སངས་རྒྱས་གཤེན་རབ་མཆོག་གི་འཁྲུངས་སྨེ་ལ་དཔྱད་པ།

སངས་རྒྱས་གཤེན་རབ་མཆོག་གི་འཁྲུངས་སྨེ་ལ་དཔྱད་པ།
སྤ་བུ་བློ་གྲོས་བསྟན་འཛིན།

ལྷག་པའི་ལྷ་མཆོག་གཞོན་ནུའི་ཚུལ་འཆང་སྨྲ་བའི་སེང༌། །
སོར་བཅུའི་འདབ་བཟང་གནས་གསུམ་ཞིང་དུ་ལེགས་བཀོད་ནས། །
གང་བརྗོད་གཏམ་གྱིས་བློ་ལྡན་མགུ་བའི་སྣང་བརྙན་ཞིག།
བརྩེ་ཆེན་ཐུགས་ཀྱི་ཀློང་ནས་མི་འདོར་ཤིས་པ་སྩོལ།།

དེ་ཡང་གང་བརྗོད་པར་བྱ་བ་ལ། རྣམ་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གི་འཁྲུངས་སྨེ་ལ་དཔྱད་པ་བློ་ལྡན་དབྱུག་གི་བང་མཛོད་ཅེས་པ་ལས། དང་པོ་མི་མཇེད་པའི་ཞིང་ཁམས་འདི་ལ་བསྐལ་སྟོང་སངས་རྒྱས་སྟོང་དང་སྟོན་པ་རབས་དགུ་སོགས་བྱོན་པ་དག་ལས་སྙིགས་མ་ལྔ་བདོ་ཡི་དུས། མི་རྣམས་ཀྱི་ཚེ་ལོ་བརྒྱ་བའི་སྐབས་སུ་འགྲོ་བ་སེམས་ཅན་གྱི་མགོན་དུ་གཟུགས་སྐུ་མི་ཡི་རྣམ་པ་རུ་རྟག་གཟིགས་འོལ་མོ་གླིང་ཆེན་གྱི་ཞིང་ཁམས་སུ་ཡབ་དམུ་རིགས་ཀྱི་རྒྱལ་པོ་ཐོད་དཀར་མཆོག་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ལ་འབྱུང་ལྡན་དང་པོ་ཤིང་བྱིའི་དཔྱིད་ཟླ་ར་བ་རྒྱལ་གྱི་ཉ་བ་ལ་འཁྲུངས་སོ།། འཁྲུངས་པའི་དུས་དེ་ལ་འདོད་ཚུལ་མི་མཐུན་པ་འགའ་མཆིས་ཀྱང་འདིར་རྒྱལ་བའི་བཀའ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་དང༌། གཟེར་མིག མཁན་ཆེན་ཉི་མ་བསྟན་འཛིན་གྱི་བསྟན་རྩིས། བསྟན་འབྱུང་ལྷ་བརྒྱུད་རིན་ཆེན་ཕྲེང་བ་སོགས་ཁུངས་ལྡན་དག་ལ་གཞི་བྱས་ཤིང་གཤེན་ལོ་སུམ་བརྒྱ་དང་གཅིག་ཏུ་འདོད་པ་དག་གི་རྗེས་སུ་འཇུག་ནས་སྨྲ་བར་འདོད། 

དང་པོ་འབྱུང་ལྡན་ཞེས་པ་དེ་གཞན་ལུགས་ལ་རབ་བྱུང་ཞེས་པ་དང་དོན་འདྲ་བར་ལོ་རྒན་དྲུག་ཅུ་གཅིག་གི་དུས་ཡུན་ལ་བོན་རང་གི་ལུགས་སུ་འདོད་ནའང༌། རང་དང་སྐལ་མཉམ་འགའ་ཞིག་གིས་འབྱུང་ལྡན་ཞེས་ངག་ནས་བརྗོད་པ་ཙམ་ལས་དུས་ནམ་ཞིག་ལ་མིང་དེ་བྱུང་བ་དང་རྒྱུ་མཚན་ཅི་ཞིག་གི་སྒོ་ནས་བཏགས་པ་སོགས་གསལ་བོ་བརྗོད་དུ་མེད་པས། ཕྲན་གྱི་རྨོངས་བློ་ལ་ཤར་ཚུལ་འགའ་ཞུ་ཁུལ་བྱས་ན། ཐོག་མར་སྟོན་པ་མཆོག་གི་དགུང་གྲངས་བགྲང་བའི་སྲོལ་དར་བ་ནས་བཟུང་བྱུང་བ་ཞིག་ཡིན་དགོས་ཏེ། རྒྱུ་མཚན་ནི་གཤེར་བ་གཟུགས་སུ་གྲུབ་པ་ལ་ཆུ་དང༌། སྲ་བ་གཟུགས་སུ་གྲུབ་པ་ལ་ས། དྲོད་གཟུགས་སུ་གྲུབ་པ་ལ་མེ། དབུགས་གཟུགས་སུ་གྲུབ་པ་ལ་རླུང་ཞེས་འབྱུང་ཁམས་བཞིའམ་ལྔ་རུ་བྱུང་བ་ལ་བརྟེན་ནས་བཏགས་པ་ཞིག་ཡིན་དགོས། དེ་ལྟར་འབྱུང་ཞེས་པ་དོན་འགའ་ལ་འཇུག་ཀྱང་འདིར་འབྱུང་བ་ཞེས་པའི་བསྡུས་མིང་ཡིན་པ་ཤེས་དགོས་པ་དང༌། ལྡན་ཞེས་པ་ནི་ཡོད་པའམ་གནས་པ་སོགས་དོན་དུ་མ་ལ་འཇུག་པའི་མིང་གཉིས་ཚོགས་པ་ལས་བྱུང་བ་ཞིག་ཡིན། སྐབས་འདིར་གོང་གི་ཆུ་ས་མེ་རླུང་སོགས་བརྩི་བྱ་ལོ་ཡི་སྲོག་དང་ལུས་སོགས་ཀྱི་ཁམས་ལ་གཉིས་རེ་དང་གསུམ་རེ་སོགས་གྲངས་ཅི་ཞིག་གནས་པའི་ལོ་ཁམས་ལ་ཉིས་ལྡན་དང་སུམ་ལྡན་སོགས་ལ་བརྟགས་ནས་བརྗོད་དགོས། དེ་ནི་མིང་ཚིག་གཉིས་སུ་བྱས་པ་ལས་ཚིག་གི་ཁོངས་སུ་གཏོགས་དགོས་ཤིང༌། སྐབས་འདིར་ལོ་དེ་ཡི་ཁམས་ཡོངས་རྫོགས་ལ་འབྱུང་བ་གང་རུང་ཞིག་མི་གཡོ་བར་རྟགས་ཀྱི་སྒོ་ནས་གནས་པས་རྟགས་ཀྱི་མིང་དུ་འདོད་ལ། སྤྱིར་མིང་ལ་རྣམ་པ་གསུམ་ཡོད་པ་ལས་མི་གཡོ་བར་རྣམ་པ་དུ་མའི་རྟགས་དང་ལྡན་ཕྱིར་རྟགས་ཀྱི་མིང་ཞེས་བརྗོད་ན་ལེགས་སྙམ། ཡེ་ཁྲི་མཐའ་སེལ་ལས། མིང་ལ་རྣམ་པ་གསུམ་ཡོད་དེ། བརྡ་ཡི་མིང་དང༌། རྟགས་ཀྱི་མིང༌། དོན་གྱི་མིང་དང་རྣམ་པ་གསུམ་ཞེས་སོ།། དུས་ནི་རབ་བྱུང་ཞེས་པའི་ཐ་སྙད་མ་བྱུང་གོང་མི་ལོ༼༡༧༠༤༤༽འདས་པའི་སྔ་རོལ་དུ་བྱུང་བ་ཡིན་ལ་དེ་གཉིས་ཀྱི་ཁྱད་པར་ནི་ལོ་འགྲོས་བཅུ་གཉིས་ལ་འབྱུང་བ་ལྔ་བོ་སྦྱར་ནས་མི་ལོ་དྲུག་ཅུ་ལོན་པ་ལ་འདོགས་པ་འདྲ་ཡང༌། འབྱུང་ལྡན་ཞེས་པ་ཤིང་བྱི་ནས་མགོ་འཛིན་པ་དང༌། རབ་བྱུང་ཞེས་པ་མེ་ཡོས་ནས་འཛིན་པ་གཉིས་ཐ་དད་པ་མ་ཟད།ལོ་མགོ་ཡང་སྔོན་ཟད་པ་མེ་སྟག་གི་ལོ་ཞིག་ལ་དུས་མེ་མ་གཏོགས་གཟའ་གཞན་རྣམས་སྟོང་བར་ཞུགས་ནས། སླར༼སྤྱི་ལོ༡༠༢༧༽ མེ་ཡོས་ལོ་ནས་གཟའ་རྣམས་རང་རང་གི་ངེས་པ་གསར་དུ་རྩོམ་པས་རབ་བྱུང་ཞེས་ཐ་སྙད་གསར་དུ་བྱུང༌། དེ་ལས་འབྱུང་ལྡན་ཞེས་པ་ནི་རྒྱལ་མཆོག་དམུ་སྲས་གང་གིས་གདུལ་བྱ་ལ་བརྟགས་ནས་བོན་ཐེག་པ་རིམ་དགུ་རུ་གསུངས་ཤིང༌། ཐེག་པ་དང་པོ་ཕྱྭ་གཤེན་གྱི་བོན་རྣམས་ནི་ཕྱྭ་སྲས་ལེགས་རྒྱལ་ཐང་པོ་ལ་བཀའ་ཡིས་བསྐུར་ནས། མེ་ཏོག་མཛེས་པའི་གླིང་དཀྱིལ་དུ་ལྷ་ཕུ་ཝེར་དཀར་པོ་མཆོད་ཅིང་སྣང་སྲིད་ཁ་ལོ་སྙོམ་པའི་གཏོ་དང་དཔྱད་མཛད། དེའི་ཚེ་གཏོ་གཞི་ཕྱིང་དཀར་གྱི་འོག་ནས་འཛུལ་སྔོན་མོ་གཅིག་སྣང་བ་ལུས་པོ་ཆུང་ཡང་མྱུར་མགྱོགས་ཆེ་བ་རྔ་མ་རིང་བ་ཅན་ཞིག་བྱུང་ནས། གསེར་གྱི་ཕྱེ་མ་མང་པོ་གཏོ་གཞིའི་ཕྱོགས་ཕྱོགས་སུ་སྤུངས་པར། གཏོ་གཤེན་གྱི་ཞལ་ནས། ཡ་མཚན་གྱི་སེམས་ཅན་བྱི་བྱི་བོ་འདི་ཡི་མིང་ལ་བྱི་བ་ཐོགས་ཞེས་འཁོར་རྣམས་ལ་གསུངས་ནས་ལོ་ཡི་མགོ་བོ་བྱི་བ་ནས་བྱེད་པ་དང༌། ཡང་ན་ལོ་མཛོད་བཅུ་གཉིས་ཀྱི་དང་པོ་ཡིན་པས་གཤེན་གྱི་དགུང་གྲངས་བརྩི་བ་ཡང་དེ་ནས་དར་རོ།། ཞེས་དྲི་མེད་རྩ་བའི་མདོ་ལས་སོ།།
འོ་ན་དེའི་གོང་དུ་རྩིས་ཡོད་དམ་ཞེ་ན་རྩིས་ཀྱི་གཞུང་ལུགས་ཞེས་པའི་ཐ་སྙད་དང་འབྱུང་བའི་ཁམས་དང་ཉི་ཟླ་སོགས་ཀྱི་འགྲོས་ལ་བརྟེན་ནས་འཇིག་རྟེན་གྱི་བདེ་སྡུག་དང་འབྱུང་བའི་ཆགས་འཇིག་སོགས་ལ་དཔྱད་བྱེད་ཀྱི་རྩིས་མེད་པ་ལས་རྩི་བྱེད་ཀྱི་གཟའ་སྐར་དང་སྤར་སྨེ་སོགས་ཡོད་དེ། སྲིད་པ་སྨྲ་སེང་སེར་པོ་ཡིས་འགྲོ་རྣམས་སྙིང་རྗེ་ཆེན་པོས་རྗེས་བཟུང་ནས་མ་ཧཱ་གསེར་གྱི་རུས་སྦལ་ཞིག་སྲིད་པའི་ཁ་ལོ་གྱེན་དུ་འདྲེན་པའི་ཕྱིར། རུས་སྦལ་ཁ་གྱེན་དུ་བསྟན་པའམ་གན་རྐྱལ་ཉིད་དུ་གནས་པ་ལ་སྤྲུལ་ནས། མིག་སོགས་བུ་ག་དགུ་ལས་སྨེ་བ་དགུ་དང༌། རྣམ་ཤེས་ཚོགས་བརྒྱད་ལས་ལི་སོགས་སྤར་ཁ་བརྒྱད་དང་།ཚིགས་ཆེན་བརྒྱད་ལས་ཉི་མ་སོགས་གཟའ་བརྒྱད།སྒལ་ཚིགས་ཉེར་བརྒྱད་ལས་ནི་སྨིན་དྲུག་སོགས་རྒྱུ་སྐར་ཉེར་བརྒྱད་བྱུང་བར་བརྗོད་པ་སོགས་མང་དུ་གསུངས། གཞན་ཡང་དྲི་མེད་ལས། གཙང་མ་རིགས་ལྔའི་གནས་ནས་སྲིད་པའི་རྒྱལ་པོ་སངས་པོ་ཡིས། སྤྲུལ་བའི་ཁྱེའུ་ཆུང་རིག་པའི་འབྱུང་གནས་ལ། ཉོན་ཅིག་ཡིད་ལས་སྤྲུལ་བའི་ཁྱེའུ་ཆུང༌། ཁྱོད་ནི་བདག་གི་བྱིན་གྱིས་རླབས། འོད་གསལ་ལྷ་ལས་རིམ་གྱིས་བོབས། སོག་ཀ་བོན་གྱི་འབྱུང་གནས་ལ། གནས་མཆོག་འོལ་མོ་ལུང་རིངས་སུ། འགྲོ་འདུལ་སྟོན་པའི་སྤྱན་སྔར་མཛོད། མགྱོགས་པའི་གཡུ་འབྲུག་གཅིག་ལ་བཅིབས། གཏོ་སྒྲོ་དཔྱད་སྒྲོ་རྩིས་སྒྲོ་ལྷ་སྒྲོ་ཟུང་གསུམ་ཡ་དྲུག་ཁོལ། ཡི་གེ་འཕྲུལ་གྱི་སླག་པ་གོན། གཤེན་རབ་མི་བོའི་སྤྱན་སྔར་སོང་ཞེས་དང༌། གོང་དུ་ལོ་མཛོད་བཅུ་གཉིས་ཀྱི་དང་པོ་བྱི་བ་བྱུང་བ་ནས་གཤེན་གྱི་ལོ་ཚིགས་བརྩི་བ་དང་ལོ་མགོ་ཡང་བྱི་བ་ཞེས་པ་སོགས་བརྗོད་པ་མང་ཞིང་ཤེས་འདོད་དག་གིས་གཞན་དུ་བལྟ་བ་ལས་འདིར་ཡིག་ཚོགས་ལ་དོགས་ཏེ་བཞག

ད་ནི་སྟོན་པའི་འཁྲུངས་སྨེ་ལ་དངོས་སུ་དཔྱད་པ། དང་པོ་ལོ་རྒན་དྲུག་ཅུའི་རེའུ་མིག་བཀོད་ཚུལ་ལ་གཉིས་ཡོད་པ་ལས་ཤིང་བྱི་ནས་ཆུ་ཕག་བར་བརྩི་ཚུལ་ལུགས་གཉིས་པོ་གཅིག་མཚུངས་སུ་གནས་ཀྱང༌། སྨེ་ཕྲེང་བཀོད་ཚུལ་ལ་ལུགས་གཉིས་པོ་མི་མཚུངས་པས།ཕྲན་གྱི་རྨོངས་བློ་ལ་གཅིག་ནི་བོད་རང་གི་ལུགས་སམ་སྔ་རབས་པ་དག་གི་འདོད་ཚུལ་དང༌། གཅིག་ནི་མ་ཧཱ་ཙི་ནའི་བརྩི་ལུགས་བོད་གངས་ཅན་ལྗོངས་སུ་དར་བར་གྲགས་པ་དེ་མིན་ནམ་སྙམ། རྒྱུ་མཚན་ནི་བོད་གངས་ཅན་གྱི་སྐར་རྩིས་རིག་པ་ལས་གཟའ་སྐར་གཉིས་བརྩི་སྐབས།རྒྱུ་སྐར་ཉེར་བརྒྱད་ལས་དང་པོ་བྲ་ཉེ་དང་གཉིས་པ་སྨིན་དྲུག་ཏུ་འདོད་པ་དང༌། འབྱུང་རྩིས་བས་ཀྱང་གཉིས་སྨིན་དྲུག་ཅེས་ཐ་སྙད་བརྗོད་པ་དང་ཨང་གྲངས་ཀྱང་གཉིས་བཀོད་ཀྱིན་ཡོད། ཡིན་ན་ཡང་རྒྱ་རྩིས་ཀྱི་ལུགས་ལ་ཨང་གྲངས་དང་མིང་གཉིས་པོ་སྨིན་དྲུག་ཐོག་མ་ཡིན་པ་བཞིན་དུ། བོད་ཀྱི་འབྱུང་རྩིས་པའི་ལུགས་ལ་ཡང་སྐར་མ་སྨིན་དྲུག་ནི་རྒྱུ་སྐར་ཉེར་བརྒྱད་ཀྱི་མགོར་འཇོག་པ་ནི་རྒྱ་རྩིས་ལུགས་སུ་འདོད་རྒྱུ་དང༌། དེ་བཞིན་དུ་སྨེ་ཕྲེང་དང་པོ་ལ་ཡང་གཅིག་དཀར་བཀོད་པ་ནི་ཙི་ནའི་བརྩི་ཚུལ་གངས་ཅན་ལྗོངས་སུ་དར་ནས་གསར་དུ་བྱུང་བར་འདོད་པ་དང༌། ཡང་ན་ལོ་རྒན་དྲུག་ཅུའི་རེའུ་མིག་གཞན་དུ་སྨེ་ཕྲེང་དང་པོ་ལ་བདུན་དམར་བཀོད་པ་དེ་ནི་སྔ་རབས་པ་འགས་སྟོན་པ་མཆོག་གི་འཁྲུངས་སྨེ་བདུན་དམར་ལ་ཁེལ་བ་ལྟར་བྱས་པ་ཡིན་ནམ་སྙམ་མོ།།
དེ་ལས་ལུགས་དང་པོ་ལྟར་ན་སྟོན་པ་མཆོག་སྨེ་ཕྲེང་གསུམ་པའི་བདུན་དམར་ལ་འཁྲུངས་པར་འདོད་དགོས་ཏེ། གཤེན་ལོ་བཅུ་གཉིས་ཆུ་ཕག་ལ་ས་བདག་རྒྱལ་པོའི་ཕོ་བྲང་དུ། སེམས་དཔའ་གསེར་ཐུབ་འོད་སྲུང་སོགས་ལྷ་ཀླུ་མི་ཡི་འཁོར་ཚོགས་ལ་མདོ་ཆེན་དུས་ཀྱི་འཁོར་ལོ་དང་རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་དང་མན་ངག་དུས་ཀྱི་འཁོར་ལོ་གསུམ་གསུངས་པ་དེ། དྲི་མེད་རྩ་བའི་མདོ་ལས། ད་ལྟ་དགུང་ལོ་བཅུ་གཉིས་ལོན་ནས་བསྟན་པ་རབ་ཏུ་བརྟན་པ་དང༌། ས་བདག་ལྕམ་དྲལ་གྱི་དགོངས་དོན་འགྲུབ་པ་བཅས། ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་ཞེས་བྱ་སྟེ། མི་ལོ་སྟོང་དང་ཉིས་བརྒྱ་ལ་མཐར་གྲུབ་པོ་ཞེས་སོ།། དེ་ལྟར་སྟོན་པ་མཆོག་གིས་དབང་ལྡན་དུས་ཀྱི་འཁོར་ལོ་གསུངས་པའི་དུས་ཁྱད་པར་ཅན་ལས་འབྱུང་ལྡན་དང་པོའི་ཤིང་བྱིའི་བར་ལོ་མཛོད་བཅུ་གཉིས་ཀྱིས་ཆོད་པ་ལ། སྐར་རྩིས་པའི་ལུགས་ལྟར་བརྩི་ཚུལ་གཅིག་དང་འབྱུང་རྩིས་པའི་ལུགས་ལྟར་བརྩི་ཚུལ་གཉིས་སུ་བྱས་ན། དང་པོ་སྐར་རྩིས་པའི་ལུགས་ལྟར་སྟོན་པ་མཆོག་འཁྲུངས་ནས་ཆུ་ཕག་བར་གྱི་འདས་ལོ་གང་ཡོད་རྣམས་དགུང་གྲངས་ལས་ཕྲི་བར་བྱས་ན། སྟོན་པ་མཆོག་གདུལ་བྱའི་མགོན་དུ་འཁྲུངས་ནས་འདས་ལོ་བཅུ་གཅིག་གམ་མི་ལོ་སྟོང་དང་བརྒྱ་ཕྲག་གཅིག་ཕྲི་བར་བྱ་དགོས། དེ་ལྟར་བྱས་ན་སྟོན་པ་མཆོག་གིས་དུས་འཁོར་གསུངས་པའི་ལོར་སྨེ་བ་ལྔ་སེར་ལ་ཁེལ་བ་དང༌། ཡང་ལུགས་གཉིས་པ་འབྱུང་རྩིས་ལྟར་ན་སྟོན་པ་མཆོག་གི་དགུང་གྲངས་ལ་ངོ་ཐོག་ཞག་བསྣན་ནས་སླར་ལོ་མཛོད་བཅུ་གཉིས་སམ་མི་ལོ་ཆིག་སྟོང་ཉིས་བརྒྱ་ཕྲི་བར་བྱས་ན་སྟོན་པ་མཆོག་གིས་དུས་འཁོར་གསུངས་པ་དེ་ཡང༌། ལྔ་སེར་ལ་ཁེལ་བ་གཉིས་རིག་པའི་འགྲོ་ལུགས་ཙམ་ལས་གཅིག་མཚུངས་སུ་འགྱུར། དེ་ལྟར་སྨེ་ཕྲེང་དང་པོའི་ལྔ་སྨེ་ལ་དུས་འཁོར་གསུངས་པ་ནས་ཡར་བརྩིས་ན་སྟོན་པ་མཆོག་གི་འཁྲུངས་སྨེ་དེ་བདུན་དམར་ཡིན་པར་ཁས་བླངས་ཆོག ཡང་ན་འབྱུང་ལྡན་དང་པོ་ཤིང་བྱི་ནས་རབ་བྱུང་བཅུ་བདུན་ས་བྱིའི་བར་དུ་སྨེ་འཁོར་ཅི་ཙམ་སོང་བར་དཔྱད་ན་ཁ་གསལ་ཞིང་དོན་གོ་སླ་བོ་ཞིག་ཡོད་དེ། སྔར་སྨེ་འཁོར་བརྒྱ་འདས་ནས་ད་ལྟ་སླར་ཡང་སྨེ་འཁོར་དང་པོའི་གཅིག་དཀར་ལ་བབས་པ་ལ་བསམ་ན་སྨེ་ཕྲེང་དང་པོ་ལ་བདུན་དམར་བཀོད་པ་དེ་སྟོན་པ་མཆོག་གི་འཁྲུངས་སྨེ་ཡིན་པ་གཏན་ཁེལ་བྱས་ཡོད་པ་མ་ཟད་རྒྱུ་མཚན་ཡང་དག་ཅིག་ཀྱང་ཡོད་པ་གསལ་བོར་གནས། དེ་ལྟར་མི་བྱེད་པར་གཅིག་དཀར་དབུ་ལ་བཀོད་པ་བཞིན་དུ་སྟོན་པ་མཆོག་གི་འཁྲུངས་སྨེ་གཅིག་དཀར་དུ་བསམ་ན། ད་ལྟའི་གནམ་ལོའི་སྨེ་བ་དེ་སྨེ་ཕྲེང་དང་པོའི་བཞི་ལྗང་ལ་ཁེལ་དགོས་པས་དེ་ནི་རང་གཞན་རིག་སྨྲ་སུས་ཀྱང་སྙན་དུ་འགྲོ་དཀའ།
ཡང་ན་སྟོན་པ་མཆོག་གི་དགུང་གྲངས་སྟེང་དུ་མི་ལོ་འགའ་སྣོན་བ་དང་ཕྲི་བར་བྱས་ན་འགྲིག་མོད་ཀྱང༌། དེ་ནི་རྒྱལ་བའི་བཀའ་ལུང་ཀུན་ལ་འགལ་བ་ཞིག་ཏུ་འགྱུར་ཏེ། བོན་རིང་ལུགས་ཀྱི་མཁས་དབང་ཕལ་ཆེར་གྱིས་འབྱུང་ལྡན་སུམ་བརྒྱ་དང་གཅིག་ཏུ་འདོད་པ་དང༌། འབྱུང་ལྡན་རེ་ལ་ལོ་འཁོར་དྲུག་ཅུ་རེ་བྱས་ན་སྟོན་པ་མཆོག་འཁྲུངས་ནས་མི་ལོ་ཆིག་ཁྲི་བརྒྱད་སྟོང་བརྒྱ་མེད་ཉེར་ལྔ་སོང་པས་འབྱུང་ལྡན་སུམ་བརྒྱ་དང་གཅིག་ཅེས་བརྗོད་བཞིན་ཡོད། རྒྱུ་མཚན་དེ་ལ་བསམ་ན་སྨེ་འཁོར་ཡང་བརྒྱ་འདས་ནས་ད་ལྟ་སླར་སྨེ་འཁོར་གཅིག་གི་སྨེ་ཕྲེང་མཐའ་མའི་གཅིག་དཀར་ལ་ཁེལ་བ་གཅིག་པོས་སྟོན་པ་མཆོག་འཁྲུངས་སྨེ་བདུན་དམར་ཡིན་པ་ཡང་ཐེ་ཚོམ་མི་དགོས་པ་ཞིག་ཏུ་འཁུམས་སོ།།

བསྐྱར་ཟློས་དང་འོར་བཤད་བྱས་པ་མ་ཡིན་པར་གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་ཞེས་པའི་དཔེ་ལྟར་སླར་ཡང་ཞུ་ན། རིག་པ་སྨྲ་བ་འགའ་ཞིག་གིས་ལོ་རྒན་དྲུག་ཅུའི་དབུ་ལ་སྨེ་བ་གཅིག་དཀར་བཀོད་པ་ལ་དགོངས་པའམ། ཡང་ན་བཀའ་ལུང་རེ་འགའ་ལ་དགོངས་ནས་དམུ་སྲས་སྟོན་པ་མཆོག་གི་འཁྲུངས་སྨེ་གཅིག་དཀར་ལ་ནན་གྱིས་ཁེལ་བར་བྱས་ན། ད་བར་དུ་སྟོན་པ་མཆོག་གཟུགས་སྐུ་མི་རུ་བཞེངས་ནས་མི་ལོ་ཆིག་ཁྲི་བརྒྱད་སྟོང་བརྒྱ་མེད་ཉེར་ལྔ་སོང་ཟིན་ཅེས་པའི་ཐ་སྙད་དེ་འདོར་དགོས་པ་མ་ཟད་བཀའ་ལུང་གང་མང་ཞིག་གི་དགོངས་པ་དང་འགལ་ཉེན་ཆེ། གལ་ཏེ་བཀའ་ལུང་དང་མི་འགལ་ཏེ་དགོངས་གཞི་ཞེས་ཅུང་ཟད་སྨྲ་ཁུལ་བྱས་ཀྱང༌། སྟོན་པ་མཆོག་གི་དགོངས་གྲངས་ལ་ལོ་བསྣན་པ་དང་ཡང་ན་ཕྲི་བ་གཉིས་ལས་དགོངས་གཞི་ཞེས་པའི་ཁག་འགེལ་ས་མེད། དེ་ལྟར་ལུང་ཚིག་འགའ་རེ་ལ་ཡིད་གཏོད་བྱས་ནས་བརྗོད་ན། སྟོན་པ་མཆོག་འཁྲུངས་ནས་མི་ལོ་སྟོང་ཕྲག་འགའ་ལས་སོང་མེད་ཅེས་བརྗོད་ནའང་རིགས་པ་དང༌། དེ་ལས་ལྡོག་སྟེ་མི་ལོ་ཁྲི་ཕྲག་འགའ་ཡི་སྔོན་དུ་བྱས་ན་ཡང་བརྗོད་དུ་ཡོད་པས། ཆུ་སྣ་གར་ཁྲིད་ཀྱི་དཔེ་རུ་མི་བྱེད་པར་སྟོན་པ་མཆོག་གི་དགུང་གྲངས་གཙོ་བོར་བྱས་ནས་དེ་ལ་སླར་ལུང་རིགས་ཀྱི་རྒྱབ་བརྟེན་སོགས་བྱས་ན་འོས་པ་ལས། དེ་ལྟར་མ་བྱས་ན། སྟོན་པ་མཆོག་དགུང་གྲངས་གྱ་གཉིས་སམ་མི་ལོ་བརྒྱ་ལ་སྐུ་མྱ་ངན་དུ་འདས་ཞེས་པ་དང༌། སླར་ཆུ་ཡོས་བར་དུ་རྐོང་ཚས་མི་ལོ་སྟོང་དང་བརྒྱད་བརྒྱ་ལ་རྒྱལ་ཁམས་བོན་གྱིས་བསྐྱངས་པ་དང༌། ཆུ་ཡོས་ལོ་ལ་སྐུ་བསྟན་ཁྲི་གཅིག་རྫོགས་ནས་ཤིང་འབྲུག་ལ་གདུང་ཚོབ་མི་ཆོ་ལྡེམ་དྲུག་སྟོན་པ་མཆོག་གི་གསུང་བསྟན་གྱི་ལས་དཔོན་ལ་བྱོན་པ་སོགས་བཀའ་ལུང་ཀུན་ཀྱི་དགོངས་པ་དང་འགལ་བ་མི་འབྱུང་ངམ། ཡང་ཅིག་ཞུ་ན་ཕྲན་གྱི་རྨོངས་བློ་ལ་སྤར་ཁ་དང་སྨེ་བ་བརྩི་སྲོལ་ནི་འབྱུང་རྩིས་དར་བ་ནས་བཟུང་བོད་གངས་ཅན་ནམ་བོན་ཁམས་ན་གསལ་ཞིང་རྒྱས་པ་ཞིག་ཡོད་པ་ནི་རྒྱལ་བའི་བཀའ་དང་འཕགས་པའི་ལུང་ཀུན་ལ་འཁོད་པ་དག་ལས་གསལ་བོར་མཚོན་ཞིང་།སྨེ་ཕྲེང་དང་པོ་ལ་བདུན་དམར་བཀོད་པ་དེ་ཡང་གོང་བཤད་བཞིན་བོད་རང་གི་ལུགས་ཁྱད་པར་ཅན་དུ་འདོད། ཡིན་ནའང་མ་ཧཱ་ཙི་ནའི་སྤར་ཁ་དང་སྨེ་བ་བརྩི་ལུགས་སོགས་བོད་དུ་དར་བ་ནས་བཟུང་བོད་ཀྱི་རྒྱལ་པོའི་བཀས་བཅད་ནས་རྒྱ་ནག་གི་ལུགས་ལྟར་འབྱུང་རྩིས་ཀུན་ཀྱི་ལུགས་གཅིག་ཏུ་གཏན་ཁེལ་བྱས་པ་མ་ཟད། དེ་ཡང་རྒྱ་ནག་རི་བོ་རྩེ་ལྔ་རུ་སྟོན་པ་སྨྲ་བའི་སེང་གེ་མཆོག་འཁྲུངས་ནས་གཙུག་ལག་རིག་པ་གསུངས་པའི་དུས་ཁྱད་པར་ཅན་གྱི་སྨེ་བ་དེ་གཅིག་དཀར་ལ་ཁེལ་བ་བཞིན་དུ་འབྱུང་ལྡན་དང་པོའི་སྨེ་ཕྲེང་དང་པོ་ལ་གཅིག་དཀར་བཀོད་ནས་ལོ་རྒན་དྲུག་ཅུའི་རེའུ་མིག་སླར་བཟླས་ཏེ་གསུངས་པ་མིན་ནམ་འདོད། དེ་ལྟར་ཡང་ཡོད་དེ་མཁན་ཆེན་ཉི་མ་བསྟན་འཛིན་དང་དཔལ་ལྡན་ཕུག་ལུགས་སོགས་ཀྱི་བསྟན་རྩིས་ལྟར་ན་སྟོན་པ་སྨྲ་བའི་སེང་གེ་ཉིད་རྒྱ་ནག་ཡུལ་དུ་རྫུས་སྐྱེས་མཛད་པ་དང་འབྱུང་རྩིས་གསུངས་པ་དག་འབྱུང་ལྡན་ཐོག་མའི་གཅིག་དཀར་ལ་ཁེལ་བའོ།།
སླར་ཡང་ཞུ་དགོས་པ་ཞིག་ནི་འགའ་ཞིག་རི་བོང་ཅལ་འདྲོགས་ཀྱི་དཔེ་ལྟར་ངག་ལས་གང་བྱུང་བྱུང་དུ་སྨྲས་བཞིན་ད་དུང་སྟོན་པ་མཆོག་གི་འཁྲུངས་སྨེ་ལྔ་སེར་ལ་བརྗོད་པ་ནི་མཁས་ཚུལ་ལས་བླུན་རྟགས་སྟོན་པ་མ་ཡིན་ནམ། སྟོན་པ་མཆོག་ཤིང་བྱི་ལ་འཁྲུངས་བར་བརྗོད་པ་ནི་རིག་སྨྲ་ཐམས་ཅད་ཀྱི་འདོད་པ་གཅིག་མཐུན་ཡིན་པས་ཁྱོད་ཀྱིས་ཀྱང་ཁས་ལེན་ངེས་ཡིན་ནམ་ཞེ་ན། ཁས་བླངས་ཀྱང་སྨེ་བ་ལྔ་སེར་ལ་འདོད་དོ་བརྗོད་ན། ཤིང་བྱི་ལོ་བ་ལ་སྨེ་བ་ལྔ་སེར་མེད་པ་ནི་ལོ་རྒན་དྲུག་ཅུའི་རེའུ་མིག་ལ་བལྟས་པ་ཙམ་གྱིས་རྟོགས་སོ།།

མདོར་ན་ལྔ་སེར་ལ་འཁྲུངས་པར་འདོད་པ་དག་ནི་རྩིས་ཀྱི་རིག་པ་ལ་མིག་དབང་ལྡོངས་ཤིང་རང་ཉིད་ཀྱི་ཐོབ་ཐང་དང་ཚུལ་འཆོས་ཀྱི་རྣམ་པ་འགེབས་ཐབས་བྱས་ནས་རུས་སྦལ་གྱི་ལྟོ་བར་ལྔ་སྨེ་བཀལ་ཡོད་པ་གཅིག་པོ་ལ་བསམ་གཞིགས་གཏོང་ཁུལ་དང༌། ད་དུང་ལུང་ཚིག་འགའ་ལ་རྒྱབ་བརྟེན་ཅི་ལྟར་བྱས་ཀྱང་མཁས་རྣམས་དགྱེས་པའི་མཆོད་སྤྲིན་དང་ན་མཉམ་གྲོགས་ཀྱི་སྙན་ལམ་དུ་འོས་པའི་གཏམ་ཞིག་ཏུ་མི་འགྱུར་རོ།། དེ་བཞིན་བདག་གིས་བརྗོད་པའི་གཏམ་འདི་ཡང་མཁས་རྣམས་མགུ་བའི་དཔྱད་གཞི་དང་བློ་ལྡན་རྣམས་ལ་ཕན་བྱེད་ཀྱི་ལེགས་བཤད་ཉིད་དུ་མི་འགྲོ་ཡང་།རང་དང་སྐལ་མཉམ་འགའ་ལ་གྲོས་འདེབས་པའི་ཚུལ་དུ་སྙན་ངག་དང་ཚིག་རྒྱན་སོགས་ཀྱི་འགྲོས་ལ་མ་བརྟེན་པར་ཕ་སྐད་དང་ཡིག་སྐད་འདྲེས་མའི་སྒོ་ནས་རྟབ་རྟབ་པོར་བྲིས་པའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།