ཡ་ཐོག་སྲིད་པའི་བོན་གྱི་ལྷ་འདྲེའི་སྐོར་གླེང་བ།

ཡ་ཐོག་སྲིད་པའི་བོན་གྱི་ལྷ་འདྲེའི་སྐོར་གླེང་བ།
རྩེ་ཞིག་ཚང ༧ ཤེས་རབ་བསྟན་པའི་ཟླ་བ།

 ཡ་ཐོག་སྲིད་པའི་ལྷ་འདྲེ་ཞེས་པ་ནི་ཁམས་གསུམ་གང་རུང་ན་འགུལ་སྐྱོད་རང་བཞིན་གྱིས་འཚོ་གནས་བྱེད་པའི་སྐྱེ་འགྲོའི་བྱེ་བྲག་ཞིག་གོ །ད་ལྟའི་བསྐལ་བ་འདིའི་དབང་དུ་བྱས་ན། སྲིད་པའི་མཛོད་ཕུག་དང་། རླངས་ཀྱི་པུ་ཏི་བསེ་རུ། བཀའ་ཐང་སྡེ་ལྔ་བཅས་ཞལ་མཐུན་པར་ཡ་ཐོག་སྐྱེ་འགྲོའི་གྲོལ་ལུགས་ནི། མེ་ཆུ་ས་རླུང་ནམ་མཁའ་སྟེ་འབྱུང་ལྔ་དྭངས་མའི་བཅུད་ལས་སྲིད་པའི་ཀློང་སྒོང་བྱུང་བ་དང་། དེ་ལས་རིགས་དྲུག་གི་སེམས་ཅན་སྟེང་འོག་བར་གསུམ་དུ་གྲོལ་ཞེས་བསྡོམས་ཚིག་བཞག་ཡོད། བཤད་སྟངས་དེ་ལ་དོན་དང་མཐུན་མིན་གྱི་ཆ་ཡོད་རུང་བ་གཡོལ་དུ་མེད་ཀྱང་། འདིར་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་གྱི་ལེའུ་གཉིས་པའི་སྤྱི་དོན་ཡིད་ལ་བྱས་ཏེ། ཡ་ཐོག་སྲིད་པའི་ལྷ་འདྲེ་སྐོར་ལ་དཔྱད་བརྗོད་རགས་ཙམ་སྤྲོ་ན། དེ་ཡང་འཁོར་འདས་ཐམས་ཅད་ཀྱི་གཞི་རྩ་ནི། ཀུན་གཞི་གཤིས་ཀྱི་གནས་ལུགས་ཡིན་པར་བརྗོད་ཅིང་། དེ་ཡི་ངོ་བོ་གདོད་ནས་འཁྲུལ་སྒྲིབ་མ་རིག་སོགས་ཀྱིས་གོས་མི་སྲིད་མོད། ཀུན་གཞི་ནམ་མཁའ་ལྟ་བུའི་དབྱིངས་ལས་ངོ་བོ་གསལ་ལ། རང་བཞིན་སྟོང་བ། བྱེད་ལས་རྟོག་མེད་ཀྱི་རིག་པ་ཉི་མའི་སྙིང་བོ་འདྲ་བ་བཅུད་དུ་ཤར་བ་དེ་ལ་འགྱུ་བའི་དྲན་པ་གཡོ་བ་ནི་དབྱིངས་ཡེ་ཤེས་ཀྱི་རྒྱུ་བག་ཞེས་སེམས་ཅན་དུ་ཇི་ལྟར་འཁྲུལ་བའི་རང་རྒྱུའི་ཉེར་བསྡོགས་ཀྱི་མྱུ་གུ་ཐོག་མར་འབུས་པའི་འགོ་བརྩམས་སོ། །དེ་ལྟར་རིག་པ་འོད་ཀྱི་རྒྱར་འཐུམས་ནས་ང་བདག་གི་འཛིན་པ་བག་ཙམ་བཅས་རིག་པའི་རང་མདངས་སྒྲ་འོད་ཟེར་གསུམ་གྱི་སྣང་རྗེས་སུ་འབྲེང་བའི་འབྲས་རྟགས་ལས་འཁོར་བའི་སྦུབས་རྒྱའམ་སྒོ་ངའི་ཉིང་བཅུད་བྱུང་བར་འདོད་ལ། དེ་ནས་ཤེས་པ་ཡུལ་དུ་འཕྲོས་ཅིང་། གཟུང་འཛིན་ཉོན་མོངས་སྡང་ནས། མ་རིག་རླུང་གིས་བསྐྱོད་དེ་སྒོང་བ་སྟེང་དུ་རྡོལ་བའི་འོད་གསལ་ནམ་མཁར་འཐོར་བ་ལས། འདུ་ཤེས་ཕྲ་མོར་བརྟེན་པའི་གཟུགས་མེད་ཀྱི་སེམས་ཅན་སྲིད་པ་དང་། ཟེར་མ་ཐུར་དུ་འཕྲོས་པ་ལས། འོད་ལ་དྭངས་ཞེན་འཛིན་པའི་གཟུགས་ཁམས་ཀྱི་སེམས་ཅན་སྲིད་པ། སྒོ་ང་ནང་གི་སྙིང་པོ་ལས། ཡོད་ཁམས་སྲིད་པའི་རྒྱལ་བོར་འབོད་པ་དུང་འོད་འབར་བའི་མི་ཕོ་ལ། གཡུའི་དབུ་སྐྲ་ལན་བུ་བདུན་གྱིས་མཛེས་པ་ཞིག་བྱུང་བ་ཉིད་དང་།མེད་ཁམས་སྟོང་བའི་རྒྱལ་མོ་ཟེར་བ་གཉིས་ཐབས་ཤེས་སྙོམས་འཇུག་ཏུ་གནས་སྐབས། གཞིའི་གནས་ལུགས་ཇི་རིགས་སུ་འཕྲོས་པར་བརྟེན། སྲིད་པ་ལྕམ་དྲལ་བཅོ་བརྒྱད་སོགས་དང་རིམ་གྱིས་འདོད་ཡོན་སྲིད་པར་ཆགས་པའི་འདོད་ཁམས་ཀྱི་སེམས་ཅན་སྣ་ཚོགས་སུ་གྲོལ་བར་བསྟན། ཡིན་ན་ཡང་། འདིར་བཤད་པའི་སྲིད་པ་རྒྱུད་ཀྱི་ལྷ་འདྲེ་ཞེས་པ་དང་། ད་དུང་ངེད་ཚོའི་སྤྱི་ཚོགས་སྟེང་མུ་འཐུད་དུ་འཚར་ལོངས་བྱུང་བཞིན་པའི་ལྷ་འདྲེ་གཉིས་ཀྱི་འབྱུང་ཁུངས་དང་ངོ་བོ་སོགས་ལ་བར་ཁྱད་གང་འཚམ་ཡོད་པ་མ་ཟད།ད་ལྟའི་དམངས་ཚོགས་ཁྲོད་དུ་རྨོངས་དད་ཀྱིས་བསྐྲུན་པའི་ལྷ་འདྲེའང་མེད་མི་སྲིད་པ་མིན་ལ། ཡ་ཐོག་སྲིད་པའི་ལྷ་འདྲེ་མཐུ་བོ་ཆེ་རྣམས་ཐོག་མར་གང་ལས་ཆད་པའི་སྲིད་པ་ཡབ་ཡུམ་གྱི་གནས་དངོས་ནི། གཙང་མ་རིགས་ལྔའི་ལྷ་གནས་ཀྱི་ཡ་གྱལ། མི་གདུང་བའི་ཞིང་ཁམས་ན་ཡོད་པའི་། སྲིད་པ་ཡེ་སངས་ཀྱི་གནས་དེ་ཉིད་མིན་ནམ་སྙམ་སྟེ། རྒྱུ་མཚན་ནི། སྲིད་པ་འབུམ་ཁྲི་གློག་གི་ལྕེ་ཅན་སོགས་བཞུགས་པའི་སྲིད་པའི་ཡུལ་ཡིན་ཞིང་། གོང་དུ་སྒོ་ངའི་ཟེར་མ་ཐུར་དུ་འཕྲོས་པར་བཤད་པ་སོགས་ལ་བརྟགས་ན།བཅུད་ཀྱི་སེམས་ཅན་ཡས་ནས་མར་བབས་པ་བཅས་ལ་འགྲིག་གོ །
ལོ་རྒྱུས་ཡིག་ཚང་ཁག་ལས་མཐོང་བ་ལྟར་ན། ཡ་ཐོག་སྲིད་པའི་ལྷ་འདྲེ་ནི། ཡ་ཐོག་སྲིད་པའི་འགྲོ་བ་གྲོལ་ཕུག་སྟེ། ནང་བཅུད་སྐྱེ་འགྲོ་ཇི་ལྟར་བྱུང་ཚུལ་སྐོར་ལས་ནམ་ཡང་འདའ་མི་ནུས་པས། ལྷ་འདྲེ་མི་གསུམ་གང་ཡིན་ཡང་ཁམས་གསུམ་སྐྱེ་འགྲོའི་བྱེ་བྲག་ཞིག་ཏུ་གྱུར་ཡོད་པར་གྲུབ་བོ། ། གཤམ་དུ་མཁས་པ་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་སློབ་སྟོན་ཐོབ་ཏུ་རེ་ནས་སྲིད་པའི་ལྷ་འདྲེ་མི་གསུམ་སོགས་ཀྱི་མཚན་གཞི་མདོར་བསྡུས་སུ་འགོད་རྒྱུ་ཡིན།
རིང་མོའི་དུས་ནས་བྱུང་བའི་སྲིད་པ་རྒྱུད་ཀྱི་བོན་ནི་ལྷ་མང་ཆོས་ལུགས་ཀྱི་ཁྱིམ་རྒྱུད་ཆེན་པོ་ཞིག་ཏུ་གྱུར་སྟབས། ཁོའི་ཐོག་མཐའ་བར་གསུམ་དུ་སྐྱེས་སྟོབས་འབར་བའི་ལྷ་འདྲེ་མི་གསུམ་གྱི་གཟུགས་བརྙན་བརྗོད་ཀྱིས་མི་ལང་བ་འདུག་པར་མ་ཟད། དེ་དག་འབྲུའི་ཚོམ་བུ་བཀོད་པ་ནང་བཞིན་ཁྱུ་དང་ཁྱུ་བྱས་ནས་སོ་སོ་བཀྲམ་ཡོད་པ་རེད། ཡིད་དབང་འགུག་པའི་ལྷ་སྒྲུང་གི་སྤྱི་གླིང་དེ་ལ་ང་ཚོ་ཞིབ་དཔྱོད་ཀྱི་སྤྲོ་བསང་དུ་སྐྱོད་པ་ཡིན་ན། ཡ་ཐོག་སྲིད་པའི་ལྷ་འདྲེ་མི་གསུམ་དེ་དག་གིས་སྐབས་འགར་ཆུ་དང་ཉ་མོ་ལྟ་བུའི་འབྲེལ་ལམ་བཙུགས་ནས། ཕན་ཚུན་རོགས་མགོན་གང་འཚམ་འདོན་སྤྲོད་བྱེད་ལ། ལན་རེར་མེ་ཆུ་ལྟ་བུའི་འགལ་འཛོལ་བྱུང་ནས་ཁྱོད་ཤི་ང་གསོན་གྱིས་གཡུལ་ཆེན་འཁྲབ་བའི་ཟློས་གར་ཡང་བསྒྱུར་མྱོང་བ་སྟེ། དཔེར་ན། སྟོན་པའི་ཡབ་རྒྱལ་བོན་ཐོད་དཀར་གྱིས་ལྷ་སྲིན་གཉིས་ཀྱི་གཟུ་སྡུམ་ཚུལ་གཟེར་མིག་སོགས་སུ་འཁོད་པ་ལྟར་རོ།།
སྤྱིར་ཡ་ཐོག་སྲིད་པའི་བོན་གྱི་ཁྱབ་ཁོངས་སུ་མི་སྣ་ཐམས་ཅད་རིགས་དགུ་རུ་དབྱེ་ཞིང་། སྤྱི་ཡི་མིང་ལ་མ་སྲིད་དགུ་སྲིད་ཀྱི་སྲིད་པ་ཞེས་བརྗོད་། དེ་ཡང་གསལ་བོར་བཀྲལ་ན། མཆོད་ཡུལ་གྱི་ལྷ་མང་ཡང་བསྡུ་ན་རྣམ་པ་གསུམ་སྟེ། ལྷའི་སྐོར་དང་། གར་གྱི་སྐོར། རྟེན་གྱི་སྐོར་བཅས་སོ། །དེ་བཞིན་དུ་མི་དང་། སྨྲ་དང་། གཤེན་གསུམ་གང་རུང་མ་གཏོགས་དེ་དག་མཆོད་མཁན་མེད་ལ། ནམ་ཡང་ཁོ་ཚོ་དང་ཁ་གཏད་དུ་ལང་བའི་སེམས་ཅན་འགའ་ཞིག་ཡོད་པར། འདྲེ་དང་། སྲིན་དང་། བྱུར་བཅས་ཀྱི་ཐ་སྙད་སྤྱད་ཡོད་དེ། བསྟན་འབྱུང་རྒྱས་པར། “སྲིད་པ་ཡབ་ཡུམ་ཐབས་ཤེས་སྤྲོས་པ་ལས། སྲས་ནི་ཕོ་དགུ་མོ་དགུ་བཅོ་བརྒྱད་བྱུང་། དེ་དང་དེ་ལས་རྣམ་པར་སྤྲོས་པ་ལས། སྲིད་པ་ཕོ་ཁྲི་མོ་ཁྲི་འབུམ་ཤར་བ་སྟེ། གནམ་ལ་ལྷ་གར་རྟེན་དང་གསུམ་དུ་སྲིད། ལྷ་ནི་འདོད་ཁམས་གཟུགས་ཁམས་ གཟུགས་མེད་ཁམས། གར་ནི་དབལ་གསས་འཐོར་གསས་གདར་གསས་གསུམ། མི་ནི་རི་བདུན་དང་ནི་གླིང་བཞིའི་མི། སྨྲ་ནི་མི་འམ་ཅི་སྟེ་གླིང་ཕྲན་སྡེ། གཤེན་ནི་འགྲོ་བ་འདྲེན་པའི་སྟོན་པའོ། །ས་ལ་འདྲེ་སྲིན་བྱུང་དང་གསུམ་དུ་སྲིད། འདྲེ་ནི་ལྷ་ལ་འགྲན་དུ་བཙལ་བ་དང་། སྲིན་ནི་མི་ལ་བདུད་དུ་འབེབས་པ་དང་། བྱུར་ནི་གཤེན་ལ་བར་ཆད་རྩོམ་པའོ། །གཞན་ཡང་འགྲོ་བའི་ལས་ནི་བསམ་མི་ཁྱབ།”①ཞེས་དང་། རྒྱུད་ཏིང་མུར་གཡུ་རྩེ་བྱ་བར། ༼དེ་ལྟར་མ་བསྲིད་དགུ་སྲིད་ནི།༽ཅེས་འབྱུང་བ་ལྟར་རོ། །
༡ དེ་ལྟར་ལྷ་གར་རྟེན་གསུམ་ཞེས་པའི་ལྷ་ནི།རྒྱལ་ཆེན་སྡེ་བཞི། སུམ་ཅུ་རྩ་གསུམ། མཐའ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཏེ་འདོད་ལྷ་རིགས་དྲུག་གི་སྐོར་དང་། དེའི་སྟེང་བསམ་གཏན་དང་པོའི་ལྷ་གནས་གསུམ། བསམ་གཏན་གཉིས་པའི་ལྷ་རིགས་གསུམ། བསམ་གཏན་བཞི་བའི་ལྷ་གནས་གསུམ། འཇིག་རྟེན་འདས་མ་འདས་ཀྱི་ས་མཚམས་ན་གཙང་མ་རིགས་ཀྱི་ལྷ་ལྔ་སྟེ་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ལྷ་ཚོགས་རྣམས་དང་། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས།ཅི་ཡང་མེད་པ། ཡོད་མིན་མེད་མིན་བཅས་གཟུགས་མེད་སྐྱེ་མཆེད་མུ་བཞི་སོགས་མདོར་ན་ལྷ་རིགས་ཉུ་ཤུ་རྩ་བདུན་གྱིས་མཚོན་འཇིག་རྟེན་གྱི་དཔལ་མགོན་བདུན་ཅུ་རྩ་གཉིས། མགོན་ཆེན་བརྒྱ་དང་རྩ་བརྒྱད། གླིང་བཞི་སྐྱོབ་པའི་ལྷ་བཞི།དུས་བཞིའི་རྒྱལ་མོ་རྣམ་བཞི་སོགས་རིགས་དང་དབྱེ་ཚུལ་རྟོགས་དཀའ་བའི་རང་བཞིན་མང་པོ་ཡོད་པ་རྣམས་སོ། །
༢ གར་ཞེས་པ་ནི་ནམ་མཁར་འཐོར་གསས་སུམ་བརྒྱ་དྲུག་ཅུ་དང་། ས་གཞིར་མདའ་གསས་མི་ཁྲི་རྟ་འབུམ།བར་སྣང་ལ་དབལ་གསས་དགུ་ཁྲི་དགུ་འབུམ་སོགས་སུ་བྱུང་བ་དག་གིས། ལྷ་མི་སྲིད་པའི་དཔའ་སྟངས་འཛིན་ཅིང་།འདྲེ་སྲིན་བྱུར་གསུམ་གྱི་མགོ་བོ་ནོན་པར་བཤད་དོ། དེ་དག་དང་ཕྱོགས་མཚུངས་སུ་ཡོད་པའི་ཕྱྭ་དམུ་གཙུག་གསུམ་གྱི་སྒྲ་བླ་མཆེད་གསུམ་སྟེ་ཡེ་སྲིད་འཕྲུལ་གྱི་སྒྲ་བླ་དང་། ཡེ་རྗེ་སྨོན་པའི་སྒྲ་བླ།ཡེ་དབང་མཐུ་ཡི་སྒྲ་བླ་བཅས་དང་། ཐུག་ཀར་ལྷའི་དམག་ཚོགས། སྒྲ་བླ་དཔའ་ཁྲོམ་ཝེར་མ། ཅང་སེང་ལྕམ་དྲལ་མཆེད་བཞི། འགོ་བའི་ལྷ་ལྔ། སྲིད་པའི་ལྷ་དགུ། རླུང་རྟ་ལྷ་བཞི། ཕྱ་གཡང་ཕུག་ལྷ།འཇིག་རྟེན་བརྟན་མ་སོགས་སྲིད་པ་ས་ཆགས་ཀྱི་ལྷ་དང་སྒྲ་བླའི་དམག་ཚོགས་མང་དུ་གྲོལ་བར་བཤད་པའི་སྐོར་རོ། །
༣ རྟེན་ནི་སྲིད་རྗེ་འབྲང་དཀར་དང་། སྐོས་རྗེ་དྲང་དཀར། ཕྱྭ་རྗེ་རིང་དཀར་སོགས་སྲིད་པ་སྐོས་ལ་འདེབས་ཤིང་།དགེ་སྡིག་ལེགསཉེས་འབྱེད་པའི་ལྷ་ཆེན་སྐོས་མཁན་གྱི་རིགས་རྣམས་ཏེ་དེ་དག་གི་ཚུལ་ཞིབ་རྒྱས་སུ་རྟོགས་འདོད་ན་གཟི་བརྗིད་ཀྱི་རྒྱལ་བུ་རྒྱལ་སར་བྱུང་བའི་ལེའུར་བརྩོན་པའི་སྤྱན་གཡོ་བར་བྱ།
༤ མི་སྨྲར་གཤེན་གསུམ་ཞེས་པའི་མི་ནི་གླིང་བཞི་སྐྱོབ་པའི་ལྷ་བཞིའི་ནང་ཚན། ལྷ་ཁྲི་ཤེས་དཀར་པོ་ལས་རིམ་གྱིས་འཕེལ་བའི་ཤེད་ཅན་དང་། ཤེད་བདག་ ཤེད་བུ། ཤེད་ལས་སྐྱེས་སོགས་ཀྱི་མི་རྒྱུད་དང་། ཕྱ་རྗེ་སྒམ་པོ།དམུ་རྗེ་བཙུན་པོ། གཙུག་རྗེ་ཨག་གོ་སྟེ་སྲིད་པའི་ཕྱ་དམུ་གཙུག་གསུམ་སོགས་ལས། ཀེ་ཁོད་གཙང་མའི་ལྷ་རབས་དང་། རྗེ་ཡི་མགུར་ལྷ་བཅུ་གསུམ། རྨ་རིགས་ཡུལ་ལྷའི་སྡེ་ཚོགས་སོགས་ཀྱིས་མཚོན་སྲིད་པའི་མི་རབས་ཆེ་རྒྱུད་དུ་བྱུང་རྣམས་དང་། གདུང་རྒྱུད་རྒྱལ་བོ་སྡེ་དྲུག རྒྱལ་རྗེ་བྲམ་ཟེ་གདོལ་བ་སོགས་འབྲིང་རྒྱུད་དང་། དཔག་པའི་མི་རིགས་རྣམ་བཞི་བཅས་ཆུང་རྒྱུད་བཅས། མདོར་ན་གླིང་བཞིའི་མི་རིགས་སོགས་ལ་ངོས་འཛིན་ནོ། །
༥ སྨྲ་ནི་ལྗོན་པ། སྐྱེས་དྲུག དེང་གཙུག མགོ་བརྙན་སོགས་ཀྱི་གཙོས། གླིང་ཕྲན་བརྒྱད་དུ་གནས་པའི་མིའམ་ཅིའི་རིགས་ཡིན་པར་སྣོད་བཅུད་ཉེར་མཁོར་གསུངས་སོ། །
༦ གཤེན་ནི་སྲིད་པའི་བོན་རང་རྐང་གི་དབང་དུ་བྱས་ན། སྔོན་གྱི་དུས་སུ་སྲིད་པའི་ལྷ་རབས་མཆེད་གསུམ་བྱུང་བའི་ནང་ཚན། གཅུང་སྣང་བ་འོད་ལྡན་གྱི་རྒྱུད་པར་ཤེད་ལས་སྐྱེས་བྱུང་བར་བརྟེན།འཛམ་བུའི་གླིང་གི་མི་རབས་ཐོགས་མར་གྲོལ་བ་དང་།དེ་དག་གི་སྐབས་ན་སྔགས་ཀྱི་ནུས་པ་སྟོན་ཐུབ་ཅིང་། ལྷན་སྐྱེས་ཀྱི་ཡོན་ཏན་ཅི་རིགས་འཛིན་པའི་ཡེ་མཁྱེན་ནམ་སྐྱེས་བུ་བཀུར་འོས་བ་འགའ་ཞིག་བྱུང་བ་ལ་།མང་ཚོགས་ཀྱིས་གཤེན་མགོན་ལྷ་དཀར་པོ་ཞེས་ཆེ་བརྗོད་དང་བརྩི་བཀུར་བྱས་པས་མཚོན་རིམ་གྱིས་སྤྱིར་བོན་གྱི་སྒོར་ཞུགས་ཅིང་། སྒོས་སུ་ཡོན་ཏན་དང་ལྡན་པའི་གང་ཟག་ཐམས་ཅད་ལ་གཤེན་པོ་ཞེས་པའི་སྒྲ་འདི②བེད་སྤྱོད་བྱེད་པའི་སྲོལ་དུས་གདོད་མ་ནས་གཏན་ཆགས་སུ་བྱུང་བར་མ་ཟད། རྗེས་སུ་གཡུང་དྲུང་བོན་ལུགས་འཛིན་པ་རྣམས་ཀྱི་ཀྱང་གཤེནཞེས་པའི་ཐ་སྙད་འདི་མ་བཅོས་རང་བབས་སུ་རྒྱུན་འཛིན་བྱས་ཡོད་པ་ཤིན་ཏུ་གསལ་ཏེ། གཤེན་འཆི་མེད་གཙུག་ཕུད་དང་། གཤེན་གསང་བ་འདུས་པ། གཤེན་དྲན་པ་ནམ་མཁའ་ལྟ་བུ་རེད་ལ། བཀའ་ལུང་རྒྱ་མཚོ་ལས། སྤྱིར་གཤེན་རབ་ཅེས་པ་ནི་ལུང་ཁ་ཅིག་ནས་སངས་རྒྱས་ལའང་གསུངས་ཡོད་དེ། དེ་ནི་འགྲོ་འདུལ་གཤེན་པོ་གྲངས་མེད་པའི་དབུས་ནས་རབ་ཏུ་གྱུར་བ་སྟེ། དཔེར་ན་ཕྱོགས་བཅུའི་འཇིག་རྟེན་ནང་ནས་གདུལ་དཀའ་བ་མི་མཇེད་པའི་འཇིག་རྟེན་འདུལ་བའི་བདག་ཅག་གི་སྟོན་པ་ལྟ་བུའོ། །③ཞེས་དང་། གཞན་ཡང་མཁས་བཞིའི་མཛོད་འགྲེལ་དུ། གཤེན་ནི་བོན་ཉིད་མ་གཡོས་པའི་དབྱིངས་ནས། སེམས་ཉིད་མ་བཅོས་པ་གཤེགས་བཞུགས་མི་མངའ་བས་གཤེན་ནོ། ། རབ་ནི་ཐུགས་རྗེ་ཆེ་ལ་ཐབས་མཁས་པས་རྣམ་པ་ཐམས་ཅད་མཁྱེན་པའི་རབ་ཏུ་གྱུར་བས་རབ་བོ། །④ཅེས་འབྱུང་བ་སོགས་ནི་༼གཤེན༽ཞེས་པའི་སྐོར་གྱི་གོ་བ་རགས་ཙམ་མོ། །
༧ འདྲེ་སྲིན་བྱུར་གསུམ་ཞེས་པའི་འདྲེ་ནི་སྔོན་མུན་པའི་ཀློང་སྒོང་འཐོར་བའི་ཟེགས་མར་སྲིད་པའི་འདྲེ་དགུ་དང་སྲི་བཅུ་རུ་སྲིད་པ་རྣམས་ཏེ་ལྷ་མ་ཡིན་གྱི་བྱེ་བྲག་ཞིག་ཏུ་ངོས་འཛིན་ནོ། ། རྒྱུ་མཚན་ཡོད་དེ། གཡེན་ཁམས་སོ་གསུམ་གྱི་ནང་ཚན། ས་གཡེན་ཆེ་བ་བཅུ་གཅིག་གི་ཡ་གྱལ་དུ། འདྲེ་སྲིན་བྱུར་དང་གསུམ་གྱི་ཞེས་རྣམ་ཀུན་མཐོང་རྒྱུ་འདུག་པས་སོ། །དེ་ལས་སྲིད་པའི་འདྲེ་དགུ་ནི། འགོང་བཀོར་ཆོ་རབས་སུ་བསྟན་པ་ལྟར་ངོས་བཟུང་ན་ཆོག་ཅིང་། དེ་དག་ནི། མཐོ་རུ་མ་སྟེར་དམའ་བའི་འདྲེ། ཡོད་དུ་མི་སྟེར་མེད་པའི་འདྲེ། ཕྱུག་ཏུ་མི་སྟེར་དབུལ་བའི་འདྲེ། འཕན་དུ་མི་སྟེར་མེད་པའི་འདྲེ། གང་དུ་མི་སྟེར་སྟོང་བའི་འདྲེ། ཆགས་སུ་མི་སྟེར་འཇིག་པའི་འདྲེ། ཡག་ཏུ་མི་སྟེར་ཉེས་པའི་འདྲེ། སྐྱིད་དུ་མི་སྟེར་འཇིག་པའི་འདྲེ། འཕེལ་དུ་མི་སྟེར་འགྲིབ་པའི་འདྲེ་བཅས་སོ། །⑤ ཅེས་ཞལ་གསལ་དུ་བསྟན་ལ། ཕོ་སྲི་དང་། མོ་སྲི། ཆུང་སྲི། ཐབ་སྲི། རྒན་སྲི། གཞོན་སྲི། དར་སྲི། བྱེར་སྲི། བྱུར་སྲི་སྟེ་ལྟས་ངན་སྲི་བཅུ་ཞེས་པ་འདི་དག་དེའི་ཁོངས་གཏོགས་སོ། །
༨ སྲིན་ནི་མེད་ཁམས་སྟོང་བའི་རྒྱལ་བོ་དང་མུན་ནག་འཐིབ་ཀྱི་བཙུན་མོའི་སྲས་ལྷ་སྲིན་མིང་སྲིང་བཅུ་དྲུག་གི་གཙོས།གཤིན་རྗེ་དང་། དམུ་བདུད། ཀླུ་གཉན། སྲིན་བུ། ལྟོ་འཕྱེ། ས་སྲིན། ཐེའུ་རང་སོགས་མི་ལ་བདུད་དུ་འབེབ་ཅིང་།སྐྱེ་དགུ་སྔངས་པར་བྱེད་པའི་སེམས་ཅན་གདུག་རྩུབ་ཤིན་ཏུ་ཆེ་བའི་སྐོར་དང་། དེ་དང་ཕྱོགས་མཚུངས་ཀྱི་གཡེན་ཁམས་དྲེགས་པ་མང་དུ་བྱུང་ཚུལ་མཛོད་སྒྲ་འགྲེལ་སོགས་སུ་ཞིབ་པར་འདུག་གོ །
༩ བྱུར་ནི་ལྷ་སྡང་བདུད་དུ་འབེབ་ཞིང་། འདྲེ་དགུ་སྣ་འདྲེན་བྱེད་ལ།སྒྲུབ་པར་བར་ཆོད་རྩོམ་པའི་སེམས་ཅན་ཤིན་ཏུ་ཉམ་ཆུང་བའི་གྲས་ཤིག་སྟེ། བྱུར་ཁུ་རུ། བྱུར་ཤ་བཅིངས། བྱུར་སྟེ་ལེན། བྱུར་མིང་པོ་མི་ཁ་ཟེ་མཆུ། བྱུར་སྲིང་མོ་རྩེད་དམར་བྱ་མཆུ་མ་སོགས་མཐའ་ཡས་སོ། །
དེ་ལྟར་ཡ་ཐོག་སྲིད་པའི་བོན་གྱི་འཐུས་ཚབ་རང་བཞིན་ལྡན་པའི་སྐྱེ་འགྲོ་སྟེ། མ་སྲིད་དགུ་སྲིད་ཀྱི་སྲིད་པ་ཞེས་པ་དེ་དག་གི་ནང་ནས་འགྲོ་བ་ཉུང་ཤས་ཤིག་ཕུད། སེམས་ཅན་ཕལ་ཆེར་ལ་རང་གི་རིགས་ལ་དབང་བའི་ཐུན་མོང་གི་མངའ་ཁོངས་དང་། ཐུན་མོང་གི་ནུས་པ། ཐུན་མོང་གི་སེམས་ཁམས་བཅས་ཧ་ལམ་ཕྱོགས་འདྲར་མེད་ག་ལ་སྲིད་ཀྱང་། དེ་དག་ནི་སེམས་ཅན་སོ་སོའི་ཁམས་དབང་དང་བག་ཆགས་གོམས་ལུགས་ཀྱིས་སྟེང་ནས་འབྱུང་གི་ཡོད་སྟབས། ང་ཚོ་སྒོའི་ཕྱིར་ལངས་ཏེ་ནང་གི་གནས་ཚུལ་སྐོར་ལབ་གླེང་བྱེད་རྒྱུ་ཤིན་ཏུ་དཀའ།ཡིན་ནའང་། མཐོང་བ་མངོན་གྱུར་གྱི་གནས་ཚུལ་ཞིག་དཔེ་རུ་གླེང་ན། བཙན་དུག་ཧ་ལ་ནག་པོ་ཞེས་པ་དེ་ཉིད་ང་ཚོའི་ཁར་སོང་བ་ཡིན་ཚེ། སྲོག་ལ་གཏན་ནས་ཐར་བ་མེད་པ་སུས་ཀྱང་རྟོགས་ཐུབ་མོད།འོན་ཀྱང་དུས་གཏན་དུ་བཙན་དུག་དེ་ཉིད་དུག་གི་ངོ་བོ་ཁོ་ནར་ཡོད་པར་སུས་སྨྲ་མི་སྤོབས་སྟེ། བཙན་དུག་ཟས་པའི་རྨ་བྱ་ནི་ཅི་འདྲའི་སྒྲོ་མདངས་མཛེས་པ་དང་། འཁྲིལ་བག་ལྡན་པ་ཞིག་རེད་ཨང་། དོན་དེ་འདྲར་དགོངས་ནས་པད་མ་རྣམ་པར་རོལ་བའི་མདོ་ལས་ཀྱང་། “མེ་ལ་མེར་འདུ་ཤེས་པའང་ཡོད། མེ་ལ་ལོངས་སྤྱོད་དུ་འདུ་ཤེས་པའང་ཡོད། མེ་ལ་ཟས་སུ་འདུ་ཤེས་པའང་ཡོད། མེ་ལ་གནས་སུ་འདི་ཤེས་པའང་ཡོད། ”⑥ཅེས་གསུངས་ཡོད། དེ་ལྟར་མེ་ལ་མེ་དང་། མེ་ལ་ལོངས་སྤྱོད། མེ་ལ་ཟས། མེ་ལ་གནས་སུ་མཐོང་བའི་སེམས་ཅན་འགའ་ཞིག་ཡོད་པ་ཡིན་ན། དེ་བཞིན་དུ་ས་དང་། ཆུ་དང་། རླུང་དང་། སྐྱེ་དངོས་དང་། གཏེར་ཁ་དང་། བར་སྣང་སོགས་ལ་དེ་ལྟར་མཐོང་བའི་སེམས་ཅན་ཇི་སྙེད་ཞིག་ཡོད་པར་རྗེས་སུ་གྲུབ་ལ། སྐྱེ་འགྲོ་དེ་དག་གི་ལྷན་སྐྱེས་ཀྱི་ནུས་པ་དང་། ལས་ཀྱི་བསོད་ནམས། ཤེས་རྒྱུད་ཡོན་ཏན་སོགས་ཀྱིས་གཙོས། ལུས་ཀྱི་དབྱིབས་གཟུགས་དང་། ཚེ་ཡི་རིང་ཐུང་། ཀུན་རྟོག་གི་སྤྲོས་པ་སོགས་ཀྱང་འདི་ཞེས་ཚད་བཟུང་དཀའ་ཞིང་། ལྷག་པར་སེམས་ཅན་གྱི་ཚེ་སྲོག་དང་འདུས་བྱས་ཀྱི་གཤིས་ལུགས་ནི།དུས་ཚོད་སྐར་མ་གང་རེ་བཞིན་འགྱུར་ལྡོག་གི་ངོ་བོར་གྲུབ་ཡོད་ཕྱིར། འགུལ་སྤྱོད་མེད་པའི་དངོས་པོ་རྡོག་རྡོག་འགའ་གཏན་ནས་ཡོད་མི་སྲིད་ཅིང་། དངོས་པོ་དེ་དག་ལ་གནས་འཆའ་བའམ་དབང་བྱེད་པའི་སེམས་ཅན་དེ་རིགས་ཀྱི་ཁ་ཤས་ཞིག་རིམ་གྱིས་རིགས་བརྒྱུད་གཞན་དུ་མི་འགྱུར་བའི་ཚུལ་ཀྱང་ཤིན་ཏུ་འཇོག་དཀའ་བར་མཐོང་ཡིན་ཡང་ཡ་ཐོག་གདོད་མའི་སྤྱི་ཚོགས་ནང་བྱུང་བའི་སྲིད་པ་ས་ཆགས་ཀྱི་ལྷ་འདྲེ་འདི་དག་ནི། སྲིད་པའི་ལྟེ་བ་གངས་རི་མཚོ་གསུམ་གྱི་བདག་པོ། ཞང་བོད་གནའ་བོའི་མི་རྒྱུད་དང་འབྲེལ་བ་ཡོད་པ་ཙམ་དུ་མ་ཟད། ཡ་ཐོག་སྲོག་ཆགས་ཇི་ལྟར་གྲོལ་བའི་སྐོར་ལ་དཔྱད་གཞིའི་རྒྱུ་ཆ་རིན་ཐང་དང་ལྡན་པ་ཞིག་ཏུ་མཐོང་ངོ་། །
ཡ་ཐོག་སྲིད་པའི་བོན་རབས་ལྟར་ན། ད་ལྟ་ང་ཚོ་འཚོ་སྡོད་བྱེད་པའི་མི་མཇེད་འཇིག་རྟེན་ཆེན་པོའི་ཀློང་དུ། ཕྱི་སྣོད་ཀྱི་དངོས་པོའི་རྡུལ་ཕྲན་ནས་བརྩམ་པའི་འབྱུང་ལྔའི་སྣང་ཚུལ་སུས་ཀྱང་བློ་ཡུལ་དུ་ཤོང་དཀའ་བ་མང་པོ་ཡོད་པ་ཙམ་དུ་མ་ཟད།འབྱུང་བ་སོ་སོའི་རྒྱུ་རྐྱེན་དང་བྱེད་ལས་མི་འདྲ་བའི་དབང་གིས་ད་ལྟ་ང་ཚོས་ཆེ་ས་ནས་ལྟས་ན། ནམ་མཁའི་ངོས་སུ་གཟའ་དང་རྒྱུ་སྐར་གྱི་ཚོམ་བུ་བགྲངས་ལས་འདས་པ་ཞིག་ཡོད་པ་ནང་བཞིན། ས་གཞི་ཆེན་པོ་འདུ་རུའང་རི་གླིང་རོལ་མཚོ་སྐྱེ་དངོས་སོགས་བློ་ཡིས་མི་དཔོག་པར་འདུག་པ་དང་། ཆུང་ས་ནས་ལྟས་ན།ཡང་བ་རླུང་རྡུལ། རླན་པ་ཆུ་རྡུལ། ཚ་བ་མེ་རྡུལ།སྲ་བ་ས་རྡུལ་བཅས་ཀྱི་གཙོས། ང་ཚོས་ཇི་ལྟར་བརྟག་ཀྱང་འགྲེལ་བཤད་རྒྱག་དཀའ་བའི་དངོས་པོ་སྣ་ཚོགས་ཤིག་ཡོད་པ་རང་གཞན་ཡོངས་ལ་གསལ་བོ་རེད། དེ་དག་ཕན་ཚུན་མ་བུ་དགྲ་གྲོགས་ཀྱི་རང་གཤིས་ཅན་དུ་གྱུར་ཡོད་སྟབས། འབྱུང་ཁམས་སོ་སོར་འཕྲད་པའམ་དུ་མ་ཚོགས་པའི་ནུས་ཤུགས་ལ་བརྟེན་ནས་རང་བྱུང་སྣང་ཚུལ་ཁྱད་མཚར་བ་མང་པོ་ཞིག་ཐོན་གྱི་ཡོད་པ་ནི་དངོས་པོའི་ཆོས་ཉིད་དུ་སོང་ཕྱིར། དེ་ལ་རྟེན་འབྱུང་ལྟ་བའི་རྣམ་བཞག་གི་རྒྱུ་འབྲས་ཞེས་བརྗོད་ཆོག་སྟེ། དཔེར་ན། ང་ཚོས་བྲིས་པའི་དཔྱད་རྩོམ་ལྟ་བུར་མཚོན་ན། དཔྱད་རྩོམ་འབྲི་མཁན་གྱི་ཀུན་སློང་དང་། བྱེད་ལས་སོགས་བག་ཆགས་མི་ཉུང་བ་ཞིག་ལ་བརྟེན་ནས་ད་གཟོད་རྩོམ་གྲུབ་དགོས་ཤིང་། དེ་མིན་རྩོམ་ཡིག་དང་། རྩོམ་པ་པོ་གཉིས་ཀྱི་བར་ལ་འབྲེལ་བ་ཅི་ཡང་མེད་པར་མ་ཟད་འཕྲད་པའི་གོ་སྐབས་རང་བཞིན་གྱིས་བསྐལ་ཡོད་པར་འདོད། དེ་ལྟར་ཕྱིའི་དངོས་པོ་ཐམས་ཅད་རྒྱུ་རྐྱེན་མི་འདྲ་བའི་དབང་གིས་རང་འབྲས་སྣ་ཚོགས་སུ་འབྱུང་གི་ཡོད་པ་ཡིན་ན། འགྲོ་བའི་ཚེ་སྲོག་ཀྱང་ངང་ཚུལ་དེ་ལས་ནམ་ཡང་འདའ་མི་ནུས་ཤིང་། སྐྱེ་དངོས་འབྱུང་རྡུལ་དུ་མའི་བཅུད་རྫས་དང་། ལས་འབྲས་དཀར་ནག་སོགས་ཀྱིས་འཕེན་ཤུགས་ལ་བརྟེན་ནས་ཁམས་དང་དབང་པོ་མི་འདྲ་བའི་སེམས་ཅན་ཇི་སྙེད་ཞིག་བྱུང་དང་འབྱོན། འབྱུང་ངེས་ཡིན་པ་ནི་སུས་ཀྱང་རྗེས་སུ་དཔོག་པ་ཙམ་དུ་མ་ཟད། སྐྱེ་འགྲོ་དེ་དག་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་ཏེ་ལས་ཉོན་དང་། འབྱུང་རྡུལ། དྲོ་གྲང་། ཁོར་ཡུག ཕ་མའི་ཁུ་ཁྲག་སོགས་ཀྱི་བཅུད་རྫས་འདྲ་མཚུངས་མིན་པས་ན། ཁོ་ཚོ་འགའ་ཞིག་བར་སྣང་ལ་བརྟེན་བཅའ་བ་དང་། འགའ་ཞིག་ས་གཞིར་བརྟེན་བཅའ་བ། འགའ་ཞིག་རོལ་མཚོར་བརྟེན་བཅའ་བ་སོགས་སུ་བྱུང་བ་རེད་ལ། བར་སྣང་གཅིག་པར་མཚོན་ནའང་ཉི་ཟླ་སྐར་ཁྱིམ་དང་། གཞའ་སྤྲིན་ཟེར་གསུམ། མཁའ་ཀློང་དབྱིངས་གསུམ་བཅས་ཀྱིས་མཚོན། ང་ཚོས་ད་དུང་ངོས་མ་ཟིན་པའི་དངོས་པོ་མང་དག་ཞིག་འདུག་པ་དེ་དག་ཡོངས་ལ་བརྟེན་བཅའ་བའི་སེམས་ཅན་གྲངས་མང་ལས། འགའ་ཞིག་ང་ཚོ་དང་ཡུལ་གྱིས་བསྐལ་ཞིང་། འགའ་ཞིག་ང་ཚོ་དང་རང་བཞིན་གྱིས་བསྐལ་བས་མིག་གི་ཡུལ་དུ་མ་གྱུར་བ་ཙམ་མ་གཏོགས། ཡ་ཐོག་སྲིད་པའི་ལྷ་འདྲེ་ནི་རང་ཅག་དང་གྱེས་པའི་སྒོ་ནས་ཕྱི་རོལ་ཡུལ་དུ་རང་ཚུགས་ཀྱི་འཁོར་བསྐྱོད་བྱེད་བཞིན་མེད་ཅེས་སུས་ཀྱང་ལས་སླ་བོར་དགགས་ཐུབ་པ་ཞིག་མ་ཡིན་སྟེ། དཔེར་ན“སྣང་བའི་དངོས་པོ་ཁྲོད་ཀྱི་འབུ་ཕྲ་དེ་ཚོ་སོ་སྐྱེས་རང་ག་བའི་མིག་གིས་མཐོང་མི་ཐུབ་པར་ངེས་པར་དུ་ཕྲ་མཐོང་ཆེས་ཤེལ་ལ་བརྟེན་ནས་བལྟ་དགོས་པ་དང་། མུན་པར་གནས་པའི་དངོས་པོ་རྣམས་མིག་གི་གྲོགས་སུ་ཕྲ་མཐོང་ཆེས་ཤེལ་བསྣན་ནས་བལྟས་ཀྱང་མཐོང་མི་ཐུབ་པ་སྨོས་ཅི་དགོས། དངོས་གཙོ་རིང་ལུགས་ཀྱི་ལྟ་ཚུལ་ལྟར་ན། ཕྱི་ཡུལ་བྱ་དངོས་ཐམས་ཅད་ཁྱོད་ཀྱིས་མཐོང་བ་དང་། མ་མཐོང་བ་རྒྱུ་མཚན་དུ་བྱས་ནས་ཐག་བཅད་པ་མིན་པར། ཁྱོད་དང་གྱེས་པའི་སྒོ་ནས་ཕྱི་རོལ་ཡུལ་དུ་རང་ཚུགས་ཀྱི་གནས་ཡོད། དོན་དེར་ཁྱོད་ཀྱིས་ཁས་བླངས་ཀྱང་རུང་། མ་བླངས་ཀྱང་རུང་། ཕྱི་ཡུལ་བྱ་དངོས་ཐམས་ཅད་རང་གི་ཆོས་ཉིད་ལྟར་འཁོར་སྐྱོད’’བྱེད་པ་ཞིག⑦ཡིན་པར་ཐག་བཅད་ནས་བཤད་ཆོག་པ་མ་ཟད་ད་ལྟའི་ཚགས་པར་སོགས་ཀྱི་སྟེང་ན། ང་ཚོ་མིའི་སྤྱི་ཚོགས་ནང་དབང་པོ་འདྲ་མིན་གྱི་ཕྲུ་གུ་དང་སྲོག་ཆགས་ཡ་མཚན་པ་སྣ་ཚོགས་བཙའ་བཞིན་པའི་ཚུལ་རྒྱུན་དུ་མཐོང་རྒྱུ་འདུག་པ་དེ་དག་ནི།མི་ལས་ཐ་དད་པའི་འགྲོ་བ་གང་མང་ཞིག་ཡོད་པར་བསམ་གཞིགས་བྱེད་རྒྱའི་རྒྱུ་ཆ་ནུས་ལྡན་ཞིག་གོ ། དོན་དེ་འདྲར་དགོངས་ནས་སྟོན་པ་གཤེན་རབ་ཀྱིས་ཀྱང་། ཡེ་ཤེས་སྤྱན་གྱིས་གཟིགས་པའི་སེམས་ཅན་ནི། །ཇི་སྙེད་ས་ཡི་རྡུལ་བས་གྲངས་མང་ཡང་། །ཅེས⑧་གསུངས་པར་བསམ་གཞིགས་ཏོག་ཙམ་གནང་ཐུབ་ན་དཔྱོད་པའི་སྒོ་མོ་ཆེ་ཆེར་འབྱེད་ཐུབ་པར་སྣང་ངོ་། །གཞན་དུ་ན་སྲིད་པའི་མུན་སྒོང་བྱུང་བའི་ལོ་རྒྱུས་བདོག་པ་བཅས་མདོར་ན་ཡ་ཐོག་སེམས་ཅན་གྲོལ་ཚུལ་སྐོར་གྱི་གཏམ་རྒྱུད་ལུ་གུ་བརྒྱུུད་དུ་ཡོད་པ་ནི། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཕྲ་མཐོང་ཆེས་ཤེལ་ཞིག་དང་ཅིས་མི་མཚུངས། དེས་ན་ད་ལྟ་རང་ཅག་མང་པོས་ལྷ་འདྲེ་ཞེས་འདོད་མི་འདོད་དང་། དཔྱད་པ་འདྲ་མིན་ཅི་རིགས་བསྐྱོན་དགོས་དོན་ཤིན་ཏུ་ཆུང་ སྟེ། དོན་དངོས་ཐོག་ཡ་ཐོག་སྲིད་པའི་ལྷ་འདྲེ་ནི་སྲོག་ལྡན་གྱི་སྐྱེ་འགྲོ་སྟེ་འགྲོ་བ་མི་ལས་དབྱིབས་གཟུགས་དང་ཁམས་དབང་སོགས་ཐ་དད་ཞིང་།ལྷན་སྐྱེས་ཀྱི་ནུས་པ་དང་སྡོད་གནས་མི་མཚུངས་པའི་སེམས་ཅན་འབའ་ཞིག་ལ་དེ་ལྟར་གྱི་བླ་དྭགས་སུ་ཆགས་པ་ཙམ་ཞིག་ལས། གཞན་པའི་རྒྱུ་མཚན་རགས་པ་ཅི་ཡང་མེད་པར་རྟོགས་སོ། །

 

དཔྱད་གཞིའི་ཡིག་ཆ།
①《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》ཞེས་པ་དཔལ་ཚུལ་གྱིས་བརྩམས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ 1988ལོའི་ཟླ་11 པར་དུ་བཏབ་པའི་ཤོག་ལྷེ་ 22ལ་གསལ།
②《བོན་ཆོས་རྣམ་དབྱེ་》ཤོག་ལྷེ་ 14 ལ་གསལ།
③ཤར་རྫ་བས་མཛད་པའི་《སྔོན་འགྲོའི་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ་》ཤོག་ལྷེ 11གྲངས་314 ལ་གསལ།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་2000 ལོའི་ཟླ་ 11པར་དུ་བཏབ།
④《བོན་སྒོ་》ཞེས་པའི་ཤོག་གྲངས་ 20 ལ་གསལ།
⑤《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་》ཀྱི་ཤོག་ངོས་408ལ་གསལ།
⑥དགེ་བཤེས་གཡུང་དྲུང་གིས་བྲིས་པའི་《གངས་ལྗོངས་ཀྱི་ཤེས་བྱ་》ཞེས་པའི་ཤོག་ལྷེ་ 22 སུ་དྲངས་འདུག
ཕྱི་པར།
⑦《བོད་ཀྱི་གསང་རྒྱུད་རིག་པར་ཐོག་མའི་དཔྱད་པ་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ 1997ལོའི་ཟླ་
5བར་བསྐྲུན་པའི་ཤོག་ལྷེ་4པར་གསལ།
⑧《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་》1991 ལོར་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་
ཁང་ནས་པར་དུ་བཏབ་པའི་ཤོག་ལྷེ་ 55 རུ་གསལ། །
 

༢༠༠༨ལོའི༼དཔྱོད་ལྡན་མཆོད་པའི་མེ་ཏོག༽ལས

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།