གངས་དཀར་ཏི་སེའི་འདབས་རོལ་གྱི་སྟག་གཟིག་འོལ་མོ་ལུང་རིང་གི་དཔྱད་པ།

གངས་དཀར་ཏི་སེའི་འདབས་རོལ་གྱི་སྟག་གཟིག་འོལ་མོ་ལུང་རིང་གི་དཔྱད་པ།
བན་ཤུལ་དཔལ་མཁར་རྒྱལ༼ལྷ་ས༽

      ༈ མི་རྣམས་ཀྱིས་དུས་རྒྱུན་དུ་འོལ་མོ་རིང་ལུང་གླེང་དུས་སེམས་སུ་དོགས་པ་ཅི་རིགས་ཤིག་འཆར་བཞིན་ཡོད་ལ་དེ་དང་ཆབས་ཅིག་འདྲ་མིན་གྱི་དཀའ་རྙོག་མང་བོར་འཕྲད་བཞིན་ཡོད། དེ་ནི་ཕྱོགས་གཅིག་ནས་བཤད་ན་འོལ་མོ་ལུང་རིང་གིས་མཚོན་པའི་བོན་པོ་ཞིབ་འཇུག་གི་དུས་གསུམ་ལ་མཐུན་རྐྱེན་དང་མཐོང་ཆེན་བྱས་པའི་མངོན་རྟགས་སུ་ཆེ་བ་དང༌། ཕྱོགས་གཞན་ཞིག་ནས་གླེང་ན་བན་བོན་གྲུབ་མཐའ་གཙོ་གྲས་ཀྱི་ཕྱོགས་རིས་དང་དོན་ལ་གནས་མིན་སྣ་ཚོགས་ཀྱི་འཆར་སྒོ་སྤེལ་སའི་གོ་སྐབས་ཏུ་གྱུར་ཡོད་པ་རེད། ཡིན་ནའང་ང་ཚོས་ངེས་པར་དུ་ཉམས་ཞིབ་བྱེད་དགོས་པ་འོལ་མོ་ལུང་རིང་གིས་མཚོན་པའི་བོན་གྱི་རིག་གནས་ཡིན་པ་ལས་དགོས་མེད་ཀྱི་ཕྲག་དོག་དང་རྩོད་གླེང་གི་རིགས་གཏན་ནས་མ་ཡིན་པས་དཔྱོད་ལྡན་རྣམས་ཀྱིས་དྲང་བདེན་དང་རིགས་ལམ་ཡང་དག་གི་ཐབས་ལ་བརྟེན་ནས་བོད་གདོད་མའི་དུས་ནས་བརྩམས་པའི་ཡུལ་སའི་རིག་གནས་ཁྱད་པར་བ་འདིའང་གངས་ཅན་གཙུག་ལག་ཆེན་པོའི་མཛེས་རྒྱན་དུ་བཤམས་པར་རིགས་སོ་ཞེས་བརྗོད་འདོད་ཀྱི་གཏམ་སྔོན་དུ་གླེང་ནས་སྐབས་བབས་ཀྱི་དཔྱད་བྱར་འཇུག་པ་ལ།
སྤྱིར་ན་བོན་གྱི་འོལ་མོ་ལུང་རིང་གི་ནི་བསམ་པའི་སྟེང་གི་དག་ཞིང་འོལ་མོ་ལུང་རིང་དང་ཕྱི་དངོས་བོའི་ཆ་ནས་མིག་ལ་བསྟན་རྒྱུ་ཡོད་པའི་འོལ་མོ་ལུང་རིང་གཉིས་ཡོད་པ་ལས་འདི་གཉིས་ཕན་ཚུན་འགལ་དགོས་བའི་ངེས་བ་གཏན་ནས་མེད་ནའང་ཞིབ་འཇུག་གི་གོ་རིམ་ཁྲོད་ཕན་ཚུན་གྱི་ཁྱད་ཆོས་ཉ་ཉུང་མཉམ་བསྲེས་བྱས་པའི་དབང་གིས་དོགས་པ་དང་དཀའ་རྙོག་གི་བརྒྱུད་རིམ་ངེས་ཅན་ཞིག་ཆགས་པ་རེད་དེ།
ཀུན་མཁྱེན་ཤར་རྫ་བས་ “ཏི་སེ་ལ་ཡོན་ཏན་གྱི་དབུས་སྟག་གཟིག་ན་ཡོད་པའི་ཏེ་སེ་དང༌། ས་ཚིགས་ཀྱི་དབུས་བོད་ཀྱི་ཏི་སེ་གཉིས་སུ་ཡོད་པས་ལུང་འདིའི་ཏི་སེ་དང་མཚོ་མ་པང་། སྤོས་རི་ངད་ལྡན་སོགས་ནི་སྟག་གཟིག་ན་ཡོད་ལ། ཆུ་བོ་བཞི་ཡང་སྟག་གཟིག་ནས་འབབ་ཅིང༌། དེ་ནས་རྒྱ་གར་ལ་འབབ་པ་དེའོ།”(1)ཞེས་བན་བོན་སྔགས་གསུམ་གྱིས་གཅིག་མཐུན་དུ་ཞལ་བཞེས་ཐོབ་པའི་གནས་ཆེན་ཏེ་གངས་དཀར་ཏི་སེ་ལའང་གཉིས་ཡོད་པར་བཤད་པ་ནི་བསམ་པའི་སྟེང་གི་དག་ཞིང་འོལ་མོ་ལུང་རིང་དང་དངོས་པོའི་སྟེང་གི་འོལ་མོ་ལུང་རིང་གཉིས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པར་འདོད་ལ་དག་ཞིང་འོལ་མོ་ལུང་རིང་ནི“དེ་ཡང་འཛམ་བུ་གླིང་འདི་ན་ངོ་མཚར་གྲགས་སུ་རུང་བ་ནི། འཛམ་གླིང་ཐད་དྲང་ལ། དབུས་ཀྱི་ཐད་དྲང་ཀྱི་ནམ་མཁའ་ལ་ཏི་སེ་ཡོད། དེའི་ཤར་ན་མཚོ་མ་པང་ཡོད། དེ་གཉིས་ནམ་མཁའ་ལ་ཡོད། དེ་ལྟར་བར་སྣང་ལ་གནས་པའི་རི་མཚོ་བྲག་ཤིང་དེ་རྣམས་ནི་སྒྲིབ་པ་མེད་པ་དང་རྫུ་འཕྲུལ་གྱི་ཞབས་ཡོད་པ་མིན་པས་མི་མཐོང༌།”(2)ཞེས་འོལ་མོ་ལུང་རིང་ངོས་འཛིན་པར་དཀའ་རྙོག་ངེས་ཅན་ཞིག་བསྐྲུན་འདུག་ནའང་སྐྱོན་མེད་དེ། འདི་ནི་བསམ་པའི་སྟེང་གི་དག་ཞིང་འོལ་མོ་ལུང་རིང་གི་ཁྱད་ཆོས་ཡིན་ལ་མི་རྣམས་ཀྱིས་བསམ་པའི་རྒྱགས་ཕྱེ་རུ་མཐོང་བའི་དག་ཞིང་ཡིན་པ་ཐམས་ཅད་འཇིག་རྟེན་འདིའི་སྟེང་གི་ས་གནས་གང་རུང་ཞིག་ལ་གཏན་འཁེལ་ཞུ་རྒྱུ་ནི་ཤིན་ཏུ་དཀའ་བའི་གནས་ཡིན་པས “སྤྱི་ལོ1959ལོའི་ཡར་སྔོན་ལ་དག་སྣང་ཅན་མང་བོ་འོལ་མོ་ལུང་རིང་ལ་མཇལ་བསྐོར་དུ་འགྲོ་བཞིན་ཡོད་ནའང༌། ངས་དེ་ཚོ་གཅིག་ཀྱང་ཕྱིར་ལོག་པའི་གནས་ཚུལ་མ་ཐོས། ཀུན་གྱིས་དེ་དག་ཕལ་ཆེར་ཨུ་རུ་སུའི་མཐའ་ཁུལ་ནས་འདས་སོང་བའི་ཚོད་དཔག་བྱེད་བཞིན་ཡོད”(3)ཅེས་བའི་སྣང་ཚུལ་བྱུང་བ་རེད་སྙམ། དེ་བཞིན་བོན་གྱི་སྟོན་པའི་སྐྱེ་སྒོ་གཅོད་པའི་མདོ་ལས་ཀྱང“འོལ་མོ་ལུང་རིངས་གནས་སུ་སྐྱེ་བར་ཤོག། ལུས་ངན་འཁོར་བའི་ལས་སུ་མི་སྐྱེ་ཞིང་། །”(4)ཞེས་གསུངས་བ་དེའང་ཁོང་གི་བསམ་པའི་སྟེང་གི་དག་ཞིང་འོལ་མོ་ལུང་རིང་ཡིན་རྒྱུ་ལས་ཉིད་ཀྱི་འཁྲུངས་ཡུལ་འོལ་མོ་ལུང་རིང་དེ་ཡིན་ན་གྲུབ་མཐའ་སོ་སོའི་གཞུང་ལུགས་དང་འབྲེལ་ཏེ་རྩོད་རྙོག་མང་བོ་འབྱུང་སྲིད་ལ་སྤྱིར་བསམ་པའི་སྟེང་གི་དག་ཞིང་འོལ་མོ་ལུང་རིང་ལས་འཕྲོས་བའི་ཁྱད་ཆོས་སོགས་འོལ་མོ་ལུང་རིང་མེད་པའི་སྒྲུབ་བྱེད་དུ་མི་འགྲོ་བ་ནི་ཞིབ་པར་བསམ་པའི་གནས་སོ། །
དེ་བཞིན་དངོས་བོའི་ཆ་ནས་བསྟན་རྒྱུ་ཡོད་པའི་འོལ་མོ་ལུང་རིང་དེའང་ཞིབ་འཇུག་གི་གོ་རིམ་ཁྲོད་ན་དཀའ་རྙོག་ཆེ་བ་ཞིག་ཏུ་བརྗོད་འདུག་པ་ནི་གོང་གསལ་བསམ་པའི་སྟེང་གི་དག་ཞིང་འོལ་མོ་ལུང་རིང་དང་དབྱེར་མེད་བྱས་པ་ལས་བྱུང་བ་མ་གཏོགས་བོན་མདོ་གཟེར་མིག་ན“ནུབ་ཕྱོགས་འཇིག་རྟེན་གྱི་གླིང༌། ཆུ་བོ་ཆེན་པོ་བཞིའི་འགོ ལྷོ་འཛམ་བུ་གླིང་མིག སོག་ཀ་སྣོད་ཀྱི་འཇིག་རྟེན་གྱི་སྐྱབས། གངས་བཟང་བོ་མདུད་རྩེའི་ར་བ། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩར། བྲག་སེང་གེ་རྒྱབ་བསྣོལ་གྱི་བར། ས་པད་མ་འདབ་བརྒྱད་ཀྱི་སྟེང༌། གནམ་འཁོར་ལོ་རྩིབས་དགུའི་འོག ཤིང་གཞའ་ཚོན་འོད་འབར་གྱི་གསེབ། རྩ་མེ་ཏོག་སྣ་ཚོགས་ཀྱི་ནགས། གསོས་བདུད་རྩི་སྨན་གྱི་ཚལ། གནས་རིན་པོ་ཆེའི་འབར་བའི་མཁར། ཡུལ་དེའི་མིང་ནི་འོལ་མོ་ ལུང་རིངས”(5)ཅེས་འབྱུང་ལ་དེ་ནི་སའི་ཁྱད་ཆོས་སོགས་གང་ལ་དཔྱད་ཀྱང་ལྷོ་འཛམ་བུ་གླིང་གི་དཀྱིལ་སྙིང་གངས་ཅན་ཡུལ་གྱི་སའི་ཆ་ཤས་ཞིག་ཡིན་རྒྱུ་ལས་འོས་མེད་ལ་ལུང་དེའི་ནང་ཆུ་བོ་ཆེན་པོ་བཞི་སོགས་གནས་ཀྱི་བཀོད་པ་དང་ཁྱད་ཆོས་དེ་དག་གངས་རི་ར་བས་བསྐོར་བའི་བོད་ཡུལ་དུ་བཙལ་ཀྱང་རྙེད་རྒྱུ་ཡོད་དེ་བཅའ་ཡིག་ཕྱོགས་བསྒྲིགས་ལས “དེ་ཡང་མངའ་རིས་འོལ་མོ་ལུང་རིང་དུ་སྲིད་བཟུང་བ་བོན་གྱི་སྟོན་པ་གཤེན་རབ་རྗེས་འབྲང་དང་བཅས་པ”(6)ཞེས་འབྱུང་བས་གོང་གསལ་བོན་གྱི་སྟོན་པའི་འཁྲུངས་ཡུལ་འོལ་མོ་ལུང་རིང་དེ་བོད་ལྗོངས་མངའ་རིས་སྐོར་གསུམ་གྱི་ས་ཆ་འདི་ཡིན་པ་ཤིན་ཏུ་གསལ་ལ་ཀུན་མཁྱེན་ཤར་རྫ་པས་ཞིང་མདོའི་ལུང་དྲངས་བར“ཞིང་དེ་ན་སྐྱེས་བའི་མི་རྣམས་ཀྱི་ལོངས་སྤྱོད་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་དང་མཉམ་མོ། བསོད་ནམས་ནི་བསོད་ནམས་སྐྱེས་ཀྱི་ལྷ་དང་མཉམ་མོ། དགའ་བ་ནི་དགའ་ལྡན་གྱི་ལྷ་དང་མཉམ་མོ། དཔལ་འབྱོར་ནི་གནོད་སྦྱིན་གྱི་གྲོང་ཁྱེར་དང་མཉམ་མོ། ཡོན་ཏན་ནི་བར་ལྷ་འོད་གསལ་གྱི་ལྷ་དང་མཉམ་མོ། ཡུལ་དེར་སྐྱེས་བའི་མི་རྣམས་ཀྱང༌། ཚེ་སྔ་ཕྱི་དྲན་པ། ལས་དགེ་སྡིག་ཤེས་པ། ཁྲེལ་ཡོད་པའི་ངོ་ཚ་དང་ལྡན་པ། དགེ་བ་ལ་དད་པ། བྱམས་སྙིང་རྗེ་དང་ལྡན་པ་ཤ་སྟག་གོ།” (7)ཅེས་འབྱུང་བ་ལས་འོལ་མོ་ལུང་རིང་ནི་ལྷ་ཡུལ་དང་གནོད་སྦྱིན་གྱི་ཡུལ་སོགས་གང་ཡང་མ་ཡིན་པར་འགྲོ་བ་མིའི་རིགས་ཀྱི་གནས་ཡུལ་ཞིག་ཡིན་པར་བསྟན་པ་དང་དེར་མ་ཟད་སངས་རྒྱས་ཤཱག་གཤེན་ཟུང་གི་བསྟན་པའི་དགོངས་པ་ཚེ་སྔ་ཕྱི་དང་ལས་དགེ་སྡིག་སོགས་ཀྱི་འབྲས་བུར་སྤྱོད་པའི་ཆ་ནས་ཀྱང་འདིར་བསྟན་གྱི་ཡུལ་འདི་ནི་འཛམ་གླིང་སའི་ལྟེ་བར་ཆགས་པའི་བོད་ཀྱི་ཡུལ་འདི་ཡིན་པའི་སྒྲུབ་བྱེད་གལ་ཆེན་ཞིག་ རེད་དོ།།
ལེགས་བཤད་མཛོད་ན“ཞིང་ཁམས་འདི་ལ་མཚན་གྱི་རྣམ་གྲངས་ཀྱང་རྒྱ་གར་གྱི་མི་རྣམས་ཀྱིས་ཤམ་བྷ་ལ། ཞང་ཞུང་གི་མི་རྣམས་ཀྱིས་སྟག་གཟིག་ཁྲོམ་གྱི་ཡུལ ། བོད་མི་རྣམས་ཀྱིས་སྟག་གཟིག་འོལ་མོ་ལུང་རིང༌། ཨོ་རྒྱན་ཀྱི་མི་རྣམས་ཀྱིས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཟེར་རོ།”(8)ཞེས་འོལ་མོ་ལུང་རིང་གི་མཚན་གྱི་རྣམས་གྲངས་འགའ་བཀོད་པ་འདིའི་སྟེང་ནས་དཔྱད་ན་ད་ལྟ་བན་བོན་གྲུབ་   མཐའིགཞུང་ལུགས་སོ་སོ་ནས་མངོན་པའི་གནས་འདི་དག་ལ་འབྲེལ་བ་ངེས་ཅན་ཞིག་སྣང་བ་ཤིན་ཏུ་གསལ་ཏེ་རྗེ་མན་ལུང་བས“མངའ་རིས་མང་ཡུལ་ནས་སྟོད་ཧོར་གྱི་རྒྱལ་ཁམས་དང་སོག་སྡེ་འགའ་ཞིག་བརྒལ་ཏེ་ཕྱིན་ན་ཡུལ་འདིའི་ལྟེ་བར་ཡང་ལོ་གཉིས་གསུམ་གྱིས་སླེབས་པར་བཤད”(9)ཅེས་ཤམ་བྷ་ལ་གནས་ཡུལ་གྱི་ཕྱོགས་ཙམ་བསྟན་པ་དང་དེར་བགྲོད་པར་ལོ་གཉིས་གསུམ་ཙམ་འགོར་བ་ནི་ད་དུང་དཔྱད་པའི་གནས་ ཡིན་ལ་དེར་མ་ཟད་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས“མདུན་ཆུ་བོ་སི་ཏའི་ཕྱོགས་ལ་བསྟན་པའི་གཡས་ཕྱེད་མ་དེ་ཤམ་བྷ་ལའི་ཡུལ་ཆེན་པོ་ཡིན་ནོ“(10)ཞེས་འབྱུང་བར་དཔྱད་ན་སངས་རྒྱས་ཆོས་ལུགས་པའི་དག་ཞིང་ཤམ་བྷ་ལའང་སྟོད་མངའ་རིས་ནས་རྒྱ་གར་ལ་འབབ་པའི་ཆུ་ཆེན་བཞིའི་ཡ་གྱལ་ཆུ་བོ་སི་ཏིའི་ཕྱོགས་ཅིག་ཡིན་པར་བསྟན་ཡོད་པས་བོན་གྱི་འོལ་མོ་ལུང་རིང་དང་འདི་གཉིས་ས་ཆ་གཅིག་གི་ཕྱོགས་སུ་ཁེལ་ཡོད་པ་དང་དེ་བཞིན་བོན་གྱི་བསྟན་རྩིས་ན“ནུབ་ཕྱོགས་སྟག་གཟིག་ཤམ་བྷ་ལར།། ཡངས་པ་ཅན་གྱི་གྲོང་ཁྱེར་ཞེས།། རྩ་གསུམ་ལྷ་གནས་འཕོས་ལྟའི་དབུས།། ཕོ་བྲང་བར་པོ་སོ་བརྒྱད་དུ།། བྱམས་མའི་རྣམ་འཕྲུལ་རྒྱལ་བཞད་མའི།། ལྷུམས་སུ་ཞུགས་ནས་ཟླ་དགུ་དང༌།།”(11)ཞེས་བོན་གྱི་སྟོན་པ་གཤེན་རབས་འཁྲུངས་ཡུལ་ཤམ་བྷ་ལ་ཡིན་པར་བསྟན་པ་སོགས་གུང་བསྒྲིགས་ནས་དཔྱད་ན་བོན་གྱི་སྟོན་པ་གཤེན་རབ་འཁྲུངས་ཡུལ་འོལ་མོ་ལུང་རིང་དང་ནང་པ་སངས་རྒྱས་པའི་ཤམ་བྷ་ལ་གཉིས་མིང་བཏགས་སོ་སོར་ནང་སྣང་བ་མ་གཏོགས་དོན་གཅིག་གི་སྟེང་དུ་འབབ་པར་འདོད་ལ་དེ་བཞིན་མངོན་པ་མཛོད་ན་འཛམ་བུ་གླིང་ངོས་འཛིན་དུས་“འདི་ནས་བྱང་དུ་རི་ནག་པོ། །དགུ་འདུས་གངས་རིའོ་དེ་ནས་ནི།།སྤོས་ངད་ལྡིང་བའི་ཚུ་རོལ་ན།།ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ།།”(12)ཞེས་དང༌། ཡང་བཀའ་ཐང་སྡེ་ལྔ་ལས“མིའི་ཆད་ཁུངས་རྒྱལ་བོའི་བྱོན་ཚུལ་ནི།།འཛམ་གླིང་སྙིང་བོ་རྒྱ་གར་རྡོ་རྗེ་གདན།།རྡོ་རྗེ་གདན་ནས་བྱང་ཕྱོགས་བཙལ་བ་ན།།རི་ནག་དགུ་འདས་ཕ་རོལ་གངས་ཏི་སེ།།གངས་རིའི་བྱང་ངོས་རི་བོ་སྤོས་ངད་ལྡན།།དེ་གཉིས་བར་ན་མ་དྲོས་མཚོ་ཆེན་ཡོད།།”(13)ཅེས་འབྱུང་བ་དང་བོན་གྱི་མདོ་འདུས་ན“འཛམ་བུ་གླིང་གི་ནུབ་བྱང་ན།། མུ་འཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས།།འཛམ་བུ་བྲིཀྵ་ཤིང་གི་རྩ།། རི་བོ་གངས་ཅན་ཏེ་སེའི་དྲུང།། མཚོ་ནི་མ་སྤང་གཡུ་མཚོའི་འགྲམ།། ཆུ་བོ་ཆེནཔོ་བཞི་འདུསའགོ།། སྤོས་རི་ངད་ལྡན་ཉེ་བའི་ས།། རི་ནག་དགུ་འདུས་ར་བ་སྟེ།། ཆུ་བོ་པཀྵ་སིརྡུས་བཅད།། དུས་གསུམ་སྟོན་པ་བྱོན་པའི་ཞིང༌།།”(14)ཞེས་དང༌། ཡང“གཤེན་ཡུལ་འོལ་མོ་ལུང་རིང་ ནི།།དཔག་ཚད་ལྔ་བཅུ་ཆུ་ཞེང་མཉམ།།གླིང་བཞི་རི་རབ་ཚུལ་དུ་གྲུབ།།”(15)ཅེས་འབྱུང་བའི་ས་སྐོར་ངོས་འཛིན་སྐོར་ཐད་འབྲེལ་བ་ཆེན་པོ་ཡོད་དེ་མངོན་པ་མཛོད་དང་སྡེ་ལྔ་ནས་འཛམ་བུ་གླིང་གི་ཆོས་གྱི་ཁྱད་པར་བཤད་པའི་སྐབས་འཛམ་བུའི་གླིང་གི་དབུས་རྒྱ་གར་རྡོ་རྗེ་གདན་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་གངས་རི་དཔལ་དང་ལྡན་པ་ཡོད་ལ་དེ་ནས་བྱང་ན་སྤོས་རི་ངད་ལྡན་ཡོད་པ། ཆུ་ཞེང་ལ་དཔག་ཚད་ལྔ་བཅུ་ཡོད་པའི་མཚོ་སོགས་ཡོད་པར་གསུངས་བ་མདོ་འདུས་ནས་སྤོས་རི་ངད་ལྡན་དང་ཉེ་བའི་ས་ན་རི་ནག་དགུ་འདུས་ར་བ་ཡོད་ལ་དཔག་ཚད་ལྔ་བཅུའི་ཆུ་ཞེང་མཉམ་པ་དང་གླིང་བཞི་རི་རབ་ཚུལ་དུ་གྲུབ་པའི་འོལ་མོ་ལུང་རིང་སོགས་ཕན་ཚུན་བསྡུར་བས་དེ་རྣམས་ལ་འབྲེལ་བ་ངེས་ཅན་རེ་ཡོད་པ་གསལ་བོར་རྟོགས་ནུས་སོ།།དེ་བཞིན་བོན་གྱི་མཛོད་ཕུག་ལས་འཛམ་བུའི་གླིང་གི་སྐོར་ལ་གཞིགས་ན “ འཛམ་བུ་གླིང་གི་ གཡས་གཡོན་ན།།ཁ་སློ་དང་ནི་སྦྲེལ་རྒྱུ་གཉིས།།ངོས་སུམ་གོང་གི་ཆ་གསུམ་ཏེ།།དཔག་ཚད་དག་ནི་ཉིས་སྟོང་ཡོད།།རྣིལ་དང་རྦང་གི་ཕ་རོལ་ན།།ཤིམ་ཕོད་ནོམ་པའི་ཚུ་རོལ་ན།།དང་ར་མལ་དྲོ་མུར་ཟངས་གནས།།”(16)ཅེས་འབྱུང་ལ་འཛམ་བུའི་གླིང་གི་གཡས་གཡོན་དུ་ཡོད་པའི་དང་ར་མལ་དྲོ་ནི་སྟོད་མངའ་རིས་ཕྱོགས་ཀྱི་ས་གནས་ཞིག་ཡིན་པ་འབེལ་སྙིང་ལས“འོན་ཀྱང་ད་ལྟའི་སྐབས་སུ་སྟོད་ཕྱོགས་ཀྱི་ས་གནས་ཀྱི་རི་ལུང་པ་ཆུ་སོགས་ཀྱི་མིང་སྔར་བཞིན་བསྡད་པ་དཔེར་ན། རྒྱུང་དགུ་དང༌། དྭ་རོག དྭང་ར། སྟ་སྒོ མ་མིག རུ་ཐོག ཏི་ཙེ། གུ་གེ ཁ་རྩེ། རི་ཏི། ཟ་ལངས། མ་པང༌། ཏིང་རྩེ། ཡི་ཏི། ཏི་འོ་བ། སུ་སྨུར་སོགས་མང་བོ་ཡོད་ཅིང༌།(17)ཞེས་དང༌། ཡང་བོན་གྱི་དཀར་ཆག་ཞིག་ན“མ་པང་གཡུ་ཡི་མཚོ་མོ་དེ།།བདུད་རྩི་ངད་ཀྱི་ཟིལ་བ་ཆགས།།རྒྱ་མཚོ་ཆེན་པོ་འཁྱིལ་བ་ལ།།མལ་གྲོ་ཀླུའི་ཕོ་བྲང་བཅས།།ཟི་ཅན་ཞེས་སུ་དེ་ནས་གྲགས།།”(18)ཅེས་འབྱུང་བས་གོང་གསལ་མཛོད་ཕུག་གི་ལུང་དེས་གསལ་བར་བསྟན་པའི་ཡུལ་དེའང་བོད་ཀྱི་མངའ་རིས་ས་ཁུལ་དེ་ཡིན་པ་རྟོགས་ནུས་སོ།།འོ་ན་གོང་གསལ་རྣམས་ནི་འཛམ་བུའི་གླིང་གི་ས་སྐོར་དང་འབྲེལ་བའི་ཁྱད་ཆོས་ལས་སྐབས་བབ་ཀྱི་འོལ་མོ་ལུང་རིང་ལ་འབྲེལ་བ་ཅི་ཡོད་ཟེར་ན། མདོ་དྲི་མེད་གཟི་བརྗིད་ལས“མི་མཇེད་འཇིག་རྟེན་ལྷོ་འཛམ་བུ་གླིང་གི་མིག སོག་ཀ་བོན་གྱི་འབྱུང་གནས། གནས་མཆོག་གི་དམ་པ་འོལ་མོ་གླིང་ཆེན་གྱི”(19)ཅེས་འབྱུང་བ་བཞིན་ཞིང་མཆོག་འོལ་མོ་ལུང་རིང་ནི་འཛམ་བུའི་གླིང་མིག་སྟེ་དཀྱིལ་སྙིང་དུ་ཡོད་པར་བཤད་པས་འཛམ་བུའི་གླིང་གི་ཁྱད་ཆོས་འོལ་གླིང་གི་ཁྱད་ཆོས་ལྟ་བུར་ཆགས་པ་ནི་ཡ་ མཚར་སྐྱེས་དགོས་པ་ཞིག་མ་རེད་དེ་ཏུན་ཧོང་ཡིག་རྙིང་ན “གནམ་གྱི་དབུས། སའི་ནི་དཀྱིལ། གླིང་གི་ནི་སྙིང་བོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་མགོ་བོ། རི་མཐོ་ས་གཙང༌། ཡུལ་བཟང༌།”(20)ལྟ་བུའི་གནས་ཀྱི་ཁྱད་ཆོས་དེ་དང༌། འཛམ་བུའི་གླིང་དང་འོལ་མོ་ལུང་རིང༌། གངས་ཅན་ཡུལ་སོགས་ཀྱི་ཁྱད་ཆོས་ཕྱོགས་བསྡུས་བྱས་ཡོད་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པ་རེད། དེར་མ་ཟད་གནས་ཀྱི་ཁྱད་ཆོས་དེ་རིགས་ད་ལྟའི་དམངས་ཁྲོད་ནའང་ད་དུང་མ་ཉམས་པར་གནས་ཡོད་པར་མཐོང་སྟེ་དཔེ་གཅིག་གིས་གསལ་བཤད་བྱས་ན་ “གནམ་འཁོར་ལོ་རྩིབས་བརྒྱད་གདུག་ཕུབ་པ་ལྟ་བུའི་འོག། ས་པད་མ་འདབ་བརྒྱད་གདན་གཏིང་བ་ལྟ་བུའི་སྟེང་།།”(21)ཞེས་ཏི་སེའི་དཀར་ཆག་ན་གསལ་བའི་ཁྱད་ཆོས་དེ་བོད་ཀྱི་ངག་རྩོམ་ན་“གནམ་འཁོར་ལོ་རྩིབས་བརྒྱད་འོག་གི། ས་པད་མ་འདབ་བརྒྱད་སྟེང་ནས།།བོད་མི་ཡུལ་འཇིག་རྟེན་ཁམས་ཀྱི།།”(22)ཞེས་འབྱུང་བ་གཉིས་ཞིབ་མོར་བསྡུར་བས་ཤེས་ཐུབ་བོ།།
ད་ནི་སྟག་གཟིག་དང་འོལ་མོ་ལུང་རིང་གི་འབྲེལ་བར་དཔྱད་པ་གཏོང་དགོས་སྟེ་སྤྱིར་ན་སྟག་གཟིག་ཅེས་པའི་ཐ་སྙད་ལ་ཏ་ཟིག་དང་རྟག་གཟིགས་སོགསའབྲི་ སྟངས་མི་མཐུན་པ་འགའ་རེ་འབྱུང་ཡང་དེ་ནི་བོན་ལུགས་ལྟ་བ་འཛིན་མཁན་གྱིས་ ཕྱིས་སུ་མངོན་སུམ་བཅོས་པར་མཐོང་བས་འདིར་དེ་ལ་ཞིབ་དཔྱད་གཏོང་རྒྱུ་མིན་ལ་བན་ཆོས་ཀྱི་ཁུངས་རྒྱ་གར་ལ་གཏུགས་པ་ལྟར་བོན་ཆོས་ཀྱི་ཁུངས་ཀྱང་རྒྱལ་ཁབ་ གཞན་ལ་གཏུགས་ཅི་ཐུབ་ཀྱིས་སྟག་གཟིག་ཡང་པར་ཟིག་སོགས་སུ་ངོས་འཛིན་བྱེད་པའང་ཞིབ་པར་མི་སྤྲོ་ལ་རང་ལུགས་ནི་བོན་མཁས་པ་ནམ་མཁའ་ནོར་བུས“བོན་དུ་གྲགས་ཆེ་བའི་སྟག་གཟིག་དེ་པར་སིག་དངོས་ལ་ངོས་འཛིན་སྲོལ་མེད་པ་འདྲ།”(23)གསུངས་པབཞིན་བོན་གྱི་སྟག་གཟིག་གི་ཡུལ་དེ་ཡིན་རྒྱུ་ལས་འབྲེལ་བ་མེད་སར་འབྲེལ་བ་བཙན་གྱིས་འཚོལ་བའི་ངལ་ལས་དེ་གཏན་ནས་མ་ཡིན་ནོ། མི་རྣམས་ཀྱིས་སྟག་གཟིག་འོལ་མོ་ལུང་རིང་ཞེས་འབོད་དུས་སྟག་གཟིག་དང་འོལ་མོ་ལུང་རིང་གཉིས་སྤྱི་བྱེ་བྲག་དང་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བའི་ངོས་ནས་དཔྱད་པ་བཏང་བ་ཡིན་ན་གོང་གསལ་དེ་འདྲ་ཞིག་འབྱུང་དོན་མེད་དེ་སྟོན་པ་གཤེན་རབ་མི་བོའི་འཁྲུངས་ཡུལ་འོལ་མོ་ལུང་རིང་སྐབས་ལ་ལར་སྟག་གཟིག་ཅེས་འབོད་དེ་བོན་གྱི་བཀའ་འགྱུར་དཀར་ཆག་ན“འཛམ་གླིང་ནུབ་ཕྱོགས་སྟག་གཟིག་རྒྱལ་བོའི་ཡུལ།།དམུ་རིགས་རྒྱལ་པོ་རྒྱལ་བོན་ཐོད་དཀར་དང་།།ཡོ་ཕྱི་རྒྱལ་བཞད་སྟང་དང་དཔྱལ་ཚོགས་པའི།།ལྷུམས་སུ་ཞུགས་ནས་སྐྱེ་བ་བཞེས་པ་དང་།།”(24)ཞེས་འབྱུང་བས་གསལ་བོར་ཤེས་ཐུབ་ལ་སྟག་གཟིག་ཅེས་པར་ཁ་ཅིག་གིས་སྒྲ་བཤད་དང་ངོས་འཛིན་སྣ་ཚོགས་བྱེད་བཞིན་ཡོད་ནའང་བོན་དུ་གྲགས་ཆེ་བའི་སྟོན་པའི་འཁྲུངས་ཡུལ་གྱི་སྟག་གཟིག་དེ་ནི་ཡུལ་ཆེན་པོ་བཅོ་བརྒྱད་ཀྱི་ནང་གསེས་སུ་གྲགས་པ“ནུབ་ན་སྟག་སྡེ་དང་གཟིག་འཕེན་གཉིས”(25)ཞེས་པའི་ཁྲོད་ཀྱི་སྟག་སྡེ་དང་གཟིག་འཕེན་གཉིས་བསྡུས་པས་སྟག་གཟིག་ཏུ་གྲུབ་པར་བདག་གིས་འདོད་ལ་གོང་གསལ་ལུང་ལ་གཞིགས་ན་དེ་གཉིས་སྐབས་དེའི་བོད་ཀྱི་མངའ་སྡེ་གཉིས་ཡིན་པའང་གསལ་བོར་རྟོགས་ནུས་སོ།།འོ་ན་ཁྱོད་ཀྱིས་སྟག་གཟིག་དེ་ཞིབ་འཇུག་པ་གཞན་དང་མི་འདྲ་བར་བོད་ཀྱི་མངའ་སྡེ་ཞིག་ལ་ངོས་འཛིན་བྱེད་པའི་སྒྲུབ་བྱེད་གང་ཡིན་ཟེར་ན། <<བོན་སྒོ>>ལས“སྟག་གཟིག་དང་ཞང་ཞུང་ཞེས་པའི་འདོད་ཚུལ་ཐ་དད་བྱུང་ཡང་སྟག་གཟིག་ཞང་ཞུང་གི་མངའ་ཁུངས་ཕུགས་པར་གྲངས་འདྲེན་བྱས་ཡོད”(26)ཅེས་དང༌། འབེལ་གཏམ་ལུང་སྙིང་ལས“དེ་ལ་སྟག་གཟིག་གི་ཡུལ་ལམ་ཞང་ཞུང་སྒོ་བར་མའི་ཡུལ་ཡང་འབོད་པའི་གནས་སུ”(27)ཞེས་སྟག་གཟིག་ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་ཕུགས་པར་བགྲང་ཡོད་པས་མདོར་ན་སྟག་གཟིག་ཅེས་པའང་བོད་ཡུལ་གྱི་མངའ་ཁུལ་ཞིག་ཡིན་པ་ཤེས་ཐུབ་ལ་འོལ་མོ་ལུང་རིང་ཡང་སྟག་གཟིག་ཡུལ་གྱི་ཆ་ཤས་ཞིག་ཏུ་ཡོད་པ་ཤེས་ཐུབ་པས་སྒྲུབ་བྱེད་གཞན་འགོད་པའི་ངལ་བ་སྤངས་སོ།།

ལུང་འདྲེན་དཔེ་ཁུངས།
(1)(7)(8) <<ལེགས་བཤད་རིན་པོ་ཆེའི་གཏེར་མཛོད>>ཤར་རྫ་བཀྲ་ཤིས་རྒྱལ་མཚན། 1985ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།  ཤོག་ངོསp10-16གི་བར་ན་གསལ།
(2) <<བོན་ཆོས་དར་ནུབ་ཀྱི་ལོ་རྒྱུས་བསྒྲགས་པ་རིན་ཆེན་གླིང་གྲགས་ཞེས་བྱ་བ་རྨོངས་བའི་བློའི་གསལ་བྱེད>>ཅེས་པར་གསལ། ལག་བྲིས་མ།
(3) <<ཧི་མ་ལ་ཡའི་ལྷ་དང་མི>>ཞང་ཧུང་ཅས་བསྒྱུར། 2004ལོར་མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་གིས་རྒྱ་ཡིག་གི་ལམ་ནས་དཔར་བསྐྲུན་བྱས། ཤོག་ངོསp154 ན་གསལ།
(4) (17) (27) <<སྔ་རབས་བོད་ཀྱི་བྱུང་བ་བརྗོད་པ་འབེལ་གཏམ་ལུང་གི་སྙིང་ བོ>>བསྟན་འཛིན་རྣམ་དག་གིས་བརྩམས། 2005ལོར་ཁྲི་བསྟན་ནོར་བུའི་དཔེ་མཛོད་ཁང་གིས་དཔར་བསྐྲུན་བྱས། ཤོག་ངོས་p20-29ན་གསལ།
(5) <<མདོ་གཟེར་མིག>>དྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་ནས་བཏོན། 1991ལོར་ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་ནས་དཔར་དུ་བསྐྲུན། ཤོག་ངོསp13-14 ན་གསལ།
(6) <<བཅའ་ཡིག་ཕྱོགས་བསྒྲིགས>>p2001ལོར་བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་གིས་དཔེ་བསྐྲུན་བྱས། ཤོག་ངོསp504ན་གསལ།
(9) <<འཇིག་རྟེན་ཁམས་ཀྱི་རྣམ་གཞག་མདོར་བསྡུས་སུ་བཀོད་པ་དུས་མིན་སེལ་བའི་ཉིན་བྱེད>>ཆ་རིས་སྐལ་བཟང་ཐོགས་མེད་གྱིས་བརྩམས། 2003ལོར་ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་གིས་དཔེ་བསྐྲུན་ཁང་གིས་དཔར་དུ་བསྐྲུན། ཤོག་ངོསp254ན་གསལ།
(10) <<བཙན་པོ་ནོ་མོ་ཧན་སྤྲུལ་བའི་སྐུའི་དོགས་ལན>>ནམ་ཡང་ན་《གྲུབ་པའི་གནས་ཆེན་པོ་ཤམ་བྷའི་རྣམ་བཤད》ཅེས་པའི་ནང་གསལ། པཎ་ཆེན་དྲུག་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མའི་གསུང་འབུམ(ཉ)བའི་ནང་དུ་ཡོད།
(11) <<སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་ཕྲེང་བ>> དགེ་སློང་བསྟན་འཛིན་དབང་གྲགས་ཀྱིས་གཙོ་སྒྲིག་བྱས། 1996ལོར་བོད་ལྗོངས་མི་རིགས་དཔེ་བསྐྲུན་ཁང་ནས་དཔར་དུ་བསྐྲུན། ཤོག་ངོསp526ན་གསལ།
(12) <<མངོན་པ་མཛོད་རྩ་འགྲེལ>>རྩ་བ་དབྱིག་གཉེན་དང་འགྲེལ་བ་འཇམ་དབྱངས་གཏེར་བློས་བརྩམས། 1996ལོར་ཟི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་ནས་དཔར་དུ་བསྐྲུན། ཤོག་ངོསp26ན་གསལ།
(13) <<བཀའ་ཐང་སྡེ་ལྔ>>ཨོ་རྒྱན་གླིང་བས་གཏེར་ནས་བཏོན། 1986ལོར་མི་རིགས་དཔེ་བསྐྲུན་ཁང་གིས་དཔར་དུ་བསྐྲུན། ཤོག་ངོསp428ན་གསལ།
(14)  ( 15)<<མདོ་འདུས་>>ལག་བྲིས་མར་གསལ།
(16)   (17)  <<སྣང་སྲིད་བོན་གྱི་མཛོད་ཕུག་ཐམས་ཅད་འབྱུང་བའི་སྒོ་མོ>>ལག་བྲིས་མ། ཤོག་ངོསp24ན་གསལ།
(18)  <<གངས་རི་མཚོ་གསུམ་གྱི་དཀར་ཆག>>ལག་བྲིས་མ།ཤོག་ངོསp468ན་གསལ།
(19)  <<མདོ་དྲི་མེད་གཟི་བརྗིད>>དེབ་དགུ་བ།2000ལོར་བོད་ལྗོངས་མི་དམངས་ དཔེ་བསྐྲུན་ཁང་ནས་དཔར།ཤོག་ངོསp1ན་གསལ།
(20)  <<ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ>>1992ལོར་མི་རིགས་དཔེ་ བསྐྲུན་ཁང་ནས་དཔར།ཤོག་ངོསp68ན་གསལ།
(21) <<འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག>> ལག་བྲིས་མ། ཤོག་ངོསp496ན་གསལ།
(22)  <<བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ>>1988ལོར་མཚོ་སྔོན་མི་ རིགས་དཔེ་བསྐྲུན་ཁང་ནས་བསྐྲུན།ཤོག་ངོསp411ན་གསལ།
(23) <<ཞང་བོད་ལོ་རྒྱུས་ཏི་སེའི་འོད>>ནམ་མཁའ་ནོར་བུས་བརྩམས།1996ལོར་ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོསp67ན་གསལ།(24) <<གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག>>རིག་འཛིན་ཀུན་གྲོལ་གྲགས་པས་བཀོད།1993ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་བསྐྲུན་ཁང་ནས་བསྐྲུན། ཤོག་ངོསp33ན་གསལ།
(25)<<གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས>>དཔལ་ཚུལ་གྱིས་བརྩམས།1998ལོར་བོད་ལྗོངས་མི་རིགས་དཔེ་བསྐྲུན་ཁང་དཔར། ཤོག་ངོསp12ན་གསལ།
(26)  <<བོན་སྒོ>>དེབ་བརྒྱད་པར་གསལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།