སྒྲ་བླའི་ཚིག་དོན་སྐོར།

སྒྲ་བླའི་ཚིག་དོན་སྐོར།
ནམ་མཁའི་ནོར་བུ།

སྒྲ་བླ་ཞེས་བྱ་བའི་ཚིག་འདིར་དུས་ཕྱིས་ཀྱི་དཔེ་རྣམས་སུ“དགྲ་ལྷ”ཞེས་དགྲ་ཡི་ལྷ་སྟེ། དགྲ་བོ་དང་རྩོད་པའམ་གཡུལ་འགྱེད་པའི་ལྷ་ཡིན་པའི་དོན་ལ་སྦྱར་འདུག་པ་དཔེར་ན། «ལྷ་བསང་བརྒྱག་བརྔན་ཆེན་མོ»[ ཤ༡༠ནཕ༥]ལས“རང་ལ་ཡོད་པའི་དགྲ་ལྷ་བསང་། །གྲོགས་ཀྱིས་འགོ་བའི་དགྲ་ལྷ་བསང་། །དགྲ་བསད་གྲུབ་པའི་དགྲ་ལྷ་བསང་། །དར་མ་ཐོབ་པའི་དགྲ་ལྷ་བསང་། །ཆེ་བཙན་སྨོན་པའི་དགྲ་ལྷ་བསང་། །”ཞེས་པ་ལྟ་བུ་རྣམས་དང་། 
གཞན་ཡང«ལེགས་ལྡན་དགྲ་ལྷ་བཅུ་གསུམ་གྱི་གསོལ་མཆོད»[ཤ༥བ༣]ལས། “དགྲ་བོའི་དམག་དཔུང་བཤིག་པའི་དགྲ་ལྷ་མཛོད། །དགྲ་བོའི་གོ་མཚོན་བཤིག་པའི་དགྲ་ལྷ་མཛོད། །དགྲ་བོའི་དར་འཕྲུ་ཐོབ་པའི་དགྲ་ལྷ་མཛོད། །དགྲ་བོའི་གཡུལ་མཁར་བཤིག་པའི་དགྲ་ལྷ་མཛོད། །”ཅེས་པ་ལྟ་བུ་འདི་དག་གིས་མཚོན་པ་དུ་མ་ཞིག་ཡོད་པ་འདི་ནི་དེང་དུས་ཡོངས་གྲགས་སུ་ཆགས་ཡོད།
ཡང་འགའ་ཤས་ཀྱིས་དགྲ་བོའི་བླ་ལ་དབང་བྱེད་པའི་དོན་ལ་དགོངས་ནས“དགྲ་བླ”ཞེས་བཀོད་པ་དཔེར་ན། «མགོན་པོ་དགྲ་བླ་བཅུ་གསུམ་གྱི་བསང་མཆོད»[ཤ༡ན༡]ལས། “ལྷ་དམག་མགོན་དམག་གཉན་དམག་གསུམ། །ལྷ་མགོན་དགྲ་བླའི་གྲོགས་མཁན་དྲུག །ནོར་ལྷ་ཟས་ལྷ་གྲོགས་ལྷ་དགུ། །ཚོང་ལྷ་ལམ་ལྷ་མགྲོན་ལྷ་དང་། །སྲོག་ལྷ་དཀར་དང་བཅུ་གསུམ་པོ། །”ཞེས་བྱ་བས་གསལ།
གནའ་བོའི་དཔེ་རྙིང་རྣམས་སུ། “དགྲ་བླ”ཞེས་འབྱུང་བ་དེ་ནི་དགོངས་གཞི་ཤིན་ཏུ་གཏིང་ཟབ་པོའི་བོན་གྱི་ལུགས་ཡང་དག་པ་ཞིག་སྟེ། སྤྱིར་ན་སྒྲ་ནི་མིག་གི་མཐོང་དུ་རུང་བའི་དངོས་པོ་ཅི་ཞིག་མིན་ནའང་རྣ་བས་ཐོས་སུ་རུང་བ་དང་ཕན་ཚུན་གོ་བརྡ་སྤྲོད་དུ་རུང་བ་ཞིག་ཡིན་ལ། སྒྲ་ནི་སྐྱེས་བུ་སུ་ཡང་རུང་བ་ལ་འགོ་བའི་ཕྱ་དང་། དབང་ཐང་དང་ནུས་པ་ཀུན་དང་འབྲེལ་ཡོད་པ་ཞིག་ཡིན་པ་དང་། དེ་དག་ཀྱང་སྐྱེས་བུ་དེ་ལ་འགོ་བའི་ལྷ་དང་སྲུང་མ་རྣམས་དང་ཐད་ཀར་འབྲེལ་ཆགས་པ་ཞིག་ཡིན་པ་མ་ཟད། སྒྲ་ནི་སྐྱེས་བུ་སུ་ཡང་རུང་བ་དེའི་བླ་དང་འབྲེལ་ཐག་གི་གཙོ་བོ་ཞིག་ཀྱང་ཡིན་སྟབས། “དགྲ་བླ”ཞེས་དགོས་པ་དགོངས་གཞི་རྒྱ་ཆེན་པོ་དང་ལྡན་པའི་ཚིག་ཅིག་ཡིན་པ་ཤེས་སོ། །

«ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས»ལས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།