བོད་ཀྱི་ཆོས་པས་གསུང་རབ་ཀློག་འདོན་བྱེད་སྟངས་སྐོར་ཅུང་གླེང་བ།

བོད་ཀྱི་ཆོས་པས་གསུང་རབ་ཀློག་འདོན་བྱེད་སྟངས་སྐོར་ཅུང་གླེང་བ།
ཐེལ་བཅུ●ཡར་འཕེལ་རྒྱ་མཚོ།

 མི་ལོ་ཁྲི་སྟོང་མང་པོའི་ཡར་སྔོན་ཏེ། ཡ་ཐོག་ཞང་བོད་ཐུན་མོང་གི་གནའ་བོའི་གཡུང་དྲུང་བོན་གྱི་ཆོས་ལུགས་ལ་དབུ་ཁྱུད་ཐོག་མ་འབྲི་མཁན་གཤེན་རབ་མི་བོ་ཆེའི་དུས་སྐབས་དེ་ཙམ་ཞིག་ནས་བོད་ཀྱི་ཁ་བ་རི་བོའི་ལྗོངས་འདི་ལ་གསུང་རབ་ཀློག་འདོན་བྱེད་པའི་སྲོལ་བྱུང་བ་ཡིན་ཏེ། ལུང་ལས། “དེ་ནས་སྟོན་པ(སྟོན་པ་གཤེན་རབ)བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་མགོར་བྱོན་ཏེ་བོད་ཀྱི་ལྷ་འདྲེ་རྣམས་དབང་དུ་བསྡུས་ཤིང་བཀའ་ལ་ཉན་པའི་ཆེད་དུ་མདོ་ཕུལ། དེའི་ཚེ་བོད་ཀྱི་རི་ཀུན་ཀྱི་རྩེ་མོ་ཡང་ཡར་ལ་དུད་པར་གྱུར་ཏོ། བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ་བ་དང་འདྲེ་བཀར་བ། ཡུགས་ཕུད་པའི་ལུང་ཕོག་གོ”ཅེས་པ་ལས་གསལ་བ་ལྟར། ད་ལྟའི་བོད་ཀྱི་ཆོས་ལུགས་འདྲ་མིན་དང་གྲུབ་མཐའ་འདྲ་མིན་ཡོངས་ཀྱི་གསུང་རབ་དབྱངས་འདོན་བྱེད་པའི་སྲོལ་འདི། གནའ་བོའི་བོན་ཀྱི་གཏོ་འདོན་ནས་ཡུགས་ཕུད་པའི་སྲོལ་ལས་བྱུང་བ་ཞིག་ཡིན་པར་ངེས་ཏེ། དེའི་སྒྲུབ་བྱེད་ཡང་དག་པ་ཞིག་ནི་གཤེན་རབ་མི་བོ་ཆེའི་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་དང༌། ཁོང་གི་ཞལ་ནས་གསུངས་པའི་གཏོ་དང་མདོས། སྲུང་མ་དང་ཡི་དམ་དག་གི་བསྐང་གསོལ་དང་ཆོ་ག དེའི་ཕྱག་ལེན་དག་ལ་བལྟས་ཙམ་གྱིས་ཤེས་ཐུབ་སྟེ་ལུང་ལས་སྲིད་པའི་ཆོག་རབས་སྨྲང་གིས་གྱེར་ཞེས་པས་སོ།། 
སྤྱིར་གནའ་དུས་སུ་མདོ་དབུས་མཐོ་སྒང་གི་སྐྱ་སེར་ཁྱད་མེད་དུ་ཆོས་ཀྱི་ཆོ་ག་དག་མཉམ་དུ་ཀློག་འདོན་བྱེད་པའི་སྲོལ་ཡོད་ཅིང༌། རིམ་བཞིན་ས་ཆ་ཁ་ཤས་རེ་མ་གཏོགས་ད་ལྟ་གྲོང་བ་ཕལ་བའི་ཁྲོད་དུ་ཆོས་ཀྱི་ཆོ་ག་འདོན་ནས་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་བའི་སྲོལ་ཕལ་ཆེར་ཉམས་ཟིན་འདུག འོན་ཀྱང༌། དགོན་པའི་ནང་དུ་དེའི་རིགས་ཀྱི་ཕྱག་ལེན་ཉམས་རྒུད་དུ་ཕྱིན་མེད་པ་མ་ཟད། ད་དུང་དེའི་གཞི་རྒྱ་ཆེ་ཆུང་ནི་ཕྱོགས་གང་ཐད་ནས་ཇེ་ཆེར་འགྲོ་བཞིན་ཡོད་ལ། དེ་བས་ཀྱང་ཆོ་ག་འདོན་པ་ནི་གདངས་དབྱངས་དང་འགྱུར་ཁུག་རྣ་བར་སྙན་ལ་འཇེབས་པ་ཙམ་ཞིག་གི་ཆེད་ཁོ་ན་མ་ཡིན་པར། ཆོ་ག་འདོན་ཐབས་ཀྱི་ཕྱག་ལེན་དང་འཕྲིན་ལས། དེའི་གསང་བའི་མན་ངག དབང་ལུང་གི་རྒྱུད་ཁ་བཅས་གནའ་སྲོལ་ཇི་བཞིན་ཞིག་ཡོང་ཐབས་ལ་འབད་རྒྱུ་ནི་འདོར་ཐབས་མེད་པའི་ད་ལྟའི་དགོན་སྡེའི་རིག་གནས་ཀྱི་མ་ལག་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང༌། གྲྭ་བ་ཞིག་ལ་མཚོན་ན་ཡང༌། དགོན་པའི་བཅའ་ཁྲིམས་དང་གྲྭ་བའི་སྒྲིག་ཁྲིམས་གང་གི་ངོས་ནས་བཤད་ཀྱང༌། རྒན་རབས་པ་དག་གི་ངག་ནས་ཡང་ཡང་འཆད་མྱོང་བའི“འཆམ་རྩེད་རིག གྱེར་རྔ་བརྡུང” ཞེས་པའི་རྩ་བའི་སྒྲིག་ལམ་ཆེན་པོ་འདི་གྲྭ་བ་ཞིག་ཡིན་ཕྱིན་ཀུན་ཀྱི་ཐུགས་ལ་གསལ་བོར་ངེས་སྲིད་པ་ཞིག་ཡིན།
དེ་ཡང་བོད་ཀྱི་ཆོས་སྤྱོད་ཆོ་ག་སྤེལ་སྟངས་ནི། ཐོག་མར་ཆོ་གའི་ཕྱག་ལེན་གྱི་སྔ་སྲོལ་མ་ ཉམས་པ་ཞིག་ཡོད་པའི་ཁར། སྤྱིར་ཆོ་གར་རིགས་སྣ་ཚོགས་ཡོད་ན་ཡང་འདིར་གཙོ་བོ་ཡི་དམ་དང་སྲུང་མ་གང་ཡིན་སྒྲུབ་པའི་དབང་ལུང་མན་ངག་གི་རྒྱུད་ཁ་གཙང་མ་ཞིག་ཡོད་པ་གཉིས་གཞིར་བཞག་ཐོག་ཆོས་ཀྱི་བྱ་འགུལ་སྤེལ་པ་ཡིན་སྟེ། བོན་གྱི《མ་རྒྱུད་》ལས“སྒྲུབ་དབང་མ་ཐོབ་སྒྲུབ་བྱེད་ན། བགེགས་ཀྱིས་བར་དུ་གཅོད་པར་འགྱུར། བཟླས་དབང་མ་ཐོབ་བཟླས་བྱེད་ན། མཐུ་བྱིན་ཆུང་ཞིང་རང་རྒྱུད་ཚིག ཕྱག་རྒྱ་བསྒྱུར་དབང་མ་ཐོབ་པར། བསྒྱུར་ན་དོན་དམ་བདེན་མི་མཐོང༌། ཏིང་འཛིན་བསྒོམ་དབང་མ་ཐོབ་པར། བསྒོམ་ན་གོལ་ཞིང་རྟོགས་པ་བུལ། བསྐུར་དབང་མ་ཐོབ་དབང་བསྐུར་ན། རང་གཞན་གཉིས་ཀ་ངན་འགྲོར་ལྟུང”སོགས་གསུངས་ཡོད་པ་ལྟར་ཡིན་ལ། དེ་ཡང་ཆོ་ག་འདོན་དུས་ལུས་ཉལ་སྟབས་དང༌། ངག་ར་མ་ལུག་གི་སྐད། ཡིད་གཡེངས་པ་རླུང་ལ་སྐུར་བ་ལྟ་བུ་སོགས་བྱེད་མི་ཆོག་པར། ངེས་པར་དུ་ལུས་གུས་པ། ངག་སྙན་པ། ཡིད་མོས་པ་གསུམ་གྱི་སྒོ་ནས་ཆོ་གའི་གཞུང་ལ་འཇུག་དགོས་པ་ཡིན་ཏེ། ཆོ་གའི་གཞུང་རྣམས་སུ“ཡང་འོད་ཟེར་འཕྲོས་པའི་རང་བཞིན་ཐམས་ཅད་ལུས་ལྷ་སྐུར་གནས་གྱུར། ངག་གསུང་དུ་གནས་གྱུར། ཡིད་ཐུགས་སུ་གནས་གྱུར་ནས་བདག་དང་ལྷ་གཉིས་མེད་གཅིག་ཏུ་ཆུ་ལ་ཆུ་བཞག་ལྟར་རོ་གཅིག་མཉམ་པ་ཉིད་ཀྱི་ཉམས་སྐྱོང་ལ་སྣང་གྲགས་དྲན་གསུམ་ལྷ་སྔགས་ཡེ་ཤེས་གསུམ་གྱི་འཁོར་ལོ་གསུམ་ཏུ་བལྟ་ཞིང་སྙིང་བོ་བཟླའོ”ཞེས་གསུངས་ཡོད་པས། འདོན་ཆོག་གང་གི་བསྙེན་སྒྲུབ་ལས་གསུམ་གྱི་འཕྲིན་ལས་ལ་འཇུག་ན།“སྐུའི་འཁོར་ལོ་ལྷ་བསྐྱེད་པ། གསུང་གི་འཁོར་ལོ་སྔགས་བཟླ་བ། ཐུགས་ཀྱི་འཁོར་ལོ་འཛབ་བསྒོམ་པ”གསུམ་གྱི་སྒོ་ནས་ཆོ་ག་ཉམས་སུ་ལེན་དགོས་པ་ཡིན་ལ། དེ་ལྟར་བྱས་ན“ཕྱག་རྒྱ་བསྒྱུར་བ་སྐུ་ཡི་ནུས་མཐུ་དང༌། སྙིང་བོ་བརྗོད་པ་གསུང་གི་ནུས་མཐུ་དང༌། ཏིང་འཛིན་སྒོམ་པ་ཐུགས་ཀྱི་ནུས་མཐུ་”གསུམ་འབྱུང་སྟེ། ཆོ་ག་བཏོན་པ་དང་བསྙེན་འཛབ་བཟླས་པ་དག་ཆུད་ཟོས་སུ་མི་འགྲོ་བ་ཞིག་འབྱུང་ཐུབ་པ་དེའོ།
དེ་ཡང་སྲུང་མའི་བསྐང་གསོལ་དང༌། ཡི་དམ་གྱི་སྒྲུབ་གཞུང༌། མདོ་དང་སྔགས་ཀྱི་ཆོ་ག་སོགས་གང་ལ་མཚོན་ན་གཞུང་རང་རང་དང་བསྟུན་པའི་ཕྱག་ལེན་དང་འཕྲིན་ལས་རེ་ཡོད་ངེས་པས་ཐམས་ཅད་བརྗོད་པ་བགྲང་མཐའ་ཡས་ཀྱང༌། སྤྱིར་བཏང་དུ་གཞུང་ལུགས་མཐའ་དག་ལ་སྐྱབས་འགྲོ་སེམས་བསྐྱེད་ནས། སྤྱན་འདྲེན། ཕྱག་འཚལ། མཆོད་འབུལ། བཤགས་པ། མཇུག་བསྔོ་བ་སྨོན་ལམ་སོགས་ཀྱིས་མ་ཁྱབ་ས་ཞིག་ཧ་ཅང་དཀོན་པ་འདྲ་བས། དེ་ནི་འདོན་ཆོག་གི་གཞུང་ལུགས་རིགས་ཀྱི་སྤྱི་འགྲོས་ཡིན་ཞེས་བཤད་ན་མི་ཆོག་པ་མེད་ཅིང༌། གཞུང་ལུགས་འདོན་སྟངས་ལ་ནི་གཉིས་སྟེ། ཡིད་བཟླ་བ་དང་ངག་བཟླ་བའོ། །དང་པོ་ཡིད་བཟླ་བ་ནི་བོན་གྱི《སྤྱི་སྤུངས་རྩོད་ཟློག་གི་རྒྱུད》ལས“མི་འགུལ་སྙིང་བོ་སེམས་ལ་སྒོམ། སེམས་ཀྱིས་སེམས་ལ་གསལ་གདབ་ཅིང༌། བསྐྱེད་རིམ་ངང་ནས་ཡིད་བཟླ་བྱ”ཞེས་གསུངས་པ་ལྟར་ཡིན། གཉིས་པ་ངག་བཟླ་བ་ལ། ཤུབ་བུར་བཟླ་བ། བུང་བ་རྩིར་འཁོར་གྱིས་བཟླ་བ། འབྲུག་མོ་སྒྲ་སྒྲོགས་ཀྱིས་བཟླ་བ་སོགས་དང༌། ད་དུང་ཆུ་ཀླུང་བཞུར་བ་ལྟ་བུའི་འདོན་སྟངས། དྲག་ཆར་འབབ་པ་ལྟ་བུའི་འདོན་སྟངས་སོགས་མང་པོ་ཞིག་ཡོད་ཅིང༌། འདོན་ཆོག་གི་གཞུང་ལུགས་རིགས་ཀྱི་ནང་དུ་ཞི་རྒྱས་དབང་དྲག་གི་ལས་ཀྱིས་ཁྱབ་པ་ལྟར་དུ། གསུང་སྒྲོག་པའི་ཚུལ་ལ་ཡང་ཞི་རྒྱས་དབང་དྲག་གིས་ཁྱབ་ནས་ཡོད་པ་ཡིན། དཔེར་ན། ཤི་ཆོས་ལྟ་བུ་ལ་མཚོན་ན། ཚིག་གི་ཉམས་དང་གདངས་ཀྱི་འགྱུར་ཁུག་གིས་མིའི་སེམས་ནང་ལ་ཅི་འདྲའི་སྐྱོ་ཉམས་ཤིག་བསྐྱེད་འོང་ཞིང༌། ལྷ་རྒྱལ་ལྟ་བུ་དགའ་བའི་ཉམས། བསད་ཟློག་ལྟ་བུ་དྲག་པོའི་ཉམས། དེ་བཞིན་དུ་གཡང་འབོད་དང༌། མངའ་གསོལ། ཚེ་སྒྲུབ་སོགས་རེ་རེ་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཚིག་དང་དབྱངས་ཀྱི་ཉམས་རེ་ཡོད་ཅིང༌། དེས་མི་རྣམས་ཀྱི་སེམས་ཁམས་ལ་སྐྱོ་བའི་མིག་ཆུ་ཕྲུམ་ཕྲུམ་དུ་བཞུར་འོང་བ་ཞིག་དང་དགའ་བའི་འཛུམ་ཞལ་ལྷག་ལྷག་གིས་དགོད་པའི་ཚོར་བ་རེ་ངང་གིས་བསྐྱེད་ཐུབ། དེ་ཡང་གསུང་སྒྲོག་པ་ལ་ཆེས་གལ་ཆེ་བ་ནི། 《བོན་གྱི་མན་ངག་རྫོགས་ཕྲེང》ལས། “གསང་སྔགས་གནད་ནི་སྔགས་ཡིན་པས། ཆད་ལྷག་མེད་པར་བཟླས་པ་གཅེས། གསལ་དག་ཚིག་གིས་སྒྲ་ཆོད་པ། མི་ཚིག་གིས་ནི་མ་བསླད་པ། རྒྱུན་མེད་ཆུ་བོའི་རྒྱུན་ལྟར་གྱིས”ཞེས་གསུངས་པ་ལྟར་རོ།
བོན་ལུགས་སུ་ཇི་ལྟར་གསུང་སྒྲོག་པའི་ཚུལ་ལ། 《ཁྲོ་ཕུར་གདངས་དབྱངས་མཉམ་མེད་སྙན་རྒྱུད་འབྲུག་མོ་ལྡིར་བ》དང༌། 《དུས་ཆེན་གདངས་དབྱངས་དབྱར་གྱི་རྔ་བོ་ཆེ》 《བཀའ་སྐྱོང་གདངས་དབྱངས་འབྲུག་མོ་ལྡིར་བ》སོགས་དཔེ་གཞི་མང་པོ་ཞིག་ཡོད་ཅིང༌། གསུང་སྒྲོག་དུས་རྔ་གཤང་སོགས་རོལ་མོའི་སྒྲ་རིགས་འདྲ་མིན་སྣ་ཚོགས་ཕྱུང་ནས། སྙན་འགྱུར་དབྱངས་ལ་གྱེར་བ་དེ་ནི་གཞི་རྩའི་ཆ་ནས་གཅིག་པའོ། གདངས་དབྱངས་ཀྱི་རྣམ་གྲངས་ལ་ནི། བཀྱགས་འགྱུར་དང༌། གཞུང་འདར། མགྱོགས་འདར། རྐན་འགྱུར། ཁུང་འདར། དམའ་འདར། རྐན་འགུག སྣ་འདར་སོགས་མང་པོ་ཞིག་ཡོད་པ་ཡིན་ལ། གཞན་རྙིང་མ་བའི་ལུགས་ལ། སྟོད་ན་རྡོ་རྗེ་གྲགས། སྨིན་གྲོལ་གླིང༌། དཔལ་རི། སྨད་ན་ཀ་ཐོག དཔལ་ཡུལ། རྫོགས་ཆེན་སོགས་རྙིང་མའི་མ་དགོན་དྲུག་གིས་མཚོན་པའི་འདོན་པའི་སྐད་དང་དབྱངས་རྟ། འཕྲིན་ལས་དང་ཕྱག་ལེན་སོགས་རྣམ་གྲངས་མི་འདྲ་བ་དྲུག་ཙམ་ཡོད་པར་བཤད་མོད། དོན་དངོས་སུ་དེའང་བོན་ལུགས་སུ་ཇི་ལྟར་ཡོད་པ་དག་དང་མི་འགལ་བའི་ཐོག་ཁ་སྣོན་བྱས་པ་ཞིག་རེད་ལ། གྲུབ་མཐའ་གཞན་རྣམས་ཀྱི་འདོན་པའི་དབྱངས་རྟ་ནི་བོན་ལུགས་ལས་དེ་བས་ཀྱང་མི་བརྒལ་བ་ཞིག་ཡིན་པ་ཧ་ཅང་གསལ་བ་ཡིན་པས། རིགས་འདྲ་བྱས་པས་ཤེས་ཐུབ་པ་ཡིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།