ལྷ་བོན་སྒོ་བཞིའི་ནང་ཚན་བསང་གི་སྐོར་ཅུང་ཟད་གླེང་བ།

ལྷ་བོན་སྒོ་བཞིའི་ནང་ཚན་བསང་གི་སྐོར་ཅུང་ཟད་གླེང་བ།
ཁྱུང་པོ་ཚངས་པ་བསྟན་འཛིན།

       ༄༅། །འཛམ་གླིང་ཡང་རྩེ་ཞང་བོད་ཀྱི་ལྗོངས་འདིར་མི་ལོ་ཆིག་ཁྲིའི་ཡར་སྔོན་ནས་འགྲོ་བ་མི་ཡི་སྲིད་པ་གྲུབ་ཅིང་དེ་དང་དུས་མཚུངས་སུ་སོ་སོའི་འདུ་ཤེས་དང་མཐུན་པའི་རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས་བཅས་ཐུན་མོང་མ་ཡིན་པ་རེ་བྱུང་ཡོད་པ་ནི་སྤྱི་ཚོགས་འཕེལ་རིམ་གྱི་རང་བཞིན་ལས་རྟོགས་ནུས་པ་ཡིན།། མི་རིགས་རང་གི་ཤེས་རིག་ནི་མི་རིགས་རང་དང་ནམ་ཡང་ཁ་བྲལ་ཐབས་མེད་པའི་གལ་ཆེའི་ལོ་རྒྱུས་ཀྱི་གྲུབ་ཆ་ཞིག་ཡིན། མི་རིགས་དེའི་སྤྱི་ཚོགས་ཀྱི་འཕེལ་ཚད་ཇི་ལྟར་མགྱོགས་པ་བཞིན་དེའི་འཚོ་བ་དང་འོ་ཆུ་བཞིན་འདྲེས་པའི་ཤེས་རིག་དེ་ཡང་ཡར་རྒྱས་སུ་འགྲོ་བ་དང་། མི་རིགས་དེར་འཕོ་འགྱུར་གྱིས་ཉམས་ཞིང་རྒུད་ན་མི་རིགས་ཀྱི་ཤེས་རིག་ལའང་ཉམས་རྒུད་དུ་འགྲོ་བ་ནི་འཇིག་རྟེན་སྤྱི་ཡི་གཤིས་སུ་གྲུབ་པ་ལྟར། བོད་ཀྱི་བསང་གསོལ་ལྷ་མཆོད་ཀྱི་ཤེས་རིག་འདི་ལ་ཡང་དང་པོ་བྱུང་བ་དང་། བར་དུ་འཕེལ་བ་དང་རྒུད་པ་སོགས་ཀྱི་གཉན་འཕྲང་མང་དུ་འཕྲད་ཡོད་ཀྱང་རྩ་མེད་དུ་གཏན་ནས་འགྲོ་མ་མྱོང་བ་རི་བོ་གངས་ཅན་པའི་ལོ་རྒྱུས་དང་རིག་གཞུང་རྙིང་པའི་བདེན་དཔང་དུ་བཞུགས་ཡོད།
བསང་གསོལ་ནི་གནའ་ནས་དེང་གི་བར་བོད་མིའི་ལུགས་གཉིས་ཀྱི་བྱ་བ་ཀུན་ལ་མེད་དུ་མི་རུང་བའི་གལ་ཆེའི་ལམ་ལུགས་སམ་ཤེས་རིག་ཞིག་ཡིན་སྟབས་དེའི་འབྱུང་ཁུངས་དང་བརྒྱུད་རིམ། ངོ་བོ་བཅས་ཚད་ལྡན་རིག་པའི་ལམ་ནས་སྨྲ་ཐུབ་ན། ཞང་བོད་ལོ་རྒྱུས་སྨྲ་བའི་གཞོགས་འདེགས་སུ་འགྱུར་སྙམ་པའི་ཀུན་སློང་དང་བཅས་གཤམ་དུ་རང་གིས་མཐོང་ཐོས་ཀྱི་རྩོམ་ཐུང་ཞིག་འགོད་པར་འདོད།

ཐོག་མའི་བྱུང་ཁུངས་དང་བརྒྱུད་རིམ།

ལོ་གྲངས་སྟོང་ཕྲག་དུ་མའི་ཡར་སྔོན་གྱི་མི་རྣམས་ལྷ་ཀླུ་སྲིན་གྱི་རིགས་ལས་གྲོལ་ཞིང་དེ་དག་ལྷ་ཀླུ་སོགས་དང་འབྲེལ་གཏུག་དངོས་སུ་བྱེད་པ་དང་། ཕན་ཚུན་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་ནས་གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་གནས་ཡོད་པར་མ་ཟད། ལྷ་སྲིན་གཉན་བཅས་མི་དང་འབྲེལ་བའི་མི་ལ་སྲིན་ཚ་དང་གཉན་ཚ་སོགས་ཀྱང་བྱུང་ཡོད་པ་ནི། བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས། རྫ་རི་སྤངས་ལྗོངས་ཤིང་ལ་གནས་བཅོས་ནས། །འགྲོ་བ་མི་དང་གཉན་བསྡེབས་དེ་ཕན་ཕྱིར། །མི་དང་གཉན་དག་མཛའ་བཤེས་ཚུལ་དུ་གནས། །མི་དག་གཉན་གྱི་གནས་སུ་འགྲོ་བ་དང་། །གཉན་ཡང་མི་ཡི་ཁྱིམ་འོང་གཏམ་གླེང་བྱེད། །ཞེས་དང་། མི་དང་སྲིན་འབྲེལ་སྲིན་གྱི་ཚ་བོ་མང་། །འགལ་རྐྱེན་བྱུང་ན་ཡུལ་ལྷ་དམར་གྱིས་གསོལ། །ཞེས་གསུངས་པ་ལས་ལོ་གྲངས་ཁྲི་ཕྲག་གི་གོང་དེར་མི་དང་ལྷ་སྲིན་རྣམས་ཕན་ཚུན་སྡེ་འདྲེས་ནས་ཕན་ཚུན་གཉེན་འབྲེལ་བྱས་པ་དང་། མི་དང་མི་གཏམ་པ་བཞིན་ཕན་ཚུན་སྐད་ཆའི་གཏམ་གླེང་བྱེད་ཐུབ་པར་གསུངས། རིམ་པས་མི་ཚོས་ས་གཉན་བརྐོས་པ་དང་། ཤིང་གཉན་བཅད་པ། ལྷ་སྲིན་དང་འབྲེལ་བའི་རྟེན་གནས་བཤིག་པ་བཅས་ལྷ་ཀླུ་གཉེན་པོའི་ཐུགས་དང་འགལ་བའི་བྱ་བ་སྣ་ཚོགས་བྱས་པས། ལྷ་ཀླུ་རྣམས་དང་མི་དང་རྒྱང་ཐག་ཇེ་རིང་དུ་གྱུར་ནས་དངོས་མཐོང་ལས་བསྐལ་བར་གྱུར་བ་ནི། དེ་ཉིད་ལས། དེ་འོག་བསྐལ་བར་ཞང་ཞུང་བོད་དང་ཁམས། །སོ་སོར་རིམ་བྱེ་མི་རྣམས་ལས་རིམ་ཤེས། །ལྷ་སྲིན་སྡེ་རྣམས་རི་བྲག་ཆུ་སོགས་ལ། །གནས་ཤིང་དངོས་སུ་རིགས་མཐུན་རྫུས་ཏེ་སྐྱེས། །གདོས་བཅོས་ལུས་མིན་མི་ལས་ལྐོག་གྱུར་ཏེ། །མི་དང་ལྷ་འདྲེ་འབྲེལ་བ་ཇེ་ཉུང་སོང་། །ཕན་ཚུན་མི་མཐོང་གནས་དང་རང་བཞིན་བསྐལ། །ཞེས་གསུངས། དུས་དེར་དགྱེས་ན་སྡོངས་གྲོགས་བྱེད་པ་དང་མ་མགུ་ན་འགལ་རྐྱེན་སྣ་ཚོགས་གཏོང་བཞིན་གནས་ཡོད། ཡུལ་ལུགས་ལའང་མི་ཚོས་ལྷ་བཅོས་ཀླུ་གསོལ་གྱི་ཆེད། དམར་མཆོད་འབུལ་བའི་ལུགས་སྲོལ་དུ་མ་རེ་བྱུང་ཡོད་ཀྱང་། ལྷ་གསོལ་བསང་མཆོད་ཀྱི་ཤེས་རིག་ཡང་དག་པ་ཞིག་ད་དུང་བྱུང་མེད་པ་ཡིན། ལོ་རྒྱུས་སྨྲ་ཁུལ་དུ་མས་རླངས་ཀྱི་པུ་ཏི་སོགས་ལས་མི་རིགས་གྲོལ་ཚུལ་དང་། ལྷ་སྲིན་གཉེན་སོགས་ཡོད་ཚུལ་བཤད་པ་རྣམས། གནའ་མིས་རང་བྱུང་ཁམས་ཀྱི་གསང་བ་རྣམས་ལ་ཚན་རིག་དང་མཐུན་པའི་འགྲེལ་བཤད་བྱས་མ་ཐུབ་པའི་འཁྲུལ་སྣང་ལས་བྱུང་བ་རེད་ཅེས་དང་། བསང་གསོལ་ཀླུང་རྟ་བསྐྱེད་པ་སོགས་དེང་དུས་ཀྱི་ཤེས་ཡོན་དང་བསྡུར་ན་བརྗོད་རིན་མེད་པ་ཡིན་ཞེས་སོགས་གནའ་བོའི་རིག་གཞུང་ཁག་ལ་རྨོངས་དད་དང་། སྲོལ་རྒྱུན་ཞེས་མཐོང་ཆུང་མཛད་ཀྱང་། གནའ་བོའི་མི་རྣམས་བསྐལ་བ་ཐོག་མའི་གྲོལ་ཕུག་ལས་གྱེས་མ་ཐག་ཡིན་པས། རང་གི་ཉེ་བའི་གྲོང་ཁུངས་ལ་ང་ཚོ་ལས་རྒྱུས་མངའ་ཞིབ་པ་དང་། སེམས་ཁམས་ཀྱི་ནུས་པ་ཧ་ཅང་ཆེ་བས། མཁའ་ལ་འཕུར་ནུས་པ། རྡོ་བྲག་ཟན་ལྟར་བརྫི་བ། རང་ལུས་འོད་སྐུར་བཞེངས་པ་སོགས་དང་། ལྷག་པར་སྨན་དཔྱད་བཤའ་བཅོས་ཐུར་མའི་ལག་ལེན་ལོ་གྲངས་སྟོང་ཕྲག་མང་པོའི་གོང་ནས་ཞང་བོད་ལྗོངས་སུ་གནའ་མིས་ཉམས་ལེན་བྱས་པའི་ལོ་རྒྱུས་ཁག་ལ་བསམ་ན། སེམས་ཁམས་ཀྱི་ནུས་པ་ལ་བརྟེན་ནས་གྲུབ་པ་དང་རྫུ་འཕྲུལ་ལྡན་པའི་མི་ནི་ཉིན་སྐར་ལྟར་གྱུར་པ་འདི་ལ་གཞིག་ན། རང་ཅག་ནི་སེམས་ཁམས་རིག་པ་རྗེས་ལུས་ཅན་ཡིན་པ་ར་འཕྲོད་ནུས། གནའ་མིས་སེམས་ཁམས་རིག་པའི་ཐོག་ནས་རང་བྱུང་ཁམས་ཀྱི་བདག་པོ་རྣམས་བསང་གསོལ་ལྷ་མཆོད་ཀྱི་སྒོ་ནས་བཅོས་ཏེ། མིའི་འཚོ་ཁམས་བདེ་ཐང་གི་མཐུན་རྐྱེན་བླ་མེད་བཞག་པ་འདི་དག ནང་སེམས་ཁམས་ཀྱི་རིག་པའི་ཐོག་ནས་དཔྱད་དགོས་པ་ལས། དངོས་གཙོའི་ལྟ་བ་ཁོ་ནའི་ཐོག་ནས་བཤད་ན་ཚུལ་བཞིན་ཤེས་ཐབས་གཏན་ནས་མེད་སྙམ། དེ་རྗེས་དུས་རབས་མང་ཙམ་འདས་པའི་དུས། སྟོན་པ་གཤེན་རབ་མི་བོ་འོལ་མོའི་གླིང་དུ་སྐུ་འཁྲུངས་ཏེ་བོན་ཐེག་པ་རིམ་དགུ་དང་རིག་པའི་གནས་ལྔ་ལ་སོགས་བཀའ་འཁོར་བསམ་གྱིས་མི་ཁྱབ་པར་གསུངས།
ལྷག་པར་འཇིག་རྟེན་གྱི་ཕན་བདེ་སྒྲུབ་པའི་རྒྱུ་ཡི་ཐེག་པ་བཞི་གསུངས་པའི་ནང་ཚན་ལྷ་བསང་མདོས་འབུལ་གྱི་སྣང་གཤེན་ཐེག་པའི་བོན་སྒོ་གཏན་ལ་ཕབ་སྟེ། མདོ་ལས། རི་གཡུང་དྲུང་དགུ་བརྩེགས་ཀྱི་ནུབ་ཕྱོགས་སུ། གྲོང་ཁྱེར་ཆེན་པོ་ངོ་མཚར་ལྟད་མོ་ཅན་ལ་ཞབས་ཀྱིས་བཅགས་ཤིང་། གསས་མཁར་ཁྲི་སྨོན་རྒྱལ་བཞེད་ལ་མཆོད་པ་ཕུལ་ཏེ། གྱེར་སྒོ་བཞི་དང་། སྐད་གཅོང་བརྒྱད་དང། གཏང་རག་བཞི་བཅུ་རྩ་གཉིས་ཐུགས་སུ་ཆུད་པས་ཐེག་པ་གཉིས་པ་སྣང་གཤེན་གྱི་བོན་གཏན་ལ་ཕབ་ནས་སྣང་གཤེན་གཙུག་ཕུད་ལ་གཉེར་དུ་གཏད་དོ། རྩི་ཤིང་དང་ཞུགས་ཤང་། གསེར་སྐྱེམས་དང་། ནམ་རྒྱང་དང་། ཤིང་རིས་དང། བལ་ཚོན་སྣ་ལྔ་དང་། གསེར་གཡུ་དང་དར་ཟབ་དང་ཕུན་སུམ་ཚོགས་པའི་ཡོ་བྱད་མང་པོ་བསགས་ཏེ། མི་ཡུལ་སྐྱིན་མཐིང་དུ་བྱོན་ནས་སྣང་ཞིང་སྲིད་པའི་སྐོས་འདེབས་དང་། ལྷ་སྲིན་སྡེ་བརྒྱད་ཀྱི་བཞེན་འདེབས་པ་དང་། བདུད་ཀྱི་དྲེགས་པའི་དལ་ཁ་བསྒྱུར་བ་དང་། འགྲོ་བ་རིས་དྲུག་གི་ཁ་བསྐང་བ་དང་། གཡུང་དྲུང་བོན་གྱི་བསྟན་པ་གཟུག་པར་དགོངས་ནས་ལྷ་གར་གསས་བཙན་པོ་མཆོད་ཅིང་བསྒོམས། ཞེས་དང་། སྣང་གཤེན་ཐེག་མདོ་ལས། ཉོན་ཅིག་སྣང་གཤེན་གཙུག་ཕུད་ཉོན། །སྣང་གཤེན་ཐེག་པའི་བོན་སྒོ་ལ། །ཆབ་ནག་ཆུ་བོ་སེལ་གྱི་སྒོ། །ཆབ་དཀར་འདྲེ་དང་སྲི་ཡི་སྒོ། །འཕན་ཡུལ་མཉམ་བརྗེས་གླུད་ཀྱི་སྒོ། །དཔོན་གསས་ཕྱྭ་གཉན་གཏོ་ཡི་སྒོ། །ཞེས་གསུངས་པའི་ཆབ་ནག་སེལ་སྒོའི་རིགས་སུ་གཏོགས་པའི་མནོལ་བསང་དང་། གྲིབ་བསང་། བཙོག་བསང་བཅས་བསང་གི་རྣམ་གྲངས་དུ་མ་གསུངས་པ་དང་། གཞན་ཡང་སྲི་མནན་པ་དང་། གླུད་གཏོང་བ། མཁའ་ཀློང་དབྱིངས་ཀྱི་དབལ་མོ་དང་ས་བདག་སོགས་མཆོད་པའི་ཕྱྭ་གཉེན་གཏོ་སྒོའི་རིགས་མང་པོ་གཏན་ལ་ཕབ་ནས། མནོལ་བཙོག་བསང་གིས་བསལ། འཁྲུགས་པ་གཏོ་ཡིས་བཅོས། མགོན་སྐྱབས་ལྷ་ལ་ཞུས་ནས་སྣང་སྲིད་ཞི་བར་བྱས་པ་ནས་བསང་གསོལ་ལྷ་མཆོད་ཀྱི་ཤེས་རིག་གི་དབུ་གསར་དུ་ཚུགས་པ་ཡིན།
དེ་ཉིད་བོད་ཡུལ་འདིར་དར་ཚུལ་ནི། གོང་བཤད་དུས་རབས་ཆེན་པོ་མང་ཙམ་འདས་པའི་རྟིང་ལ་བདུད་རྗེ་ཁྱབ་པས་རྐྱེན་བསྐུལ་ཏེ། སྟོན་པ་གཤེན་རབ་མི་བོ་ཞང་བོད་ལྗོངས་སུ་སྤྱན་དྲངས། བརྟན་མ་བཅུ་གཉིས་དང་། མགུར་ལྷ་བཅུ་གསུམ་གཙོས་བོད་ཡུལ་གྱི་ལྷ་སྲིན་གཞི་བདག་ཀུན་བཀའ་བསྒོས་དམ་ལ་བཞག་ནས་དཀར་ཕྱོགས་སྐྱོང་བའི་སྲུང་མར་བསྐོས། དེ་ཡང་མཛད་མདོ་ལས། བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ་བ་དང་། ཡུག་ཕུད་པའི་ལུང་ཕོག ནམ་ཞིག་ཐེག་པ་དགུ་ལ་སྤྱོད་པའི་སྨོན་ལམ་བཏབ། ཅེས་གསུངས་པས་སྐབས་དེར་བོད་མི་རྣམས་ལ་ཡང་ཡར་ལྷ་གསོལ་བ་དང་། མར་གླུད་བཀར་བའི་ཐབས་རྒྱུ་བོན་ཕྲན་ཚེགས་རེ་བསྟན་པ་ནས་རིམ་བཞིན་དར་རྒྱས་སུ་བྱུང་། ལུང་དེར་བོད་ཀྱི་བོན་པོ་རྣམས་ལ་ཞེས་དུས་སྐབས་དེར་ཡོད་པའི་བོན་པོ་ནི་གོང་སྨྲོས་ལྟར་གདོད་མའི་ཡུལ་ལུགས་ལ་སེམས་ཅན་བསད་ནས་ཤ་ཁྲག་གིས་བདུད་སྲིན་བཙན་སོགས་མཆོད་པའི་ལུགས་སྲོལ་འཛིན་མཁན་གྱི་བོན་པོ་ལ་གོ་དགོས་པ་ཡིན། སྟོན་པས་དེ་ཀུན་དབང་དུ་བསྡུས་ནས་ཤ་ཁྲག་གི་མཆོད་པ་བཀག་པ་དང་། དེའི་ཚབ་ཏུ་འབྲུའི་གཏོར་མ་དང་ཡུ་ཏིའི་འབྲུ་ཆང་གིས་འཐུས་པར་བྱས་ཡོད་པ་ནི་སྲིད་པ་སྤྱི་མདོས་སོགས་ཡིག་རྙིང་ཁག་ལས་གསལ། དེ་ནས་རྒྱལ་ཕྲན་སིལ་མ་བཅུ་གཉིས་སོགས་མི་རབས་དུ་མའི་རིང་ལ་བསང་གསོལ་ནི་བོད་མིའི་རྒྱུན་བཀོལ་ལག་ལེན་གྱི་ཁྲོད་དུ་རྒྱལ་འབངས་ཀུན་གྱི་འཚོ་ཁམས་བདེ་ཐང་གི་ཆ་རྐྱེན་དུ་རྒྱུན་སྐྱོང་བྱས་ཡོད། གཉའ་ཁྲིའི་གོང་རོལ་དུ་ཞང་ཞུང་ནས་རྒྱུ་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་དར་ཏེ། སྔར་གྱི་བསང་གསོལ་གྱི་ཤེས་རིག་ལའང་ཞང་ཞུང་ཤེས་རིག་གི་ཟུངས་ཁྲག་གསར་དུ་བསྣན་ཏེ་སྔར་ལས་ཕུན་སུམ་ཇེ་འཚོགས་སུ་གྱུར་ཡོད་པ་དང་། སྨན་རྩིས་གཏོ་མོའི་རིག་གནས་ཀྱང་དུས་སྐབས་དེ་རྣམས་སུ་བོད་ཡུལ་དུ་དར་ཡོད་པར་བཤད། གཉའ་ཁྲི་བཙན་པོས་ནམ་མཁའ་སྣང་བ་མདོག་ཅན་དང་སྐུ་གཤེན་མཚེ་གཅོའུ་གཉིས་སོགས་བླ་ཡི་མཆོད་གནས་སུ་བཀུར། གསང་སྔགས་སྤྱི་སྤུངས་དང་དབལ་ཆེན་རམ་པའི་བོན་ལ་ཉམས་ལེན་མཛད་པ་དང་། བསང་གསོལ་གྱི་བོན་རྣམས་ཀྱང་སྲིད་དབང་སྲ་བརྟན་དུ་གཏོང་བའི་ཆ་རྐྱེན་དུ་བེད་སྤྱོད་བྱས་ཡོད། དེའི་རྒྱུ་མཚན་ནི་བོད་རྒྱལ་རེ་རེའི་སྐུ་གཤེན་ཞེས་བོན་བླ་རེ་རེར་བསྟེན་སྲོལ་ཡོད་པ་དང་། སྐུ་གཤེན་གྱི་བྱ་བ་ནི། རྒྱལ་ཁམས་ཞི་བདེ་དང་རྒྱལ་པོའི་སྐུ་རིམ་གྱི་ཆེད་ལྷ་གསོལ་བ་དང་། འདྲེ་བཀར་བ། གཡང་འགུག་པ། ཚེ་སྒྲུབ་པ་བཅས་བྱེད་དགོས་པ་མ་ཟད། ཕྱི་མའི་ལམ་འདྲེན་གྱི་སྐྱབས་གནས་ཤིག་ཀྱང་ཡིན། ལུགས་སྲོལ་དེ་ནི་དུས་ཕྱིས་བར་གནས་པ་དང་། རིག་གསར་མ་བྱུང་གོང་བོད་ས་གནས་སྲིད་གཞུང་གི་དཔོན་རིགས༼མཆན། ལྷ་ཀླུ་པ་དང་། བཀའ་ཤོད་པ། བོན་གྲོང་པ་སོགས་དང་ལྷག་པར་ལྗང་རྩེ་རྫོང་དང་རྫོང་དཔོན་གི་ནང་སོགས་ལ་གཙང་སྨན་རི་དང་། གཡུང་དྲུང་གླིང་། མཁར་སྣ་བཅས་ནས་ལོ་རྟག་པར་བོན་ལྷ་གསོལ་མཁན་གྱི་བླ་གྲྭ་ཕེབས་དགོས་པ་ཡིན།༽དུ་མ་ཞིག་ནས་ལོ་ལྟར་བོན་ལྷ་ཆད་མེད་དུ་གསོལ་བ་དང་། སྐུ་དྲག་མང་པོའི་ཁྱིམ་ཕུག་ཏུ་བོན་ལྷ་གསོལ་བྱེད་ཀྱི་ཡོ་བྱད་དང་གཤང་སོགས་ཉར་ཡོད་ལ། པོ་ཏ་ལའི་ནང་གི་ལ་བཙས་སུའང་བོན་ལྷ་གསོལ་ས་ཞིག་ཀྱང་ཡོད་པར་རྒན་རབས་ཀྱི་ངག་ལས་ཐོས།
དུས་རབས་རིམ་བྱོན་ནང་བྱོན་པའི་བཙན་པོ་ཕལ་ཆེ་བ་གནའ་བོའི་ཤེས་རིག་ལ་ཉམས་ལེན་དང་གཅེས་སྤྲས་ཀྱི་སྒོ་ནས་བོན་སྲིད་ཟུང་འབྲེལ་གྱི་ལམ་དུ་ཤར་བསྐྱོད་གནང་ཡོད། དུས་རབས་བརྒྱད་པ་ནས་བོན་གྱི་བསང་གསོལ་གྱི་ཤེས་རིག་བན་ཕྱོགས་སུ་ཁྱབ་སྟེ་བན་མིན་བོན་མིན་ཆོ་ག་མང་དུ་བྱུང་། དེའི་ཤེས་བྱེད་ནི་བོན་བསྣུབས་ཆོས་སྤེལ་གྱི་བྱ་རིམ་ནང་བསང་གསོལ་ནི་བོད་མིའི་ཕ་མྱེས་ཡང་མྱེས་ཀྱི་རིང་ནས་གོམས་གཤིས་དང་ལྷན་དུ་འདྲེས་པའི་ཆ་ལག་ཅིག་ཡིན་པས་གློ་བུར་དུ་བཀག་འགོག་བྱེད་དཀའ་བ་དང་། རྒྱ་ཆོས་བོད་དུ་སྤེལ་སྐབས་བོད་ཀྱི་ཡུལ་ལྷ་རྣམས་ཀྱིས་ཆོ་འཕྲུལ་བར་ཆོད་མངོན་དུ་བྱས་པས། བསང་གསོལ་མཆོད་འབུལ་མ་བྱས་ཐུ་མེད་ལ་སོང་བ་སོགས་ཀྱིས་བཞག་དགོས་བྱུང་ཡོད་ལ། ད་དུང་ཀླུང་རྟ་བསྐྱེད་པ་དང་། བསང་འབུལ་བ། གཡང་འགུག་པ་སོགས་ཀྱི་ཆོ་ག་དུ་མ་གསར་དུ་བརྩམས་ཏེ། རྣམ་པར་ཕྲན་ཙམ་འགྱུར་ཡང་ངོ་བོ་ནི་རྒྱུ་བོན་ལས་མ་འདས་པ་འདི་རྣམས་བྱུང་བ་ཡིན། གཞན་ཡང་འཛམ་གླིང་སྤྱི་བསང་སོགས་བསང་གསོལ་འབུལ་བའི་དུས་ཆེན་ཡང་། བན་བོན་གཉིས་ཕྱོགས་སུ་མང་དུ་ཕྱིན་ནས་ད་ལྟའི་བར་དར་རྒྱས་སུ་བྱུང་ཡོད་པ་ཡིན།

བསང་གི་ངོ་བོ་དང་འབུལ་ཚུལ།

བསང་ཞེས་པའི་ཐ་སྙད་འདི་ནི་ལོ་གྲངས་སྟོང་ཕྲག་དུ་མའི་སྔོན་ནས་བྱུང་བའི་བརྡ་ཤིན་ཏུ་རྙིང་བ་ཞིག་ཡིན་ལ་ཆོལ་གསུམ་བོད་ཡུལ་ཀུན་ཏུ་ཁྱབ་པའི་རྒྱུན་བཀོལ་གྱི་མིང་ཞིག་ཀྱང་ཡིན། དེ་ནི་བྱེད་ལས་ཀྱི་ཆ་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་ཞིག་སྟེ། བཙོག་གྲིབ་སོགས་བསལ་བྱའི་རིགས་སེལ་བ་དང་དགག་པར་བྱེད་པའི་ཆ་ནས་བཙོག་པ་བསང་བའམ། གྲིབ་མནོལ་བསང་བ་ཞེས་བརྗོད། དེ་ཡང་དམངས་ཁྲོད་དུ་གོས་རྒྱན་རིགས་ལ་བཙོག་གྲིབ་ཤོར་ཚེ། ཁྲུས་དང་། མེ་དང་། སྐར་འོད་སོགས་ལ་བརྟེན་ནས་གྲིབ་སེལ་བྱེད་པ་ལ། ཁྲུས་བསང་དང་། མེ་བསང་། སྐར་བསང་བེད་སྤྱོད་བྱེད་བཞིན་པའི་ཐ་སྙད་འདི་དག་ལས་བསང་གི་གོ་དོན་རྟོགས་ནུས་པ་ཡིན། གཞན་དུ་ཁ་གསལ་གོ་བདེ་ཞིག་ནི། གེ་ཁོད་ཚན་སྐར་ལས། མནོལ་བ་ཚངས་པ་བསང་ཞེས་བྱ། ཞེས་གསུངས་པ་ལྟར་རོ། དེ་ཡང་བསང་ནི་གཙང་སེལ་གྱི་ཆེད་དང་དྲི་ཡི་མཆོད་པར་བེད་སྤྱོད་བྱེད་པའི་ཚུལ་གཉིས་ཡོད་ལ། དང་པོ་ནི། དཔེར་ན་གཉའ་ཁྲི་བཙན་པོ་བོད་རྗེར་གཤེགས་སྐབས་ཡང་རྩེའི་འགྲེལ་ ལས། གནམ་ལྷ་དོག་ལ་གཤེགས་པ་ན། མི་ཡུལ་བཙོག་དང་ནལ་ཆེ་བས། ཡ་ངལ་གྱིས་སྣ་དྲོངས་ཤིག མཚེ་མི་སྐུ་ཡི་གཡས་རྟེན་ཅིག ཙོ་མིས་སྐུ་ཡི་གཡོན་བརྟེན་ཅིག ཡ་ངལ་གྱིས་སེལ་དང་བསང་གྱིས་ཞེས་གསལ་བས། སྐུ་གཤེན་ཡ་ངལ་གྱིས་སེལ་གྱི་ཆོ་ག་དང་བསང་ཆོག་མཛད་བཞིན་སྔོན་དུ་གཤེགས་པ་ནི་ཡུལ་གྱི་བཙོག་གྲིབ་སེལ་བའི་ཆེད་དུ་བསྟན་པ་ལྟར། བླ་དཔོན་ཆེ་རིགས་བསུ་བའམ། ལྷ་སྲུང་སྤྱན་འདྲེན་པའི་ཐོག་མར་བསང་གཏོང་བའི་དགོས་པ་ཡང་དེ་ལྟར་ཡིན་པར་མངོན།
དེང་གི་དུས་སུ་བོད་ཡུལ་སྟོད་སྨད་ཀུན་ཏུ་བླ་ཆེན་དཔོན་རིགས་བསུ་བའི་ཚེ་སྔོན་དུ་སྤོས་འདྲེན་ཞེས་སྤོས་བསང་ཁུར་མཁན་ཞིག་ངེས་པར་དུ་འགྲོ་སྲོལ་འདུག་པ་འདི་ནི། གནའ་བོའི་བོན་ལུགས་ལས་མཆེད་པར་ངེས་ཤིས་འདྲེན་ནུས་པ་ཡིན། དེ་ནི་མི་ལོ་སྟོང་ཕྲག་དུ་མའི་སྔོན་གྱི་ལུགས་སྲོལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ། ད་ལྟའི་བར་དུ་ཆུ་ལ་ལམ་ཞུགས་ཀྱི་ཚུལ་དུ་གནས་པ་ཞིག་ཡིན་ལ། དེ་དང་དེར་འབྲེལ་གྱི་བོད་ཀྱི་ལུགས་སྲོལ་དུ་མར་གནའ་བོའི་རིག་གཞུང་དང་ཡུལ་སྲོལ་ལ་དཔྱད་པ་བྱེད་པའི་ཁོར་ཡུག་རྒྱ་ཆེར་ལྡན་ཡོད་པ་དང་། བོད་ཀྱི་ཤེས་རིག་འདི་དག་གི་ཕུགས་གང་ལ་ཐུག་ཡོད་པའང་ལོ་རྒྱུས་འདི་དག་གིས་ང་ཚོར་ངེས་ཤེས་རྣལ་མ་ཞིག་སྩོལ་བཞིན་ཡོད། ཕུག་བསུར་དང་གཞོབ་དུད་ཤོར་ནས་འགོ་བའི་ལྷ་ལྔ་སོགས་ལ་མནོལ་གྲིབ་སོང་བ་དང་། གཞན་ཡང་དེ་དག་གི་ཐུགས་དང་འགལ་བའི་ཕོག་ཐུག་འཁོན་འགྲས་གང་བྱུང་ཡང་། ལྷ་བསང་དཀར་པོ་ལས། ཇི་ལྟར་ལྷ་ཚོགས་མི་མཉེས་པའི། །འགལ་འཁྲུལ་ནོར་བ་ཅི་མཆིས་པ། །དང་པོ་གནོང་པ་སེམས་ཀྱིས་འགྱོད། །བར་དུ་དག་པ་ཁྲུས་ཀྱིས་བཀྲུས། །ཐ་མར་བསང་བ་ཚན་གྱིས་བསང་། །ཞེས་གསལ་བ་ལྟར། དེ་མ་ཐག་ནས་བཟང་ཤིང་སྣ་ཚོགས་མེར་བསགས་ནས་ངག་ཏུ་གནོང་འགྱོད་ཀྱི་སྨེང་བཀྲོལ་བཞིན་བསང་སྲོལ་ཡོད། ཆབ་ནག་རྒྱུ་ཡི་ལས་ཚོགས་གང་ལ་སྤྱོད་ཀྱང་ཡིན་ཚུལ་བྱུང་རབས་ཀྱི་སྨྲེང་བཀྲོལ་བ་ལ་དགོས་དོན་ཆེན་པོ་ཡོད་དེ། མདོ་ལས། སྨྲང་ནི་ཞིབ་ལ་རྒྱས་པར་བྱ། ཆབ་ནག་ནུས་པ་སྨྲང་ལས་འབྱུང་། །ཞེས་སོ། གཉིས་པ། དྲི་བཟང་ཅན་གྱི་ཤིང་སྣ་ཚོགས་མེར་བསྲེགས་པའི་བསང་དུད་ནི། རྣམ་ལྔའི་ནང་ཚན་གྱི་དྲི་ཡི་མཆོད་པ་བྱེད་པ་ཡིན་ཏེ། ཁྱུང་རྒོད་རྩལ་གྱི་གཏེར་མ་ལམ་ལྷའི་གཞུང་ལས། དཀར་མངར་ཞལ་ཟས་འབྲུ་སྨན་དང་། ཕྱེ་མར་ཆང་ཕུད་རིན་ཆེན་བདར། བཟང་ཤིང་དྲི་ཞིམ་བསང་དུད་འབུལ། ཞེས་དང་། མཁས་བཞིས་མཛད་པའི་ཡུལ་སའི་འགྲས་སྡུམ་ལས། ཡུལ་ས་གཉེན་པོ་ཁྱེད་རྣམས་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །ཕྲག་དྭོགས་ཐམས་ཅད་ཞི་འགྱུར་ཅིག །ཞེས་གསུངས། བསང་མཆོད་འབུལ་དོན་ནི། ནད་སེལ་བ་དང་། རྐྱེན་བཟློག་པ། སྲིད་སྤེལ་དང་སྲིའུ་བསྲུང་བ། ལོ་ལེགས་སད་སྲུང་སོགས་དམིགས་ཆེད་ཡུལ་ངེས་མེད་ཀྱི་ཆེད་འབུལ་ཚུལ་བསམ་གྱིས་མི་ཁྱབ་ཀྱང་། མདོར་བསྡུ་ན། སྲིད་ཞིའི་མགྲོན་ལ་སྒྲིབ་སྦྱོང་ཚོགས་རྫོགས་ཀྱི་ཆེད་དང་། ཡོན་ཏན་མགྲོན་ལ་བསྟན་སྲུང་གྲོགས་བཅོལ་གྱི་ཆེད། ལན་ཆགས་མགྲོན་ལ་གནོད་སེམས་གདུག་པ་ཞི་ཕྱིར་དང་། སྙིང་རྗེའི་མགྲོན་ལ་མ་ནུས་སྦྱིན་གཏོང་གི་ཆེད་དུ་འབུལ་དགོས་པ་ནི་བསང་ཡིག་ཕལ་ཆེ་བ་ཞིག་ལས་གསུངས། བསང་ལ་དབྱེ་ན། བསང་དཀར་དང་བསང་ནག མནོལ་བསང་དང་ཐབ་བསང་། སྦྲ་བསང་། རྟ་བསང་། ཝ་བསང་། ཆུ་བསང་། ཀླུ་བསང་བཅས་མང་དུ་ཡོད་ཀྱང་འབུལ་ཚུལ་དང་ངོ་བོ་གོང་ལྟར་གཅིག་མཚུངས་ཡིན་པས་འདིར་རེ་རེ་བཞིན་ཞིབ་བཤད་ཀྱི་ངལ་བ་མ་བྱས་སོ།།

བསང་གཏོང་རྒྱུའི་རྫས་ལ་ཇི་ལྟར་དགོས།

ལྷ་བསང་དཀར་པོ་ལས། བདུད་རྩི་ཨ་ཀྲོང་གངས་ཀྱི་རྩི། སྲོ་ལོ་དཀར་པོ་གཡའ་ཡི་རྩི། གསེར་ཤིང་གཡུ་ལོ་ཉིན་གྱི་རྩི། དངུལ་ཤིང་བལ་ལུ་སྲིབ་ཀྱི་རྩི། སྤྲ་བ་ཐོད་དཀར་སྤང་གི་རྩི། ཙན་དན་དཀར་དམར་ནགས་ཀྱི་རྩི། མཁན་པོ་གསེར་ལོ་གད་པའི་རྩི། བཟང་དྲུག་ག་པུར་ཨ་ག་རུ། སྨན་སྤོས་རྩི་ཤིང་དྲི་བཟང་རྣམས། ཞེས་དང་། སྟོང་རྒྱུང་གིས་མཛད་པའི་བསང་བསྡུས་ལས། བདུད་རྩི་ཅན་གྱི་ཤིང་སྣ་དགུ་དང་། དཀར་གསུམ་མངར་གསུམ་སྨན་སྤོས་དང་། རིན་ཆེན་སྣ་ལྔ་དར་ཟབ་དང་། མཆོད་རྫས་སྣ་ཚོགས་བསགས་ལ་བསྲེག་གོ། ཞེས་གསུངས་པ་ལྟར་ཤིང་ཙན་དན་དང་། ཨ་ཀ་རུ། ཤིང་འབྲས་མེ་ཏོག ལྷ་འབྲས་མེ་ཏོག ལྷ་ཤིང་སུ་དཀར། སྤེན་མ། ཤུག་པ། ཉ་བྲག ཤིང་རྩི་སྣ་ཚོགས། དཀར་མངར་འབྲུ་སྣ་སོགས་ཕྱེ་མར་དང་ལྷན་དུ་བསྲེས་ནས་འབུལ་སྲོལ་ཡོད། བསང་ནག་དང་མནོལ་བསང་སོགས་ལ་དམིགས་བསལ་གྱི་ནད་དུག་སེལ་ནུས་པའི་བསང་རྫས་ཀྱང་ཡོད་པར་མངོན། དེ་མིན་བསང་གཏོང་རྒྱུའི་རྫས་གོང་ལྟར་ལས་དམིགས་བསལ་མི་འདྲ་བ་མེད་དོ།

བསང་གི་དགོས་པ་དང་མཇུག་བསྡུ་བ།

འགྲོ་བ་མིའི་རིགས་རྣམས་མ་རིག་རྨོངས་པའི་དབང་གིས་གཙང་སྨེ་མ་ཤེས་པས་འགོ་བའི་ལྷ་ལྔ་དང་ཡུལ་ལྷ་སྒྲ་བླ་སོགས་མནོལ་བཙོག་འབག་སྨེ་ཤོར་ནས་དེའི་མནོལ་གྲིབ་མི་ལ་ཕོག་པས། དཔེར་ན། ལུས་ལྷ་མནོལ་ན་མགོ་འཐོམ། ངོ་མདངས་ནག་པོར་འགྲོ་བ་དང་། འཕྲག་ལྷ་མནོལ་ན་བཀྲག་མདངས་གཟི་བརྗིད་ཉམས་པ། རྒྱབ་བརྟེན་ལྷ་མནོལ་ལུས་སེམས་མི་བདེ་བ། སྲུང་སྐྱོབ་ལྷ་མནོལ་མདངས་ཤོར་ཐལ་བའི་མདོག་ལྟར་འགྲོ་བ་། ཁང་ལྷ་མནོལ་ན་ས་བོན་རུལ་ཏེ་ལོ་ཉེས་འབྱུང་བར་གསུངས། འགོ་བའི་ལྷ་ལྔ་པོ་འདི་དག་གང་ཟག་རང་རང་གི་འབྱུང་ཁམས་དང་འབྲེལ་ཞིང་དེ་དག་གིས་གང་ཟག་དེའི་དབང་ཐང་དང་ཀླུང་རྟའི་ཁམས་ལ་དབང་བྱེད་པ་དང་། ནང་འབྱུང་བ་ཡང་ཕྱི་འབྱུང་བ་ལ་བརྟེན་ཅིང་འབྲེལ་བའི་རང་བཞིན་ཅན་ཞིག་ཡིན་པས་གང་ཟག་གང་ཞིག་གི་ཉིན་རེའི་ཀླུང་རྟ་དར་རྒུད་མི་ཉམས་འཕར་ཆགས་ཅི་རིགས་སུ་འགྲོ་བ་ནི། ཕྱི་ཡི་འབྱུང་ཁམས་དང་འཕྲོད་མི་འཕྲོད་དང་དར་རྒུད་ཀྱི་དབང་གིས་ཡིན། དེས་ན་ཕྱིའི་འབྱུང་བའི་ཁམས་ལ་དབང་བྱེད་པའི་ལྷ་དེ་རྣམས་ལ་ཕོག་ཐུག་མནོལ་སྨེའི་རིགས་ཤོར་ན་རང་ལའང་ཀླུང་རྟ་གུད་པ་དང་། འདྲེ་སྲིན་བགེགས་ཀྱིས་གནོད་པ་བྱེད་སླ་བ། བྱ་བ་གང་བརྩམས་ཀྱང་ལམ་འགྲོ་མེད་པ་དང་། མ་ཟད་ཡུལ་ལྷ་གཞི་བདག་མནོལ་གྲིབ་ཕོག་ཐུག་སོང་བའི་སྐྱོན་ནི་ཡུལ་བཅུད་དང་ས་བཅུད་ཉམས་ནས་ལོ་མི་ལེགས་པ་དང་། རྩི་ཤིང་སྐྱེ་ཚད་ཆུང་བ། ཆར་ཆུ་དཀོན་པ་སོགས་འབྱུང་བ་ཡིན། དེ་དག་བསང་གསོལ་གྱི་ནུས་པས་ཉམས་པ་གསོ་ཞིང་མནོལ་བ་སེལ་དགོས་ཞིང་། བསང་གསོལ་བྱས་པའི་ཕན་ཡོན་ནམ་ཡོན་ཏན་ནི་ཡུལ་ལྷ་ཁྱིམ་ལྷ་སོགས་ལ་སྨེ་འབག་མནོལ་སོང་བའི་སྐྱོན་དང་དྲི་མ་མཐའ་དག་བསལ་ནས་འགོ་བའི་ལྷ་ལྔ་དར་ཏེ་ཀླུང་ཁམས་མཐོ་བས་ཚེ་རིང་ནད་ཉུང་བསམ་དོན་འགྲུབ་པ། ཁྱིམ་ལྷ་དར་བས་ཁྱིམ་དུ་གཡང་འཁྱིལ་ནོར་བཅུད་ཀྱིས་གང་བ། ཡུལ་ལྷ་དར་བས་ཡུལ་ཁམས་སུ་ལོ་ལེགས་བདེ་སྐྱིད་ཕུན་སུམ་འཚོགས་པ་དང་། སྒྲུབ་པའི་གང་ཟག་གི་ཆག་ཉམས་འགལ་འཁྲུལ་ཐམས་ཅད་སེལ་ནུས་པ་མ་ཟད། མདོར་ན་འགྲོ་བ་མི་ཡི་བདེ་སྐྱིད་གོང་དུ་སྤེལ་བ་ལ་མེད་དུ་མི་རུང་བའི་གལ་ཆེའི་རིག་གཞུང་ཞིག་ཡིན་ནོ། བསང་དང་སེལ་གྱི་ཆ་ལག་སྔོན་རྗེས་དངོས་གཞིའི་བྱ་བ་སོགས་སྔོན་བྱོན་དམ་པ་རྣམས་ཀྱིས་མཛད་པའི་བསང་གི་མངོན་རྟོགས་སོགས་ལས་ཤེས་པར་བྱའོ།
དེ་ལྟར་ལྷ་བོན་སྒོ་བཞིའི་ཡ་གྱལ་ཆབ་ནག་སེལ་གྱི་ཁོངས་གཏོགས་བསང་གི་སྐོར་ཅུང་ཙམ་གླེང་བ་འདི་ཡི་ནང་བསང་གསོལ་སྤྱི་ཡི་རྣམ་པ་མདོར་བསྡུས་སུ་བརྗོད་ཡོད།དེ་མིན་ཡུལ་ལུང་སོ་སོར་བསང་གསོལ་འབུལ་ཚུལ་མི་འདྲ་བ་དུ་མ་ཡོད་པ་རྣམས་རེ་རེ་བཞིན་བརྗོད་ཀྱིས་མི་ལོང་པས་རེ་ཞིག་འདི་ཙམ་གྱིས་མཇུག་གྲུབ་བོ། །
ཞང་ཞུང་སྲིད་པའི་གངས་དཀར་ལྷུན་པོ་ལས། །བཞུར་བའི་ཤེས་རིག་འཆི་སོས་བདུད་རྩིའི་རྒྱུན། །ཐོས་བརྩོན་བློ་གྲོས་སེམས་རིག་ཀུ་ཤ་ལིས། །བླངས་ཏེ་བློ་གསལ་བུ་ལ་གཟིགས་མོར་ཕུལ། །འདི་ལྟའི་ནང་རིག་རིན་ཆེན་དང་པོའི་དབྱིག །དཔྱོད་ལྡན་སེམས་རྩལ་ཅན་གྱིས་སྤྱོད་ཡུལ་ལས། །དེང་རབས་ཉི་ཚེའི་མིག་གི་ཡུལ་མིན་པས། །གང་བཤད་ཚིག་ལ་དོན་འབྲས་འཕར་འགྲོའི་སྤུ། །སྲོལ་རྒྱུན་རིག་གནས་ཆབ་ནག་སེལ་གྱི་གཞུང་། །སྲོལ་རྒྱུན་རིགས་པས་ཅུང་ཙམ་དཔྱད་པ་འདི། །སྲོལ་རྒྱུན་ཤེས་བྱའི་གནད་དང་འགལ་བས་ན། །སྲོལ་རྒྱུན་ཤེས་རིག་བང་མཛོད་འཛིན་ལ་བཤགས། །

 

རྩོམ་པ་པོ་ཁྲི་བརྟན་ནོར་བུའི་རྩེའི་ཡིན།

༢༠༠༡ལོའི་ཁྲི་བརྟན་ནོར་བུའི་རྩེའི་དུས་དེབ༼བགྲེས་པོའི་འབེལ་གཏམ༽ལས

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།