འབྱུང་ལྔའི་རིམ་གྲོའི་གནད་མིག་ཟུར་ཙམ་བརྗོད་པ།

འབྱུང་ལྔའི་རིམ་གྲོའི་གནད་མིག་ཟུར་ཙམ་བརྗོད་པ།
སྤུ་ཉི་མ་རྒྱལ་མཚན།

མ་བཅོས་རང་གདངས་ཡེ་ལྔའི་སྙིང་བོ་ཅན། །མ་སྒྲིབ་རང་གསལ་འོད་ལྔའི་དྲྭ་གུར་ཀློང་། །མ་འགག་རང་ཤར་རིགས་ལྔའི་དཀྱིལ་འཁོར་ལྷ། །མ་གྱུར་རང་གཞན་ཁམས་ལྔའི་རྟེན་ལ་བཞུགས། །མཐོ་སྒང་ཞང་བོད་གནའ་རབས་རིག་པའི་སྲོལ། །དྲུག་ལྡན་སྐྱེས་བུའི་སྲོག་ལུས་དབང་ཀླུང་དཔལ། །མི་ཉམས་མཁའ་རུ་སྤུར་བའི་བྱ་མ་རྟ། །ངོ་མཚར་འབྱུང་ལྔའི་རིམ་གྲོའི་གནད་མིག་གླེང་། །
སྐབས་འདིར་གླེང་བར་བྱ་བ་གནའ་བོའི་ཤེས་རིག་ཐུན་མོང་མ་ཡིན་པ། ཁམས་དྲུག་ལྡན་གྱི་སྐྱེས་བུའི་ཚེ་སྲོག་ལུས་དབང་། ཀླུང་རྟ། བླ་དཔལ་བཅས་ཀྱི་བཅོས་ཀའི་གནད་མིག རྟེན་འབྲེལ་འབྱུང་ལྔའི་འཁོར་ལོ་གསོ་བའི་རིམ་གྲོ་བྱེད་སྟངས་དང་། དེའི་འཕྲོད་ལན་གྱིས་ནང་གི་འབྱུང་ལྔའི་ཁམས། རྣམ་ཤེས་དང་ཤ་ཁྲག་དྲོད་དབུགས་བཅས་ཀྱི་སྐོར་ལ་ཕན་ཐོག་འབྱུང་ཚུལ་ཟུར་ཙམ་བཤད་པ་ལ།
ཐོག་མར་ཕྱི་ནང་གི་འབྱུང་ལྔའི་གྲུབ་ཚུལ་དང་། ཕྱི་འབྱུང་ལྔའི་འཕེལ་འགྲིབ་ཀྱིས་ནང་གི་འབྱུང་ཁམས་ལ་དར་རྒུད་འཕྲོད་ལན་འབྱུང་ཚུལ་སྐོར་དང་། དེར་བརྟེན་འབྱུང་བའི་རིམ་གྲོ་བྱེ་བྲག་པ་འགའ་ཞིག་ངོས་བཟུང་ནས་དེ་དག་གི་ཚུལ་དང་ཕན་ཡོན་སྐོར་སོ་སོར་བཤད་པ་དང་། མཐར་འབྱུང་བས་བསྐྱེད་པའི་ཕུང་བོ་འདི་འབྱུང་བས་འཇིག་ཚུལ་ལོ།
དང་པོ། ཁམས་དྲུག་ལྡན་གྱི་སྐྱེ་བོའི་སྣང་ཡུལ་དུ་བཏགས་པའི་འཇིག་རྟེན་གྱི་གཏན་གཞི་སྟེ། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་གྲུབ་པའི་ཕྱི་ཡི་འབྱུང་བ་ཆེན་པོ་ལྔ་ཡི་གྲུབ་ཚུལ་ནི། གྲུབ་མཐའ་འདྲ་མིན་གྱི་བཤད་སྟངས་མང་པོ་ཡོད་ཀྱང་། སྐབས་འདིར་ཤེས་བྱ་ཇི་བཞིན་ཉིད་ཀྱི་གཤིས་ལུགས་ཇི་བཞིན་དུ་མཐོང་བའི་རྫོགས་པ་ཆེན་པོའི་ལུགས་བཞིན་འགོད་རྒྱུ་ཡིན་བྱས་པ་ལ། ཁོ་ན་རེ། འབྱུང་བའི་རིམ་གྲོ་ལ་བརྩོན་ཅིང་ཡི་དམ་དུ་འཛིན་མཁན་ཕལ་ཆེ་བ་ནི། ཐེག་པ་ཆུང་ངུའི་ཀུན་སློང་ཅན་གྱི་གང་ཟག་རྣམས་ཡིན་པས། ཁྱོད་ཀྱིས་ཐོག་མར་འབྱུང་ལྔའི་གྲུབ་ཚུལ་འདི་རྫོགས་པ་ཆེན་པོའི་ལུགས་བཞིན་ཇི་ལྟར་བཀོད་ཅེ་ན། དངོས་པོའི་གནས་ཚུལ་མཐར་ཐུག་དེ་རྫོགས་པ་ཆེན་པོའི་ལུགས་བཞིན་དུ་ཡིན་པའི་དབང་གིས་གྲུབ་ཚུལ་དེ་ལྟར་འཆད་པའོ། དེ་ཡང་ཇི་སྟེ་ན། ཐོག་མར་གཞི་ཡི་གནས་ལུགས་སྟོང་པའི་རང་གདངས་ལས་འོད་རྣམ་པ་ལྔ་ཤར་ཏེ། རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་འོད་གསལ་སེམས་ཀྱི་མེ་ལོང་ལས། རིག་པའི་གདངས་ལས་འོད་ལྔ་བྱུང་ཞེས་དང་། དེ་ཡང་འོད་ལྔ་ལ་སྟོང་བའི་རང་འོད་དང་རང་ཟེར་དུ་མ་ཤེས་ནས། དངོས་པོ་མཚན་མར་བཟུང་ལ་འཁྲུལ་པའི་གཞི་བཏིང་ཞིང་། འོད་ལྔ་ལ་ཆགས་སྡང་རྨོངས་འཁྲུག་གིས་བསླངས་པས་སྣང་ཡུལ་ཇེ་རགས་སུ་སོང་ནས། འོད་ལྔའི་སྙིགས་མ་ལས་སྣང་ཡོར་ཐོགས་བཅས་ཀྱི་གཟུགས་དང་ཕྱི་ནང་གི་འབྱུང་བ་སྲ་ཐང་ངེ་བ་ཞིག་གྲུབ་པ་སྟེ། ཞང་ཞུང་སྙན་བརྒྱུད་ལྟ་བ་སྤྱི་གཅོད་མན་ངག་ལེའུ་བརྒྱད་པ་ལས། སེམས་དང་སེམས་བྱུང་ལོག་རྟོག་ཤར་བ་ཡིས། །རང་སྣང་འོད་ལྔ་གཞན་སྣང་ཡུལ་དུ་བཟུང་། །བཟུང་བས་སྣང་བ་འོད་ཀྱི་མཐའ་རལ་ནས། །འོད་ལྔ་མེ་ཆུ་ས་རླུང་ནམ་མཁར་རྟོག །སེར་པོ་སར་མཐོང་ལྗང་ཁུ་རླུང་དུ་མཐོང་། །དམར་པོ་མེར་མཐོང་སྔོན་པོ་ཆུ་རུ་མཐོང་། །དཀར་པོ་ནམ་མཁར་རྟོག་པ་ཡིན། །ཕྱིའི་འཁྲུལ་པ་མཚོ་ལ་དར་ཆགས་བཞིན། །ཞེས་གསུངས་སོ། སྒྲོན་མ་ལས། ཕྱི་སྣོད་འཇིག་རྟེན་སེམས་ལ་ཤར་ཚུལ་ནི། ནམ་མཁའི་འོད་དང་རིག་པ་འབྲེལ་བ་ལས། གྱ་གྱུ་རླུང་སྟེ་ཕྱད་དང་ཕྱོད་དུ་བྱུང་། བསྐྱོད་པའི་ཤུགས་ལས་ཚ་བའི་མེ་རུ་བྱུང་། མེ་རླུང་ཚ་གྲང་འཐབ་པས་རླན་ཏེ་ཆུ་རུ་བྱུང་། ཆུ་ཡི་བཅུད་ལས་བསྐྱེད་པའི་ས་གཞིར་གྱུར། སྣོད་ཀྱི་འཇིག་རྟེན་ཐམས་ཅད་དེ་ལས་ཆགས། རྒྱུ་ལྔ་འབྱུང་བའི་བཅུད་ལས་ཡུལ་ལྔའི་སྣང་བ་ཤར། ཞེས་གསུངས་པ་ལྟར་རོ།།
ནང་གི་འབྱུང་བ་ཤ་ཁྲག་དྲོད་དབུགས་དང་སེམས་ཀྱི་ཕུང་བོ་རྣམས་ནི། དྭངས་མའི་ས་ཆུ་མེ་རླུང་ནམ་མཁའ་ལྔ་རེ་རེ་ལའང་བསྐྱེད་བྱེད་ས། སྡུད་བྱེད་ཆུ། སྨིན་བྱེད་མེ། གཡོ་བྱེད་རླུང་། གོ་འབྱེད་མཁའ་དང་འབྱུང་བ་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔའི་ཆ་ཡིས་ལུས་སེམས་བསྐྱེད་པའོ། གཟེར་བུ་ཉེར་གཅིག་ལས། རང་རིག་པའི་ཡེ་ཤེས་ཚོན་གང་ལས་སྣང་བའི་འོད་གདངས་རྣམ་ལྔ་ཤར་ཏེ། དེ་ལས་དྭངས་མ་རྣམ་ལྔ་ཤར། དེ་ལས་སྙིགས་མ་རྣམ་ལྔ་ཤར། ཉི་ཤུ་རྩ་ལྔས་ལུས་སེམས་བསྐྱེད། ཅེས་སོ།
དེ་ལྟར་ནང་གི་དོན་ལྔ། ཕྱི་ཡི་ཡན་ལག་ལྔ། དབང་བོའི་སྒོ་ལྔ། ཕུང་བོ་ལྔ། དུག་ལྔ་ལ་སོགས་ལྔ་ལྔར་འབྱུང་བ་ནི་འབྱུང་ལྔའི་རྟེན་འབྲེལ་འཁོར་ལོའི་གནད་ཀྱིས་གྲུབ་པ་སྟེ། སྒྲོན་མ་ལས། ནང་བཅུད་སེམས་ཅན་སེམས་ལ་ཤར་ཚུལ་ནི། ནམ་མཁའི་འོད་དང་རིག་པ་འབྲེལ་བ་ལས། དྲན་པའི་སེམས་དང་རྒྱུ་བའི་རླུང་དུ་བྱུང་། རླུང་སེམས་འབྲེལ་བས་གྱ་གྱུ་དབུགས་སུ་བྱུང་། དབུགས་ཀྱི་ཤུགས་ལས་དྲོད་དེ་མེ་ཡི་ཁམས། དབུགས་དྲོད་འདུས་པས་ཁྲག་སྟེ་ཆུ་ཡི་ཁམས། ཁྲག་གི་བཅུད་ལས་ཤ་སྟེ་ས་ཡི་ཁམས། ལུས་དང་སེམས་སུ་འབྲེལ་བས་དོན་སྙིང་རྣམ་ལྔར་ཆགས། འབྱུང་བ་རྣམ་པ་ལྔ་ཡི་རྟེན་དུ་བཅས། ཡན་ལག་ལྔ་ལ་འབྱུང་ལྔའི་རྩལ་ཡང་ཤར། ནང་གྲོལ་ལྔ་རུ་འབྱུང་ལྔའི་བཅུད་དུ་བསགས། དབང་པོ་ལྔ་ལ་འབྱུང་ལྔའི་སྒོ་ཡང་དོད། ཤེས་པ་ལྔ་ཡི་རྩལ་ལྔ་སོ་སོར་བསྐྱེད། ཡུལ་ལྔ་དག་ལ་སོ་སོར་སྤྱོད་ཅིང་འཛིན། ནང་བཅུད་སེམས་ཅན་སེམས་ལ་དེ་ལྟར་ཤར། འབྱུང་ལྔ་སེམས་དང་འབྲེལ་བས་ཉོན་མོངས་དུག་ལྔ་བསྐྱེད། ཅེས་གསུངས་སོ།།
གཉིས་པ་ཕྱིའི་འབྱུང་བ་འཁྲུག་པ་དང་ཆ་མ་སྙོམས་པའམ་འཕེལ་འགྲིབ་བྱུང་ནས་ནང་གི་འབྱུང་ཁམས་དར་རྒུད་བྱུང་ཚུལ་ནི། དཔེར་ན། རགས་པར་མངོན་སུམ་དུ་མཐོང་བའི་མེ་ཡི་ནུས་པ་སྟེ། ཚ་བ་ཆེས་ཆེར་འཕེལ་སྐབས་སུ་རླུང་དང་ཆུ་ཡི་ནུས་པ་སོགས་ཉམས་དམའ་རུ་འགྲོ་ལ། རང་བཞིན་དུ་ནང་གི་གཡོ་བྱེད་རླུང་གི་ནུས་པ་རྒུད་པའི་རྟགས་ནི། ལུས་ལྕི་ཞིང་ཁ་སྐོམ་པ་དང་། ཕུང་ཁམས་ཉོབ་ཅིང་རིག་པ་འཐིབ་ཏུ་འགྲོ་བ་སོགས་ཀྱིས་ཤེས་ནུས་པས། གཞན་མ་རྣམས་ལའང་ཕན་ནུས་དེ་ལྟར་དུ་འབྱུང་བ་སྨོས་ཅི་དགོས། བྱེ་བྲག་ཏུ་གང་ཟག་སོ་སོའི་ཁམས་དང་འབྲེལ་བའི་རླུང་ལ་གནས་པའི་ལྷ་སོགས་ལ་ཕོག་ཐུག་ཤོར་བ་དང་། རླུང་ཆ་མ་སྙོམས་པ་དང་རྒུད་པ་སོགས་ཀྱི་རྐྱེན་གྱིས། གློ་བུར་དུ་ནང་གི་རླུང་ཁམས་ཀྱི་སྟོབས་ཤོར་ནས། རླུང་རྟ་ཉམས། སེམས་སྤོབས་ཞུམ། གཡོ་འགུལ་ནུས་པ་ཞན། བྱ་བ་ལམ་དུ་མི་འགྲོ། ལུས་ལ་ན་ཚ་ལྡང་། དབུགས་ཀྱང་མི་བདེ་བར་འབྱུང་བས་དེའི་སྐབས་སུ་ནང་གི་འབྱུང་ཁམས་དང་འབྲེལ་བའི་འབྱུང་བའི་རིམ་གྲོ་ལ་བརྩོན་ཚུལ་ནི། ཐུན་མོང་སྐྱེ་བོ་ཕལ་གྱི་བློ་ངོར་ཤོང་བའི་རིམ་གྲོའི་ལུགས་སྲོལ་བཞིན་ཚུལ་དང་མཐུན་པར་ཤེས་པར་མཛོད་ཅིག
གསུམ་པ་ནི། དེ་ལྟར་གྱི་འབྲེལ་བ་ཟབ་མོའི་ཕྱི་ཡི་རྟེན་འབྲེལ་འབྱུང་བའི་འཁོར་ལོའི་རིམ་གྲོ་བྱེ་བྲག་སོ་སོར་བཤད་པ་ལ་ལྔ་སྟེ། རླུང་གི་རིམ་གྲོ། མེ་ཡི་རིམ་གྲོ། ཆུ་ཡི་རིམ་གྲོ། ས་ཡི་རིམ་གྲོ། ནམ་མཁའི་རིམ་གྲོའོ།།

འབྱུང་བ་རླུང་གི་རིམ་གྲོ།

        དང་པོ་རླུང་གི་རིམ་གྲོའམ་རླུང་ཁམས་གསོ་བའི་གནད་གཙོ་བོ་ནི། རླུང་རྟ་སྒྲོན་པ་དང་། རླུང་འཁོར་སྐོར་བ་སོགས་སོ། སྤྱིར་རླུང་རྟ་ཞེས་པ་ནི། གང་དགོས་ཀྱི་བྱ་བ་གེགས་མེད་དུ་འགྲུབ་བྱེད་ཀྱི་ནུས་པ་ཁྱད་པར་ཅན་ཞིག་ལ་འཇོག་པར་སེམས། རླུང་རྟ་སྒྲོན་ཞེས་པའི་རླུང་རྟ་ནི། དེང་དུས་ཡོངས་སུ་གྲགས་པའི་རྒྱུན་མཚོན་གྱི་རི་མོ་ཅན་ཞིག་སྟེ། འདིར་ཕྱོགས་སུ་བཤད་སྲོལ་ལྟར་ན་ཁ་དོག་ནི། ས་སེར། རླུང་ལྗང་། མེ་དམར། སྤྲིན་པ་དཀར། ནམ་མཁའ་སྔོ་ཞེས་བཀོལ་སྲོལ་འདུག་ཀྱང་། རྒྱབ་རྟེན་གྱི་ལུང་གང་ཡང་མ་མཐོང་བས་ངག་རྒྱུན་ཙམ་ཡིན་ལས་ཆེ།
ཁོ་བོའི་བསམ་ཚུལ་ལ་རླུང་རྟའི་ཁ་དོག་ནི་འབྱུང་ལྔའི་རང་མདོག་ཏུ་བྱ་ལ། གོ་རིམ་ནི་ཨ་ལས་ནམ་མཁའ་དཀར། ཡཾ་ལས་རླུང་ལྗང་། རཾ་ལས་མེ་དམར། མཾ་ལས་ཆུ་སྔོ། ཁཾ་ལས་ས་སེར་གསུངས་པ་ལྟར་གྱིས་མཚོན་པའི་ཤོག་གུ་དང་དར་ཚོན་གྱི་ལིང་ཙེ་ཅི་རིགས་པའི་དཀྱིལ་དུ། སྐྱེས་བུའི་ཚེ་སྲོག་གི་རྒྱུན་མཚོན་རྟ་མཆོག་ཅང་ཤེས་དར་མ་ཉིད། ལོག་འདྲེན་བར་ཆོད་ཀྱིས་འགོག་མེད་བརྡ་རུ་སྲབ་མེད་ཁ་རྒོད་ཀྱི་མཚོན་དགོས་པར་གྲགས། བསོད་ནམས་འདོད་དོན་ཕུན་ཚོགས་ཀྱི་མཚན་མ་ནོར་བུ་ཁལ་ཁུར་དང་རིན་ཆེན་རྒྱན་སྤྲས། དབང་ཐང་དགུང་མཉམ་གྱི་མགྱོགས་འགྲོ་འཕུར་སྟབས་ཀྱི་གར་དུ་བསྒྱུར་ཅིང་། དཔལ་དང་གཟི་བརྗིད་དཔའ་རྩལ་གྲགས་པ་གྱེན་དུ་འཕྱུར་བའི་བརྡ་རུ། རྩལ་དྲུག་ལུས་ལ་འཛོམས་པའི་སྲོག་ལྡན་དར་མ་སྟག་སེང་ཁྱུང་འབྲུག་རིས་ཀྱིས་ཟུར་བཞི་ནས་མཚན་པའམ། ཡང་ན་སའི་མཚོན་རྟགས་སུ་སེང་གེ། ཆུའི་མཚོན་རྟགས་སུ་འབྲུག མེའི་མཚོན་རྟགས་སུ་ཁྱུང་། རླུང་གི་མཚོན་རྟགས་སུ་སྟག་གི་གཟུགས་རྣམས་བཀོལ་སྲོལ་ཡོད་པར་གསུངས་པ་བཞིན་ནོ། གང་ལྟར་དེ་དག་ལ་སྲོག་ལུས་དབང་ཐང་རླུང་རྟ་བླ་དཔལ་རྣམས་བསྐྱེད་པའི་གཟུངས་སྔགས་དང་དེའི་ཤམ་བསྒྱུར་ལ། བདག་འཆང་བ་པོའི་ལོ་ཁམས་དང་མིང་རུས་མཁན་གསུམ་བཅས་ལ་གང་མོས་འདོད་གསོལ་གྱིས་བརྒྱན་ཏེ་འབྲི་བའོ། འབྲི་ཚུལ་ཡིག་གཟུགས་ནི་ཡིག་དཀར་རམ་དབུ་ཅན་ཚེག་མེད་དུ་འབྲི་དགོས་པ་ཡིན་ཏེ། ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གིས་སྦྱིན་སྲེག་དམིགས་བུ་ལས། རང་ལུགས་སྙིང་བོ་རྣམས་དབུ་ཅན་ཚེགས་མེད་དུ་འབྲི་བ་འགྲོ་མགོན་སོགས་ཀྱི་ཕྱག་ལེན་འཁྲུལ་མེད་ཡིན་པས་དེ་ལྟར་དང་། ཞེས་གསུངས་པ་ལྟར་བྲིས་ལ་རི་མཐོ་ས་གཙང་གི་རླུང་ལ་བསྐྱོན་ན། ཀེག་དང་བར་ཆོད་བཟློག་ཅིང་བྱ་བ་ལམ་ལྷོང་ཡོང་སྟེ། ཞུ་མདོ་པད་སྤུངས་ལས། ཤིང་རྩེར་རླུང་རྟ་གཟུག་ལ་དར་ཆ་ཕྱར། དེ་ཡིས་ཤིང་གི་ཟིན་ཀེག་བཟློག་པར་འགྱུར། ཞེས་གསུངས་པ་བཞིན། ཕྱི་ཡི་འབྱུང་བ་རླུང་གི་ནུས་པ་རྒྱས་ཤིང་སྙོམས་ལ་ནང་གི་འབྱུང་ཁམས་ཀྱང་དར་བར་འགྱུར་རོ། མདོ་དྲི་མེད་གཟི་བརྗིད་ལས། འབྱུང་བ་རླུང་གི་ལྷ་མོས་བྱིང་བ་གསིང་། ཞེས་གསུངས་པ་ལྟར་རླུང་གི་ལྷ་མོ་དགྱེས་ཤིང་མཉེས་ན། སོ་སོའི་རླུང་རྟ་དར་བར་བསྐྱེད་པས་ཕྱི་རྟགས་སུ་དབུགས་བདེ་བ་དང་། ནང་རྟགས་ལ་དོན་སྣོད་གློ་བ་དང་རྒྱུ་ལོང་གསོ་ལ། རླུང་ནད་འཇོམས་པ་བཅས་ཀྱི་དགེ་ཕན་ཤིན་ཏུ་ཆེ་བའི་རྟེན་འབྲེལ་མདའ་མོའི་གནད་ཀྱིས་དམར་རྗེན་ཟང་ཐར་དུ་འབིགས་ནུས་པས་སོ།།
གཞན་ཡང་བདེ་བར་གཤེགས་པའི་བཟླས་ཆོག་རྩ་གཉེན་སྙིང་བོ་རྣམ་གསུམ་སོགས་དང་། རླུང་ལྕམ་སྒྲོན་མ་ལས་སོགས་དཔལ་གྱི་གྱད་བཞིའི་གཟུངས་སྔགས་དང་འདོད་གསོལ་བཅས་རླུང་ལ་སྒྲོན་ན། འཆང་བ་པོའི་ནང་གི་འབྱུང་ཁམས་དང་འབྲེལ་བའི་རླུང་ལ་བྱིན་རླབས་དང་ནུས་པ་ཁྱད་པར་ཅན་ཞུགས་ནས། འཆང་བ་པོ་ལ་དཔའ་བའི་གྱད་བཞིའི་འདོད་གསོལ་བཞིན། གང་གིས་མི་རྫི་བ་དང་། མི་ཟིན་པ། ཕན་པ་དང་ཤིས་པ་འཕྲོད་པར་འགྱུར་ལ། གང་ལའང་ཐོགས་པ་མེད་པ་དང་། ཕམ་པ་དང་ཕ་རོལ་པོ་གང་ལའང། ཁྲོས་བྱེད། རྨོངས་བྱེད། རིང་བྱེད། སྒྲོལ་བྱེད་ནུས་པ་སོགས། རྟེན་འབྲེལ་གྱི་དངོས་པོས་མི་བསླུ་བའི་རང་ཤག་འདེབས་པའོ།
རླུང་འཁོར་ལའང་། སྲུང་འཁོར། ཟློག་འཁོར། བསད་འཁོར། སྒྲིབ་སྦྱོང་འཁོར་ལོ་སོགས་རིགས་དུ་མར་མཆིས་པ་དེ་དག་གི་ཕན་ནུས་བསམ་གྱིས་མི་ཁྱབ་པར་ཡོད་ཀྱང་། སྐབས་འདིར་རྒྱས་པར་མ་སྤྲོས་སོ། མདོར་ན་ཁམས་དྲུག་ལྡན་གྱི་སྐྱེ་བོ་གང་ཡིན་རུང་འབྱུང་བ་རླུང་གི་ནུས་པའི་གཟེབ་ཏུ་ཚུད་པས། འབྱུང་བ་རླུང་གི་དབལ་ཁའི་རྣམ་འགྱུར་གྱིས་གང་དུ་ཡང་བསྒྱུར་དུ་གཏུབ་པའི་གནད་ཀྱིས་འགྲུབ་བོ། དཔེར་ན། རླུང་ལ་ལས་སུ་རུང་ན་ཨེ་འགྲོ་མི་ཚོར་བར་ཕྱིན་པ་སྟེ། ཡང་རྩེ་ཀློང་ཆེན་ལས། ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་ན་རླུང་ལས་སུ་རུང་བའི་རྟགས་ཞེས་གསུངས་པ་བཞིན་རྟེན་འབྲེལ་གྱི་གནད་ཤིན་ཏུ་ཟབ་པའི་དབང་གིས་སོ།།

འབྱུང་བ་མེ་ཡི་རིམ་གྲོ།

          གཉིས་པ་འབྱུང་བ་མེ་ཡི་རིམ་གྲོ་གཙོ་བོ་ནི། སྦྱིན་སྲེག་དང་། བསང་གསུར། མེ་འཁོར། སྒྲོན་མེ་སྤར་བ་བཅས་ཡིན། དང་པོ་སྦྱིན་སྲེག་ནི་རྒྱུད་སྡེ་ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་རྒྱ་མཚོ་ལ་བསྐང་བཤགས་ཚོགས་འབུལ་གྱིས་སྦྱིན་སྲེག་དང་། སྣང་སྲིད་ཀྱི་གདུག་པ་ཞི་ཕྱིར་མགྲོན་བཞི་མཉེས་པའི་སྦྱིན་སྲེག གདུང་སྲེག་སྡིག་སྦྱོང་མེ་ལྷའི་སྦྱིན་སྲེག ལས་ཀྱི་མདེལ་ཁ་དྲག་པོ་ཧོམ་གྱི་སྦྱིན་སྲེག གཞན་ཡང་མེ་ཡི་ལྷ་དང་ལྷ་མོ་མཉེས་པའི་མཆོད་རྫས་དང་བསྲེག་རྫས་སྔགས་རྫས་བཅས་ཀྱི་སྦྱིན་སྲེག་འབུལ་ཚུལ་གྱི་རྣམ་བཞག་ཇི་སྙེད་ཅིག་ཡོད་ཀྱང་། སྐབས་འདིར་སྤྱི་འགྲོས་ཀྱི་མཚན་གཞི་ཙམ་ཞིག་ངོས་བཟུང་བ་ལས། རྒྱས་པར་རང་གཞུང་སོ་སོའི་སྦྱིན་སྲེག་གི་ལག་ལེན་ཟུར་གསལ་གཟིགས་ཆོག་ཏུ་ཡོད་པས་འཐུས་འདིར་བཀོད་མེད། སྤྱིར་སྦྱིན་སྲེག་ཅེས་པ་ནི། ཀུན་རིག་འབྲིང་བོ་ལས། འགྲོ་དོན་སྦྱིན་པ་ཆགས་མེད་ཐོགས་མེད་ཅིང་། ཉོན་མོངས་བག་ཆགས་བསྲེགས་པས་སྲེག་ཅེས་བྱ། ཞེས་དང་། མདོ་རྩ་ལས། སྦྱིན་ཡང་བསྲེག་ཕྱིར་བསྲེག་ཅེས་བྱའོ། ཞེས་གསུངས་པས་སོ། དགོས་པ་ནི། འཕྲལ་གྱི་རྐྱེན་དང་ཡུན་གྱི་སྒྲིབ་སྦྱང་བ་དང་། ངེས་པར་ཚོགས་གཉིས་རླབས་པོ་ཆེ་རྫོགས་ཀྱི་ཆེད་དུ་སྟེ། སྣང་སྲིད་ཞི་བའི་སྦྱིན་སྲེག་ལས། སྣང་སྲིད་གདུག་པ་ཞི་བ་དང་། ཚོགས་རྫོགས་སྒྲིབ་པ་སྦྱང་བའི་ཕྱིར། ཞེས་གསུངས་སོ། དེ་དག་གི་རྫས་དང་ཡོ་བྱད་འབུལ་ཚུལ་ཕན་ཡོན་དང་བཅས་སོ། དང་པོ་རྫས་ནི། རྣམ་ལྔ་ལ་སོགས་མཆོད་རྫས་དང་། སྤྱན་གཟིགས་ལ་སོགས་བསྲེག་རྫས་ཅི་རིགས་སུ་འབྱུང་བ་ནི་གཞུང་སོ་སོའི་སྐབས་དང་བསྟུན་ཤེས་པར་བྱོས། སྦྱིན་སྲེག་ཕལ་ཆེར་གྱི་བགེགས་རྫས་ལ་མཚེ་ཉུངས་དང་། བཤགས་རྫས་ལ་ཏིལ་དཀར་ནག བཀྲ་ཤིས་སྨོན་ལམ་གྱི་རྫས་ནི་འབྲུ་དང་མེ་ཏོག་སྣ་ཚོགས་སོ། ཡོ་བྱད་ནི། དཀྱིལ་འཁོར་རྡུལ་ཚོན་གྱི་ཡོ་བྱད་དང་། ཕྲིན་ལས་མཁན་གྱི་ཆས་གོས། ཧོམ་གཟར་སྐྱོགས་མེ་དར་རླུང་དར་མེ་འགོ་དར་གནོན་བཅས་དགོས་པ་ནི་སྤྱི་འགྲོས་ཙམ་མོ། གཞན་རོ་སྲེག་སྤུར་སྦྱོང་དང་ལས་ཀྱི་མདེལ་ཁ་བཅས་ཀྱི་སྦྱིན་སྲེག་སྐོར་རྫས་དང་ཡོ་བྱད་སྒྲིག་རིམ་སོགས་ཀུན་རིག་ལས་བཞི་རྒྱུན་ལྔའི་དམིགས་བུ་སོགས་ལས་རྒྱས་པར་གསལ་བས་འདིར་མ་བྲིས་སོ།།

འབུལ་ཚུལ་ནི། གང་ལྟར་འབྱོར་བ་ཆེ་ཆུང་དང་མཆོད་སྐོར་རྒྱས་བསྡུས་གང་ལྕོག་ན་ལྕོག་ཚོད་དེ་ཀུན་སློང་རྣམ་པར་དག་པའི་སྒོ་ནས་ཡོན་མཆོད་གཉིས་ཀས་ཁུངས་ལུང་དང་ལྡན་པའི་སྒོ་ནས། ཁམས་གཙང་ཞིང་ཡིད་དུ་འོང་བ་སྨར་དག་པ་ཞིག་དགོས་པ་ངེས་ཅན་ཡིན་ཏེ། དེ་ལྟར་མ་བྱས་ཞིང་གང་བྱུང་མང་བྱུང་གིས་དཀར་མངར་ཤ་ཁྲག་གི་གཞོབ་གསུར་མེར་བསྲེགས་ཅི་ཐུབ་བྱས་ན། སྡེ་བརྒྱད་ལ་ཕོག་ཐུག་མཁོན་འགྲས་འབྱུང་བ་དང་། སོ་སོའི་འཚོ་བ་ལ་གཏོར་བཤིག་གཏོང་བ་ཙམ་མ་གཏོགས་དགེ་ཕན་ཕར་ཞོག་ཉེས་བྱས་ཀྱི་རྒྱུ་རུ་འགྲོ་བ་ངེས་ཅན་ཡིན་ཏེ། སྤྱི་འདུལ་རིན་ཆེན་ཆར་འབེབས་ལས། མར་རྣམས་མཚན་ཉིད་མི་ཤེས་པར། གང་ཞིག་སྦྱིན་སྲེག་བྱེད་པ་དེ་ནི། ལེགས་བྱས་མ་ཡིན་ཉེས་བྱས་ཏེ། ཐབ་གཞོང་མཁོན་འགྲས་འབྱུང་འགྱུར་ཏེ། ལས་ཀྱི་འབྲས་བུ་འབྱུང་མི་འགྱུར། ཞེས་གསུངས་སོ། ཕན་ཡོན་ནི། ཚུལ་དང་མཐུན་པར་སྦྱིན་སྲེག་ཕུལ་བའི་ཕན་ཡོན་དཔག་ཏུ་མེད་པ་ཡོད་དེ། ཕྱི་ནང་ཡི་དམ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་གང་ལའང་། སྦྱིན་སྲེག་ཡོངས་སུ་དག་པའི་མཆོད་པ། རྫས་ཕུན་སུམ་ཚོགས་པ་གྲངས་སྟོང་རྩ་གཅིག་ཕུལ་བས། སྐུ་གསུང་ཐུགས་མཆོག་རབ་ཏུ་མཉེས་པའི་བྱིན་རླབས་ཀྱིས། བདག་དང་མཆོད་ཡོན་གྱི་བདག་པོ་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས། ཚེ་རབས་ཐོག་མ་དཔག་ཏུ་མེད་པ་ནས། ད་ལྟའི་བར་དུ་བསགས་པའི་བག་ཆགས་སྡིག་སྒྲིབ་ཅི་མཆིས་པ་ཐམས་ཅད་དག་ཅིང་བྱང་བར་འགྱུར། ཞེས་སྦྱིན་སྲེག་རྣམས་ཀྱི་ཕན་ཡོན་འཆད་པའི་སྐབས་སུ་འབྱུང་ངོ་།།
མེ་འཁོར་ནི། སྐོར་བྱེད་མེ་ཡི་ནུས་པས་བསྐོར་བ་མ་གཏོགས་བསྐོར་རྒྱུའི་སྙིང་པོ་དང་ཕན་ཡོན་སོགས་གོང་དུ་རླུང་འཁོར་སྐབས་འདྲེས་ཆོག་པར་སྙམ་མོ།།
ྋ མར་མེ་དང་དེའི་ཕན་ཡོན་ནོ། མར་མེ་ནི། རིན་ཆེན་རིགས་ཀྱི་རྐོང་བུའམ་ས་ཡི་རྐོང་བུ་བཅས་ཅི་འབྱོར་གཙང་མར་བཟོ་ལ། བཟང་ཤིང་རིགས་ཀྱི་སྡོང་བུ་ལ་ཤི་ཤོན་དར་གྱི་རས་སོགས་ཀྱིས་བཀྲིས་ཤིང་། མར་མེ་རྒྱལ་མཚན་གཞུང་ལས། ཚེ་འདས་གཤིན་ལ་བྱེད་ན་དེ་བཞིན་བྱ། འདུས་བྱས་དགེ་རྩ་རྒྱ་ཆེ་གྲངས་མང་ཡང་། ལར་ཡང་མཆོད་པའི་བྱེ་བྲག་བསོད་ནམས་ཆེ། དེ་ཡི་ནང་ནས་མར་མེ་བསོད་ནམས་ཆེ། ཁམས་གསུམ་འཁོར་བའི་མུན་པ་སངས་པར་འགྱུར། ལས་ངན་བག་ཆགས་སྡིག་སྒྲིབ་བྱང་བར་འགྱུར། རང་རིག་ཡེ་ཤེས་དཔག་མེད་འཆར་བར་འགྱུར། ཞེས་གསུངས་སོ།།
སྤྱིར་ཕྱི་ཡི་འབྱུང་བ་མེ་ཡི་ནུས་པ་རྒྱས་ཞིང་སྙོམས་ན། རང་ཤུགས་ཀྱིས་དེ་དང་འབྲེལ་བའི་ནང་གི་འབྱུང་བ་མེ་ཁམས་ཀྱིས་བསྡུས་པའི་ཕུང་བོ་ལའང་བཀྲག་མདངས་རྒྱས་ལ། ཁྱད་པར་དུ་ནང་རྟགས་སུ་ལུས་དྲོད་འཁོར་ཞིང་མཆིན་པ་དང་མཁྲིས་པ་ལྕེ་དབང་ལག་གཡས་བཅས་གསོ་བའི་རྟེན་འབྲེལ་གྱི་གནད་དུ་སྨིན་ཏེ། དཔེར་ན། མེ་ལས་སུ་རུང་ན་འཁྱག་སྣང་མེད་པར་འབྱུང་བ་སྟེ། རྫོགས་ཆེན་ཡང་རྩེ་ཀློང་ཆེན་ལས། གཅེར་བུར་འདུག་ཀྱང་གྲང་སྣང་མེད་ན། མེ་ལས་སུ་རུང་བའི་རྟགས། ཞེས་གསུངས་པ་བཞིན་ནོ།།

འབྱུང་བ་ཆུ་ཡི་རིམ་གྲོ།

        གསུམ་པ་འབྱུང་བ་ཆུ་ཡི་རིམ་གྲོ་གཙོ་བོ་ནི། ཆུ་དར་འཛུགས་པ་དང་། ཆུ་གཏོར་གཏོང་བ། ཆུ་འཁོར་འཛུགས་པ། ཆུ་ཚ་གདབ་པ། ཚེ་གཟུངས་ཀྱི་གསེར་ཟམ་འཛུགས་པ་བཅས་ནི། གནའ་རབས་ཀྱི་ལུགས་སྲོལ་དངོས་མ་མིག་ལམ་དུ་གསོན་ཉམས་འབུར་ཚུགས་སུ་སྣང་རྒྱུ་ཡོད་པ་རྣམས་ཀྱི། ྋ ཆུ་དར་འཛུགས་ཞེས་པ་ནི། གོང་དུ་བཤད་པའི་རླུང་རྟ་ཚེ་གཟུངས་དང་བར་ཆོད་ལམ་སེལ་སོགས་འདོད་གསོལ་བྲིས་པ་ཆུ་ཡི་ནང་དུ་འཛུགས་པའམ། ཆུ་ལ་རེག་ལ་མ་རེག་བྱ་ལ་ཆེ་བ་གཤེན་གྱི་ཆུ་གཏོར་ཅེས་བྱ་བ། གཤེན་ཐང་མ་འོད་རྒྱལ་གྱིས་གསུངས་པའི་རྩིས་འགོ་བདུན་པ་ལས་གསུངས་པ་ལྟར། ཆུ་གཏོར་གྱི་རྒྱུ་དང་ཡོ་བྱད་བཤམས་ལུགས་ནི། རྒྱུ་ནི་ཆུ་གཙང་མ་རི་མཐོའི་ཁ་ནས་འབབ་པ་རྡུལ་དང་སྙོག་མ་མེད་པ་དེས་བྱ། ཡོ་བྱད་རྫས་མནོལ་བ་དང་མ་སྨེ་བའོ། སྨན་སྣ་སུམ་བརྒྱ་དྲུག་ཅུ་ཡོད་ན་རབ། མེད་ན་སྨན་རྣམ་པ་ལྔ། སྤོས་སྣ་སུམ་བརྒྱ་དྲུག་ཅུ་ཡོད་ན་རབ། མེད་ན་སྤོས་རྣམ་པ་ལྔ། སྙིང་པོ་ལྔ། འབྲུ་ལྔ། གསེར་གཡུ་ལས་སོགས་རིན་ཆེན་སྣ་ཚོགས་དཀར་གསུམ་མངར་གསུམ། མེ་ཏོག་དར་ཟབ་ཡན་ཆད་འབྱོར་ཚད་བཤམས། ཐ་ན་ཆུ་ལྡུམ་སྐྱོགས་གང་དང་མེ་ཏོག་སྤར་གང་ལ་བྱིན་གྱིས་རླབས་ནས་བཤམས། ཡོ་བྱད་བཤམས་ལུགས་ནི། ཅ་ཏ་ཞེས་པ་རིན་པོ་ཆེ་གང་རིགས་ཀྱི་ཁྲིའམ་གཡུ་ཡི་ཁྲིའམ་ཟངས་ཀྱི་ཁྲིའམ་འཕྲུལ་འཁོར་རང་འགྱུར་གྱི་ཁྲིའམ་དེ་མིན་ཤིང་གཙང་མའི་ཁྲི་ཡན་ཆད་ལ་བཞག་ཅེས་གསུངས་པ་བཞིན་ནོ།། རྒྱུ་ཆུང་ལ་འབྲས་བུ་ཆེ་བ་གཤེན་གྱི་ཆུ་གཏོར་ཞེས་སོགས་ཕན་ཡོན་བྱིན་རླབས་ཤིན་ཏུ་ཆེ་བར་གསུངས་སོ།ྋ ཆུ་འཁོར་ཞེས་པ་ནི། འབྱུང་བ་ཆུ་ཡི་ནུས་པ་གོང་དུ་བཤད་པའི་སྙིང་པོ་སོགས་བསྐོར་བ་ལ་བྱའོ། དེ་ཡང་ཉིན་མཚན་བར་མེད་དུ་བསྐོར་བ་བཞིན་དུ་ཕན་ཡོན་ཤིན་ཏུ་རླབས་ཆེ་བར་གསུངས་སོ། །
ྋ གཞན་ཡང་ཆུ་ཚ་གདབ་ལུགས་ལ། དམིགས་བསྐྱེད་དགོངས་པ་དང་མ་བྲལ་བའི་སྒོ་ནས། ཚ་ཚའི་བརྐོས་ཕོར་དུ་དམ་རྫས་དང་རིན་ཆེན་འབྲུ་སྣ་བཅས་བླུགས་ཤིང་། ཆུ་བཅུས་ལ་ཆུ་བོའི་ཀློང་དུ་སྐུ་གདུང་ཚ་ཚ་གདབ་པ་ལ་བྱའོ། ྋ ཚེ་སྒྲུབ་གསེར་ཟམ་ཞེས་པ་སྔར་སྲོལ་གྱི་རིམ་གྲོའི་གནད་མིག་ཞིག་གམ། མོ་རྩིས་སོགས་ནས་རིམ་གྲོ་འབྱུང་བ་ལྟར། ཆུ་ཆེན་དང་ཆུ་ཕྲན་གང་རུང་གི་ཕར་ཁ་ནས་ཚུར་ཁའི་བར་དུ་ཟམ་མ་ཆད་པར་ཚེ་གཟུངས་ཀྱི་རྡོ་འབུམ་བསྟར་ཕྲེང་དུ་བཀོད་སྲོལ་ཡོད་པ་བཞིན་ནོ།
ཡོན་ཆབ་ནི། གཙང་མའི་ཏིང་ཕོར་དུ། རིན་ཆེན་བརྡར་ཕྱེ་འབྲུ་དང་མེ་ཏོག་སོགས་ལ་གཙང་ཆུས་བཀང་ལ་ཞོགས་ཀར་བཤམས་ཤིང་དགོངས་མོར་བཀྲོལ་སྲོལ་ཡོད། མདོ་སོགས་ལས་རྒྱས་པར་གསལ་བས་འདིར་མ་བྲིས།
ཕན་ཡོན་ནི་དེ་ལྟར་ཕྱི་ཡི་འབྱུང་བ་ཆུ་ཡི་ཁམས་ལ་བྱིན་གྱིས་རླབས་པས། སྡུད་བྱེད་ཆུ་ཡི་ལྷ་མོ་སོགས་མཉེས་ཏེ། ནང་གི་འབྱུང་ཁམས་དང་འབྲེལ་བའི་ཕྱི་འབྱུང་བ་ཆུ་ཡི་དཔལ་དང་ནུས་པ་ཐམས་ཅད་རྒྱས་པས། འབྱུང་བ་ཆུ་ཡི་དྭངས་མ་ཁྲག་རྒྱས་ནས་ལུས་ཁམས་དར་ལ་ཤེད་སྟོབས་རྫོགས་པ་དང་། ལུས་ཀྱི་གཟི་དཔལ་རྒྱས་ལ་བཞིན་གྱི་བཀྲག་མདངས་འཕེལ་བའོ། ལྷག་པར་དུ་ཆུ་ལས་སུ་རུང་ན་ཆུས་མི་ཁྱེར་བ་སྟེ། ཡང་རྩེ་ཀློང་ཆེན་ལས། ལུས་སྣུམ་ལ་བཀྲེས་སྐོམ་མེད་ན་ཆུ་ལས་སུ་རུང་བའི་རྟགས། ཞེས་གསུངས་པ་བཞིན། རྟེན་འབྲེལ་གནད་ཀྱིས་དོན་སྣོད་མཁལ་མ་དང་ལྒང་བ་རྣ་དབང་བཅས་གསོ་ཞིང་། བད་ཀན་གྱི་ནད་བཅས་ལས་གྲོལ་ནུས་པའི་འབྱུང་ཆེན་ཆུ་ཡི་འཁོར་ལོའི་རིམ་གྲོའི་གནད་མིག་ཟབ་པ་ལུང་རིགས་གཉིས་ཀྱིས་གྲུབ་བོ།།

འབྱུང་བ་ས་ཡི་རིམ་གྲོ།

         བཞི་བ་འབྱུང་བ་ས་ཡི་རིམ་གྲོ་ནི། ས་ཚཱ་གདབ་པ། མཆོད་རྟེན་དང་། སྐུ་གདུང་། སྐུ་གཟུགས། ལྷ་ཡི་གཞལ་ཡས་ཁང་སོགས་བཞེངས་པའོ། ས་ཚཱའམ་ཚ་ཚ་གདབ་ལུགས་ནི། རབ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཁྱད་པར་ཅན་གྱི་གདུང་བསིལ་དང་སྐུ་ཤ་གདུང་རུས་མེ་གདུག་མ་དང་། དབུ་སྐྲ་དང་ཕྱག་སེན་སོགས་བྱིན་ཆེན་རིགས་ཅི་འབྱོར་ལ། རིན་ཆེན་སྣ་ལྔ་དང་སྣ་བརྒྱད་གང་དག་ལ། སྒྲུབ་གནས་རྩ་ཆེན་གྱི་ས་སྣ་དང་ཆུ་སྣ་སོགས་ཀྱིས་བགྲུས་ཏེ། མཆོད་སྡོང་ཆ་བརྒྱད་དང་ཆ་དགུ་སོགས་ཅི་རིགས་སུ་འབྱུང་བའི་བརྐོས་ཕོར་དུ་གདབ་ལ། ཆུ་ཆར་གྱིས་མི་འཇིག་པའི་གནས་ཁང་ཚ་ཁང་ངམ། ཁང་བརྩེགས་མཆོད་རྟེན་གྱི་ནང་དུ་བཤམས་ཤིང་མཆོད་པའི་རྟེན་དུ་བཤམས་ན།
ྋ ཕན་ཡོན་ནི། དེར་ཕྱོགས་སུ་འབྱུང་བ་ས་ཡི་ཁམས་ལ། ཁྱད་པར་འཕགས་པ་གང་གི་དཔལ་དང་བྱིན་རླབས་ནུས་པ་ཁྱད་པར་ཅན་ཞུགས་ནས། ས་ཕྱོགས་སུ་བཀྲ་ཤིས་པ་དང་། ཡུལ་ཕྱོགས་སུ་ལོ་ལེགས་རྩི་ཐོག་རྒྱས་པ། ལྷག་པར་དུ་དངོས་ཀྱི་བཞེངས་པ་པོ་རྣམས་ཀྱི་ནང་གི་འབྱུང་བ་ས་ཡི་དཔལ་ཉམས་པ་རྣམས་སོས། ལུས་ཕུང་ཤ་ཡི་བཀྲག་མདངས་གཟི་མདངས་རྒྱས། མཚེར་བ་དང་ཕོ་བ་ལག་པ་གཡོན་པ་རྣམས་གསོ་ཞིང་། འདུས་པའི་ནད་གདོན་སོགས་ལས་གྲོལ་བའི་རྟེན་འབྲེལ་གྱི་གནད་ཀྱིས་དངོས་པོ་ཟང་ཐལ་དུ་འབིགས་ནུས་ཤིང་། ས་ལས་སུ་རུང་ན་ལུས་ལ་ཚ་གྲང་ལ་སོགས་རེག་བྱས་མ་གནོད་པ་དང་རྡོ་ལ་ཞབས་རྗེས་བཞག་ནུས་པ་སྟེ། ཡང་རྩེ་ཀློང་ཆེན་ལས། ལུས་ཚ་གྲང་གི་རེག་པ་མི་ཚོར་ན། འབྱུང་བ་ས་ལས་སུ་རུང་བའི་རྟགས། ཞེས་གསུངས་པ་དང་། ཞུ་མདོ་པད་མ་སྤུངས་པ་ལས། ཤ་དང་མཚེར་བའི་ནད་རྣམས་ཞི། བུམ་གཏེར་ཚ་ཚ་ཁང་དང་གཙུག་ལག་ཁང་། བཞེངས་ཤིང་དུར་སྒོ་བཅད་ན་ཀེགས་ལས་ཐར། ཞེས་གསུངས་སོ།།

འབྱུང་བ་ནམ་མཁའི་རིམ་གྲོ།

          ལྔ་བ་འབྱུང་བ་ནམ་མཁའི་ཁམས་ཀྱི་རིམ་གྲོ་ཞེས་མིང་ཙམ་ལས། འབྱུང་བ་གཞན་བཞི་ལྟར་དམིགས་བསལ་ལོགས་སུ་བཤད་པ་ཞིག་མ་མཐོང་ཡང་། འོན་ཀྱང་ཕྱི་ཡི་འབྱུང་ཁམས་ནམ་མཁའ་དང་འབྲེལ་བའི། ནང་གི་འབྱུང་ཁམས་ཀྱི་གཙོ་བོ་སེམས་དང་། དོན་སྣོད་སྙིང་དང་བསམ་བསེའུ་ཡན་ལག་གི་དང་པོ་མགོ་དང་། དབང་པོའི་དྭངས་མ་མིག་བཅས་གསོ་ཞིང་། ལྷག་པར་དུ་འདུ་བ་རྣམས་བཞིའི་ནད་སོགས་ལས་གྲོལ་བའི་རིམ་གྲོ་གཙོ་བོ་རྣམས་ལ། ནམ་མཁའི་རིམ་གྲོའམ་བཅོས་ཀའི་གནད་མིག་ཅེས་སྨོས་ཆོག་མོད། གང་ཡིན་ཟེར་ན། དེ་དག་གཙོ་བོ་ནི་ཕྱི་ཡི་འབྱུང་བ་ནམ་མཁའི་ཁམས་དང་འབྱུང་བཞིའི་རྟེན་འབྲེལ་གྱི་ཐུན་མོང་མ་ཡིན་པའི་འཕྲོད་ལན་ཟབ་མོ་ཡོད་པའི་གནད་ཀྱིས་འགྲུབ་བོ།།
དེ་ཡང་འབྱུང་བ་ས་ཆུ་མེ་རླུང་བཞིའི་རིམ་གྲོ་རྣམས་གོ་འབྱེད་ཀྱི་མཁའ་ཡི་ཀློང་དང་མ་བྲལ་བར་བསྒྲུབས་པས། གུད་དུ་འབྱུང་བ་ནམ་མཁའི་རིམ་གྲོ་ཐུན་མོང་བ་ཕན་རླབས་ཅན་ཞིག་འབྱུང་ངེས་པའོ། ཐུན་མོང་མ་ཡིན་པ་ནམ་མཁའི་རིམ་གྲོ་གཙོ་བོ་ནི། སེམས་ཀྱི་གནད་ལ་ཐུག་པས། མཐའ་བྲལ་ནམ་མཁའི་ངོགས་ལྟར་སེམས་ཀྱི་འཁྲུལ་བ་བཤིག་པའི་མན་ངག་ཟབ་མོ་གང་དག་ལ་འཇུག་ཤེས་པར་མཛོད་ཅིག དེ་ནས་ནམ་མཁའ་ལས་སུ་རུང་བས་གཞན་སྣང་མཁྱེན་པའོ་ཞེས་དང་། ཡང་རྩེ་ཀློང་ཆེན་ལས། དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་ན། འབྱུང་བ་ནམ་མཁའ་ལས་སུ་རུང་བའི་རྟགས། ཞེས་གསུངས་སོ།།
བཞི་བ་མཐར་འབྱུང་བས་འཇིག་ཚུལ་ལ། དང་པོ་འབྱུང་ལྔས་བསྐྱེད་ཅིང་བར་དུ་བསྡུད་པའི་སྣོད་བཅུད་རྣམས་ནི། སྤྱིར་འབྱུང་བ་མེ་ཆུ་རླུང་གསུམ་གྱི་བསྐལ་པས་འཇིག་མོད། དཔེར་ན། བསམ་གཏན་དང་པོ་རྟོག་དཔྱོད་མེ་ལྟ་བུ་དེ་མ་བྲལ་བས་མཐར་མེ་ཡི་བསྐལ་བས་འཇིག བསམ་གཏན་གཉིས་པ་དགའ་བདེ་ཆུ་ལྟ་བུ་དེ་མ་བྲལ་བས་མཐར་ཆུ་ཡི་བསྐལ་བས་འཇིག བསམ་གཏན་གསུམ་པ་གཡོ་རྩོལ་རླུང་ལྟ་བུ་དེ་མ་བྲལ་བས་མཐར་རླུང་གི་བསྐལ་བས་འཇིག་པའོ། བསམ་གཏན་བཞི་བ་ཡན་ཆོད་ལ་དེ་ལྟར་གྱི་འབྱུང་བས་བསྐྱེད་བསྡུད་མེད་པས། མཐར་འབྱུང་ལྔའི་གཡར་ཁང་ངམ། ཁམས་དྲུག་ལྡན་གྱི་སྐྱེ་བོའི་གང་ཟག་བཅས་ཀྱི་ཕུང་བོ་འདི་ཉིད་ཀྱི་འབྱུང་བའི་ནུས་པའམ་ཚེ་ཡི་ཚད་རྫོགས་ན་འཆི་བའམ་འཇིག་པའོ། འཇིག་ཚུལ་ནི། ལུས་དང་པོ་ཆག་རིམ་ལྟར་དུ་འཇིག་པའོ། ལུས་གནས་ཀྱི་འབྱུང་ལྔའི་འཁོར་ལོ་ལྔ་ཡི་དང་པོ་ལྟེ་བ་ས་ཡི་འཁོར་ལོ་ཆགས་སྔ་བས་ས་ཡི་འཁོར་ལོ་ཞིག་ནས་ནུས་པ་ཆུ་ལ་ཐིམ་པའི་རྟགས་ཤར་ཏེ། ལུས་སྟོབས་ཤོར་ནས་ལྡང་མི་ནུས། བལ་འདབ་གསེར་རྡོས་མནན་པ་ལྟར་སོང་སྟེ། ང་ཐེག་ཅིག་ཟེར་བ་འབྱུང་ངོ་། དེ་ནས་ཆུ་ཡི་འཁོར་ལོ་ཞིག་ནས་ནུས་པ་མེ་ལ་ཐིམ་པའི་རྟགས་སུ། ཁ་སྣ་ཐམས་ཅད་སྐམ་ནས་སྐོམ་དད་སྐྱེས་ནས། སྐམ་པ་རྣམས་སྦངས་ནས་རློམ་དུ་མི་འགྲོ་བ་ནམ་བཞུག་ཆད་པའི་རྩ་འགབ་བརྫེས་པ་ལྟར་འབྱུང་། མེ་ཡི་འཁོར་ལོ་ཞིག་ནས་རླུང་ལ་ཐིམ་པའི་དུས། མར་མེ་འཆི་ཁ་མའི་འོད་བཞིན་དུ་ཤེས་པ་གསལ་ལམ་པ་ཞིག་འོང་པས། དེའི་དུས་སུ་འཆི་ཁའི་སེམས་བསྐྱེད་བཟང་ངན་ཡིན་ཞེས་པའི་དུས་ལ་སླེབས་པ་ཡིན་པས་དེ་ལུགས་དགོས་གསུངས། རྟགས་ནི་སྔོན་ནས་དགེ་ཤས་ཆེ་བའི་རིགས་རྣམས། ལུས་དྲོད་རྣམས་རྐང་པ་ནས་རིམ་བཞིན་ཡར་སྤྱི་བོར་ཐིམ་པའོ། སྡིག་པ་ཆེ་བའི་རིགས་རྣམས། ལུས་དྲོད་མར་ཐིམ་པའོ། དགེ་སྡིག་ཤས་མཉམ་པ་རྣམས། ལུས་དྲོད་སྙིང་ཁ་དང་ལྟེ་བར་འདུའོ། རླུང་གི་འཁོར་ལོ་ཞིག་ནས་ནམ་མཁར་ཐིམ་པའི་དུས། དབུགས་བརྩེགས་མར་འོང་ཞིང་ནང་དུ་སྡུད་མི་ཤེས་པས། མིག་གྱེན་ལ་བཟློག་སྟེ་ཧ་ཟེར་ནས་དབུགས་གཅིག་ཆར་དུ་སྡུད་པ་དང་རིམ་གྱིས་ཆད་པ་གཉིས་ཀྱིས་དབུགས་དང་སེམས་འགྲོགས་ནས། ཕོ་སེམས་ལྕེ་དང་རྐན་གྱི་བར་ནས་འབྱུང་། མོ་སེམས་སྣ་ཁུང་ནས་འབྱུང་ནས། རླུང་ནམ་མཁར་ཐིམ་མོ། ཞེས་རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན་ལས་གསུངས་སོ།།
མདོར་ན་གཞི་གནས་ལུགས་སྟོང་པའི་རང་གདངས་ཀྱི་རྩལ་སྒྲ་འོད་ཟེར་གསུམ་ལ་སྟོང་པའི་རང་སྒྲ་རང་འོད་རང་རྩལ་དུ་མ་ཤེས་ནས། འཁྲུལ་པའི་དབང་གིས་ཕྱི་ནང་གི་འབྱུང་བ་གདོས་བཅོས་ཕུང་བོ་དང་ནུས་ཅན་གྱི་དངོས་པོ་དངོས་སུ་གྲུབ་པ་འདི་དག་ཀྱང་། གཅིག་གིས་གཅིག་ལ་ཕན་གནོད་ཀྱི་ནུས་པ་མཐུ་ཅན་མངོན་སུམ་དུ་འབྱིན་ནུས་པ་ནི། ཕྱི་ནང་གི་འབྱུང་བ་རྣམས་འབྱུང་གཞིའམ་གྲོལ་གཞི་གཅིག་ལས་ཕན་ཚུན་གཅིག་གིས་གཅིག་བསྐྱེད་ཅིང་འཁྲུལ་པའིའཛིན་རྒྱས་བསྡམས་པའི་དབང་གིས་སོ། གལ་ཏེ་གོང་ལྟར་འཁྲུལ་པའི་རྒྱ་ལས་གྲོལ་ན། ད་ལྟའི་སྣང་ཡུལ་དུ་གྲུབ་པའི་གདོས་བཅོས་ཀྱི་ཕྱི་ནང་གི་འབྱུང་བ་རྣམས་འཁྱག་རོམ་ཞུ་བ་ལྟར་རང་ཡལ་དུ་འགྲོའོ། དཔེར་ན། རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཞིག་གིས་འཁྲུལ་པའི་ཕུ་ཐག་ཆོད་ནས། འབྱུང་བ་བཞི་འདུས་གདོས་བཅོས་ཀྱི་ཕུང་བོ་འདི་ལྷག་མེད་དུ་བསྒྱུར་ཅིང་། རྡོ་ཐོག་བྱ་འཕུར་གྱི་ཚུལ་དུ་འཕོ་ཆེན་འཇའ་ལུས་སུ་གཤེགས་པའི་སྐྱེས་བུ་རྣམས་ཀྱིས། དངོས་པོའི་རང་གཤིས་དངོས་པོའི་རང་ཐོག་ཏུ་ཕབ་པར་ངེས་ཤེས་རྙེད་ནུས་སོ།།

སྨྲས་པ། གཤིས་ཀྱི་སྟོང་གསལ་བུ་མོའི་རང་མཚན་ལ་འཁྱུད་དེ། །ཡ་མཚན་ཕྱི་ནང་རྟེན་འབྲེལ་ཟབ་གནད་ཀྱི་སྦྱོར་བས། །གདོས་བཅོས་ཕུང་བོ་རང་ཞི་རང་ཡལ་དུ་བཏང་ནས། །ངོ་མཚར་རྗེས་ཤུལ་མེད་པའི་ངང་ཚུལ་དེ་མཚར་རོ། །རྣམ་གཡེང་ལེ་ལོའི་ཆུ་སེར་ཚིགས་བཞི་ལ་བབས་ཤིང་། །ཐོས་བརྩོན་ཁ་སྟབས་ཤ་རྒྱུས་བྲེང་ཐག་ཏུ་ཆད་ཀྱང་། །མི་འཇོན་འཇོན་ཁུལ་ཕ་ཟས་རྩམ་དཀར་གྱི་སྒྲོ་བ། །ཨུ་ཚུགས་འཕྲག་ལ་འཇོག་པའི་སྟངས་སྟབས་འདི་གཟན་མོད། །འོན་ཀྱང་ལྷག་བསམ་ཤ་ཤེད་རྫོགས་པ་ཡི་གྲོགས་དང་། །རྒྱབ་རྟེན་བཀའ་ལུང་ཟབ་མོའི་གད་འཁྲིས་ལ་བརྟེན་ནས། །ཚིག་སྒྲུབ་འཁྱལ་མ་འཁྱོལ་གྱི་ལུང་ཐག་ནས་འཐེན་ཏེ། །རེ་ཞིག་ཁལ་དུ་བཀལ་འདི་ཡོ་བསྲང་ཞིག་མཛད་རོགས། །

 

༢༠༠༡ལོའི་ཁྲི་བརྟན་ནོར་བུ་རྩེའི་དུས་དེབ༼བགྲེས་པོའི་འབེལ་གཏམ༽ལས་དྲངས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།