གཡུང་དྲུང་ཤོན་རྩེད།

གཡུང་དྲུང་ཤོན་རྩེད།
ཆོས་འཁོར་ཚང་ཉི་མ་འོད་ཟེར།
བོན་སྒོ་ལོ་དེབ་ཀྱི་གཙོ་སྒྲིག་པ།

2236188393

     གནའ་བོའི་ཞང་ཞུང་གི་“གཡུང་དྲུང་ཤོན་རྩེད་”སྐོར་གླེང་བར་བྱ་བ་ལ་དང་ཐོག་ང་ཚོས་“ཞང་ཞུང་”ཞེས་པ་དེ་གལ་ཆེན་དུ་བརྩི་བའི་རྒྱུ་མཚན་ངེས་པར་དུ་ཤེས་དགོས། འུ་ཅག་བོན་པོ་རྣམས་ལ་མཚོན་ན་“ཞང་ཞུང་”ནི་ང་ཚོའི་ཆོས་ལུགས་ཀྱི་བྱུང་ཁུངས་ཡིན་པས་གཙིགས་ཆེར་འཛིན་དགོས་པ་སྨྲོས་སུ་མེད། སྤྱི་ཡོངས་ནས་གཞིགས་ན་ལར་བོད་རིགས་ཕལ་ཆེར་གྱི་རིགས་རྒྱུད་ཀྱང་“ཞང་ཞུང་” ནས་གྲོལ་ཞིང༌། ཁྱད་པར་དུ་མངའ་རིས་སྐོར་གསུམ་གྱིས་གཙོས་པའི་སྟོད་ཀྱི་མི་རིགས་རྣམས་དང༌། ཧི་མ་ལ་ཡའི་བོད་རིགས་ཁག དེ་བཞིན་སྨད་ཕྱོགས་ཀྱི་ཁྱུང་པོ་དཀར་ནག་སེར་གསུམ་དང་བཅས་པའི་མི་རིགས་དག་“ཞང་ཞུང་”གི་མི་རྒྱུད་ལས་གྲོལ་བར་གནའ་བོའི་ལྷ་རབས་དང་མི་རབས་གཉིས་ཀར་གསལ་བས། དེ་དག་གི་ཤེས་རིག་ལོ་རྒྱུས་དང་“ཞང་ཞུང་”གཉིས་ཀྱི་དབར་འབྲེལ་བ་ཞིག་ཅིས་ཀྱང་ཡོད་དགོས། དེས་ན་མི་རིགས་དེ་རྣམས་ཀྱིས་སོ་སོའི་ཡབ་མྱེས་གོང་མ་དག་གི་ཆོས་རིག་ལོ་རྒྱུས་སོགས་ལ་གོ་རྟོགས་མཐོ་རུ་གཏོང་བར་འདོད་ན“ཞང་ཞུང་”གི་ཤེས་རིག་ནི་སྐབས་དེར་མེད་དུ་མི་རུང་བའི་དཔྱད་གཞིར་གྱུར་ཡོད།

དེ་བཞིན་གལ་ཏེ་བོད་པ་རྣམས་ལ་“ཞང་ཞུང་”སྐོར་གྱི་མཁྱེན་ཡོན་ཅུང་ཟད་ལྡན་ན། ད་གཟོད་རང་ཡུལ་དུ་དར་བའི་ཤེས་ཡོན་དང་རིག་གཞུང་རྣམས་རྒྱ་གར་ནས་གསེར་གྱིས་ཉོས་པའམ་རྒྱ་ནག་ནས་ཐབས་ཀྱིས་བསླངས་པ་སོགས་འུ་ཐུག་གི་རྫུན་གཏམ་བཤད་པ་སྟེ། སོ་སོའི་མི་རིགས་འདི་ཉིད་ཤེས་རིག་གིས་ཕོངས་པ་ཞིག་ཏུ་བསྒྲུབ་དགོས་དོན་གཏན་ནས་མེད།

ལྷག་དོན་དུ་འུ་ཅག་བོན་པོ་རྣམས་ཀྱིས་ངེས་པར་དུ་རྩད་ཞིབ་དང་སྲུང་སྐྱོབ་བྱ་དགོས་པའི་“ཞང་ཞུང་”གི་ཤེས་རིག་རྒྱ་མཚོ་ལྟ་བུ་ལས། ད་ལམ་ཁོ་བོས་དམིགས་བསལ་“གཡུང་དྲུང་ཤོན་རྩེད་”སྐོར་ལ་ཅུང་ཟད་བརྟགས་དགོས་དོན་ཡང་འདི་ཉིད་བརྒྱུད་ནས་གནའ་རབས་ཞང་ཞུང་གི་སྐད་ཡིག་དང་རིག་གཞུང༌། རྒྱལ་རབས་དང་ལོ་རྒྱུས། རྩོམ་རིག་སྒྱུ་རྩལ་དང་ཡུལ་སྲོལ་གོམས་གཤིས་སོགས་གང་འཚམས་ཤིག་རྙེད་རྒྱུ་ཡོད་པ་སོགས་ཀྱིས་ཡིན་ནོ། །

གནའ་བོའི་དུས་ནས་བཟུང་ཞང་བོད་མཐོ་སྒང་གི་གནས་དུས་དང༌། སྟོན་མོ། མཛད་སྒོ་སོགས་ཀྱི་སྐབས་སུ་ཞང་བོད་མི་རིགས་རྣམས་ཀྱིས་བདེ་སྐྱིད་ཕྱི་རུ་མངོན་སླད་“གཡུང་དྲུང་ཤོན་རྩེད་”ཅེས་པ་འཁྲབ་རྩེད་བྱེད་སྲོལ་ད་བར་མ་ཉམས་པར་གནས་ཡོད་ཅིང༌། དེ་ཡང་སྐྱེས་པ་འགོ་གཙོ་ཞིག་གིས་ལག་གཡས་པར་གཡག་གམ་འབྲོང་གི་རྔ་མ་དཀར་པོའི་ཡུ་བ་རིན་ཆེན་དངུལ་གྱིས་མཛེས་པར་ཤན་པ་ཞིག་བསྣམས་ཏེ། ལག་གཡོན་པས་རང་གི་རྗེས་སུ་ཡོད་པའི་སྐྱེས་པ་དེའི་ལག་གཡོན་པར་སྦྲེལ་ཞིང༌། དེ་བྱིངས་ཀྱིས་གྲལ་བསྟར་བསྒྲིགས་པའི་སྐྱེས་ཕོ་མོ་ཀུན་དང་པོ་སྐྱེས་པ་བཅུ་གསུམ་དང་དེ་རྗེས་སྐྱེས་སྨན་བཅུ་གསུམ་དགོས་པའང་བཤད་ཀྱང་ལག་གཡས་གཡོན་གཉིས་བྲོ་རོགས་ཕན་ཚུན་བར་གཡུང་དྲུང་ལག་སྦྲེལ་དུ་བསྟུད་ནས་བླ་མ་དང་དཔོན་པོར་བསྟོད་པའི་ལྐོག་སྙན་གྱི་འགྱུར་ཁུགས་ལ་རྔ་རོལ་གྱི་རམ་འདེགས་དང་ལྡན་པ་དག་ལ་འགྲོས་བསྟུན་གྱིས་རྐང་བྲོ་བརྡུང་བའི་མོད་ལུས་པོའི་ཉམས་འགྱུར་དང་བཅས་ཏེ་བོན་སྐོར་རམ་གཡས་སྐོར་དུ་སྐྱོད་ཀྱིན་འཁྲབ་རྩེད་བྱེད་པ་ཞིག་ཡིན་ཏེ། ‹‹བཀའ་ཐང་སྡེ་ལྔ་›› ལས། “མཛེས་པའི་ཁྱེའུས་ལག་ན་རྔ༷་མ༷་ཐོགས། །གར་སྟབས་བྲོ་བརྡུང་ཤོ༷ན་རྩེ༷ད་བྱེད་པ་དང༌། །རྒྱལ་པོའི་སྐྱོ་སངས་འབག་དང་སེང་གེ་དང༌། །སྔགས་བོན་རྔ་ཐོགས་འཆམས་པོ་བྱེད་པ་དང༌། །རྒྱལ་པོ་མཉེས་པ་བཙུན་མོ་མཛེས་མ་ཀུན། །རྒྱལ་པོའི་སྤྱན་སྔར་སྤྲིན་ལྟར་གཏིབས་ནས་བཞུགས། །བུ་མོ་མཛེས་མས་གཡུ༷ང་དྲུ༷ང་ཤོ༷ན་གྲ་བཅས། །གསུང་སྙན་ཟོར་ཁུགས་འཐེན་ཅིང་རྐང་བྲོ་བརྡུང༌།”  །ཞེས་གསུངས་པས་སོ། །

འོ་ན་དེ་འདྲ་བའི་“གཡུང་དྲུང་ཤོན་རྩེད་”དེ་ཞང་ཞུང་ནས་བྱུང་བའི་གཏན་ཚིགས་གང་ཡོད་ཅེ་ན། “གཡུང་དྲུང་ཤོན་རྩེད་”ཀྱི་སྐོར་ཡིག་ཐོག་ཏུ་འཁོད་པ་སྔ་ཤོས་ནི་སྟོན་པ་གཤེན་རབ་མི་བོའི་མཛད་མདོ་རྒྱས་འབྲིང་རྣམས་ཡིན་ཞིང༌། ལུང་དེ་དག་ཏུ་ཞང་ཞུང་གི་མང་ཚོགས་ནས་སྟོན་པ་གཤེན་རབ་མི་བོ་མཆོག་ཡུལ་ཚོ་གཅིག་ནས་གཅིག་ཏུ་བསུ་སྐྱེལ་ཞུ་བའི་སྐབས་སུ་“གཡུང་དྲུང་ཤོན་རྩེད་”འཁྲབ་པར་བཤད་ཡོད་པ་དང༌། གཉིས་ནས་སྔར་ཞང་ཞུང་དུ་གྲགས་པ་ད་ལྟའི་མངའ་རིས་སྐོར་གསུམ་གྱི་མཐའ་མཚམས་སུ་གནས་པའི་ཡུལ་ཁག་རྣམས་ཀྱིས་ཞང་ཞུང་གི་སྐད་དང་འདྲེས་པའི་གླུ་དབྱངས་བཀུག་སྟེ་“གཡུང་དྲུང་ཤོན་རྩེད་”འཁྲབ་ལུགས་དེང་དུས་ཀྱང་ཉམས་མེད་དུ་ཡོད་པ་སོགས་ལས་ཤེས།

“གཡུང་དྲུང་ཤོན་རྩེད་”ཀྱི་བསྡུས་མིང་ལ་“ཤོན་”ཞེས་སུ་འབོད་ཅིང༌། དེ་ནི་ཞང་ཞུང་གི་སྐད་སྟེ། དོན་དུ་“གར་རྩེད་”ལྟ་བུའི་དོན་དུ་འཇུག འོན་ཀྱང་དེང་དུས་དམིགས་བསལ་དུ་ཞང་ཞུང་གི་གར་བྲོ་རྙིང་པ་ད་ལྟ་ཤུལ་ལུས་ཡོད་མུས་དག་གི་སྒེར་མིང་ལྟ་བུར་བྱེད་པའང་སྣང༌།

འོ་ན་གནའ་བོའི་ཡིག་རྙིང་རྣམས་སུ་“ཤོན་”འདི་ལ་“གཡུང་དྲུང་”ཞེས་སྦྱོར་དོན་གང་ཡིན་ཞེ་ན། སྤྱིར་གནའ་བོའི་ཞང་ཞུང་གི་“ཤོན་”རྩེད་དག་གི་རྐང་པའི་འདེགས་འཇོག་རྣམས་གཡུང་དྲུང་བོན་སྐོར་དུ་བསྐྱོད་པ་དང༌། སྒོས་སུ་“ཤོན་”རྩེད་འཁྲབ་མཁན་རྣམས་ཀྱི་ལག་པ་བྲོ་རོགས་ཕན་ཚུན་བར་གཡུང་དྲུང་ལག་སྦྲེལ་གྱི་ཚུལ་དུ་བྱེད་པ་སོགས་ཀྱིས་ཐོགས་པར་སྙམ་སྟེ། དེ་དག་ནི་བསམ་ཡས་དང་གུ་གེ་སོགས་ཀྱི་ལྡེབས་རིས་སུ་འཁོད་པའི་གནའ་བོའི་གཟུགས་བརྙན་དག་ལས་གསལ་པོར་མཐོང་ཐུབ་པས་ཤེས་སོ། །

དེ་བཞིན་“ཤོན་”ལ་“ཤོན་རྩེ༷ད་”ཅེས་ཀྱང་འབོད་དོན་ཡང་གང་ཡིན་ཞེ་ན། ‹‹མདོ་དྲི་མེད་གཟི་བརྗིད་››ལས། “ལ་ལས་ནི་གར་བྱེད་དོ། །ལ་ལས་ནི་བྲོ་བརྡུང་ངོ༌། །ལ་ལས་ནི་‘ཤོན’་འཁྲ༷བ་བོ།”  །ཞེས་གསུངས་པ་ལྟར་‹‹བཀའ་ཐང་སྡེ་ལྔ་››ལས། “གར་སྟབས། བྲོ་བརྡུང༌། ཤོ༷ན་རྩེད།”  ཅེས་ཀྱང་གསུངས་པས། གར་ནི་ལག་པས་བསྒྱུར་ཞིང༌། བྲོ་ནི་རྐང་པས་བརྡུང་ལ། རྐང་ལག་གཉིས་ཀ་མཉམ་དུ་མཐུན་ཞིང་འཆམ་པོར་སྟབས་པའི་རིགས་ལ་འཆམ་དང༌། འཁྲབ། རྩེད་སོགས་སོ་སོར་འཇུག་པའི་ཕྱིར། “ཤོན་”ནི་འཁྲབ་རྩེད་བྱ་རྒྱུ་ཞིག་ཡིན་པར་ཡིག་རྙིང་རྣམས་སུ་གསལ་བ་བཞིན་མིང་ལའང་“ཤོན་རྩེད་”ཅེས་ཐོགས་སམ་སྙམ་མོ། །

གནའ་བོའི་ཞང་ཞུང་གི་སྐབས་སུ་“གཡུང་དྲུང་ཤོན་རྩེད་”ལ་ཡིག་རྙིང་རྣམས་སུ་འཁོད་པའི་“ནེན་ཤོན”སོགས་ཀྱིས་གཙོས་པའི་ཤོན་སྣ་ཉི་ཤུ་རྩ་ལྔ་དང༌། དར་ཤོན་བཅུ་གསུམ། ཤོན་སྣ་བཅོ་བརྒྱད་སོགས་འཁྲབ་སྲོལ་སྣ་ཁ་མི་འདྲ་བ་ཕུན་སུམ་ཚོགས་པ་བྱུང་འདུག་ཀྱང༌། ད་ལྟའི་དམངས་ཁྲོད་དུ་སྒྱུ་རྩལ་བ་རྒན་གྲས་ལ་ལས་གནའ་དུས་ཤོན་སྣ་ཉི་ཤུ་རྩ་གྲངས་གཏོང་སྲོལ་དང་འཁྲབ་སྲོལ་གཟིགས་མྱོང་བ་ཙམ་དང༌། དེ་བཞིན་གུ་གེ་དང༌། སྤུ་རྭང༌། མཐོ་ལྡིང་བཅས་སུ་སྔར་དར་སྲོལ་དང་འཁྲབ་སྲོལ་ཡོད་པའི་ཤོན་སྣ་བཅུ་གསུམ་ལས་ད་ལྟ་དངོས་སུ་བཞི་ཙམ་མ་གཏོགས་འཁྲབ་ཤེས་མཁན་དཀོན་པོ་ཡིན་པར་ཞིབ་དཔྱོད་པ་དག་གིས་བཤད།

འོན་ཀྱང༌། མངའ་རིས་སྐོར་གསུམ་གྱི་ཁོངས་གཏོགས་རུ་ཐོག་རྫོང་གི་དམངས་ཁྲོད་དུ་དར་བའི་“ཡ་པ་ཡ་མ་”དང༌། སྤུ་རྭང་རྫོང་དུ་དར་བའི་“གར་ཤོན་”དང་“དར་ཤོན།” རྩ་མདའ་རྫོང་དུ་དར་བའི་“གར་མ་ཤོན་”བཅས་“གཡུང་དྲུང་ཤོན་རྩེད་”ཀྱི་སྒྱུ་རྩལ་དབྱེ་བ་མི་འདྲ་ཞིང་སྔ་ཉམས་བྲོ་བ་མང་པོ་དེང་དུས་ཀྱང་འཁྲབ་རྩེད་བྱེད་མུས་སུ་གནས།

བོད་ཀྱི་ཡུལ་དུ་“གཡུང་དྲུང་ཤོན་རྩེད་”འདི་ཉིད་སྐྱིད་རྟགས་བཅུ་གསུམ་གྱི་གྲས་སུ་བརྩི་བར་‹‹བཀའ་ཐང་སྡེ་ལྔ་››ལས་གསལ་ཞིང༌། དེ་ཡང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་ནས་དར་བ་ཡིན་ཏེ། ཉང་གཏེར་ཉི་མ་འོད་ཟེར་གྱིས་མཛད་པའི་‹‹ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་›› ལས། “བོད་ཀྱི་རྒྱལ་པོ་ལ་སྔ་བ་རྗེ་གཉའ་ཁྲི་བཙན་པོ་ཡིན་ཏེ། དེའི་སྐུ་རིང་ལ། གཏམ་རྒྱུད་དང༌། སྒྲུང་རྒྱུད་དང༌། སྡེབ་སྦྱོར་དང༌། བཀའི་ཀུགས་དང༌། བྲོ་གར་དང༌། གླུ་གཞས་དང༌། ཤོ༷ན་རྩེ༷ད་དང༌། རྩེད་འཇོ་ལ་སོགས་པ་བྱུང་བ་ཡིན་ནོ།” །ཞེས་གསུངས་པས་སོ། །

དེ་འདྲ་བའི་“གཡུང་དྲུང་ཤོན་རྩེད་”དེ་ཉིད་བན་དེའི་ལག་ཏུ་ཤོར་ནས་བཟུང་བཅོས་བསྒྱུར་ཆེན་པོ་ཐེངས་གསུམ་བྱུང་བ་སྟེ། དང་པོ་ནི་དུས་རབས་བདུན་པའི་སྐབས་སྲོང་བཙན་སྒམ་པོས་བཏང་༡༠ ཞིང༌། གཉིས་པ་ནི་དུས་རབས་དགུ་པའི་མགོར་གུ་གེའི་རྒྱལ་པོ་དག་གིས་བཏང་༡༡ལ། གསུམ་པ་ནི་དུས་རབས་བཅུ་བདུན་པར་རྒྱལ་དབང་ལྔ་པའི་སྐབས་སུ་བྱུང་བར་༡༢‹‹རོང་ཆུང་ཁུལ་གྱི་གླུ་གར་ཕྱོགས་བསྒྲིགས་››ཞེས་པ་ལས་རྒྱས་པར་གསལ་ལོ། །དེས་ན་ད་ལྟ་མངའ་རིས་ཁུལ་དུ་མཐོང་རྒྱུ་ཡོད་པའི་“གཡུང་དྲུང་ཤོན་རྩེད་”དག་ནི་བཅོས་བསྒྱུར་ཆེན་པོ་ཐེངས་གསུམ་བྱུང་བའི་ཤོན་ལྷག་གསུམ་པ་ཞིག་ཡིན་པའང་ཤུགས་ཀྱིས་ངེས་སོ། །

“གཡུང་དྲུང་ཤོན་རྩེད་”ནི་ཐོག་མར་ཞང་ཞུང་ཡུལ་ནས་དར་བ་ཡིན་སྟབས། གནའ་བོའི་དུས་ནས་བོད་དང་ཞང་ཞུང་གཉིས་ཀར་འཁྲབ་རྩེད་སྐབས། བོན་སྐོར་ཁོ་ན་བྱེད་ལུགས་བན་དེའི་ཡིག་རྙིང་‹‹བཀའ་ཐང་སྡེ་ལྔ་››སོགས་སུ་གསལ་བས་མ་ཚད། དུས་རབས་བརྒྱད་པར་བྲིས་པའི་དཔེ་རིས་རྙིང་པ་ད་ལྟའང་མཇལ་དུ་ཡོད་པའི་གུ་གེའི་གྱང་རིས་དང༌། བསམ་ཡས་༡༣ལྷ་ཁང་གི་སྒོ་འགྲམ་གྱི་ལོགས་སུ་བྲིས་པ་དག་ལ་དངོས་སུ་བལྟས་པས་ཀྱང་ཤེས། འོན་ཀྱང་དུས་ཀྱི་འགྱུར་འགྲོས་དབང་གིས་ཕྱིས་སུ་མི་ཆེན་དང་བླ་ཆེན་འགའ་ཞིག་གིས་རང་ཆོས་ཀྱི་ལ་རྒྱ་ཁོ་ན་ཐུགས་ལ་བརྣགས་ཏེ་“གཡུང་དྲུང་ཤོན་རྩེད་” ཀྱི་འཁྲབ་སྐོར་སྔར་གཡས་སྐོར་རམ་བོན་སྐོར་དུ་བྱེད་པ་དག་བློ་ཐོག་ཏུ་མ་བབས་ནས། བཙན་གྱིས་གཡོན་སྐོར་རམ་ཆོས་སྐོར་དུ་བསྒྱུར་བར་བསྐུལ་བའི་ལོ་རྒྱུས་ཀྱང་ཤིན་ཏུ་མང༌།

དེ་ལྟར་ནའང་བོད་ཀྱི་བཙན་པོ་དང་བླ་དམག་ཁག་གི་དབང་བསྒྱུར་འོག་མ་ཚུད་པའི་“ཞང་ཞུང་རོང་པ་ཁུ་ནུའི་ཡུལ་སྡེ་”༡༤རྣམས་སུ་གོང་གི་བཅོས་བསྒྱུར་ཆེན་པོ་གསུམ་ཀ་མ་ཐེབས་པའི་“གཡུང་དྲུང་ཤོན་རྩེད་”གནའ་བོའི་ཞང་ཞུང་གི་སྔ་ཉམས་བྲོ་བ་ཞིག་འཁྲབ་རྩེན་བྱེད་སྲོལ་ཡོད་ཀྱང༌། ཕྱིས་ཀྱི་དུས་རབས་ཉི་ཤུ་པའི་ནང་ཁམས་ནས་ཡིན་པའི་སྒ་རིན་པོ་ཆེ་ཟེར་བ་སོགས་ཀྱིས་ཆོས་སྐོར་དུ་འགྲོ་བར་བསྐུལ་རུང༌། འཁྲབ་དཔོན་གྱིས་གཡག་རྔ་དཀར་པོ་དེ་ལག་གཡོན་པས་འཁྱེར་བར་སྟབས་མ་བདེ་ནས་བོན་སྐོར་རམ་གཡས་སྐོར་དུ་མི་རྩེན་ཀ་མེད་དུ་གྱུར་པའི་ལོ་རྒྱུས་ཀྱང་ཐོས། དེ་བཞིན་ལ་དྭགས་སླེ་རུ་བོད་ཀྱི་བླ་དཔོན་ཆེ་གྲས་ཤིག་ལ་“གཡུང་དྲུང་ཤོན་རྩེད་”འཁྲབ་འབུལ་ཞུ་སྐབས་ཀྱང༌། བོན་སྐོར་དུ་འགྲོ་ལུགས་དེ་ཁོང་གི་ཐུགས་ལ་མ་བབས་པའི་རྣམ་འགྱུར་བསྟན་པའང་དེར་ཡོད་བོན་འབངས་རྣམས་ཀྱིས་དངོས་སུ་མཐོང་སྐད།

དེ་ལྟར་“གཡུང་དྲུང་ཤོན་རྩེད་”ཀྱི་འཁྲབ་འགྲོས་ཙམ་དུ་མ་ཟད་གཞས་ཚིག་གི་ནང་དོན་ལའང་ཆོས་དམག་དང་བླ་དམག་དག་གིས་བཙན་བསྒྱུར་བྱས་པ་གྲངས་ཀྱིས་མི་ལངས་ཡང༌། དཔེར་མཚོན་ཙམ་གྱི་ཆེད་དུ། རུ་ཐོག་རྫོང་གི་“གཡུང་དྲུང་ཤོན་རྩེད་”གཅིག་པུར་གཞིགས་ན། དེང་སྐབས་དེའི་བྱུང་ཚུལ་ཡན་ཆོད་ཁ་ཕྱོགས་གཞན་དུ་བསྒྱུར་ཡོད་༡༥ཅིང༌། ཕྱིས་དུས་ཤིག་ལ་མངའ་རིས་རུ་ཐོག་དགོན་པའི་བླ་མ་འཕེལ་རྒྱས་༡༦ཟེར་བ་དེས་ཀྱང་སྔར་སྲོལ་ཞང་ཞུང་གི“གཡུང་དྲུང་ཤོན་རྩེད་”དེ་མ་གཞིར་བཞག་ནས་བོད་ཡུལ་ནས་དར་བའི་དམངས་ཁྲོད་ཀྱི་ཞབས་བྲོ་རྣམས་སྣོན་བསྒྲིགས་ཀྱིས། འཁྲབ་ཚན་གསར་པ་ཞིག་ཀྱང་བཅོས་པས་མིང་ལ་“གར་ཤོན་ཡ་པ་ཡ་མ་”ཞེས་སུ་གྲགས་པར་གྱུར། དེ་ཙམ་དུ་མ་ཟད་སྤྱིར་མངའ་རིས་ཀྱི་ས་ཁུལ་དེ་དག་བླ་དམག་གིས་དབང་བསྒྱུར་བྱས་ནས་བཟུང་བཀའ་ཤག་གི་སྲིད་གཞུང་འོག་སེ་ར་དགོན་པའི་སྟངས་འཛིན་གྱིས་ལོ་གསུམ་རེའི་མཚམས་སུ་རྫོང་ཚབ་གཅིག་དང་མཁན་པོ་གཅིག་རེ་བཅས་རེས་མོས་ཀྱིས་གཏོང་སྲོལ་བྱུང་བ་དེ་དག་གིས་ཀྱང་“གཡུང་དྲུང་ཤོན་རྩེད་”འདི་དག་གི་ཚིག་དོན་ལ་བཅོས་བསྒྱུར་བྱས་ཏེ། ཤོན་ཚིག་གསར་པ་དེ་དག་དར་སྤེལ་འགྲོ་ཆེད་དུ་རུ་ཐོག་རྫོང་དང་རུ་ཐོག་བླ་བྲང་གཉིས་ལ་གཞས་ཁྲལ་དུ་འབུལ་དགོས་པའི་ཁྲིམས་བཅས་༡༧པ་སོགས་འཛམ་གླིང་གང་དུ་མ་གྲགས་པའི་གཞས་ཁྲལ་འབུལ་དགོས་པའི་སྡུག་བསྔལ་ནི་ཞང་ཞུང་པ་དག་གིས་སྔར་ནས་མྱངས་ཟིན་པར་སྣང༌། དེ་བཞིན་“གར་མ་ཤོན་དེ་ལོ་ལྟར་རྩ་མདའ་རྫོང་ལ་ཁྲལ་འཇལ་དུ་འཁྲབ་པར་འགྲོ་དགོས་ཀྱི་ཡོད་”༡༨པ་དག་ལ་གཞིགས་ཚེ། བོད་འདི་བན་དེའི་བླ་དམག་དང་ཆོས་དམག་དག་གི་ལག་ཏུ་ཤོར་ནས་བཟུང་འཛམ་གླིང་གི་ཡུལ་གྲུ་གཞན་དུ་གྲགས་མྱོང་མེད་པ་སྟེ། གཞུང་གིས་གཞས་ཁྲལ་ཡང་ལེན་དགོས་པར་གྱུར་བ་དེ་དག་གནད་དོན་ཅི་ལ་ཐུག་གམ་ཞེ་ན། “གཡུང་དྲུང་ཤོན་རྩེད་”ཀྱི་ཚིག་དོན་རྙིང་པ་རྣམས་སུ་ཞང་ཞུང་གི་བོན་དང་འབྲེལ་བའི་ནང་དོན་སོགས་ཀྱིས་གཙོས་པའི་རིག་གཞུང་རྙིང་པའི་ལོ་རྒྱུས་ཀྱང་མང་སྟབས། དེ་དག་རྩ་མེད་དུ་མ་བཏང་ན་གསར་རྩོམ་གྱི་ལོ་རྒྱུས་དག་ཀྱང་ཕུང་ཉེན་ཡོད་པ་སོགས་ཀྱིས་ཡིན་པར་གོར་མ་ཆག་གོ། །

དུས་རབས་མང་པོ་ཞིག་གི་རིང་ལ་“གཡུང་དྲུང་ཤོན་རྩེད་”ཀྱི་ཚིག་དོན་རྙིང་པ་ཕལ་ཆེར་རྩ་གཏོར་བྱས་ཏེ་ནང་དོན་རྣམས་གསར་དར་གྱི་ཆོས་དང༌། གསར་བྱུང་གི་མི་ཆེན་རྣམས་ལ་བསྟོད་ཚིག་སོགས་སུ་བཅོས་ཕྱིར། བོན་དང་ཞང་ཞུང་དག་ལ་འབྲེལ་བའི་ཚིག་དོན་རྙིང་པ་རྩ་ཆེན་རྣམས་ནི་དེང་སང་མཐོང་རྒྱུ་ཁག་པོར་གྱུར་ཡོད། དེ་ལྟར་ནའང་ད་ལྟ་སྤུ་རྭང་སོགས་སུ་ལྷག་ལུས་གྱུར་པའི་ཤོན་སྣ་བཅུ་གསུམ་གྲས་ཀྱི“གཡུང་དྲུང་ཤོན་རྩེད་”ཅིག་གི་ཚིག་དོན་ནང་དུ་འདི་ལྟར་སྣང་སྟེ།

“ཉི༷ན་ལེ་མ༷་ཤ༷ར་ན༷་ཤ༷ར་ལ༷་ར་དེ་ཤ༷ར་རི༷་དྲོ༷་འཇ༷མ་ཉི༷་ལེ་མ༷། །

དེ༷་ཡ༷ང་གན༷འ་གཤེ༵ན་བཟ༷ང་ལོ་པོ༷་ང༷་ཡི༷་ཡ༷ར་ལུ༷ང་རྩེ༷་ལ༷་ཤ༷ར་ལ་བྱུ༷ང༌། །

དེ༷་ལེ་ཡ༷ང་ར༷ང་བྱོ༷ན་འཕ༷གས་ལ་པ༷་ང༷་ཡི༷་ཡ༷ར་ལུ༷ང་རྩེ༷་ན༷ས་ལ་ཤ༷ར། །

གན༷འ་གཤེ༵ན་བཟ༷ང་པོ༷འི་སྐུ༷་མདུ༷ན་ན་མི༷་སྣ༷་འཛོ༷མས་ལ་འབྱུ༷ང༌། །

དེ༷་ཡ༷ང་གན༷འ་ལ་གཤེ༵ན་ལ་བཟ༷ང་པོ༷འི་སྐུ༷་བརྙ༷ན་ལ༷་འབུ༷ལ་ལོ༷་གན༷འ་གཤེ༵ན་བཟ༷ང་པོ༷འི་སྐུ༷་མདུ༷ན་ན༷།།

ཆོ༷ས་དུ༷ང་འུ༷ར་སྒྲ༷་ཆེ༷་མཁ༷འ་མཉ༷མ་འགྲོ༷་དྲུ༷ག་སེམ༷ས་ཅ༷ན་ལ༷མ་དུ༷་འདྲེ༷ན་ཞིག་རོ༷གས། །

གན༷འ་ལ་གཤེ༵ན་བཟ༷ང་པོ༷འི་སྐུ༷་ལ་མདུ༷ན་ན༷་ཐུ༷ག་ད༷ང་རྒྱ༷ལ་མཚ༷ན་ད༷ར་ལ་འབྱུ༷ང༌། །

ར༷ང་ལ་བྱོ༷ན་འཕ༷གས་པ༷འི་སྐུ༷་ལ་མདུ༷ན་ན༷་ཐུ༷ག་ད༷ང་རྒྱ༷ལ་མཚ༷ན་ད༷ར་ལ་འབྱུ༷ང༌།” །

ཞེས་“གཤེན་”དང་འབྲེལ་བ་ཡོད་པ་འདི་ལྟ་བུའི་“གཡུང་དྲུང་ཤོན་རྩེད་”ཀྱི་ཚིག་འགྲོས་ཁ་ཤས་ཤིག་སྣང་བ་ལས་འདི་ནི་དཔེར་མཚོན་ཙམ་དུ་དྲངས་པ་ཡིན། འོན་ཀྱང་ཕྱིས་སུ་ཚིག་འགྲོས་འདི་ཉིད་ཀྱང་ཚིག་དོན་གཞན་དུ་བསྒྱུར་ཡོད་པ་ནི། “ཉི་མ་ཤར་ན་ཤར་བ་ཤར་རིའི་དྲོད་འཇམ་ཉི་མ། ཤར་གསུམ་ཤར་ན་ཤར་བ་ཤར་རིའི་དྲོད་འཇམ་ཉི་མ། དེ་ཡང་གནས་ཤིས་བཟང་པོའི་དབུ་རྩེ་ལ་ཤར་བྱུང༌། གནས་ཤིས་རང་བྱུང་འཕགས་པའི་ཡང་རྩེ་ལ་ཤར་བྱུང༌།” ཞེས་པ་ལྟ་བུར་བཅོས་འདུག

དེས་མ་ཚད་ཉེ་དུས་ཤིག་ལ་གོང་དུ་བཅོས་ཟིན་པའི་ཤོན་ཚིག་དེའང་དེང་སང་མགུར་གླུའི་གྲས་སུ་བརྩིས་ཏེ་ཚིག་ཀྱང་འདི་ལྟར་བསྒྱུར་བར་སྣང་སྟེ། “ཉི་མ་ཤར་ནས་ཤར་བྱུང༌། ཤར་རི་དྲོད་འཇམ་ཉི་མ། དེ་ཡང་གནས་ཤན་བཟང་པོའི། དབུ་རྩེ་ལ་ཤར་བྱུང༌། གནས་ཤན་གུ་རུ་མཚན་བརྒྱད་ཀྱི། ཡང་རྩེ་ལ་ཤར་བྱུང༌།” ཞེས་གུ་རུའི་བསྟོད་པ་ལྟ་བུར་བཅོས་འདུག འདི་དག་ནི་ཤོན་ཚིག་རྙིང་པ་དེ་ཚོ་ཤོན་ཚིག་གསར་པར་བཅོས་ཚུལ་གང་འདྲ་ཡིན་མིན་ར་སྤྲོད་ཀྱི་དཔང་པོར་ཞུས་པ་ཙམ་མོ། །དེ་མུས་ཀྱིས་ཇི་ཙམ་བཅོས་ཀྱང་ཤོན་གླུ་ཕལ་མོ་ཆེའི་ཚིག་འགོར་”བསྭོ་”ཟེར་བའི་སྒྲ་གདངས་ཤིག་ཉམས་མེད་དུ་གནས་པ་དེ་ནི་ཡོངས་གྲགས་སུ་“བསྭོ་”ནི་བོན་གྱི་སྒྲ་ཡིན་ཟེར་བ་ལྟར་བོན་གྱི་བཀའ་རྟགས་ལྟ་བུར་ཚིག་འདི་ཉིད་ལྷག་ཡོད།

ཡང་ཤོན་སྣ་བཅུ་གསུམ་ཡོད་པ་དང༌།  “ཡ་པ་”འཁྲབ་མི་སྐྱེས་པ་བཅུ་གསུམ་དང༌།  “ཡ་མ་”འཁྲབ་མི་བུད་མེད་བཅུ་གསུམ་དགོས་པ་སོགས་ལ་བལྟས་ན། བོན་ལུགས་སུ་གནམ་རིམ་པ་བཅུ་གསུམ་ཟེར་བ་ལྟ་བུ་གྲངས་ཀ་བཅུ་གསུམ་དེ་གལ་ཆེན་དུ་བརྩི་བ་དང་འབྲེལ་བ་ཞིག་མེད་དམ་སྙམ།

ད་དུང་“གཡུང་དྲུང་ཤོན་རྩེད་”ཀྱི་འཁྲབ་རིམ་ལའང་སྔོན་འགྲོ་གཞས་ཕུད་འབུལ་བ་དང༌། དངོས་གཞི་གར་ཤོན་འཁྲབ་རྗེས་མཐའ་དོན་བཀྲ་ཤིས་ཞེས་པའི་ལེའུ་དེ་འཁྲབ་ནས་མཇུག་འགྲིལ་བ་དག་ཀྱང་སྔར་ཞང་ཞུང་ནས་དར་མྱོང་བའི་ཆོ་ག་འཕྲིན་ལས་ཀྱི་གོ་རིམ་དང་ཤིན་ཏུ་མཚུངས།

“གཡུང་དྲུང་ཤོན་རྩེད་”ཀྱི་གྱོན་ཆས་ནི་བོད་རྣམས་དང་མི་འདྲ་བར་ཐུན་མོང་མ་ཡིན་པ་ཞིག་ཡོད། དེ་ཡང་གུ་གེའི་ལྡེབ་རིས་རྙིང་པར་གསལ་བའི་“གཡུང་དྲུང་ཤོན་རྩེད་”འཁྲབ་མི་བུད་མེད་དག་གི་གྱོན་ཆས་ལ་བལྟས་ཚེ་ད་ལྟའི་གར་ཞྭ་དང་དོལ་པོའི་བུད་མེད་དག་གི་གཟབ་སྤྲོའི་གྱོན་ཆས་དག་ཀྱང་སྣང་ངོར་འཆར་འོང་ལ། ཁུ་ནུ་དང་གློ་བོ་གཉིས་སུ“གཡུང་དྲུང་ཤོན་རྩེད་”འཁྲབ་སྐབས་བུད་མེད་དག་གིས་གྱོན་ཆས་ནི་དེ་རང་དུ་བྱེད་པ་ཁོ་བོས་དངོས་སུ་མཐོང་མྱོང༌། ལྷག་པར་དུ་ཁུ་ནུའི་ཤོན་ཚིག་དག་ཏུ། “བྷི་ལི་བྷེ་ཧོ་ན།” ལག་པ་མཐུད་ནས་འགྲོ། “གྷོ་ལི་གྷོ་ཧོ་ན།” ཤོན་རྩེད་རོལ་ལ་ཕེབས། “ཧ་ཡ་བྷེ་ཧོ་ན།” སྔོན་དུ་མགྱོགས་པར་སྐྱོད་ལ་ཕྱིར་གཤེགས། “ཁ་གྷོ་གྷོ་རིང་འུང་དྷེན།” ལྷ་ལ་མཇལ་མི་ཚོ། “ཁ་གྷོ་གྷོ་ཙུ་ལིད་པ།” ལྷ་ཁང་ལིད་པ་འདིར་འཛོམས། “ཟླུམ་པོ་གྷོ་རིང་ངུའི་དྷེན།” ལྷ་ཡིས་དབུ་ཐོད་ཟླུམ་པོ་ཀླུབ། ཅེས་པའི་ནང་དོན་ལ་ཅུང་ཟད་བསམ་ཚེ་སྔར་ཁུ་ནུ་བ་རྣམས་ཀྱིས་“གཡུང་དྲུང་ཤོན་རྩེད་”འཁྲབ་དུས་དབུ་ཐོད་དུ་ལ་ཐོད་ཅིག་གྱོན་གྱི་ཡོད་པའང་གླུ་ཚིག་རང་ལས་ཤེས་ཤིང༌། གཞན་གར་ཞྭ་དང་འོམ་གློའི་ཡུལ་དུ་“གཡུང་དྲུང་ཤོན་རྩེད་”འཁྲབ་སྐབས་སྐྱེས་པ་རྣམས་ཀྱིས་ལ་ཐོད་དཀར་པོ་གྱོན་པའི་སྲོལ་འདུག་པས། དེ་ནི་བོན་གཞུང་རྣམས་སུ་སྟོན་པ་གཤེན་རབ་མི་བོའི་ཡབ་ཀྱིས་ལ་ཐོད་དཀར་པོ་ཞིག་བསྣམས་ཀྱི་ཡོད་པས་མཚན་ལའང་རྒྱལ་བོན་ཐོད་དཀར་དུ་གསོལ་བ་དང༌། དེས་མ་ཚད་ཞང་ཞུང་གཙང་མའི་ལྷ་རིགས་ཙ་ཀ་ལི་རུ་འབྲི་སྲོལ་ཡོད་པ་དག་ལའང་དེ་མཚུངས་སུ་བྱེད་པ་རྣམས་ལ་བསམ་ཚེ།  དེང་དུས་མཐའ་མཚམས་མང་པོར་ཞང་ཞུང་ལུགས་ཀྱི་“གཡུང་དྲུང་ཤོན་རྩེད་”འཁྲབ་སྐབས་གང་གྱོན་པའི་ཆས་གོས་དག་ནི། ཞང་ཞུང་རང་གི་གྱོན་གོས་དངོས་ཡིན་པའང་རྟོགས་ནུས་ལ། ད་དུང་མངའ་རིས་འོམ་གློ་བ་དག་གི་སྐྱེས་པའི་ཤོན་ཆས་སུ་ཕྱུ་པའི་ཕྱི་ལ་བེར་ཆེན་དང་དེའི་སྟེང་དུ་དར་འཕྱང་གྱོན་པ་སོགས་ནི། གནའ་བོའི་ཙ་ཀ་ལི་དང་ཐང་ག་རྣམས་སུ་སྟོན་པ་གཤེན་རབ་མི་བོ་རྒྱལ་པོའི་ཆ་ལུགས་སུ་རི་མོར་འབྲི་སྲོལ་ཡོད་པ་ཇི་བཞིན་བྱེད་སྲོལ་འདུག་པས། ཤོན་ཆས་དེ་དག་ལ་བལྟས་ན་ང་ཚོས་གནའ་བོའི་ཞང་ཞུང་དུ་སྐྱེས་པའི་གྱོན་ཆས་གང་འདྲ་ཡོད་མེད་ཀྱང་ཚོད་དཔག་བྱེད་ཐུབ་པར་སེམས།

དེ་བཞིན་“གཡུང་དྲུང་ཤོན་རྩེད་”ཀྱི་གླུ་ཚིག་ཆོས་དང་འབྲེལ་བ་མེད་ལ་རིག་གཞུང་ཁོ་ན་སྟོན་པའི་ཆ་ནས་བཅོས་བསྒྱུར་མ་ཕོག་པར་ལུས་ཡོད་པ་འགའ་ཞིག་ཀྱང་འདུག་པ་དག་ལ་བལྟས་ན། གནའ་བོའི་ཞང་ཞུང་གི་ཡུལ་དུ་གྱི་ལིང་རྟ་ལ་ཞོན་ལུགས་དང༌། ཞོལ་མོ་འབྲི་ལས་འཇོ་སྟངས། གཡང་དཀར་ལུག་གི་བལ་འབྲེག་ཚུལ་ཚུན་ཆད་ཀྱི་གནའ་སྲོལ་རྣམས་ཀྱང་གསལ་པོར་ཤེས་ཐུབ་པ་འདུག

ད་དུང་དེ་བཞིན་བལ་བོད་ས་མཚམས་སུ་ཡོད་པའི་ཏི་ཆུ་རོང་གི་ཀལ་སྐད་ལ་ཁོ་བོས་ཞིབ་དཔྱོད་བྱེད་སྐབས་ཞང་ཞུང་གི་སྐད་དང་མཐུན་པ་ཤིན་ཏུ་མང་པོ་འདུག་པ་ལ་བལྟས་ན། དེ་ཕྱོགས་ཀྱི་གནས་དུས་སོགས་སུ་ཧྲུང་ཟེར་བ་“གཡུང་དྲུང་ཤོན་རྩེད་”དང་མཚུངས་པ་ཞིག་འཁྲབ་སྲོལ་ཡོད་པ་དག་ལའང་ཞིབ་བསྡུར་བྱ་དགོས་པར་སྣང༌། དེ་བཞིན་རྒྱ་བོད་ས་མཚམས་ཀྱི་ཡུལ་སྡེ་འགའ་དང་ཁྱད་པར་དུ་རྒྱལ་རོང་སོགས་ཆཱང་རིགས་ཀྱི་ནང་དུའང་དེང་དུས་ཀྱང་སྟོད་མངའ་རིས་ཀྱི་ཡུལ་མཚམས་ཁུ་ནུའི་“གཡུང་དྲུང་ཤོན་རྩེད་”དང་འཁྲབ་སྲོལ་མཚུངས་ཤིང༌། གུ་གེའི་ལྡེབ་རིས་སུ་གསལ་བའི་གྱོན་ཆས་ཅི་ལྟ་བ་བཞིན་དུ་གྱོན་སྲོལ་ཡོད་པའི་བརྙན་དཔར་ཡང་གང་མང་མཐོང་རྒྱུ་འདུག་པས། དེ་དག་ལའང་ཞིབ་དཔྱོད་བྱས་ཚེ་གནས་ལུགས་མང་པོ་ཞིག་ར་འཕྲོད་པར་ངེས་སོ་སྙམ་སྟེ། དཔེར་ན་སྟོད་ཁུ་ནུ་དང་སྨད་རྒྱལ་རོང་གི་ཡུལ་སྐད་ནང་དུ་‹‹སྲིད་པའི་མཛོད་ཕུགས་››སོགས་དང་མཐུན་པའི་ཞང་སྐད་ཤིན་ཏུ་མང་པོ་ད་ལྟའང་ཐུན་མོང་དུ་རྙེད་རྒྱུ་ཡོད་པ་སོགས་གཞན་དུ་གླེང་ཟིན་ཏོ། །འདི་བཞིན་ད་དུང་ཡང་མུ་མཐུད་སྟེ་“གཡུང་དྲུང་ཤོན་རྩེད་”འདྲ་མིན་གྱི་སྐོར་ལ་ཞིབ་པར་དཔྱད་ཚེ་གོང་ཞུས་ལྟར་ང་ཚོས་གནའ་བོའི་ཞང་ཞུང་གི་ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་བསྡུ་ཐུབ་པར་ངེས།

དེས་ན་ཞང་ཞུང་གི་ཤེས་རིག་ལ་དུང་བ་ཁོ་བོས་“གཡུང་དྲུང་ཤོན་རྩེད་”སྐོར་གྱི་ཐོག་མའི་དཔྱད་ཞིབ་བྱས་པ་འདི་ཙམ་ཞིག་སྔོན་འགྲོའི་ཚུལ་དུ་ཕུལ་བ་ཡིན་ལ། ཞིབ་བསྡུར་བྱ་དགོས་པའི་དཔྱད་གཞིའི་ལུང་ཡིག་རྙིང་པ་མང་པོ་མཇལ་བའི་གོ་སྐབས་བྱུང་ན་ཡང༌། གནས་སྐབས་དཔྱད་བྱར་བོར་ཏེ་རྗེས་སུ་དངོས་གཞིའི་དཔྱད་རྩོམ་སྐབས་འབུལ་ངེས་ཡིན་པས། འདི་དང་འབྲེལ་བའི་མཐོང་ཐོས་མྱོང་གསུམ་གྱི་ཉམས་མྱོང་ལྡན་པ་དག་གིས་ལམ་སྟོན་དང་རོགས་རམ་སོགས་དགེ་འདོན་སྐྱོན་སེལ་ལྷག་བསམ་དཀར་པོས་གནང་བར་རེ་བསྐུལ་ཡང་ཞུའོ།། །།

 

མཆན་འགྲེལ།

1     ‹‹བཀའ་ཐང་སྡེ་ལྔ།›› གུ་རུ་ཨོ་རྒྱན་གླིང་པས་ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས་བཏོན་པ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་དེབ་གཟུགས། ཤོག་ངོས་[༡༣༩]ལས་གསལ།

2     ‹‹ཞང་ཞུང་སྲིད་པའི་གྲེ་འགྱུར།›› མངའ་རིས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་བསྒྲིགས་པའི་དེབ་གཟུགས་ཀྱི་ཤོག་ངོས་[༨]པ། དགེ་སློང་བསྟན་འཛིན་དབང་གྲགས་ཀྱིས་བསྩལ་བའི་ཤིས་ཚིག་ཏུ་གསལ།

3     གོང་ཞུས་‹‹ཞང་ཞུང་སྲིད་པའི་གྲེ་འགྱུར།›› ཤོག་ངོས་[༤༦༡]ལས། “ཤོན་ནི་ཞང་ཞུང་གི་བརྡ་ཉིད་དེ། དང་པོར་གར་རྩེད་ཀྱི་དོན་དུ་འཇུག་ཀྱང༌། ཕྱིས་དམིགས་བསལ་ཤུལ་ལུས་སུ་ཡོད་མུས་ཀྱི་གནའ་རབས་ཞང་ཞུང་གི་ཞབས་བྲོ་དེ་དག་གི་སྒེར་མིང་ལྟ་བུར་འབོད།” ཅེས་གསལ་བ་ལྟར་རོ། །

4     ‹‹མདོ་དྲི་མེད་གཟི་བརྗིད།›› དེབ་བདུན་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དེབ་གཟུགས་ཀྱི་ཤོག་གྲངས་[༨༠]ལས་གསལ།

5     གོང་ཞུས་‹‹བཀའ་ཐང་སྡེ་ལྔ།›› ཤོག་ངོས་[༡༣༩]ལས་གསལ།

6     གོང་ཞུས་‹‹མདོ་དྲི་མེད་གཟི་བརྗིད།›› ཤོག་གྲངས་[༨༠]ལས། “ལ་ལས་ནི་ནེ༷ན་ཤོ༷ན་འཁྲབ་བོ།” །ཞེས་གསལ་བ་ལྟར་རོ།།

7     རུ་ཐོག་རྫོང་དུ་དར་བའི་གར་ཤོན་ལ་”ཡ་པ་ཡ་མ་”ཟེར། “ཡ་པ་”ནི་གཞས་པ་དང༌། “ཡ་མ་”ནི་གཞས་མ་ཞེས་པའི་དོན་ཡིན་པར་སྐད། མངའ་རིས་དོལ་པོ་དང་ཨ་མདོ་ཤར་པའི་ཁ་སྐད་དུ་“གཞས་པ་གཞས་མ་”ཞེས་བརྗོད་དུས་ཕལ་ཆེར་“ཡ་པ་ཡ་མ་”ལྟ་བུའི་སྒྲ་གདངས་ཡོང་གི་ཡོད་པས། སྐད་རྙིང་ཞིག་ཡིན་པར་གོར་མ་ཆག

8     གོང་ཞུས་‹‹བཀའ་ཐང་སྡེ་ལྔ།›› ཤོག་ངོས་[༡༥༢]ལས། “སྟོང་སྡེའི་རྟ་རྒྱུག་གླུ་གར་བྲོ་ཤོ༷ན་དང༌། །གཞོན་པས་རྡོ་བ་རྩེད་མཆོང་བྱེད་པ་དང༌། །མི་དགའ་ལྷ་དགའ་སྐྱིད་རྟགས་བཅུ་གསུམ་བྱས།” །ཞེས་གསལ་བས་སོ། །

9     ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི་‹‹ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།›› གངས་ཅན་རིག་མཛོད། ལྔ་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་དེབ་གཟུགས་ཀྱི་ལྡེབ་གྲངས་[༡༦༠]ལས་གསལ་ལོ། །

10   སྲིབ་སྐྱིད་ཀརྨ་མཁས་གྲུབ་ཀྱིས་བརྩམས་གནང་བའི་‹‹མངའ་རིས་རོང་ཆུང་ཁུལ་གྱི་གླུ་གར་ཕྱོགས་བསྒྲིགས།›› གླེང་གཞིའི་ཤོག་ངོས་[༢༣]པ་ལས། “དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡོངས་གཅིག་གྱུར་གྱི་མཛད་འཕྲིན་བསྐྱངས་རྗེས་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་གླུ་གར་གྱི་སྒྱུ་རྩལ་ལའང་འཕེལ་རྒྱས་ཤུགས་ཆེ་བྱུང་བ་དེས་མངའ་རིས་ཁུལ་གྱི་‘ཤོན’གྱི་སྒྱུ་རྩལ་ལའང་འཕོ་འགྱུར་ཆེ་ཙམ་བྱུང༌།” ཞེས་གསལ་བ་ལྟར་རོ། །

11   གོང་ཞུས་‹‹རོང་ཆུང་ཁུལ་གྱི་གླུ་གར་ཕྱོགས་བསྒྲིགས།›› གླེང་གཞིའི་ཤོག་ངོས་[༢༣]པ་ལས། “དེ་ནས་གུ་གེ་རྒྱལ་རབས་བཙུགས་རྗེས།” ་་་་་་་ཞེས་པ་ནས།་་་་་་་ “མངའ་རིས་ཁུལ་དེ་བོད་ཀྱི་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་སའི་ཚོང་ལམ་དུ་འཁེལ་བས་ཉེ་འགྲམ་གྱི་ས་ཁུལ་དང་མི་རིགས་གཞན་དབར་འབྲེལ་འདྲིས་དམ་ཟབ་ཏུ་སོང་རྐྱེན་ཁུལ་དེའི་དམངས་ཁྲོད་སྒྱུ་རྩལ་ལའང་མི་རིགས་གཞན་གྱི་ཤན་ཞུགས་འཐེབ་སྟེ་འཁྲབ་སྟོན་གྱི་རྣམ་པ་དང༌། གཞས་ཚིག རྒྱན་གོས་བཅས་ཀྱི་ཐད་འགྱུར་ལྡོག་བྱུང་ནས། ‘ཤོན’གྱི་སྒྱུ་རྩལ་དེ་ཡང་རིམ་བཞིན་ཕོ་བྲང་ནང་གི་གླུ་གར་གྱི་སྒྱུ་རྩལ་དུ་རིམ་འགྱུར་བྱུང་ཡོད་པ་ད་ལྟ་ང་ཚོའི་མཐོང་ཆོས་སུ་ཡོད་པའི་གནའ་བོའི་ལྡེབས་རིས་དེ་དག་ཁྲོད་འཁོད་པའི་སྐབས་དེའི་གཟུགས་བརྙན་ལས་གསལ་པོར་མཐོང་ཐུབ།” ཅེས་གསལ་བ་ལྟར་རོ། །

12   གོང་ཞུས་‹‹རོང་ཆུང་ཁུལ་གྱི་གླུ་གར་ཕྱོགས་བསྒྲིགས།›› ཤོག་ངོས་[༢༣]པ་ལས། “འཕེལ་འགྱུར་ཐེངས་གསུམ་པ་ནི་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་དགའ་ལྡན་ཚེ་དབང་གིས་མངའ་རིས་ཁུལ་དུ་ཡོད་པའི་བཙན་འཛུལ་དམག་མཐར་སྐྲོད་བཏང་རྗེས་དུས་བདེ་ཞི་འཇགས་བྱུང་ནས་‘ཤོན’གྱི་སྒྱུ་རྩལ་ལའང་སླར་གསོ་དང་འཕེལ་རྒྱས་སྔར་བས་ཆེ་བ་བྱུང་ཡོད་བཅས་སོ།” ཞེས་གསལ་བ་ལྟར་རོ། །

13   གོང་ཞུས་‹‹བཀའ་ཐང་སྡེ་ལྔ།›› ཤོག་ངོས་[༡༣༤]ལས། “སྒོ་འགྲམ་གཉིས་སུ་རབ་གནས་ཞལ་སྤྲོའི་དུས། །གླུ་གར་རོལ་མོ་རྔ་ཤོན་བྲོ་ལ་སོགས། །རྟ་རྒྱུག་བྱག་རྩེད་སྒྱུ་མ་མཁན་པོ་དང༌། །བོད་ཀྱི་བདེ་སྐྱིད་ཡ་མཚན་སྣ་ཚོགས་བྲིས།” །ཞེས་དང༌། དེ་བཞིན་འཁོར་ས་ཁམས་གསུམ་ཟངས་ཁང་གི་སྒོ་འགྲམ་ལོགས་སུའང“གཡུང་དྲུང་ཤོན་རྩེད་”ཀྱི་དཔེ་རིས་རྙིང་པ་ཞིག་ཀྱང་མངོན་རྒྱུར་སྣང་སྟེ། དེ་ཉིད་ཀྱི་ཤོག་ངོས་[༡༤༠]ལས། “སྐྱིད་པའི་གླུ་ཤོན་གར་བྲོ་བྱག་རྩེད་རྣམས། །གནས་དུས་བཟང་པོ་ལྷ་ཡི་མདུན་ས་འདྲ།” །ཞེས་པ་ནས། “འཁོར་ས་ཁམས་གསུམ་ཟངས་ཁང་གི། །སྒོ་འགྲམ་ཆེན་མོའི་ལོགས་ལ་བྲིས།” །ཞེས་ཀྱང་གསལ་བས་སོ། །

14   མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་‹‹ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེའི་རྣམ་ཐར།›› བོད་ཀྱི་བོན་པོ་ཚོགས་པས་བསྐྲུན་པའི་དཔེ་རིང་དེབ་གཟུགས། ལྡེབ་གྲངས་[༥༨༩]ལས་གསལ།

15   གནའ་སྔ་མོ་གླིང་རྗེ་གེ་སར་རྒྱལ་པོ་སྟོད་མངའ་རིས་ཁུལ་དུ་བདུད་དང་འཐབ་པའི་སྐབས་ཤིག་ན། ལ་དྭགས་རོང་རྒྱུད་དུ་བཙུན་མོ་རིག་ཞུ་བ་ཞིག་ཡོད་པ་དེར་ཕྲུ་གུ་དགུ་ཡོད་པ་ལས་ཕྲུ་གུ་དང་པོའི་གཉེན་སྒྲིག་གི་རྟེན་འབྲེལ་མཛད་སྒོའི་ཐོག་ཏུ་ཐོག་མར་འཁྲབ་སྟོན་བྱས་པའི་ཞབས་བྲོ་ཞིག་རེད་ཅེས་ཀྱང་ཟེར་ལུགས་འདུག

16   གོང་ཞུས་‹‹རོང་ཆུང་ཁུལ་གྱི་གླུ་གར་ཕྱོགས་བསྒྲིགས།›› གླེང་གཞིའི་ཤོག་ངོས་[༩]པ་ལས་གསལ།

17   གོང་ཞུས་‹‹རོང་ཆུང་ཁུལ་གྱི་གླུ་གར་ཕྱོགས་བསྒྲིགས།›› གླེང་གཞིའི་ཤོག་ངོས་[༩]པ་ལས། “རུ་ཐོག་ས་ཁུལ་དེ་བཞིན་དེ་སྔ་བཀའ་ཤག་སྲིད་གཞུང་དང་སེ་ར་དགོན་གཉིས་ཀྱི་ཐད་ཀར་སྟངས་འཛིན་བྱེད་ཅིང་ལོ་གསུམ་རེའི་ཐོག་རེས་མོས་ཀྱི་རྫོང་ཚབ་གཅིག་དང་མཁན་པོ་གཅིག་མངགས་གཏོང་བྱེད་སྲོལ་ཡོད། དེ་སྐབས་‘ཡ་པ་ཡ་མ’ཞེས་པའི་དམངས་ཁྲོད་ཞབས་བྲོ་དེ། རུ་ཐོག་རྫོང་དང་རུ་ཐོག་བླ་བྲང་གཉིས་ཀྱི་གཞས་ཁྲལ་དུ་གྱུར་པས། ཁྲལ་པ་རྣམས་ཀྱིས་གཞས་ཁྲལ་འཇལ་སྐབས་འཁྲབ་གོས་རང་ལ་མེད་ཀྱང་གཞན་གྱི་ས་ནས་གཡར་ཏེ་གཡར་གླ་དངོས་པོས་འཇལ་བའམ་དངོས་པོ་མེད་ན་ལས་ཚབ་རྒྱུགས་པ་སོགས་གང་ལྟར་ལོ་རེའི་གཞས་ཁྲལ་ངེས་པར་དུས་ཐོག་ཏུ་བསྒྲུབས་པ་བྱེད་དགོས་ཀྱི་ཡོད།” ཅེས་གསལ་བས་སོ། །

18   གོང་ཞུས་‹‹རོང་ཆུང་ཁུལ་གྱི་གླུ་གར་ཕྱོགས་བསྒྲིགས།›› གླེང་གཞིའི་ཤོག་ངོས་[༡༩]པ་ལས་གསལ་ལོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།