྗོན་ཤིང་མདོ། བདུད་རྩི་གདམས་ངག་འཕྲུལ་མདོ་དང་དགུ། དེ་རྣམས་ཀྱི་འགྲེལ་རྒྱས་པར་བཤད་པ་དང་སྤྱི་ཁོག་ཁྲོལ་བའི་བདུད་རྩི་ཡོངས་བསྡུས་འགྲེལ་རྒྱས་པར་བཤད་པ་དང་བཅུའོ། ཆ་ལག་བཅོ་བརྒྱད་སོ་སོར་གབ་སྦས་དོན་ཀུན་གསལ་བར་ཡོད་པའི་ནང་ནས་འདི་ནི་བདུད་རྩིའི་བང་མཛོད་འབུམ་བཞི་ཞེས་པས་སྟོན་ཏེ། ”ཞེས་སོགས་ལ་བལྟས་པ་ཙམ་གྱིས་སྔར་བོན་གྱི་གསོ་བ་རིག་པའི་གཞུང་ལུགས་རྒྱ་ཆེར་ཡོད་པ་ནི་སོ་སྐྱེས་རང་ཁ་མས་ཀྱང་རྟོགས་ནུས་པར་སེམས།      གོང་གི་གཞུང་རྣམས་ཁྲི་སྲོང་སྐབས་སྦས་པའི་གཏེར་མའི་ཆ་ཤས་ཙམ་ཡིན་གྱི་དེའི་སྔ་རོལ་རྒྱལ་པོ་གྲི་གུམ་སོགས་ཀྱིས་བོན་སྣུབ་དུས་སུ་སྦས་པའི་གཏེར་མའི་རིགས་མི་ཉུང་བ་ཞིག་ཡོད་པ་ལུང་དུ་མར་གསལ། དེང་དུས་ཤེས་ལྡན་མི་སྣ་ཁ་ཅིག་གཏེར་མའི་རྣམ་བཞག་སྙན་དུ་ཐོས་པ་ཙམ་གྱིས་མི་འདོད་པའི་ཟུར་ཚིག་སྒྲོག་རྐྱང་གནང་མཁན་ཡང་འདུག་པས་དེ་དག་ལ་ངོ་སྤྲོད་ཀྱི་ཚུལ་དུ་བཀོད་པ་ཞིག་ཀྱང་ཡིན་ནོ། ། འབུམ་བཞི་དང་རྒྱུད་བཞིའི་འབྲེལ་བའི་སྐོར།        ལྔ་སྙིགས་ཐ་མའི་དུས་འདིར་དཀར་པོ་དགེ་བཅུའི་དབང་སྒོ་གཉིད་ཀྱིས་འཐིབས་ཤིང་། ངན་གཡོ་དུག་ལྔའི་རྣམ་ཤེས་ཁ་རལ་ཕྱིར། མཐོ་དོགས་དང་སྨད་དགའ། རང་རྒྱལ་དང་གཞན་ཕམ་གྱི་བསྒྲུབ་བྱ་ཁོ་ནར་དམིགས་པའི་སྐྱེ་བོ་འགས། འབུམ་རྒྱུད་གཉིས་ནི་འབྲེལ་མེད་རྭ་རུ་གཡས་གཡོན་ལྟ་བུར་སྨྲ་བཞིན་ཡོད་ནའང་། དོན་དུ་རྒྱས་བསྡུས་དང་། ཚིག་སྦྱོར་སྙན་མི་སྙན། ཚིག་གནས་གོང་འོག བོན་གྱི་ཐ་སྙད་སྦས་མ་སྦས་ཀྱི་ཁྱད་པར་ཙམ་ལས་བཀའ་དང་བཀའ་བརྟེན་གྱི་ཚུལ་དུ་གནས་པ་ཞིག་ཡོད།        དེ་ཡང་དང་པོ་འབུམ་རྒྱུད་གཉིས་ཀྱི་དངོས་ཡོད་ལེའུའི་གྲངས་རྒྱས་བསྡུས་ལ་གཞིག་ན། ཐུགས་འབུམ་ལ་ལེའུ་བདུན་ཡོད་པའི་ནང་ནས་འབུམ་བཞིའི་ཡོན་ཏན་ནམ་ཆེ་བརྗོད་བཤད་པ་རྣམས་རྩ་རྒྱུད་དུ་འཁོད་མེད། གཞན་དྲུག་པོའི་ཞུ་བ་བོ་དང་ཞུས་ལན་གསུང་མཁན་གྱི་མཚན་བསྒྱུར་བ་ཙམ་ལས་གཞུང་དོན་ཚིག་ཟིན་ཇི་མ་ཇི་བཞིན་ཡིན་པ་ལས་ལོགས་སུ་མེད། ཐ་ན་གླེང་གཞིའི་ལེའུ་རུ་གསུངས་པའི་ཕུན་སུམ་ཚོགས་པ་ལྔ་ལས་དྲང་སྲོང་གི་སྒྲ་བཤད་དེ་ཡང་ཚིག་སྦྱོར་བདེ་མི་བདེ་ཙམ་ལས་ས་ཚིགས་དེ་རང་དུ་བཞག་ཡོད། གོང་གི་རྩ་རྒྱུད་ལས་བཏོན་པའི་འབུམ་བཞིའི་ཡོན་ཏན་བཤད་པའི་ལེའུ་དེར་འཛེམ་དགོས་པའི་གནས་ཚུལ་གང་ཡོད་ཅེ་ན། སྤྱིར་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་། མདོར་བསྡུས་ན་ཐེག་པ་རིམ་པ་དགུ། དེ་ལས་བསྡུས་པ་སྒོ་བཞི་མཛོད་ལྔའི་ནང་རྒྱུད་འདི་འཕན་ཡུལ་རྒྱས་པའི་འབུམ་སྡེའི་ཁོངས་སུ་བྱོན་ཚུལ་སོགས་བོན་གྱི་ཐ་སྙད་མང་དྲགས་པའི་རྐྱེན་གྱིས་འགོད་མ་ནུས་པའི་རྟགས་སུ་མངོན།       དེ་བཞིན་སྨན་འབུམ་སོ་གཅིག་ལས་ཕྱི་རྒྱུད་ཉེར་བདུན་བསྡུས། དཔྱད་འབུམ་དང་བཤད་རྒྱུད་གཉིས་ཀྱི་ལེའུའི་གྲངས་མཉམ་པར་ཡོད། ནད་འབུམ་གོ་གསུམ་ལས་མན་ངག་རྒྱུད་གོ་གཉིས་སུ་བསྡུས་ཡོད། འབུམ་བཞི་ལས་རྒྱུད་བཞིའི་ས་བཅད་དང་ལེའུའི་གྲངས་ཉུང་བར་ཡོད་ཀྱང་གཞུང་གི་གསོ་དཔྱད་ཀྱི་ཆ་ནས་མ་ལག་མ་ཚང་བ་གང་ཡང་མེད་ལ་དོན་མཚུངས་སུ་གནས་སོ།།

ཚིག་སྦྱོར་གྱི་ཁྱད་པར།

        དཔལ་ལྡན་རྒྱུད་བཞི་འདི་ཉིད་ཚིག་གི་སྡེབ་སྦྱོར་སྙན་ལ་ཚིག་རྐང་འགྲིག་པ། རྗོད་བྱེད་བདེ་ཞིང་ཕྱིས་བྱུང་མཁས་པའི་རྣམ་དཔྱོད་དང་འབྲེལ་བའི་བསྟན་བཅོས་ཡང་དག་ཅིག་ཡིན་པ་ནི། གཞུང་འདི་ཉིད་མ་ཕྱི་དང་འབྲེལ་ཚུལ་ལ་བརྟག་ན་རྟོགས་ནུས་སོ། །        འབུམ་བཞི་ནི་དེ་ལས་ལྡོག་སྟེ། སྔར་སྲོལ་གྱི་བརྡ་རྙིང་མང་སྟབས་བརྗོད་མི་བདེ་བའི་ཐ་སྙད་དང་། ཚིག་རྐང་རིང་ཐུང་ཆ་མི་སྙོམ་ཞིང་བཅད་ལྷུག་གང་དུ་མ་ངེས་པའི་ལུགས་སྙིང་བཀའ་རྟགས་ཀྱི་རང་མདངས་མངོན་པའི་གཞུང་རྨད་པོ་ཆེ་ཞིག་ཡིན་པ་ནི་མཇལ་བ་ཙམ་གྱིས་ཀྱང་ཤེས་སླའོ།།

ཚིག་གོང་འོག་གི་ཁྱད་པར།

          རྒྱུད་བཞིའི་གཞུང་ཚིག་ཕལ་ཆེ་བ་ནི། མ་ཕྱི་དང་ཆུ་ལ་ཆུ་བཞག་གི་ཚུལ་དུ་ཡོད་ནའང། ཚིག་བཅད་རེ་འགའ་སྟོད་སྨད་གོང་འོག་བརྗེས་ཏེ་བཞག་པ་དཔེར་མཚོན་ན། “སྦོམ་ལ་རགས་པར་འཕར་ན་ཕོ་ཡི་རྩ། །མི་ཁ་འོང་ན་ཆུ་ཚན་ཁོལ་འདྲ་འཕར། །”ཞེས་པའི་ཤད་བར་གཉིས་དེ་རིམ་བཞིན། “ཕོ་ཡི་རྩ་ནི་སྦོམ་ལ་རགས་པར་འཕར། །ཆུ་ཚན་ཁོལ་འདྲ་མི་ཁ་འོང་བའི་རྩ། །”ཞེས་པ་ལྟ་བུ་གོང་འོག་བསྒྱུར་བའི་རིགས་ཤིན་ཏུ་མང་།           འགའ་ཞིག་ཏུ་ཚིག་འཁོར་གཉིས་གཅིག་ཏུ་སྦྲེལ་བ་ཡང་ཡོད་དེ། དཔེར་ན། སྨན་འབུམ་ལས། “དྲག་དང་རྒྱས་དང་གྲིལ་དང་མགྱོགས་པ་དང་། །གྲིམ་དང་འཁྲང་བ་རྣམས་ནི་ཚ་བའི་རྩ། །”ཞེས་ཚ་བའི་སྤྱི་རྩ་དྲུག་དེ་ཕྱི་རྒྱུད་དུ། “དྲག་རྒྱས་གྲིལ་མགྱོགས་གྲིམ་འཁྲང་ཚ་བའི་རྩ། །” ཞེས་བསྡུས་ཡོད།           དེ་དག་ནི་སྔོན་མའི་ཀླད་པ་རྙིང་བས་མིག་མཐའ་སྒྲིབ་པའི་སྐྱེ་བོ་ཆེ་གེ་མོའི་ལོག་རྟོག་གཞོམ་ཕྱིར། འབུམ་བཞིའི་ཚིག་རྣམས་བསྒྱུར་ཚུལ་དཔེ་དམར་རྗེན་དུ་བཀོད་པ་ཞིག་ཡིན་གྱི་རིག་པའི་སྤྱན་ལྡན་རྣམས་ཀྱི་མདུན་དུ་བཞད་གད་ཀྱི་ཡུལ་ལས་མ་འདས། གཞན་ཡང་རྒྱུད་འདིའི་ཕུགས་དོན་ཞང་ཞུང་རང་དུ་ངེས་ལ། སྤྱིར་བཏང་འབུམ་རྒྱུད་གཉིས་ཀའི་གཞུང་དུ་སྔོ་སྨན་གྱི་མིང་དང་། དཔྱད་ཆའི་མིང་སོགས་བོད་དང་རྒྱ་དཀར་ནག་གང་གི་ཚིག་མཛོད་དུ་མ་གསལ་བའི་ཞང་སྐད་ཧ་ཅང་མང་ལ། ལྷག་པར་རྒྱུད་བཞིའི་མཇུག་བྱང་དུ་གག་ལྷོད་དང་རིམ་གདོན་སྲུང་བའི་སྔགས་རྣམས་ཞང་སྐད་གཤའ་མར་ལྷག་ཡོད་པས་དེ་དག་ནི་རྩ་བ་ཞང་ཞུང་ལ་ཐུག་པའི་དཔང་པོ་ཡིན་པར་སེམས་སོ། །          མདོར་ན་འབུམ་རྒྱུད་གཉིས་འབྲེལ་བ་ཤིན་ཏུ་ཟབ་ཅིང་བརྗོད་དོན་གཅིག་ཏུ་འགྱུར་བའི་མ་ཚད། ཆེས་ཕུལ་བྱུང་གི་རིག་གཞུང་ཞིག་སྟེ། ཉམ་ཐག་འགྲོ་བའི་སྐྱབས་མགོན་བཞི་བརྒྱ་ནད་ཀྱི་གཉེན་པོ། གསོ་རིག་ཀུན་གྱི་རྒྱལ་བོ་འདི་ལ་མ་ཚང་བའི་གསོ་དཔྱད་མེད་ནའང་། མ་རུང་ནད་ཀྱི་དགྲ་དཔུང་གཞོམ་པ་ལ་གཏོ་དཔྱད་གཉིས་ཟུང་འབྲེལ་དུ་དགོས་པ་ནི་གལ་ཆེ་བར་སྣང་སྟེ། གཞུང་ལས། “བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་ཡིན༼པས༽། །གདོན་བཅོས་རིམ་འགྲོ་སྨན་མེད་ཕལ་ཆེ་འཚོ། །གདོན་བཅོས་མེད་ན་སྨན་དཔྱད་མི་ལེན་བྱེད། །དཔེར་ན་མདའ་ཚབ་གཞུ་ལ་བཙལ་བ་འདྲ། །”ཞེས་དང་། ཕྱི་རྒྱུད་ལས། “བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་ཡིན་པས། །དེ་མ་བཅོས་པར་སྨན་དཔྱད་ལེན་མི་འདོད། །གདོན་བཅོས་སྨན་མེད་འགྱུར་ཀྱང་འཚོ་བ་ཡོད། །དཔེར་ན་དཔུང་བ་གསར་བའི་བཙོན་བུ་འདྲ། །”ཞེས་སོགས་གསུངས་པས་སོ། ། ། །

སྨན་རིའི་གསོ་རིག་ཁང་ནས། ༢༢.༢.༢༠༠༥ཉིན་ཕུལ། ༢༠༠༥ལོའི 《བོན་སྒོ》ལས་བཤུས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།