བོད་རྒྱལ་ཐོག་མ་རྗེ་གཉའ་ཁྲི་བཙན་པོའི་དུས་སུ་བོད་ཡིག་དང་འབྲེལ་བར་བོད་དུ་མདོ་སྔགས་སེམས་གསུམ་གྱི་བསྟན་པ་དར་ཚུལ་ཟུར་ཙམ་བཤད་པ།

བོད་རྒྱལ་ཐོག་མ་རྗེ་གཉའ་ཁྲི་བཙན་པོའི་དུས་སུ་བོད་ཡིག་དང་འབྲེལ་བར་བོད་དུ་མདོ་སྔགས་སེམས་གསུམ་གྱི་བསྟན་པ་དར་ཚུལ་ཟུར་ཙམ་བཤད་པ།
དགེ་བཤེས་བསྟན་འཛིན་སྨོན་ལམ།

དེང་དུས་ཀྱི་འཛམ་གླིང་འདིར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་སུ་བོད་ཡིག་དང་འབྲེལ་བའི་མདོ་སྔགས་སེམས་གསུམ་གྱི་བསྟན་པ་དར་མྱོང་བ་ཐོས་མྱོང་ཙམ་ཡང་མེད་པའི་མི་རིགས་ཤིན་ཏུ་མང་ཞིང༌། ཐོས་མྱོང་ཡོད་ཀྱང་ལྟ་སྤྱོད་བཟང་ངན་དང་ལེགས་ཉེས་ཅི་ཡིན་མི་ཤེས་པའམ། ཡང་ན་ལྟ་སྤྱོད་མ་དག་པར་འཁྲུལ་ནས་ལོག་པར་སྨྲ་མཁན་ཆེས་མང་སྟབས། དེ་དག་གི་རྒྱུ་མཚན་ཁོ་ཚོས་ནང་བའི་ལྟ་གྲུབ་ཀྱི་ངོ་བོ་རིང་དུ་དོར་ཏེ་རང་ཕྱོགས་མི་དཔུང་མང་ཐབས་ཁོ་ན་དང༌། ཕྱོགས་གཅིག་ནས་སངས་རྒྱས་གཡུང་དྲུང་བོན་ཞེས་བྱ་བའི་གྲུབ་མཐའ་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའི་གྲས་སུ་བཞག་སྟེ་བོན་ལ་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མེད་ཅིང་།བོན་ཞེས་བྱ་བ་ནི་ལྷ་གསོལ་འདྲེ་ཕུད་ཀྱི་ཆོ་ག་མཁན་ཁོ་ནར་འདོད་པ་དག་ལ་ཡིན་ལུགས་ངོ་སྤྲོད་དང༌། ཇི་བཞིན་མཁྱེན་འདོད་ཅན་གྱི་བློ་གསལ་བ་རྣམས་ལ་རྒྱུས་ཡོད་ལམ་སྟོན་ལྟ་བུའི་གསོས་སུ་དམིགས་ཏེ། བོད་རྒྱལ་ཐོག་མ་རྗེ་གཉའ་ཁྲི་བཙན་པོའི་དུས་སུ་བོད་ཡིག་དང་འབྲེལ་བར་བོད་དུ་མདོ་སྔགས་སེམས་གསུམ་གྱི་བསྟན་པ་དར་བ་ར་སྤྲོད་ཙམ་བྱེད་ཁུལ་བགྱིད་ན།

ཐོག་མར་ཡི་གེ་ནི་གང་གིས་མཛད་པ་ཡིན་ཞེ་ན། དང་པོ་སྲིད་པ་ཡེ་སངས་ཀྱི་ཡུལ་དུ་ལོངས་སྤྱོད་རྫོགས་པའི་སྐུ་སངས་པོ་འབུམ་ཁྲིས་མཛད་ལ། དེ་ནས་འོལ་མོའི་གླིང་དུ་སྟོན་པ་གཤེན་རབ་ཀྱིས་མཛད་པ་ཡིན་ཏེ། དེའང་དང་པོ་སངས་པོ་འབུམ་ཁྲིས་ལོངས་སྐུའི་རྩ་ཡིག་ལས། སྣང་སྲིད་སིལ་བུར་མཆེད་པའི་རྒྱུ་ཡིག་འབྲུ་ཁྲི་དང་འབུམ་གཉིས་སུ་སྤྲུལ་ཞིང་མཛད་པ་ཡིན་ཏེ 《མདོ་གཟེར་མིག》ལས། “སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད།། ཡིག་འབྲུ་ཁྲི་དང་འབུམ་གཉིས་ནི།།སྣང་སྲིད་སིལ་བུར་མཆེད་པའི་རྒྱུ།།”ཞེས་སོ།། དེའང༌ལོངས་སྐུས་མཛད་པའི་ཡི་གེ་དེ་ཉིད་ཡོད་ན་ཡི་གེ་བསླབ་དུ་འདོད་པ་རྣམས་ལ། སློབ་མི་དགོས་པར་འཕྲད་མ་ཐག་འདོན་ཤེས་ཤིང་དོན་གོ་བ་སྟེ《དྲི་མེད་གཟི་བརྗིད་རབ་ཏུ་འབར་བའི་མདོ》ལས།“ཐབས་ཀྱི་རྒྱལ་པོ་སངས་པོ་ཡི།།ཡིག་འབྲུ་ཁྲི་དང་འབུམ་ཡོད་ན།། དེ་སྲིད་སྐྱེ་འགྲོ་སེམས་ཅན་གྱིས།།ཡིག་རྩིས་མ་བསླབས་རང་རྡོལ་ཤེས།།གཤེན་རབ་སྟོན་པས་བསྟན་པ་བཞིན།།བསྟན་པ་བཞིན་དུ་ངེས་པར་གོ།”ཞེས་གསུངས། དེའང་སྙིགས་མའི་སེམས་ཅན་རྣམས་ཀྱི་ལས་དབང་དམན་པས། དཔོ་བཟའ་ཐང་མོ་བདུད་ཁྱབ་པས་བསླུས་སྐབས། གཏོ་སྒྲོམ་མེར་བསྲེགས་པས་མ་བཞུགས་པར་སླར་ཡི་གེ་ལ་ཐིམ་ནས་ནུབ་བོ།། འོན་ཀྱང་སངས་པོ་འབུམ་ཁྲིའི་བྱིན་རླབས་དང་སྟོན་པའི་ཐུགས་རྗེས། ཡིད་ཀྱི་ཁྱེའུ་ཆུང་གིས་མེ་ལ་བརྙབས་པས། བེའུ་བུམ་ཚིག་འཕྲོ་སྤར་གང་ཐོབ་པ་ལ་ཡི་གེ་དཔའ་བོ་འབྲུ་ལྔ་མ་ཚིག་པར་བཞུགས་པས། དེ་ལ་བརྟེན་ནས་སྟོན་པ་གཤེན་རབ་ཀྱིས། དག་པའི་རྩ་ཡིག་གམ་ངེས་པའི་ཐོ་ཡིག་བཞི་བཅུའི་གདངས་ལས་འཕྲུལ་ཡིག་བཞི་ཅུའམ་སུམ་ཅུ་རྩ་བརྒྱད་དུ་སྤྲུལ་ཏེ《མདོ་གཟེར་མིག་ལས》ལས།“གཏོ་ཡི་བཀའ་སྒྲོམ་བདུད་ཀྱིས་ཞུགས་ལ་བསྲེགས། །བྱིན་གྱིས་བརླབས་པས་དཔའ་བོ་འབྲུ་ལྔ་ལུས། །སྨོན་ལམ་བཏབ་པས་སུམ་ཅུ་རྩ་བརྒྱད་འཕེལ། །ཕྱི་རབས་དོན་དུ་སྒོ་བཞི་མཛོད་ལྔ་བྲིས། །”ཞེས་དང༌། 《གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད》ལས། “མཐིང་མཐོན་བཻཌཱུར་འོད་ཀྱི་གླེགས་བམ་ལ། །སྟོན་པའི་ཐུགས་ལས་བདེན་པའི་འོད་བྱུང་ནས། །སྐྱེས་བུ་བཟོ་ལ་རིག་པའི་རྩལ་རྫོགས་པས། །འཕྲུལ་གྱི་ཡིག་རྨད་སུམ་ཅུའི་འབྲུ་བཀོད་ནས། །ལྷག་པའི་ཡིག་འབྲུ་བརྒྱད་ཀྱིས་རྒྱན་བཀོད་ཅིང༌། །སྟོང་གི་སྤྱི་ཕུད་ལྟ་བུར་གྱུར་པའོ།།”ཞེས་གསུངས། ཡིག་འབྲུ་སུམ་ཅུས་བོན་གྱི་ཁོག་ཀྱང་དབུབ། ། མགོ་ཡིས་ལམ་དྲངས་ཤད་ཀྱིས་མདོ་ཡང་བཅད། །ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། །གུག་འགྲེང་ན་རོ་ཞབས་ཀྱུ་ཡ་བཏགས་ཀྱིས། །སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། །ཞེས་གསུངས་པ་འདིས། ཡིག་འབྲུ་ཀ་རྨད་སུམ་ཅུས་རྗོད་བྱེད་ཀྱི་ཚིག་གམ་བོན་གྱི་ཁོག་དབུབ་པ་སྟེ་མིང་གཞིར་བཟུང་ནས། དེ་ལ་ཡན་ལག་གི་ཡི་གེ་མགོ་ཤད་ཚེག་གསུམ། སྔོན་རྗེས་དབྱངས་འདོགས་དང༌། དེ་ལས་འཕྲོས་པའི་ཕྲད་དང་རྣམ་དབྱེ་སོགས་ཀྱི་མིང་ཚིག་དུས་གསུམ་བྱ་བྱེད་སོགས་གསལ་བར་བཤད་པའི་དོན་དུ་རྒྱས་པར་སྦྱོར་དགོས་པར་བསྟན་པས། ཡི་གེའི་སྦྱོར་བ་ཕྱིས་ཀྱི་མཁས་པས་བརྩམས་ཞེས་རྒྱལ་བ་སངས་རྒྱས་ཀྱི་གསུང་ལ་ཟུར་ཟ་མི་བྱའོ།། བོད་ཡིག་གི་གཟུགས་ཀྱང《དྲན་པའི་བཀའ་ཐང》ལས།“དེ་ཚེ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང༌། །བོད་ཀྱི་གཤེན་པོ་ཤ་རི་དབུ་ཆེན་དང༌། །ལི་ཤུ་སྟག་རིང་ལ་སོགས་པཎ་གྲུབ་འགའ། །རྫུ་འཕྲུལ་རྩལ་གྱིས་རྟག་གཟིག་ཡུལ་དུ་བྱོན། ། བོན་སྡེ་ཆེན་པོ་ཁྲི་དང་དྲུག་སྟོང་དང༌། །ཞང་ཞུང་ཡུལ་དུ་སྒྲ་བསྒྱུར་ལོ་ཙཱ་མཛད། །དག་པ་ལྷ་ཡི་སྐད་ཀྱི་ཡི་གེ་ནི། །རྟག་གཟིགས་སྐད་དུ་སྤུངས་ཡིག་དག་ཏུ་བསྒྱུར། །སྤུངས་ཡིག་ཞང་ཞུང་ཡིག་རྒན་ཉིད་དུ་བསྒྱུར། །ཡིག་རྒན་སྨྲ་སྦྲག་སྨར་ཆེན་སྨར་ཆུང་བསྒྱུར། །སྨར་ཆུང་དབུ་ཆེན་གཟབ་ཏུ་བསྒྱུར་བར་བྱས། །གཟབ་ལས་འབྲི་ཚ་བོད་ཀྱི་ཡི་གེར་བསྒྱུར། །”ཞེས་གསུངས་པ་ལྟར། ངོ་བོ་འཕྲུལ་ཡིག་བཞི་བཅུ་ལས་འགྱུར་བ་མེད་ཀྱང༌། གཟུགས་བརྙན་རིམ་པར་བསྒྱུར་བའི་ད་ལྟ་བོད་ཀྱི་ཡི་གེ་འདི་ཞང་ཞུང་དར་མ་དིར་གྱི་ཡི་གེ་ཡིན་ཞེས་སྔ་རབས་མཁས་པས་གསུངས་སོ།།
དེ་ལ་ཁ་ཅིག་གིས་མི་མཐུན་པར་སྨྲ་བ་ནི། ཆོས་མཛད་ཕལ་ཆེར་བ་ཞིག་གིས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡན་ལ། བོད་ལ་ཡི་གེ་མེད་ཅིང་ཡི་གེའི་སྲོལ་ནི། བློན་ཆེན་ཐོན་མིས་གསར་གཏོད་བྱས་ཟེར། ལོ་རྒྱུས་ལོག་པར་སྨྲ་བ་མང་བོ་ཞིག་གིས། གནམ་རི་སྲོང་བཙན་ཡན་ཆད་རྒྱལ་རབས་སུམ་ཅུ་རྩ་གཅིག་གི་རིང་ལ། ཆབ་སྲིད་བོན་དང་སྒྲུང་ལྡེའུ་སོགས་ཀྱིས་བསྐྱངས། ཕྱྭ་སྣང་འཕྲུལ་སྲིད་བཞི་སོགས་འཇིག་རྟེན་པའི་ཐེག་པ་རྣམས་དར་བས། བོད་ཡུལ་དུ་གྲུབ་མཐའ་སྔ་བ་གཡུང་དྲུང་བོན་ཡིན་པའི་གཏན་ཚིགས་དེ་ནས་བྱུང་ཟེར། དེ་ཡང་ངག་ཐོག་ནས་བརྒྱུད་པ་ཙམ་ལས་ཡི་གེ་མེད་པ་ཐམས་ཅད་ཞལ་མཐུན་ཏེ་མགོ་བོ་བཅད་ནས་མཇུག་མ་བརྒྱན་ཟེར་བ་འདི་འདྲ་ལ་གོ་དགོས་སམ་སྙམ་མོ།།
རྒྱལ་རབས་དེ་དག་གི་དུས་སུ་མདོ་སྔགས་རིག་གནས་དང་བཅས་པ་ཆེས་དར་བའི་ཁུངས་བཀབ་ནས། རང་བསྟན་ལ་ཤིན་ཏུ་བསྟོད་ཁུལ་གྱི་ལུགས་སུ་སྣང་མོད་ཀྱང༌། དེ་ནི་རང་ཅག་ཡབ་མེས་གོང་མ་རྣམས་དང་རང་ཡུལ་བོད་ཀྱི་ཤེས་རིག་དར་རྒྱས་སུ་གཏོང་བ་ལ་བསྐུར་འདེབས་དང་དམའ་འབེབས་བྱས་པ་དང༌། མ་ཟད་བོད་ཀྱི་རིག་གཞུང་ཐམས་ཅད་ཁུངས་མེད་ལུང་མེད་དུ་བཏང་བ་མ་ཚོར་རམ། འོ་ན་གོང་དུ་བཤད་པའི་རྒྱལ་རབས་དེ་དག་གི་དུས་སུ་ཡི་གེ་ཡོད་པར་ཐལ། བོན་སྒྲུང་ལྡེའུ་སོགས་ཡོད་པ་གང་ཞིག བཟོ་རྩིས་སྒྱུ་རྩལ་སོགས་རིག་པའི་གནས་ལྔ་ཡོད་པའི་ཕྱིར། རྟགས་དང་པོ་ཁས་བླངས་ཤིང་བོན་གྱི《བྱམས་མ》ལས། “བོད་ཀྱི་ཡུལ་དུ་སྒོམ་ལྷ་བོ་ལྷ་སྲས་དང༌། ལྡོང་ལྷ་བོན་ལ་སོགས་པ་ཤེས་པ་ཅན་བཅུ་གཉིས་ཀྱིས༼ཀྱི༽བོན་པོས་མཚན་ལྟས་ཁྲུས་གསོལ། རྒྱལ་པོར་ཕྱུང་བ༼ཕྱུངས༽གཉའ་ཁྲི་བཙན་པོ་དེའི་རིང་ལ། རྒྱུ་ཡི་བོན་ཤེས་པ་ཅན་བཅུ་གཉིས་དར་ཏེ། མགོན་ཤེས་ལྷ་བོན།༡ གཡང་ཤེས་ཕྱྭ་བོན།༢ འདྲེ་ཤེས་གླུད་གཏོང༌།༣ འདུར་ཤེས་སྲིད་གཤེན།༤ གཙང་ཤེས་སེལ་འདེབས།༥ སྒྲོལ་ཤེས་ལྡ་བྱེད། ༦ ཕན་ཤེས་སྨན་དཔྱད།༧ སྐོས་ཤེས་རྩིས་མཁན།༨ སྨྲ་ཤེས་གཏོ་དགུ།༩ ལྡིང་ཤེས་ཤ་བ། ༡༠ ཕུལ་ཤེས་ཇུ་ཐིག༡༡ འགྲོ་ཤེས་འཕྲུལ་བོན།༡༢”ཞེས་གསུངས་པ་ལྟར། ཁྱེད་རྣམ་པས་ཀྱང་ཁས་ལེན་པ་འདྲ་བས་སོ།། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རྒྱུ་བོན་དེ་དག་ཡིག་ཐོག་ནས་བརྒྱུད་པའི་དཔེ་རྒྱུན་དེང་སང་བར་བོན་ལུགས་ལ་སྤྱོད་བཞིན་པ་ཡིན་པའི་ཕྱིར་དང།། སྒྲུང་ལྡེའུ་ཞེས་པའང་ཚིག་རེ་གཉིས་ཙམ་མ་ཡིན་པར་བོད་ཀྱི་རྒྱལ་རབས་རང་རེས་བཤད་བཞིན་པའི་ལོ་རྒྱུས་སོགས་དང༌། རྒྱལ་བུ་འཐིང་གེའི་ལོ་རྒྱུས་ཅང་རྒན་ཨ་ནུས་བྱས་པའི་བསྟན་བཅོས་སོགས་དཔེ་རྒྱུན་དེང་སང་ཡང་ཡོད་པ། ཡིག་ཐོག་ནས་བརྒྱུད་པ་ཡིན་གྱི་ངག་རྒྱུན་ཙམ་མ་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་ཚིག་ཚོགས་མང་པོ་བོད་མིའི་བློར་འཛིན་ཐུབ་པའི་སྒྲུབ་བྱེད་མེད་ལ་གནོད་བྱེད་མང་བའི་ཕྱིར་རོ།། གོང་གི་རྟགས་གཉིས་པ་གྲུབ་སྟེ། བཟོ་རྩིས་རིག་གནས་སོགས་ཐོན་མིའི་གོང་ནས་བོད་ལ་ཡོད་པའི་ཕྱིར། དེར་ཐལ། ཆོས་ཀྱི《རྒྱལ་རབས་གསལ་བའི་མེ་ལོང》ལས། “དེར་རྒྱལ་བུ་ནར་སོན་དུས་བཟོ་དང༌། རྩིས་དང༌། སྒྱུ་རྩལ་དང༌། རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དང་ལྡན་པར་གྱུར་པས། བློན་པོ་རྣམས་ན་རེ། འུ་ཅག་ཚོའི་རྗེ་འདི་ནི་ཡོན་ཏན་དུ་མ་དང་ལྡན་ཏེ་ཐུགས་ཤིན་ཏུ་སྒམ་པོ་ཞེས་ཟེར་བས། མཚན་ཡང་སྲོང་བཙན་སྒམ་པོ་ཞེས་གྲགས་སོ།། དེ་ནས་རྒྱལ་བུ་དེ་དགུང་ལོ་བཅུ་གསུམ་ལོན་དུས་ཡབ་འདས་ནས་རྒྱལ་སར་བྱོན་པ་ཡིན་ནོ།།”ཞེས་གསུངས་པས། རྒྱལ་བུ་ནར་སོན་ཏེ་ཡོན་ཏན་དང་ལྡན་པར་གྱུར་ནས་རྒྱལ་སར་ཕེབས་པར་དངོས་སུ་གསལ་ཞིང༌། དེ་ནས་རྒྱལ་བུ་རྒྱལ་སར་མ་ཕེབས་གོང་དུ་ཐོན་མི་རྒྱ་གར་དུ་ཕྱིན་པའི་ལོ་རྒྱུས་མེད་ཅིང༌། དེ་མེད་པས་རྒྱལ་བུའི་བསླབ་བྱའི་རིག་གནས་དེ་དག་ཐོན་མིས་བྱས་པའི་ཡི་གེ་མ་ཡིན་པར་ཤིན་ཏུ་གསལ་བའི་ཕྱིར། དེར་མ་ཟད་རྒྱལ་པོ་གྲི་གུམ་གྱི་དུས་སུ་གཏེར་དུ་སྦས་པའི་བོན་སྡེ་ཡིག་ཐོག་ཏུ་ཡོད་པ། བོད་དུ་བསྟན་པ་ཕྱི་དར་གྱི་ཐོག་མར་བྱོན་པ་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ཀྱི་གཙོ་བོ་སློབ་དཔོན་ཆེན་པོ་འཆི་མེད་གཙུག་ཕུད་དང་མཚུངས་པར་ལུང་གིས་ཟིན་པའི་ས་སྟེང་གི་སྐྱེས་མཆོག་མཚན་བརྗོད་པར་དཀའ་བ་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་དེ་ཉིད་ཀྱི་གཏེར་བོན་དང༌། དང་ར་ཁྱུང་རྫོང་གི་གཏེར་བོན་ཟང་ཟང་ལྷ་བྲག་གི་གཏེར་བོན་སོགས་བོད་ཡིག་ཤ་སྟག་ཏུ་ཡོད་པ། གཏེར་དཔེ་པོ་ཏི་ལས་དངོས་སུ་འདྲ་བཤུས་བགྱིད་ཆོག་པ་ཡོད་པས་ངེས་སོ།། མདོར་ན་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་གནམ་རི་སྲོང་བཙན་ཡན་ཆབ་སྲིད་འཛིན་པའི་རྒྱལ་བོ་རེ་རེའི་རིང་ལ། རྒྱལ་བོའི་སྐུ་ཕྱྭ་སྲུང་པའི་བོན་གཤེན་རེ་དང༌། ཐར་ལམ་འདྲེན་པའི་སྐུ་གཤེན་རེ། སྒྲ་སྐད་སྒྱུར་བའི་ལོ་པཎ་རེ། ཐུགས་དམ་གྱི་བོན་རེ་དང༌། མཛད་པ་རླབས་ཆེན་གྱི་གསས་ཁང་རེ་བཞེངས་པའི་སྲོལ་དར་བ་སོགས་བོན་གཞུང་མང་བོའི་ནང་དུ་གསལ་བས་དེ་དག་ཀྱང་གནའ་བོའི་ལོ་རྒྱུས་ཙམ་ཞིག་མ་ཡིན་པར་ཤེས་རིག་དེ་དག་གི་རྒྱུན་མི་རབས་ནས་མི་རབས་སུ་རྒྱུན་མ་ཆད་པར་འཚོ་སྐྱོང་བྱས་པའི་ལག་རྗེས་ད་ལྟའི་བར་དུ་བོད་རིགས་རྣམས་ཀྱི་ཁྲོད་དུ་འཚོ་བཞིན་ཡོད་པ་རྒྱལ་ཁབ་ཕྱི་ནང་ཀུན་ཀྱི་བློ་གཟུ་བོར་གནས་པའི་བོད་ཞིབ་འཇུག་པ་ཐམས་ཅད་ཀྱི་གསུང་གིས་ར་སྤྲོད་བྱེད་ཐུབ། དེས་ན་བློ་གཟུ་བོར་གནས་ན་སྲོང་བཙན་ཡན་ལ་བོད་ཡིག་ཡོད་པའི་བདེན་དཔང་འདི་ལས་མི་དགོས་སོ།།
གཞན་ཡང་རྒྱལ་བོ་དེ་དག་གི་རིང་ལ་རྒྱུ་འབྲས་བླ་མེད་ཀྱི་བོན་རྣམས་མེད་པར་སྨྲ་བ་ནི་ཤིན་ཏུ་མི་རིགས་ཏེ། མདོ་སྔགས་སེམས་གསུམ་གྱི་བསྟན་པ་བོད་རྒྱལ་ཐོག་མ་གཉའ་ཁྲིའི་རིང་ནས་དར་བ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བོད་རྒྱལ་ཐོག་མའི་རིང་ལ་མདོ་དར་བ་གང་ཞིག སྔགས་དར། སེམས་ཕྱོགས་ཀྱི་བོན་དར་བའི་ཕྱིར། དང་པོ་གྲུབ་སྟེ། བོད་རྒྱལ་ཐོག་མ་གཉའ་ཁྲི་ནས་བཟུང་གནམ་གྱི་ཁྲི་བདུན་གྱི་རིང་ལ། བླ་མ་ཆེ་དྲུག་གི་བོན་སྡེ་དར་བ། བོན་སྔ་རབས་པའི་གྲུབ་བརྙེས་རིག་འཛིན་ཐམས་ཅད་ཀྱི་ཞལ་བཅུད་བདུད་རྩིའི་ཐིགས་པ་ཡིན་པས། མན་ངག་ཟབ་མོའི་མཐིལ་དུ་འཛིན་དགོས་པ་ཡིན་ལ། བོན་སྡེ་དེ་དག་གི་ནང་ཚན་སྤྱོད་པ་བླ་ན་མེད་པའི་བོན་ལ་མདོ་འདུལ་བ་ལྟ་བུ་དང༌། དོན་དམ་བླ་ན་མེད་པའི་བོན་ལ་ཤེར་ཕྱིན་གྱི་གཞུང་ལྟ་བུ་མ་བཞག་ན། གཞན་འཇོག་དཀའ་བའི་ཕྱིར་ཏེ། རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱིས། ལྟ་བ་ཡས་ཕུབ་ཅིག སྤྱོད་པ་མས་འཛེགས་ཤིག ཅེས་པའི་སྤྱོད་པ་མས་འཛེགས་ལ་མདོ་འདུལ་བ་ལྟ་བུ་བཞག་ནས་ཆེས་བསྔགས་ཤིང༌། ལྟ་བ་ཡས་ཕུབ་ལ། ཟབ་མོ་དབུ་མའི་ལྟ་བ་དང༌། བླ་མེད་རྫོགས་ཆེན་གྱི་ལྟ་བ་གཉིས་འཇོག་ཀྱང༌། དང་པོ་ནི་དོན་དམ་བླ་ན་མེད་པའི་བོན་དང༌། ཕྱི་མ་ནི་ཐེག་པ་བླ་ན་མེད་པའི་བོན་དུ་འཇོག་པར་སེམས་སོ།། འོ་ན་ཕལ་ཆེར་བླ་ན་མེད་པའི་བོན་དང༌། འབྲས་བུ་བླ་ན་མེད་པའི་བོན་གཉིས་གང་ཞེ་ན། རིམ་བཞིན་སྔགས་ཕྱི་ནང་གཉིས་བཞག་ན་གནོད་བྱེད་མེད་ལ་སྒྲུབ་བྱེད་ཡོད་དོ།། འོན་ཀྱང་བློ་གཟུ་བོར་གནས་ཏེ་དཔྱད་དགོས། གཞན་ཡང་ད་ལྟ་བོད་ཡུལ་དུ་བཞུགས་བཞིན་པའི་གཏེར་ནས་བཏོན་པའི་ཤེར་ཕྱིན་གྱི་འབུམ་རྒྱས་འབྲིང་བསྡུས་གསུམ་གྱི་བུ་ཡིག་གསེར་བྲིས་དངུལ་བྲིས་སྣག་བྲིས་སོགས་ས་ཁྱབ་གནམ་ཁྱབ་བྱེད་བཞིན་པའི་མ་ཕྱི་རྒན་པའི་རྒན་པ་དེ། གནམ་གྱི་ཁྲི་བདུན་གྱི་རིང་ལ་མེད་ན་ཁྱོད་བདེན་ལ། ཡོད་ཀྱང་གཏེར་དུ་མ་སོང་ཟེར་ན། གནམ་གྱི་ཁྲི་བདུན་རིང་ལ་མདོ་ཡི་བོན་མ་དར་བའི་ཁས་བླངས་ཉམས་པར་མ་ཟད་བོད་ཡིག་དང་འབྲེལ་བའི་བོན་ཕྱི་ནང་གསང་གསུམ་ཡོད་པར་སྨོས་མ་དགོས་པ་ཡིན་ནོ།། ཡང་མེད་ན་དེའི་རྗེས་བར་གྱི་ལྡིང་གཉིས་དང༌། ས་ལ་ལེགས་དྲུག་སོགས་བོད་རྒྱལ་གང་གི་རིང་དུ་བོད་ཡུལ་དུ་ཕེབས་པ་འོལ་ཚོད་ཙམ་བཤད་ན་མ་གཏོགས་ཡང་དག་པར་བཤད་དཀའོ།། འོན་ཀྱང་ཁྱོད་ལྟར་ན། རྒྱལ་བོ་སྲོང་བཙན་འདས་རྗེས། ཁྲི་སྲོང་གིས་བོན་སྣུབ་ཁར། ཤེར་ཕྱིན་གྱི་མ་ཕྱི་རྒན་པའི་རྒན་པ་དེ་བོད་ཡུལ་གཏེར་དུ་བཞུགས་པར་སྤྲོ་ནས་གནམ་བབས་སུ་བྱུང་བ་ཡིན་ཟེར་ན་མ་གཏོགས་ལན་ཅི་ཡང་མེད་པས་ཁ་ལ་འདམ་སྦྱར་བྱས་ན་ལེགས་སོ།། ངས་བལྟས་ན་གནམ་གྱི་ཁྲི་བདུན་གྱི་རིང་ནས་ཤེར་ཕྱིན་གྱི་འབུམ་སྡེ་ཡོད་དེ། བླ་མ་ཆེ་དྲུག་གི་བོན་སྡེ་ལྔ་དར་བའི་ཕྱིར། ནུབ་ཚུལ་ནི། ཐ་མར་བོན་ནུབ་ཚེ་ཁ་ཅིག་གཙང་དུ་ནུབ་ལ་དབུས་སུ་མ་ནུབ་པར་བཤད་པ་དང། ཁ་ཅིག་གིས་བོད་ཁོ་ནར་ནུབ་པར་འདོད་པ་སོགས་མང་ཡང༌། འདིར《བསྒྲགས་བྱང》“ལྟར་དེ་གཙང་དུ་ནུབ་པ་ལས་དབུས་མན་ཆད་དུ་མ་ནུབ།”ཅེས་དང༌། ཡང《སྒྲ་འགྲེལ》ལས། “དབུས་ཀྱི་ས་སྐོར་དུ་བོན་མ་ནུབ་པར་སྤྱོད།” ཅེས་དང༌། 《དབང་ཆེན》ལས། “བོད་ཀྱི་ས་སྐོར་དུ་བོན་ཐང་གཅིག་ནུབ།” ཅེས་པའི་ལུང་དང་པོ་གཉིས་ཀྱིས་གཙང་དུ་ནུབ་པར་བཤད་པ་འདོད་ལ། ཕྱི་མས་ནི་བོད་ཀྱི་ས་སྐོར་དུ་འབྲས་བུའི་བོན་ནུབ་པ་ལ་དགོངས་སམ་སྙམ། ཞེས་གསུངས་པ་ལ་བརྟག་ན་འབྲས་བུའི་བོན་ནུབ་ཡོད་པ་འདྲ། དེ་དག་རྒྱལ་གཤེན་གང་གི་རིང་ལ་ནུབ་ཟེར་ན། “རྒྱལ་པོ་གྲི་གུམ་བཙན་པོའི་རིང་དང༌། གཤེན་མཁས་པ་མི་བཞིའི་སྐུ་ཚེའི་སྟོད་ལ་ནུབ།”ཅེས《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》༡༨༤ལས་གསུངས་སོ།། མདོར་ན་དེ་ནས་ལོ་བཅུ་གསུམ་ལོན་པའི་རྗེས་སུ་རྒྱལ་བོ་ལོ་ངམ་རྟ་རྫིས་བསད། སྤུ་ལྡེ་གོང་རྒྱལ་གདན་ས་ཐོབ་བོ།། ཞེས་ལོ་བཅུ་གསུམ་དུ་ལོ་ངམ་གྱིས་རྒྱལ་ས་བཟུང༌། དེ་ནས་སྤུ་ལྡེས་རྒྱལ་ས་ཐོབ་སྟེ་བོན་བསྣུབས་ནས་བོན་བསྟན་སྤེལ་བའི་བར་དུ་ལོ་བཅུ་བདུན་སོང་བར་བཤད་དོ།། གོང་དུ་རྟགས་གཉིས་པ་མ་གྲུབ་ན།བོད་རྒྱལ་ཐོག་མ་གཉའ་ཁྲིའི་རིང་ལ་གསང་སྔགས་ཀྱི་བོན་སྡེ་དར་ཡོད་པར་ཐལ།《དྲི་མེད》ལས“གཉའ་ཁྲིའི་རྒྱལ་བློན་གྱིས་དབལ་རམ་བསྒྲུབས་ནས་མཁའ་སྤྱོད་དུ་གཤེགས།”ཞེས་དང༌།《རྩ་རྒྱུད་ཉི་ཟེར་སྒྲོན་མ》ལས“མུ་ཁྲི་བཙན་པོས་སྣང་མདོག་ལ། ཁྲོ་བོ་དབང་ཆེན་རྒྱུད་གཞུང་མ་བུ་འཚམས་པར་ཞུས།”ཞེས་དང༌། 《ཡང་རྩེ་ཀློང་ཆེན》ལས།“སྙ་ཆེན་ལི་ཤུ་སྟག་རིང་དགུང་ལོ་སྟོང་དང་ཉིས་བརྒྱ་བཞེས་དུས་སུ། རྟག་གཟིགས་ནས་བོན་གྱི་ཡང་བཅུད་ཁྲི་ཕྲག་བཅུ་གཅིག་ཁྲུང་ཁྲུང་ཀང་ཀ་དུར་བྱ་ལ་སོགས་ལ་བཀལ་ནས། དྲོ་ཐེབ་གཅིག་གིས་ཏི་སེ་རུ་ཕེབས། དེ་ནས་དྲོ་ཐེབ་གཅིག་གིས་བསམ་ཡས་སུ་ཕེབས། རྒྱལ་བོའི་བླ་མཆོད་མཛད།”ཅེས་དང༌། ཞང་ཞུང་ནས་བོད་དུ་བསྒྱུར་བའང་ཡོད་དེ།《རྒྱུད་ཉི་སྒྲོན》ལས། “བོད་ཀྱི་བོན་པོ་རིག་པ་གསལ་བ། ཁྱུང་པོ་སྟག་སྒྲ་དོན་གཙུག སྙ་ལི་ཤུ་སྟག་རིང༌། བྷེ་ཤོད་ཀྲམ། གཙོ་ཁྲི་གཙུག་བཞི་ལ་གསེར་ཕྱེ་འབྲོང་རུ་གང་བསྐུར་ནས་ཞང་ཞུང་ལ་བོན་འཚོལ་དུ་བཏང་བས། གཤེན་པོ་དེ་བཞིས་ཞང་ཞུང་གི་མཁས་པ་བཞི་ལ་གཏུགས་ཏེ་གསེར་ཕྱེ་ཕུལ་ནས་བོན་ཞུས་པས། བོན་གྱི་གསང་སྡེ་ཆེན་པོ་བཞི། འབུམ་ཆེན་པོ་ལྔ། ཕྱི་ནང་རྒྱས་བསྡུས་ཀྱི་བོན་སྡེ་མང་པོ་གནང་བ་བསྣམས་ཏེ། ཞང་ཞུང་ཡུལ་ནས་བོད་ཡུལ་དབུས་སུ་ཕྱིན། བོན་རྣམས་རྗེ་ལ་གཟིགས་ཕུལ་བས་རྗེ་ཡང་དགྱེས་སོ” ཞེས་དང༌། 《བདལ་འབུམ》ལས། “ཡུལ་བྱེ་མ་གཡུང་དྲུང་དུ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས། བོད་ཤ་རི་དབུ་ཆེན་ལ་བོན་སྡེ་ཁྲི་བཤད་ཅིང་བསྒྱུར”ཞེས་དང༌། 《ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ》ལས། “ཞང་ཞུང་གི་དཔོན་གསས་རིག་འཛིན་ནམ་མཁའ་སྣང་བ་མདོག་ཅན་སྔོན་སྟོན་པ་གཤེན་རབ་ཀྱིས་དྭགས་ཀོང་གི་བདུད་སོགས་འདུལ་ལ་བྱོན་སྐབས་མ་འོངས་ཁོང་གི་གསུང་གི་བསྟན་པའི་སྐབས་བོད་དབུས་སུ་རྒྱུ་འབྲས་གཉིས་ཀྱི་བོན་དར་བའི་ཐུགས་སྨོན་མཛད་པ་བཞིན། གཤེན་སྣང་བ་མདོག་ཅན་གྱིས་བོད་དབུས་སུ་གཤེན་བསྟན་སྤེལ་བའི་དུས་ལ་སླེབས་པར་གཟིགས་ཏེ། འབྲུག་ཁྱུང་སེང་གེས་མཐའ་བརྟེན་ནས་སྨན་རྩིས་བཞིས་བཏེགས་ཏེ་རྫུ་འཕྲུལ་རྩལ་གྱིས་བྱོན་པའི་ཚུལ་མཛད། བོད་རྗེ་གཉའ་ཁྲི་བཙན་པོའི་མཆོད་གནས་སུ་བཀུར་ཞེས་དང་ཁོང་ལ་མཚན་ཞལ་མདོག་གཡུ་ཡི་མཚན་ཅན།”ཞེས་དང་། ཡང《ཞང་བོད་ཀྱི་བསྟན་འབྱུང་ལྷ་རྒྱུད་རིན་ཆེན་ཕྲེང་བ》ལས། “རྒྱལ་སྲས་མུ་ཁྲི་བཙན་པོ་ལ། སྤྱི་སྤུངས་གསང་བའི་བོན་སྐོར་དང༌། འབྲས་བུ་དང་མཐུན་པར་བོན་རིའི་དཀར་ཆག་སོགས་ལས་ཀྱང༌། དེ་ཡི་དུས་སུ་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ། ཡུལ་ལ་སྔ་བ་ཡར་ལུང་སོག་ཀ་བཏགས། སྐུ་བོན་ལ་སྔ་བ་ཕ་བ་མཚེ་གཙོ། གཤེན་ལ་སྔ་བ་ནམ་མཁའ་སྣང་བ་མདོག་ཅན། གསས་ཁང་ལ་སྔ་བ་ཁོ་མ་ནེ་ཆེན། བོན་ལ་སྔ་བ་སྤྱི་སྤུངས་གསང་སྔགས།༼བསྒྲགས་པ་སྐོར་གསུམ༽ སོགས་དར་ཚུལ་རྒྱུད་སོ་སོར་གསལ་བར་མ་ཟད། བོད་སྔ་བའི་ངག་རྒྱུན་ལ་ཡང་གྲགས་པར་བཞེད་དོ།། ཞེས་སོགས་གསལ་བའི་ཕྱིར། དུས་དེ་ནས་བཟུང་ཡུལ་དུས་ལྗོངས་ཀྱི་ཆར་བཅས་ལ། རྒྱུ་འབྲས་གཉིས་ཀྱི་གཡུང་དྲུང་གི་བོན་དར་ཡོད་པར་གདོན་མི་ཟ་སྟེ”ཞེས་གསུངས་པ་དང༌། གཞན་ཡང《མཛོད》ལས། “ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང༌། བོད་ཤ་རི་དབུ་ཆེན་གཉིས་ཀྱིས་ཡུལ་བོད་དང་ཞང་ཞུང་གི་རུ་མཚམས་བྱེ་མ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་འགོ་བོར་གཤེན་རབ་མི་བོའི་བཀའ་གཞུང་ལས། བོད་དང་ཞང་ཞུང་གི་ཚིག་གི་ཚོམ་བསྡེབས་ནས་སྣང་སྲིད་གཏན་ལ་ཕབ”ཅེས་གསུངས་སོ།། དེ་ཡང་གནམ་གྱི་ཁྲི་བདུན་རིང་ལ་བོན་སྡེ་གང་ཞིག་དར་བ་ནི། སྟོད་ཀྱི་བླ་མ་ཆེ་དྲུག་གི་བོན་སྡེ་དར་བ་ཡིན་ཏེ།《བྱམས་མ》ལས། “ཕལ་ཆེར་བླ་ན་མེད་པའི་བོན། ཐེག་པ་བླ་ན་མེད་པའི་བོན། སྤྱོད་པ་བླ་ན་མེད་པའི་བོན། འབྲས་བུ་བླ་ན་མེད་པའི་བོན། དོན་དམ་བླ་ན་མེད་པའི་བོན་རྣམས་དར་རོ”ཞེས་གསུངས་པ་ལྟར་རོ།། དེ་ལྟར་བོན་གཤེན་དེ་དག་གིས་བོན་སྡེ་རྣམས་འཆད་ཉན་སྒོམ་སྒྲུབ་ཀྱི་རྒྱུན་བསྐྱངས་ཚུལ་དང༌། བོན་གཤེན་དེ་དག་གིས་སྒྲུབ་གནས་སོ་སོར་སྒྲུབ་པ་མཛད་ཚུལ་ཅུང་ཟད་བཤད་པ་དང་འབྲེལ། གནམ་གྱི་ཁྲི་བདུན་གྱི་རྗེས་སུ་གྲི་གུམ་གྱིས་བོན་བསྟན་ཐེངས་གཅིག་བསྣུབས་ཀྱང་སླར་ཡང་དར་ཚུལ་སོགས་ཐེངས་རྗེས་མར་གཟིགས་པར་ཞུ་ཞུ།།
སྨྲས་པ། གངས་རིས་ཡོངས་སུ་བསྐོར་བའི་བོད་ཡུལ་འདིར།།གདུལ་བྱ་དུ་མའི་འདུ་ཤེས་ཐ་དད་པར།།དེ་སྲིད་བྱེ་བྲག་གྲུབ་མཐའ་གྲངས་འདས་ཀྱང༌།།གྲུབ་མཐའི་རྒྱལ་པོ་འཕྲུལ་ངག་གཡུང་དྲུང་བོན།།མཐོ་ཁྱུང་ལུང་དངུལ་མཁར་མན་ཆད་ནས།། དམའ་ཤེ་ལེ་རྒྱ་གར་ཡན་ཆད་དུ།། བོན་གཤེན་གྱིས་ཁྱབ་པའི་ལོ་རྒྱུས་ཀྱི། །སྙན་གྲགས་ནི་འཛམ་གླིང་ཡོངས་ལ་ཁྱབ།།སངས་རྒྱས་བསྟན་པའི་རྗེས་ཞུགས་རྣམས།། ཐ་དད་གྲུབ་མཐའ་མི་གཅིག་ཀྱང༌།། བྱང་ཆུབ་སྒྲུབ་ལ་རོ་གཅིག་ཕྱིར།། རྩོད་མེད་ཕན་ཚུན་གྲོས་མཐུན་སྨོན། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།