བོད་ཀྱི་ཡུལ་ལྷའི་རྟོགས་བརྗོད་རགས་ཙམ་གླེང་བ།

བོད་ཀྱི་ཡུལ་ལྷའི་རྟོགས་བརྗོད་རགས་ཙམ་གླེང་བ།
དགེ་བཤེས་སྨོན་ལམ་དབང་རྒྱལ།

     ༄༅། །རྣམ་མཁྱེན་རྒྱལ་བའི་བསྟན་མཆོག་གདུགས་དཀར་ཏོག །ཞི་འཇམ་གསེར་གྱི་བང་རིམ་རྒྱས་པའི་ངོགས། །ཕན་བདེའི་གྲིབ་བསིལ་འགྲོ་ལ་སྦྱིན་པའི་དཔལ། །ལྷ་མིའི་འདྲེན་པ་སྟོན་མཆོག་རྣམ་པར་རྒྱལ། །རྒྱལ་བ་དེ་ཡི་བསྟན་པའི་གདུལ་ཞིང་གནས། །གངས་ཅན་བོད་ཡུལ་སངས་རྒྱས་ཞབས་ཀྱིས་བཅགས། །ཐེག་དགུའི་བསྟན་སྤེལ་གནས་མཆོག་ཁྱད་པར་ཅན། །སྤུ་རྒྱལ་ཡུལ་ལྷའི་རྟོགས་བརྗོད་གླེང་བར་བྱ། ། སྤྱིར་ཡུལ་ལྷ་ཅེས་པ་དེ། འགྲོ་བ་མི་དང་ལྷན་དུ་མི་མངོན་པའི་ཚུལ་དུ་འགྲོགས་ནས་ཕན་གནོད་ཀྱི་ལས་བྱེད་པ་ཞིག་སྟེ། ཡུལ་ས་འཁོད་སྒྲུབ་ལས། འགྲོ་བ་མི་དང་ལྷན་ཅིག་གནས། ཞེས་གསུངས། བྱེ་བྲག་ཡུལ་ཁམས་དེའི་མི་དང་ཆ་ལུགས་གཤིས་རྒྱུད་བཟང་ངན་གཟུགས་བྱད་ལེགས་ཉེས་ཆ་མཐུན་པར་སེམས་ཏེ། གནས་སྐབས་རྐྱེན་སེལ་ཕན་གནོད་ལ་རག་ལས་པས་སོ། ཁྱད་པར་དུ་བོད་གངས་ཅན་ལྗོངས་སུ་གནས་བདག་གམ་ཡུལ་ལྷ་གཞི་བདག་གཙོ་བོ་ནི་བོད་ཀྱི་འགུར་ལྷ་གཉན་པོ་བཅུ་གསུམ། རྩེ་ལྷ་གཉན་པོ་བཅུ་གསུམ། འཇིག་རྟེན་བརྟན་མ་བཅུ་གཉིས། གནས་མཆོག་བོན་རི་ཆེན་པོ་གཙོས་པའི་བོད་མི་རྣམས་ཀྱི་སྲོལ་རྒྱུན་དང་མཐུན་པའི་ཕྱག་སྐོར་བྱེད་སའི་རྟེན་མཆོག་ཁྱད་པར་ཅན་གྲངས་ཀྱིས་མི་ལོངས་པ་ཡོད་ལ། ཡུལ་ས་ཡིན་ན་གནས་རི་ཡིན་པའི་ངེས་པ་མེད་ལ་གནས་རི་མ་ཡིན་པའི་གཞི་བདག་དྲག་རྩལ་ཅན་དུ་མ་ཡོད་པའོ། དེར་བརྟེན་བོད་ཀྱི་ཡུལ་ལྷ་གཞི་བདག་རྣམས་ལ་ཐུན་མིན་གྱི་ཁྱད་བོན་ལྡན་ཏེ། གནས་སྐབས་རྐྱེན་སེལ་གྱི་ཆེད་དུ་ལྷ་གསོལ་བ་མཆོད་བསྟོད་བྱས་པ་ལ་བརྟེན་ནས་དགེ་བའི་སྡོང་གྲོགས་རྒྱ་ཆེན་པོ་བསྒྲུབ་པ་དང་ཆར་ཆུ་དུས་སུ་འབེབས་པ་དང་ལོ་ཏོག་སོགས་ཀྱི་རྟེན་འབྲེལ་ཆེན་པོ་ཡོད་དེ། སྟོང་རྒྱུང་བརྔན་མོ་ཆེ་ལས། བཀའ་ཡི་ཡུལ་ས་གཉན་པོ་རྣམས། །བོན་གཤེན་སྔོན་དང་ཐ་ཚིག་གཅིག །དེ་རིང་གཤེན་གྱི་འབོད་བརྔན་གྱིས། །རང་དམ་བསྟན་པ་སྲུང་བར་མཛོད། །ཞེས་དང་། ཡུལ་ས་འཁོད་བསྒྲུབ་ལས། རྣལ་འབྱོར་བདག་གིས་སྤྱན་དྲང་ན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་སོགས་ཀྱིས། བོད་རང་ཉིད་ཀྱི་སྲོལ་རྒྱུན་གྱི་མཆོད་༼བསྟོད༽བྱས་པ་ལ་བརྟེན་ནས་རང་བཞིན་གྱི་ལེགས་ཉེས་ལྟངས་འཛིན་གྱི་བྱ་ར་བྱེད་པ་སོགས་ཀྱི་དགེ་མཚན་ལྡན། སྤྱིར་ཡུལ་གང་ཡིན་ཡང་དེ་རུ་གནས་པའི་གཞི་བདག་གམ་ཡུལ་ས་རེ་ཡོད་པ་ཡིན་ལ། དེའི་རིགས་ཁ་ཤས་ནི་དངོས་ཡོད་༼ལག་མཐོང་༽གི་གཟུགས་སུ་སྟོན་པ་མི་ཡི་ཁོག་པར་ཞུགས་མཁན་ཡང་ཡོད་པར་གྲགས། ཞང་བོད་ཀྱི་གཞི་བདག་རྣམས་ལྷག་པར་མྱུར་མགྱོགས་རྫུ་འཕྲུལ་སྟོན་ནུས་པ་བཞིན་གཞན་པའི་ཡུལ་ལྷ་ལའང་དེ་འདྲའི་ནུས་ཤུགས་ཡོད་པར་མངོན་ནོ། སྒོས་སུ་སྟོན་པ་གཤེན་རབ་རྣམ་པར་རྒྱལ་བ་མཆོག་དགུང་ལོ་ཉེར་གཉིས་དང་ཉེར་བཞིའི་སྐབས་སུ་འཛམ་གླིང་ཡུལ་ཆེན་རྣམས་སུ་ཞབས་བཅགས་པར་བརྟེན། བོད་གངས་ཅན་དུ་ཐོག་མར་རྒྱུ་ཡི་བོན་རྣམས་བསྟན་ནས་བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ་བ་དང་ཡུག་ཕུད་སོགས་ལུང་བསྟན་ནས་ནམ་ཞིག་ཐེག་པ་རིམ་དགུའི་བོན་དར་བའི་སྨོན་ལམ་བཏབས་ཏེ་བོད་ཀྱི་ཡུལ་ལྷའམ་གཞི་བདག་རྣམས་ལ་མགྲོན་བཞི་བསྟེན་པའི་མཆོད་པ་འབུལ་རྒྱུའི་སྲོལ་གྱི་ཐོག་མ་དེ་ནས་བྱུང་བ་ཡིན་ནོ། གསོལ་མཆོད་ཀྱི་ངོ་བོ་ནི་མགྲོན་བཞི་མཉེས་པའི་མཆོད་རྫས་དངོས་འབྱོར་ཡིད་སྤྲུལ་གྱི་སྒོ་ནས་དམིགས་ཏེ་ཕུལ་དགོས། མགྲོན་བཞི་ནི་སྲིད་ཞུ་ཡོན་ཏན་ལན་ཆགས་སྙིང་རྗེའི་མགྲོན་ལ་ཟེར། དེ་ཡང་སྡེ་ཚན་བཞི་ཡི་སྒོ་ནས་འབུལ་སྲོལ་ཡོད་ལ་དེ་བཞི་ནི། བསང་དང་ཆུ་གཏོར། ལུས་སྦྱིན། གསུར་བསྔོ་བཅས་བཞི་ལ་སྦྱིན་པ་རྣམ་བཞི་ཟེར། དེ་བཞིན་གཞུང་སོ་སོའི་ཚོགས་བསག་མཆོད་འབུལ་རིགས་རྣམས་དེ་དང་མཚུངས་ལ། རྣམ་གྲངས་བཞི་ཡི་སྒོ་ནས་འཆད་པ་དེ་ཡང་འཁོར་གསུམ་དམིགས་མེད་ཀྱི་སྒོ་ནས་བྱུང་གདབ་བྱེད་དགོས། གེ་ཁོད་མནོལ་བསང་ལས། མཐོ་སྟེ་སྲིད་པའི་རྩེ་མོ་ནས། །དམའ་སྟེ་ཁྲི་འཕང་འབྱུང་བཞིའི་བར། །ལྷ་རབས་བོན་རབསབ་གཤེན་རབས་ཏེ། །བོད་ཁམས་ཁ་འཛིན་ཐམས་ཅད་བསང་། །འཇིགས་པ་ཀུན་ལས་སྐྱབས་མཛད་པའི། །ཡི་དམ་ལྷ་རྒྱུད་ཐམས་ཅད་བསང་། །མཐོ་རིས་ཐར་ལམ་སྒོ་འབྱེད་པའི། །ཨ་འོ་ཆབ་དཀར་ལྷ་ཚོགས་བསང་། །འཕེན་ཕྱུག་དར་གསུམ་སྤེལ་མཛད་པའི། །ཨ་འོ་ཆབ་ནག་ལྷ་ཚོགས་བསང་། །གཉུག་མའི་རྣལ་མ་སྐྱོང་མཛད་པའི། །ཡུལ་རི་གཞི་བདག་ཐམས་ཆད་བསང་། །སྔ་རབས་རིག་འཛིན་སྒྲུབ་གནས་པའི། །དབེན་རི་སྲུང་མ་ཐམས་ཅད་བསང་། །ཞེས་གསུངས། དེ་ནས་རིམ་བཞིན་བོན་གྱི་གྲུབ་ཐོབ་སྐྱེས་ཆེན་བླ་མ་དམ་པ་རྣམས་ཀྱིས་བསྙེན་སྒྲུབ་ཀྱི་གཏིང་རག་སྐབས་སུ་གསུང་བའི་ཁྱད་པར་དྲག་བསྐང་ལས། ཡུལ་ས་གཞི་བདག་ཐུགས་དམ་བསྐང་། །ཞེས་སོགས་ཀྱི་ལུང་ཚིག་ཏུ་གསལ་བ་དང་། སྔོན་སྟོན་པ་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་དོན་ལ་ཐ་དམ་བགོས་པར་བརྟེན་ནས་རིག་འཛིན་གོང་མ་རྣམས་ཀྱིས་དེ་བཞིན་འཕྲིན་ལས་བཅོལ་བའོ། དེ་ལྟར་སྲོལ་རྒྱུན་མཆོད་བསྟོད་བྱས་པར་བརྒྱུད་ད་བར་བོད་ནང་རི་བསྟོད་དར་འཛུགས་སོགས་ཀྱི་ལུགས་སྲོལ་མུ་ཆགས་སུ་གནས་བཞིན་ལགས། སྐབས་དེར་མཆོད་རྫས་ནི་སྟོན་པ་སངས་རྒྱས་ཞང་བོད་ལྗོངས་འདིར་ཞབས་བཅགས་ནས་བོད་མི་རྣམས་ལ་ཡས་སྟགས་ནི་མུ་ཝེར་ལྷ་ཞལ། ནམ་མཁའ་ལྗོན་བུ། རྩིང་ཤིང་བན་བུན། ཞུགས་ཤིང་གསེར་སྐྱེམས་སོགས་བསྟན། དུས་དེར་བོད་ཀྱི་གདུལ་བྱ་རྣམས་ལ་བོན་དུ་ལྷ་གསོལ་བ་དང་། འདྲེ་བཀར་བ། ཡུག་ཕུད་པ་སོགས་ཀྱི་ལུང་བསྟན། ལྷ་གསོལ་བ་ཞེས་པ་དེ། ཡུལ་ལྷ་དཀར་ཕྱོགས་སྐྱོང་བའི་གཙང་རིགས་རྣམས་ལ་བསང་གསོལ་དང་མཆོད་བསྟོད་སོགས་བསྟན་པར་མངོན་ནོ། འདྲེ་བཀར་བ་ཞེས་པ་ནི། ནག་ཕྱོགས་བདུད་རིགས་སངས་རྒྱས་ཀྱི་བསྟན་པ་དར་བ་ལ་བར་ཆད་བྱེད་པའི་བགེགས་རིགས་རྣམས་ཐུགས་རྗེའི་ཤུགས་ཀྱིས་གཞོམ་ཞིང་མ་འོངས་པར་བོན་ཐེག་པ་རིམ་དགུ་དར་བའི་སྟ་གོན་མཛད་དོ། ཡུག་ཕུད་པ་ཅེས་པ་ནི། བོད་མི་རྣམས་ཀྱིས་བཙོག་ཡུག་དང་ཐབ་གཞོབ་སོང་བ་རྣམས་སྟོན་པའི་ཐུགས་རྗེས་རང་སར་ཞི་བར་མཛད་པའོ། སྐབས་དེ་དུས་ཀོང་པོ་བོན་རི་དང་གངས་རྒྱལ་ཏི་སེ་རྟ་སྒོ་དགེ་རྒན་བལ་ཡུལ་འཕགས་པ་ཤིང་ཀུན་སོགས་གནས་ཆེན་རྣམས་ལ་རྫུ་འཕྲུལ་ཞབས་ཀྱིས་བཅགས་ནས་བྱིན་རླབས་རབ་གནས་མཛད་དེ་སེམས་ཅན་གྱི་ཕྱག་སྐོར་སྒྲིབ་སྦྱོང་གི་རྟེན་དུ་མངའ་གསོལ་མཛད། ཁྱད་པར་རྟ་སྒོ་དགེ་རྒན་གྱིས་སངས་རྒྱས་ཀྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་ཞུས་པའི་ལོ་རྒྱུས་ཡོད་ལ། དེ་དང་རིགས་འདྲའི་ཞང་བོད་ཀྱི་ཁམས་སུ་ལྷ་གཉེན་དྲག་རྩལ་ཅན་གྱི་གཙོ་བོར་གྱུར་བ་ནི། བོད་ཀྱི་འགུར་ལྷ་བཅུ་གསུམ། འཇིག་རྟེན་བརྟན་མ་བཅུ་གཉིས། རྩེ་བླ་བཅུ་གསུམ་སོགས་ངོ་མཚར་ཅན་མང་པོའི་ནང་ནས་སྟོད་གངས་རྒྱལ་ཏི་སེ། བར་གྱི་གཉན་ཆེན་ཐང་ལྷ། སྨད་ཀྱི་རྨ་རྒྱལ་པོམ་ར་དང་དེ་བཞིན་གནས་ཆེན་ཀོང་པོ་བོན་རི་དང་རི་བོ་ཇོ་མོ་གླང་མ་གནམ་ལྕགས་འབར་བ། ཁྱུང་ཡུལ་དུ་སྤུ་རྒྱལ་གཡུང་དྲུང་ལྷ་རྩེ་དང་ཤེལ་ལེ་རྒྱ་སྐར། ཚ་རོང་ཁ་བ་དཀར་པོ། རྒྱལ་རོང་དམུ་རྡོ་ལྷ་གཉན། ཤར་ཁོག་དུང་རི་དཀར་པོ།ཡར་ལུང་ཡར་ལྷ་ཤམ་པོ་སོགས་ངོ་མཚར་ཕུན་སུམ་ཚོགས་པ་བོད་ཀྱི་རི་ཆེན་བརྗོད་པ་ལ་གྲངས་མང་བས་མཚོ་དང་མཚེའུ་ནེའུ་གསིང་སྤང་ལྗོངས་སོགས་རང་བྱུང་གི་སྨན་སྤོས་ནགས་ཀླུང་གིས་བརྒྱནཔའི་རི་བོ་དང་མཚོ་མོ་ཆུ་བོ་ཆུ་ཕྲན་ཆུ་དམིགས་སོགས་ནི་ཤིན་ཏུ་མང་། དཔེར་ན་གངས་རི་མཚོ་དང་རྟ་སྒོ་རི་མཚོ་ཐང་ལྷ་རི་མཚོ་བཅས་ཟེར་བ་བཞིན་གྲངས་ལས་འདས། གོང་གསལ་གཞི་བདག་རྣམས་ལ་བསང་གསོལ་གྱི་ལུགས་སྲོལ་དེ་བོད་ནང་ཡོངས་ཁྱབ་ཏུ་སྤྱོད་བཞིན་ལགས། འཛམ་གླིང་སྤྱི་བསང་སོགས་ཀྱང་རྣམ་པ་དེ་ལྟར་ཡིན་ལ། མིང་དང་དུས་ཚིགས་ཐ་དད། གསོལ་མཆོད་དང་བརྔན་ཡོན་གྱི་ཚུལ་རྣམས་འབྱུང་བའི་རྒྱུ་མཚན་སྟོན་པ་སངས་རྒྱས་ཀྱི་སེམས་ཅན་གྱི་ཕན་བདེ་སྒྲུབ་ཆེད་ལ་དགོངས་ནས་གསུངས་པ་ཡིན་ནོ། མདོར་ན་རི་བསྟོད་རླུང་རྟ་སྒྲོན་པ་དང་ལྷ་བསང་གཏོང་བ་སོགས་གང་བྱས་ཀྱང་ཕྱི་ནང་འབྱུང་བའི་ཁམས་དང་འབྲེལ་བ་ངེས་ཅན་ཆགས་ཡོང་གི་ཡོད། གང་ཡིན་ཟེར་ན། གཞི་བདག་ཟེར་བ་དེ། འབྱུང་ལྔའི་བདག་པོའམ་དེ་ལ་གནས་བཅོས་ཏེ་འབྱུང་བ་གཡོ་འགུལ་ནུས་པ་ཞིག་གི་ཆ་ནས་ཆགས་གནས་འཇིག་སྟོང་གི་གཞི་ལྟ་བུར་གྱུར་པའི་རྒྱུ་མཚན་གྱིས་སོ། དེ་ལ་སངས་རྒྱས་ཀྱི་བསྟན་པ་ཆགས་པའི་གཞི་མ་ཕྱྭ་སྣང་འཕྲུལ་སྲིད་བཞི་ཐོག་མར་སྟོན་པ་སངས་རྒྱས་ཀྱིས་གཏན་ལ་ཕབས་ནས་གསུངས་པ་ནས་ད་བར་བོད་ཀྱི་སྲོལ་རྒྱུན་མ་ཉམས་མ་འཕྱུག་པར་ཁྱིམ་མཚེས་རྒྱལ་ཁབ་དང་འདྲ་བསྡུར་བྱེད་རྒྱུ་མེད་པར་ཐུན་མིན་བོད་ཀྱི་རིག་གཞུང་ཞིག་གོ། དེ་བོད་སྤྱི་དང་ལྷག་པར་བོན་པོ་རྣམས་ཀྱི་ཁྲོད་དུ་གནས་དང་གནས་མུས་ལ་བོད་མི་རྣམས་ཀྱིས་གཅེས་སུ་འོས་པའི་ཕན་རླབས་ཅན་གྱི་རིག་གཞུང་ཡང་ཡིན་ལ་དེ་དང་འབྲེལ་བའི་ཕན་བྱ་ནི། དཔེར་ན་གང་ཟག་སུ་རུང་ཞིག་རླུང་རྟ་ཉམས་པ་ལ་བརྟེན་ནས་རླུང་རྟ་གསོ་བ་དང་བསང་དང་སྐྱེམས་ཕུལ་བས་ཕྱི་ནང་གི་འབྲེལ་བ་ཐུན་མོང་མ་ཡིན་པ་གྲུབ་པའི་ཆ་ནས་གང་ཟག་དེ་ཉིད་སྲོག་ལུས་དབང་རླུང་ཉམས་པ་རྣམས། ཕྱི་ཡི་འབྱུང་བ་བསྐྱེད་སྟོབས་ལ་བརྟེན་ནས་གསོ་ཐུབ་པའི་ནུས་པའང་ཡོད་དེ། དེ་ནི་རང་འབྱུང་སྲིད་པའི་གྲུབ་གཞི་གཅིག་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས། རྒྱུ་རྐྱེན་འབྱུང་ལྔའི་རྟེན་འབྲེལ་སྟོབས་ལས་བྱུང་བའི་སྣོད་བཅུད་གཉིས་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་འབྱུང་འཇུག་བྱེད་པའོ། རིམ་འགྲོ་ནི་བསང་མཆོད་གསེར་སྐྱེམས་རི་ཁྲུས་རླུང་རྟ་སྒྲོན་པ་ལབ་རྩེ་བསྟོད་པ་ཕྱེ་མར་མཆོད་པ་བརྔན་ཆ་བཀྱེ་བ་སོགས་ཀྱིས་བོད་གངས་ཅན་ལྗོངས་སུ་ཁ་དགེ་བཀྲ་ཤིས་པའི་ལོ་རྒྱུས་ཡོད་དེ། སྟོང་རྒྱུང་བརྔན་མོ་ཆེ་ལས། མཆོད་པའི་བརྔན་ཡོན་འདི་ཕུལ་ནས། །ས་ཕྱོགས་དེ་རུ་བཀྲ་ཤིས་ཤིང་། །ཡུལ་ཕྱོགས་དེ་རུ་ནད་ཡན་ཀྱང་ཆད་དོ། ཞེས་གསུངས་པས། སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་ལོ་ལེགས་ཆར་འབེབས་སོགས་མཐུན་རྐྱེན་དུ་སྣང་ངོ་། རྒྱུ་མཚན་དེ་ལ་སོགས་པའི་དབང་གིས་ཕྱི་ནང་སྣོད་བཅུད་ཀུན་རྒྱུ་རྐྱེན་འབྱུང་ལྔའི་རྐྱེན་ལས་གྲུབ་པའོ། ནེའུ་ཆུང་རྣམ་ལྔ་ལས། གྲུབ་ནི་སྤྱི་མཐུན་ལས་ལ་གྲུབ། །རྒྱུ་ནི་འབྱུང་བ་ལྔ་ལ་བརྟེན། །གསུངས་པས་སོ། །རྟེན་འབྲེལ་ལེགས་ཉེས་སྟོབས་ལས་བྱུང་བའི་ཚུལ། །དཀར་ནག་ལས་འབྲས་སོ་སོར་སྨིན་པའི་རྒྱུ། །རང་བཞིན་དངོས་པོའི་གཤིས་ལས་གྲུབ་པ་འདི། །དཔྱད་ན་རང་གི་ཐོག་ཏུ་མྱོང་བཞིན་ལགས། །སྣང་སྟོང་སྒྱུ་མའི་ཕ་མཐའ་ཡངས་པའི་གཟུགས། །སྣང་བཅའ་བྲག་ཆའི་ཟླ་བོའི་ཟློས་གར་བསྒྱུར། །སུས་ཀྱང་མ་བྱས་སྣང་ཡུལ་བཏགས་པ་ཙམ། །རྟག་བརྟན་བདོག་པོའི་དངོས་པོ་སྐྱེངས་པར་བྱས། །ཚུལ་དང་ཚུལ་གྱི་ཡིན་ལུགས་ཕྲ་རགས་གང་། །བསམ་ཞིང་བློ་ཡིས་དཔོག་པའི་རན་ཚོད་ཙམ། །གནའ་རབས་བགྲེས་པོའི་ངག་ལས་ཐལ་བའི་ཚིག །དེང་དུས་གཞོན་སྐྱེས་རྣམས་ལ་གཅེས་སུ་ཕུལ། །

 ༢༠༠༧ལོའི༼ཞང་ཞུང་རིག་གནས༽དེབ་ཕྲེང ༢ པ་ལས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།