གཤེན་ཞེས་པའི་ཐ་སྙད་ལ་དཔྱད་པ།

གཤེན་ཞེས་པའི་ཐ་སྙད་ལ་དཔྱད་པ།
གཡུ་འབྲུག

 གཤེན་ཞེས་པའི་ཐ་སྙད་འདི་ནི་ང་ཚོ་བོད་ཀྱི་གདོད་མའི་ཆོས་ལུགས་བོན་དང་འབྲེལ་བའི་ཐ་སྙད་ཁྱད་པར་ཅན་ཞིག་ཡིན་ཏེ། གཤེན་ཞེས་པའི་ཐ་སྙད་འདི་གང་ས་གང་ནས་མཐོང་མ་ཐག་ཏུ་བོན་པོ་ཞེས་པའི་གྲུབ་མཐའ་དེ་ཡིད་ལ་མི་ཤར་རང་ཤར་དུ་གྱུར་ཡོད་པས་དེ་ནི་བོན་དང་འབྲེལ་བའི་བརྡ་ཆད་ཅིག་ཏུ་གྱུར་ཡོད་སྟབས། ཚིག་མཛོད་དག་ན་བོན་གྱི་བརྡ་ཆད་ཅིག་སྟེ་ཞེས་འགྲེལ་ཡོད་དེ། 《བོད་རྒྱ་ཚིག་མཛོད་ཆེན་མོ》ལས། གཤེན་ནི་བོན་གྱི་སྟོན་པ་གཤེན་རབ་ཀྱི་རུས་ཡིན་ཞེས་དང་། ཡང་དེར་གཤེན་ལྷ་ནི་བོན་ལྷ་ཞེས་གཤེན་དང་བོན་གཉིས་དོན་གཅིག་པར་འགྲེལ་ཡོད་པས་ཀྱང་གཤེན་ཞེས་པ་ནི་བོན་པོའི་དོན་དང་མ་འབྲེལ་བའི་དོན་གཞན་ཞིག་གོ་རྒྱུ་མེད་པ་ཤེས་སླའོ། ། དེས་ན་གཤེན་ཞེས་པའི་ཐ་སྙད་འདི་སྟོན་པ་གཤེན་རབ་ཀྱི་རུས་ཡིན་ནམ་མིན། དེ་དུས་ནམ་ཞིག་ལ་བྱུང་བ་ཡིན། དེའི་གོ་དོན་ཅི་ཡིན་ཞེ་ན། 
དེ་ནི་སྟོན་པ་གཤེན་རབ་ཀྱི་རུས་མ་ཡིན་ཏེ་སྟོན་པ་གཤེན་རབ་ཀྱི་རུས་ནི་དམུ་ཡིན་ཏེ། མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས་གཤེན་རབ་མི་བོ་ཆེ་དམུ་གཤེན་གྱི་གདུང་རིགས་ལས་ཇི་ལྟར་བྱུང་བའི་ཚུལ་རགས་ཙམ་ཞིག་ནི་རྩ་རྒྱུད་ཉི་སྒྲོན〔ཐོབ ༨༠ཤ༤༠བ༥〕ལས་དམུ་གཤེན་ལྷ་ཡི་གདུང་རྒྱུད་ནི། གཤེན་ལྷའི་ཐུགས་ཀྱི་སྤྲུལ་པ་ནི། འོད་དམར་སྨུག་གཅིག དམུ་རི་སྨུག་པོའི་རྩེ་ལ་བབས། འོད་ལས་ཟིལ་ཆགས་སྒོང〔སྒོ〕ངར་འདྲིལ། རིན་ཆེན་སྒོ་ང་འོད་ཟེར་ཅན། བཅག་ཅིང་རྡོལ་བའི་སྙིང་བོ་ལ〔ལས〕། རིན་པོ་ཆེ་ཡི་མི་ཕོ་ནི། རིན་ཆེན་སྣ་ལྔའི་བརྒྱན〔རྒྱན〕ཆ་ཅན། ཐོད་དཀར་མདའ་གང་བཅིངས་པ〔༡༢༠〕བྱུང་། དེ་ལ་མིང་དང་མཚན་བཏགས་པ། མེས་པོ་དམུ་ཕྱུག་སྐྱེར་ཞོན་ཡིན། དེ་དང་ལྷ་མོ་གང་དྲག་མ་བཤོས་པ་དང་། སྲས་དམུ་བཙན་བཞེར་གྱིས 〔གྱི〕རྒྱལ་པོ་བྱུང་། དེ་དང་ཕྱ་ལྕམ་རྒྱལ་མོ་བཤོས་པ་ལས། སྲས་དམུ་བཙན་རྒྱལ་བ། དེ་དང་རིང་ནམ་རྒྱལ་མོ་བཤོས་པ་ལས། དམུ་རྒྱལ་ལེན་གྱི་ཐེམ་སྐས། དེ་དང་ལྷ་ཟ་འཕྲུལ་མོར་བཤོས་པ་ལས། སྲས་རྒྱལ་པོ་ཐོད་དཀར། ཞེས་གསལ་བ་དེའི་དབང་དུ་བྱས་ན་མེས་པོ་དམུ་ཕྱུག་སྐྱེར་ཞོན་ནས་གཤེན་རབ་མི་བོ་ཆེའི་ཡབ་རྒྱལ་པོ་ཐོད་དཀར་དུ་གྲགས་པའི་བར་ལ་གདུང་རབས་ལྔ་བྱུང་བར་གསལ། མེས་པོ་དམུ་ཕྱུག་སྐྱེར་ཞོན་གྱི་རྗེས་སུ་གདུང་རབས་ཅི་ཙམ་བྱུང་ཡོད་པའི་སྐོར་རགས་ཙམ་ནི་ལེགས་བཤད་རིན་པོ་ཆེའི་མཛོད〔པེ༡༦ཕ༡༩〕ལས་སངས་པོ་འབུམ་ཁྲི་དང་ཆུ་ལྕམ་གཉིས་ལས་སྲིད་པ་ཐམས་ཅད་གྲོལ་བ་སྟེ། དེ་ཡང་དེ་གཉིས་ལས་སྲས་མིང་སྲིང་བཅོ་བརྒྱད་བལྟམས་པའི་གཅེན་པོ་སྲིད་རྗེ་འབྲང་དཀར་དང་། ལྷ་བཟའ་ངང་གྲགས་མ་འཚམས་པ་ལས་སྲས་ཕོ་བཅོ་བརྒྱད་མོ་བཅོ་བརྒྱད་བལྟམས་པའི་ཆེ་བ་ལྷ་རབས་གཉན་རུམ་རྗེ་བྱ་བ་གྱ་ནོམ་སྣང་བའི་ལྷ〔༡༣༡〕གཅིག་ཤི་བ་དེར་སྐྱེས་པ་ཡིན། དེའི་སྲས་གནམ་ལྷ་དཀར་པོ། དེའི་སྲས་རྒྱུད་དུ་གནམ་འཐེན་རྗེ་སོགས་གནམ་ནས་འཐེན་དགུ་གཅིག་བརྒྱུད་དུ་བལྟམས་ཞེས་སོ། ལྟ་བ་ཁྱུང་ཆེན་ལྡིང་བའི་རྒྱུད་ལས། མིའི་རྒྱུད་སྟོང་བདལ་ལྷ་ལས་ཆད། དང་པོ་ཁ་ཡེ་མུ་ལ་འཐེན། དེ་ནས་མུ་སངས་བལ་ལ་འཐེན། དེ་ནས་བལ་སངས་གྱེན་ལ་འཐེན། དེ་ནས་ཕྱྭ་སངས་འོལ་ལ་འཐེན། དེ་ནས་འོལ་སངས་དམུ་ལ་འཐེན། འཐེན་དགུ་འོད་ཀྱི་སྙིགས་མ་ལས། རྒྱལ་པོ་དམུ་ཕྱུག་སྐྱེས་རབས་བཞག དམུ་རྒྱལ་དེ་ཡི་གདུང་འཛིན་དུ་དམུ་རྒྱལ་ལམ་པ་ཕྱག་དཀར་བཞག་ཅེས་དང་། དམུ་རྒྱལ་ཕྱག་དཀར་གདུང་འཛིན་དུ་དམུ་རྒྱལ་བཙན་པ་གྱེར་ཆེན་བཞག དམུ་རྒྱལ་དེ་ཡི་གདུང་འཛིན་དུ་རྒྱལ་པོ་ཐོག་རྗེ་བཙན་པོ་བཞག དམུ་རྒྱལ་དེ་ཡི་གདུང་འཛིན་དུ་དམུ་རྒྱལ་ལེན་གྱི་ཐེམ་སྐས་བཞག དམུ་རྒྱལ་དེ་ཡི་གདུང་འཛིན་དུ་རྒྱལ་བོན་ཐོད་དཀར་གདུང་དུ་བཞག་ཅེས་པའི་སྔ་མ་སྔ་མའི་སྲས་ཕྱི་མ་ཕྱི་མ་ཡིན་པར་བཤད་དོ། ཞེས་གསུངས་པ་ལྟར་ན་ནི་སངས་པོ་འབུམ་ཁྲིའམ་སྨོན་པའི་མི་བོ་ལུམ་ལུམ་དང་ཡུམ་ཆུ་ལྕག་རྒྱལ་མོ་གཉིས་ཀྱི་རྒྱུད་ལས་སྲིད་རྗེ་འབྲང་དཀར་དང་གཉན་རུམ་རྗེ། གནམ་ལྷ་དཀར་པོ་རྣམས་རིམ་པར་བྱུང་ཞིང་། གནམ་ལྷའི་གདུང་རྒྱུད་ཁ་ཡེ་དམུ་ལ་འཐེན་སོགས་འཐེན་དགུའམ་ཐེམ་དགུ་རུ་གྲགས་པ་དེ་རྣམས་བྱུང་བའི་ཐ་མ་འོད་གསལ་དམུ་ལ་འཐེན་གྱི་རྒྱུད་ལས་རྒྱལ་པོ་དམུ་ཕྱུག་སྐྱེར་རབས་སམ་དམུ་ཕྱུག་སྐྱེར་ཞོན་དུ་གྲགས་པ་དེ་བྱུང་བར་གསལ་ལ། ལྟ་བ་ཁྱུང་ཆེན་ལྡིང་བའི་ལུང་དེར་དམུ་ཕྱུག་སྐྱེར་ཞོན་གྱི་སྲས་རྒྱུད་དུ་ལམ་པ་དཀར་དང་། དེའི་སྲས་བཙན་པ་གྱེར་ཆེན། དེའི་སྲས་ཐོག་རྗེ་བཙན་པ། དེའི་སྲས་ལེམ་གྱི་ཐེམ་སྐས། དེའི་སྲས་རྒྱལ་བོན་ཐོད་དཀར་ཏེ། རྒྱལ་བོན་ཐོད་དཀར་དེ་དམུ་རྒྱལ་གྱི་གདུང་རབས་བཅུ་དགུ་བ་ཡིན་ཚུལ་གསལ་བར་བསྟན་ཅིང་རྩ་རྒྱུད་ཉི་སྒྲོན་དུ་དམུ་ཕྱུག་སྐྱེར་ཞོན་དང་དམུ་བཙན་ཞེར་གྱི་བར་དུ་དམུ་རྒྱལ་ལམ་པ་ཕྱག་དཀར་བྱུང་བའི་གསལ་ཁ་མི་སྣང་ཞེས་གསུངས་པ་ལས་སྟོན་པ་གཤེན་རབ་མི་བོ་ཆེའི་གདུང་རྒྱུད་དམུ་ཡིན་པ་ལས་གཤེན་མ་ཡིན་པ་གསལ་བོར་ཤེས་ཐུབ་པས་སོ། །
དེས་ན་གཤེན་ཞེས་པའི་ཐ་སྙད་འདི་དུས་ནམ་ཞིག་ལ་བྱུང་ཟེར་ན། དེ་ནི་སྟོན་པ་གཤེན་རབ་ཀྱི་རྗེས་སུ་བྱུང་བ་ཞིག་མ་ཡིན་ཏེ། སྟོན་པ་གཤེན་རབ་མ་བྱུང་པའི་སྔོན་དུ་ཡོད་དེ་གཡུང་དྲུང་གི་བོན་མ་བྱུང་གི་ཡར་སྔོན་དུ་བྱུང་བའི་སྲིད་པ་རྒྱུད་ཀྱི་བོན༼སྲིད་པ་རྒྱུད་ཀྱི་བོན་ཞེས་པ་ནི་ཇི་སྐད་དུ་དེ་ལ་གཞུང་ལུགས་ཅི་ཡང་མེད་པར་ཕྱྭ་གཡང་རྒྱུ་ནོར་འཕེལ་བར་རེ་ནས་ལྷ་སྔགས་ཐར་ཐོར་བཟླ་བའམ་དེ་དང་འབྲེལ་བའི་བྱེད་ལས་ཅན་གྱི་འཇིག་རྟེན་པའི་རིམ་གྲོའི་ཆོ་ག་སོགས་ཀྱི་སྐོར་བཅས་ལ་བྱ་ཞིང་དུས་སྔ་མོ་སྟོན་པ་གཤེན་རབ་ཀྱི་སྔོན་ན་བྱུང་ཡོད་པ་ཞིག་གོ ༽བྱུང་བ་དེའི་སྐབས་སུ་ནས་བྱུང་ཡོད་དེ། ཆོས་རྗེ་ཤེས་རབ་བསྟན་པའི་ཟླ་བའི《ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་གསར་དུ་དཔྱད་པ》ཞེས་པ་ལས། དེ་ཡང་གདུལ་བྱ་སེམས་ཅན་སྤྱི་མཐུན་ལས་ཀྱི་རྣམ་པར་སྨིན་པ་དང་། གདུལ་བྱེད་སངས་རྒྱས་ཀྱི་ཐུགས་རྗེས་དུས་སུ་འཛོམས་པའི་ཚེ། རང་རྒྱུ་ནམ་མཁའ་དང་སེམས་ཉིད། ཉེ་རྒྱུ་འབྱུང་བའི་རྡུལ་ཕྲན་དང་མ་རིག་པ་བརྟེན་ནས་ཕྱི་སྣོད་ཀྱི་གོ་ལ་ཟླུམ་པོ་རླུང་རི་ནས་རིམ་གྱིས་ཡར་ཆགས་ཤིང་། ནང་གཡོ་བ་བཅུད་ཀྱི་སེམས་ཅན་ཁམས་དང་དབང་པོ་མི་འདྲ་བ་ཡར་མཐོ་རིས་གསུམ་དང་མར་ངན་སོང་གསུམ་སྟེ་མདོར་ན་རིགས་དྲུག་གི་སེམས་ཅན་ཡས་ནས་མར་གྲོལ་ཅིང་། བྱེད་མཁན་གྱི་རྩོལ་བ་ལ་ལྟོས་པ་དང་ཡོད་པ་གཞི་མཐུན་པའི་སྒོ་ནས་བྱས་པའི་ཞེས་འབོད་པའི་འོ་སྐོལ་གྱི་སྲིད་པའམ་འཇིག་རྟེན་འདི་ཉིད་བྱུང་ནས་དུས་ཡུན་རིང་པོ་ཞིག་ཕྱིན་པའི་ཚེ་ན། ལྷ་གར་རྟེན་གསུམ་ཞི་བའི་ངང་ལ་བཞུགས་ནས་སེམས་ཅན་ཡལ་བར་དོར་བ་དང་། ཕྱྭ་སྲིད་སྐོས་གསུམ་སོ་སོའི་ལས་ལ་གཡེང་ཞིང་རང་དོན་འབའ་ཞིག་གཉེར་བ། མི་སྨྲ་གཤེན་གསུམ་ལེ་ལོའི་བག་ལ་ཉལ་ནས་དགེ་བ་ཁ་འཛིན་ཤོར་བའི་གོ་སྐབས་དང་བསྟུན། གཡེན་ཁམས་དྲེགས་པའི་ཚོགས་དང་འདྲེ་སྲིན་བྱུར་གསུམ་སོགས་ཀྱིས་མཐུ་དཔུང་གཅིག་ཏུ་བསྒྲིལ་ཏེ་མི་ལ་རྐྱེན་ཆག་ངན་པ་འབྱུང་བའི་ལྟས་སུ་བར་སྣང་དུ་རྒྱུ་སྐར་འདྲ་མིན་དང་གཟུགས་མེད་ཀྱི་སྐད་སྒྲ་འདོན་པ་སོགས་གནམ་ལ་དལ་ཁ་འབེབ་པ་དང་། ས་ལ་དལ་ཡམས་སློང་ཞེས་འགོས་ནད་དེ་གཙོ་བོ་ཀླུ་ལས་བྱུང་བའི་ཆུ་སེར་རྨ་ཤུའི་རིགས་གཏོང་བ། འདྲེ་དང་སྲི་ཡིས་རིགས་རྒྱུད་རྨང་བརྐུས་ནས་སྲེའུ་སྐྱེ་རུ་མི་བསྟེར་བས་མཚོན་མི་འཕེལ་རྨང་ལ་འདེབ་པ་སོགས་མདོར་ན་སད་སེར་དང་། བཙའ་ཐན། མུ་གེ་ནར་མར་བྱུང་བར་བརྟེན། སྲིད་སྐོས་ཕྱྭ་གསུམ་གྱི་མེས་པོ་སྟེ། སྲིད་རྗེས་འབྲང་དཀར་དང་། སྐོས་རྗེས་དྲང་དཀར། ཕྱྭ་རྗེས་རིང་དཀར་གསུམ་གྱིས་སྲིད་རྒྱུད་འཕེལ་བའི་སྐོས་བཏབ་སྟེ་སྲིད་པ་བདེ་བའི་ཆ་ལ་བཞག་པ་དང་། སྐོས་དགུའི་མི་ལ་བདུད་དང་བྱ་ལ་ཁྲ། ཤིང་ལ་རྟ་དང་རྩི་ལ་ཟོར། དྲོ་ལ་ལྷགས་དང་གྲང་ལ་ཉི། བདུད་དང་གཅན་དང་ནད་ལ་སྨན། བགེགས་ལ་གཏོ་གཏན་ཚིགས་བཟོས་ནས་སྲིད་པ་དབང་ཐང་བསྐྱེད་པ། འབྱུང་བཞིའི་དྲོད་དབུགས་གསོས་ཏེ་སྲིད་པ་དཔལ་གཡང་སྤེལ་བ་སོགས། ལས་དང་དགེ་བའི་རྨུ་ཐག་གྱེན་དུ་བསྲིངས་ནས་བྲིད་པའི་ལེགས་ཚོགས་སྒོ་བརྒྱ་ཅི་ཡང་ཕྱེ་བ་ཡིན་ཏེ། རྒྱུད་སྟོང་རི་མཐོ་ཆེན་བྱ་བར། དུས་དེ་ཙ་ན་ཕྱྭ་སྲིད་སྐོས་དང་གསུམ་ཡིན། ཡོད་པའི་རྨུ་ཐག་གྱེན་དུ་འཛིན། སེམས་ལས་འཕྲོ་བཟང་བ་རྣམས། ཡོད་པར་དགའ་ཞིང་དགེ་བར་སྨྲ། སྲིད་པའི་བུ་རྣམས་ནི། བསམ་པ་བཟང་བའི་བོན་ལ་བསྟེན། ཐུགས་རྗེ་ཅན་གྱི་གཤེན་རྣམས་ཀྱིས། སྲིད་པ་བདེ་བའི་ཆ་ལ་བཞག་ཅེས་ལེགས་པར་གསུངས་སོ། དེ་དང་ཆབས་ཅིག་སྲིད་པའི་ལྷ་བོན་ཀུན་ཤེས། སྨོན་མི་དབུ་དཀར་བཅས་ཀྱིས་མཚོན་གཤེན་ཕྲན་སྐོར་ཞིག་ཆར་རྗེས་ཀྱི་སྨྱུག་རྩྭ་རྒྱས་པ་ལྟར་འཚར་ལོངས་བྱུང་བ་དང་། ཞེས་ཆོས་རྗེ་ཤེས་རབ་བསྟན་པའི་ཟླ་བས་དཔྱད་པ་བཏང་བ་ལ་བརྟགས་ན། སྟོན་པ་གཤེན་རབ་མ་བྱོན་པའི་ཡར་སྔོན་དུ་གཤེན་ཞེས་པའི་ཐ་སྙད་བྱུང་ཡོད་དེ་མི་སྨྲ་གཤེན་གསུམ་ལ་སོགས་བསྟན་ཡོད་པ་མ་ཟད། སྨོན་བོན་ཀུན་ཤེས་སོགས་གཤེན་ཕྲན་ཁག་ཅིག་བྱུང་ཡོད་པས་ཀྱང་གསལ་ལོ། །
ཡང་སྙིང་གཤེན་ཞེས་པའི་ཐ་སྙད་ཀྱི་གོ་དོན་ཅི་ཞིག་ཡིན་ཞེ་ན། གནའ་དུས་སྲིད་པའི་ལྷ་རབས་མཆེད་གསུམ་བྱུང་བའི་ནང་ཚན། གཅུང་སྣང་བ་འོད་ལྡན་གྱི་རྒྱུད་པར་ཤེད་ལས་སྐྱེས་བྱུང་བར་བརྟེན་འཛམ་བུ་གླིང་གི་མི་རབས་ཐོག་མར་གྲོལ་བ་དང་། དེ་དག་གི་སྐབས་སུ་སྔགས་ཀྱི་ནུས་པ་སྟོན་ཐུབ་ཅིང་། ལྷན་སྐྱེས་ཀྱི་ཡོན་ཏན་སྣ་ཚོགས་འཛིན་པའི་ཡེ་མཁྱེན་ནམ་སྐྱེས་བུ་བཀུར་འོས་པ་འགའ་ཞིག་བྱུང་བ་ལ་མི་རྣམས་ཀྱིས་གཤེན་མགོན་ལྷ་དཀར་ཞེས་ཆེ་བརྗོད་དང་དང་བརྩི་བཀུར་གྱི་ཚུལ་དུ་བརྗོད་ཡོད་པས། དེ་ནི་ལེགས་ཚོགས་ཀྱི་ཡོན་ཏན་ཕྱུག་ཅིང་བླང་དོར་གྱི་གནས་ལ་མཁས་པ། ཕྱིའི་བགེགས་གདོན་ཟློག་ནུས་པ་དང་བར་ཆོད་སྣ་ཚོགས་སེལ་ཐུབ་པ། མ་འོངས་པའི་ལམ་སྣ་སྟོན་པར་བྱེད་པའི་སྐྱེ་བོ་མཐུ་སྟོབས་ཅན་དག་ལ་གཤེན་པོ་ཞེས་སྔ་མོ་ནས་བཀོད་དེ། བོན་གཞུང་དག་ན། ལྷ་གར་རྟེན་གསུམ་སོགས་འགྲེལ་སྐབས་ལྷ་ནི་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། གར་ནི་དབལ་གསས་འཐོར་གསས་གདར་གསས་གསུམ། རྟེན་ནི་ཕྱྭ་སྲིད་སྐོས་དང་གསུམ་པོའོ། ། མི་ནི་རི་བདུན་དང་ནི་གླིང་བཞིའི་མི། སྨྲ་ནི་མིའམ་ཅི་སྟེ་གླིང་ཕྲན་སྡེ། གཤེན་ནི་འགྲོ་བ་འདྲེན་པའི་སྟོན་པའོ། ཞེས་བསྟན་པས་ཀྱང་གཤེན་ནི་འགྲོ་བ་ལ་མགོན་སྐྱོབ་དང་བདེ་འགྲོར་འདྲེན་པའི་སྟོན་པའི་ཡོན་ཏན་ཅན་ཞིག་ལ་གོ་དགོས་པ་གསལ། དེ་བས་སྟོན་པ་གཤེན་རབ་ཅེས་པའི་མཚན་འདི་ཡང་ཤར་རྫའི 《བཀའ་ལུང་རྒྱ་མཚོ》ལས། སྤྱིར་གཤེན་རབ་ཅེས་པ་ནི་ལུང་ཁ་ཅིག་ནས་སངས་རྒྱས་ལའང་གསུངས་པ་ཡོད་དེ། དེ་ནི་འགྲོ་འདུལ་གཤེན་པོ་གྲངས་མེད་པའི་དབུས་ནས་རབ་ཏུ་གྱུར་བ་སྟེ། དཔེར་ན་ཕྱོགས་བཅུ་འཇིག་རྟེན་ནང་ནས་གདུལ་དཀའ་བ་མི་མཇེད་པའི་འཇིག་རྟེན་འདུལ་བའི་བདག་ཅག་གི་སྟོན་པ་ལྟ་བུའོ། ཞེས་གསུངས་པ་ལྟར། གཤེན་ནི་འགྲོ་འདུལ་གཤེན་པོ་སྟེ་གནས་སྐབས་དང་མཐར་ཐུག་གི་བདེ་བའི་གནས་སུ་འདྲེན་པའི་སྟོན་པ་དག་ལ་གོ་ཞིང་། རབ་ནི་དེ་དག་གི་རབ་བམ་མཆོག་ཡིན་པས་ན་སྟོན་པ་མཆོག་ལ་གཤེན་རབ་ཅེས་བསྔགས་བརྗོད་ཀྱི་མཚན་འདིས་བརྗོད་པ་ལགས་སོ། ། དེའི་སྟབས་ཀྱིས་གཤེན་ཞེས་པ་འདི་བོན་པོའི་གྲུབ་མཐའི་བདག་ཉིད་དུ་གྱུར་བའི་ཐུན་མོང་མ་ཡིན་པའི་བརྡ་ཆད་ཅིག་ཏུ་གྱུར་ཡོད་སྟབས། ཁ་ཅིག་གིས་བོན་དང་གཤེན་གཉིས་ཀྱི་གོ་དོན་གཅིག་གོ་ཟེར་མོད། དེ་གཉིས་བོན་གྱི་གཞུང་དོན་དང་འབྲེལ་བ་ཡོད་པ་མཚུངས་ཀྱང་དེ་གཉིས་ཀྱི་གོ་དོན་དང་བཀོལ་སྤྱོད་འཇུག་ཡུལ་གང་གི་ཆ་ནས་ཀྱང་མི་གཅིག་སྟེ། དང་པོ་གོ་དོན་གྱི་ཆ་ནས་བོན་ཞེས་པ་ནི་བསྟན་འཛིན་འབྲུག་གྲགས་ཀྱིས་བརྩམས་པའི《ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་གྱི་ངོ་སྤྲོད་བློ་གསར་སྒོ་འབྱེད》ལས། བོན་ཟེར་བ་ནི་སྤྱིར་བསམ་བློས་ཤེས་བྱ་ཡོན་ཏན་ཚང་མ་དང་། ཁྱད་པར་དུ་རྣ་བས་གོ་བའམ་ཐོས་པ་དང་། གནད་དོན་གང་ཞིག་བསྟན་པའི་དོན་དང་། གནས་ལུགས་བོན་ཉིད་ཀྱི་དོན་དང་། སེམས་ཅན་གྱི་སྡུག་བསྔལ་སྐྱོབ་པའི་དོན་དང་། ངག་གི་བྱེད་ལས་གདངས་དབྱངས་གྱེར་བ་དང་། འདོན་པ་དང་། བཟླས་པ། འབོད་པ་ལ་སོགས་པའི་དོན་ཡིན་ཞེས་བསྟན་པ་ལྟ་བུ་ཁྱབ་ཆེ་ལ། གཤེན་ནི་འགྲོ་འདུལ་གྱི་ནུས་པ་དང་ལྡན་པ་ཞིག་ལ་མ་གཏོགས་ཤེས་བྱ་ཡོད་ཚད་དང་གནས་ལུགས་དང་གྱེར་བ་ལ་སོགས་པར་མི་འཇུག་གོ ། གཉིས་པ་བཀོལ་སྤྱོད་ཀྱི་ཆ་ནས་བོན་ནི་དོན་གྱི་གོ་བ་ཧ་ཅང་ཁྱབ་ཆེ་ཡང་། བོན་གྱི་གཞུང་དངོས་དག་ན་གཤེན་ཞེས་པའི་ཐ་སྙད་འདི་ཡང་བཀོལ་ཁྱབ་ཆེ་སྟེ། དཔེར་ན། 《བོན་སྒོ་བཞི་མཛོད་ལྔའི་ཡང་སྙིང་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའི་ལེའུ་ངན་སོང་སྐྱེ་སྒོ་གཅོད་པའི་མདོ》ཞེས་པ་ཤོག་ངོས་བཅོ་ལྔ་ཅན་ཞིག་གི་ནང་དུ་གཤེན་ཞེས་པའི་ཐ་སྙད་བདུན་ཅུ་དོན་བརྒྱད་ལྷག་ཡོད་ལ། བོན་ནི་བཅུ་ཙམ་ལས་མེད་པ་ལྟ་བུའོ། གསུམ་པ་འཇུག་ཡུལ་གྱི་ཆ་ནས་བོན་ནི་གསུང་རབ་ལ་སོགས་འཇུག་ཡུལ་བརྒྱད་ལ་སོགས་པ་མདོར་ན་ཤེས་བྱ་དང་གཟུགས། ལྡན་མིན་འདུ་བྱེད་གསུམ་ལ་འཇུག་ཅིང་གཤེན་ནི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་གང་ཟག་ལ་མ་གཏོགས་མི་འཇུག་སྟེ། དཔེར་ན་གཤེན་ལྷ་འོད་དཀར་དང་འདུལ་གཤེན་དྲུག་དང་ལྷ་གཤེན་བརྒྱ་ལྟ་བུ་དང་། གཤེན་ཆེན་གསང་བ་ངང་རིང་དང་མར་གཡེན་འདུལ་བའི་གཤེན་པོ་བཅུ་གཅིག ཡེ་གཤེན་གཡུང་དྲུང་སེམས་དཔའ་བཅུ་དྲུག་ལྟ་བུ་ཚང་མ་ལྷ་དང་གང་ཟག་འབའ་ཞིག་སྟོན་པ་ལྟ་བུའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།