ཀླུང་རྟའི་སྐོར།

ཀླུང་རྟའི་སྐོར།
ནམ་མཁའི་ནོར་བུ།

ཀླུང་རྟ་ཞེས་པའི་ཚིག་དེ་ལས། ཀླུང་ནི་ནམ་རྒྱུན་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཏེ་འབྱུང་བའི་ཁམས་ལྔ་རུ་བརྩི་བའི་ཚེ། འབྱུང་བ་ནམ་མཁའི་ཁམས་མཚོན་པ་སྟེ། ཡོངས་ཁྱབ་པའམ་ཀུན་གྱི་བདག་ཉིད་ལ་འཇུག་པ་ཡིན། ཚིག་གཞན་ནགས་ཚལ་སྟུག་པོ་ལ་ནགས་ཀླུང་ཞེས་ནགས་ཀྱིས་ཡོངས་སུ་ཁྱབ་པའི་དོན་དང་། ཆུ་བོ་ཆེན་པོ་ལ་ཆུ་ཀླུང་ཞེས་ཆུ་བོའི་རྒྱུན་མི་ཆད་ཅིང་དུས་རྟག་ཏུ་འབབ་པའི་དོན་རྣམས་ལ་འཇུག་པ་དེ་དག་གིས་ཀྱང་ཡོངས་ལ་ཁྱབ་པའི་དོན་ཟུར་རེ་ཙམ་བསྟན་ཐུབ་པ་ཡིན། 
བེེ་རོའི་རྒྱུད་འབུམ་སོགས་གནའ་བོའི་དཔེ་རྙིང་འགའ་ཤས་སུ། སྐབས་འགར་དེང་དུས་ཀྱི“ཀློང”ཞེས་བྱ་བའི་དོན་དུ“ཀླུང”ཞེས་འབྲི་སྲོལ་བྱུང་འདུག་པ་དཔེར་ན«ཏུན་ཧོང་གི་དཔེ་མཛོད་ནས་ཐོན་པ་རྫོགས་ཆེན་གྱི་གཞུང་རིམ་པའི་ཁུ་བྱུག»[ཤ༢ནང༥]ལས། “ཕྱག་འཚལ་ལོ་ཞེས་བྱ་བ་ནི་དེའི་ཀླུང་དུ་ངང་གི་གནས་པ་ལ་བྱའོ། །”ཞེས་པ་ལྟ་བུ་སྟེ་དེའང་དོན་དུ་ཀློང་དང་ནམ་མཁའ་འདྲ་བའི་རྒྱུ་མཚན་གྱིས་ཡིན་སྲིད།
“རྟ”ཞེས་པ་ནི་སྤྱང་ཤེས་རྟ་ལ་དཔེར་མཚོན་པ་སྟེ་གནའ་དུས་སུ་རྟ་ནི་བགྲོད་པ་མྱུར་བའི་དཔེ་ཞིག་ཡིན་སྟབས་རྟ་ཡིས་ནི་ལམ་དུ་བགྲོད་པ་དང་བགྲོད་པའི་ཚུལ་ཡང་མྱུར་བ་ཉིད་དུ་བགྲོད་པའི་དོན་བསྟན་པ་ཡིན། དེའང་འབྱུང་བ་ལྔའི་ཁམས་ལ་རྟེན་པ་ཐམས་ཅད་མི་མཐུན་པ་ནས་མཐུན་པར་བགྲོད་པ་དང་། ཉེས་པ་ནས་ལེགས་པར་བགྲོད་པ་དང་། མི་དགེ་བ་རྣམས་དགེ་བར་བགྲོད་པ་དང་། ལྟས་ངན་པ་ནས་བཀྲ་ཤིས་པར་བགྲོད་པ་དང་། རྐྱེན་ཆགས་ངན་པ་ནས་ཕུན་སུམ་ཚོགས་པར་བགྲོད་པ་དང་། བགྲོད་པ་ཙམ་དུ་མ་ཟད་མྱུར་བ་ཉིད་དུ་བགྲོད་པ་སོགས་ཀྱི་དོན་དུ་ངེས་པ་ཡིན།
ནམ་རྒྱུན་དུ་བོད་ན་ཆེས་དར་བའི་ཀླུང་རྟའི་ངོགས་དབུས་སུ་རྟ་མཆོག་ནོར་བུས་མཚན་པ་དང་། ཕྱོགས་བཞིར་སྟག་སེང་ཁྱུང་འབྲུག་བཞིའི་གཟུགས་བཅས་བཀོད་ཡོད་པ་དེ་དག་གི་གོ་དོན་དུ། འགའ་ཞིག་གིས་སྡེར་བཞིའི་གཟུགས་སུ་བཀོད་པ་མི་འཇིགས་པ་སྟེ་རྣམ་པར་རྒྱལ་བའི་མཚོན་དོན་དུ་བཤད་སྲོལ་ཡོད་འདུག་པ་དེའང་དོན་དང་ལྡན་མོད། དངོས་དོན་ནི་འབྱུང་བའི་མཚོན་བྱེད་དུ་གོ་དགོས་ཏེ། སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་ཁམས་སམ་རླུང་གི་ཁམས་མཚོན་པ་དང་། སེང་གེ་རི་བོར་གནས་པས་སའི་ཁམས་མཚོན་པ་དང་། ཁྱུང་བར་སྣང་དུ་གནས་པའི་རྭ་ལས་མེ་འབར་བས་མེའི་ཁམས་མཚོན་པ་དང་། རླུང་ནི་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་ཏེ་ནགས་ཚལ་དང་རི་བོ། བར་སྣང་དང་རྒྱ་མཚོ་རྣམས་འབྱུང་བའི་མཚོན་དཔེར་མ་བཀོད་པར་དེ་དག་ལ་གནས་པའི་སེམས་ཅན་དེ་རྣམས་ཀྱིས་འབྱུང་བའི་མཚོན་དཔེར་བྱས་པ་ནི། འབྱུང་བའི་ཁམས་ཙམ་མིན་པར་འབྱུང་བའི་བྱེད་ལས་ཀྱི་མཚོན་དོན་གཙོར་སྟོན་པ་ཤེས་ཐུབ། དེ་ལྟ་བུའི་བྱེད་ལས་དེ་ཉིད་རྟ་མཆོག་གི་གཟུགས་སུ་བཀོད་པ་དེའང་ཉེས་པ་ནས་ལེགས་པར་བགྲོད་པ་སོགས་སྐྱེས་བུའི་རེ་འདོད་ཡོངས་སུ་བསྐང་བ་ཡིད་བཞིན་གྱི་ནོར་བུ་རིན་ཆེན་དང་འདྲ་བས་རྟ་མཆོག་ནོར་བུས་རྒྱན་ལྡན་དུ་བཀོད་སྲོལ་བྱུང་བ་འདི་ནི་ཀླུང་རྟའི་གོ་དོན་ཡང་དག་པ་ཡིན། དུས་ཕྱིས་སུ་ཀླུང་རྟ་ལ“རླུང་རྟ”ཞེས་རླུང་གི་བཞོན་པ་ལྟ་བུའི་གོ་དོན་དང་སྦྱར་ནས་འབྲི་སྲོལ་བྱུང་འདུག་པ་དེ་དག་ནི། རླུང་རྟ་བར་སྣང་དུ་འཕྱར་ཞིང་རླུང་གི་གཡོ་བའི་བྱེད་ལས་དང་བསྟུན་པས་དེ་སྐད་དུ་འབྲི་སྲོལ་བྱུང་ཡོད་པར་སེམས།
ཀླུང་རྟའི་ལྷ་ཚོགས་གང་དག་ཡིན་པ་དང་དེ་དག་ལ་གསོལ་མཆོད་ཇི་ལྟར་བྱ་བ་དང་དེ་དག་གི་ཕྲིན་ལས་གང་དག་ཡིན་པའི་ཚུལ་རྣམས་ནི«ཀླུང་རྟའི་གསོལ་ཁ་དགེ་ལེགས་ཀུན་སྩོལ»[ཤ༡ནང༢]ལས། “སྔོན་གྱི་བསྐལ་བ་དང་པོ་ལ། །སྲིད་པ་ཡེ་སྨོན་རྒྱལ་པོ་དང་། །ཡུམ་ནི་སྲིད་བདག་བཙུན་མོ་གཉིས། །ལྷ་ཡུལ་སྲིད་པའི་དགུང་སོང་ནས། །སྨོན་ལམ་ལྷ་ལ་ཀླུང་དུ་བཙལ། །སྲས་ནི་ལྷ་བུ་ལྷ་བཙན་སྲིད། །ལྕགས་ཀྱི་མི་ཕོ་དཀར་པོ་ཡི། །ཕྱག་གཡས་ལྕགས་ཀྱི་མདུང་དར་བསྣམས། །ཆིབས་སུ་སྟག་རྟ་ཁྱི་གསུམ་ཆིབས། །སྲིད་གསུམ་ཡོངས་ལ་ཁྱབ་པར་བྱེད། །ཕྱག་བརྙན་བྱ་སྤྲེལ་མགོ་བོ་ཅན། །ཡང་སྤྲུལ་གྲི་བདུད་སྤྲུལ་པ་འགྱེད། །ནུབ་ཕྱོགས་རླུང་རྟའི་བདག་པོ་སྟེ། །ཀླུང་ཁྲི་དགུ་འབུམ་འཁོར་བཅས་ལ། །ཤིང་སྣ་ལྔ་ཡི་དུད་པས་བསང་། །འབྲུ་བཅུད་བཤོས་གཙང་མཆོད་པ་འབུལ། །མདུང་དར་སེར་པོ་རྟེན་དུ་བཙུག །ཀླུང་ལྷ་སྐྱེས་ལ་སྙན་པ་སྒྲོགས། །མི་མཐུན་ཀླུང་འདི་མཐུན་པར་སྒྲུབས། །རླུང་རྟ་ལྷ་ཡི་སྲས་པོ་ནི། །ཟངས་ཀྱི་མི་ཕོ་དམར་པོ་ནི། །ཕྱག་ན་ཟངས་ཀྱི་མདུང་དར་བསྣམས། །ཆིབས་སུ་ཕག་ལུག་ཡོས་གསུམ་ཆིབས། །སྲིད་གསུམ་འབྱུང་བ་ཀུན་གྱི་བདག །ཕྱག་བརྙན་སྦྲུལ་གྱི་མགོ་བོ་ཅན། །ཡང་སྤྲུལ་གྲི་བཙན་ཤ་བའི་མགོ །ལྷོ་ཕྱོགས་རླུང་རྟའི་བདག་པོ་སྟེ། །ཀླུང་ཁྲི་དགུ་འབུམ་འཁོར་བཅས་ལ། །ཤིང་སྣ་ལྔ་ཡི་དུད་པས་བསང་། །འབྲུ་བཅུད་བཤོས་གཙང་མཆོད་པ་འབུལ། །མདུང་དར་ལྗང་ཁུ་རྟེན་དུ་བཙུག །ཀླུང་རྟ་བསྐྱོད་ལ་སྙན་པ་སྒྲོགས། །མི་མཐུན་ཀླུང་འདི་མཐུན་པར་བསྒྲུབས། །ཀླུང་རྟ་ལྷ་ཡི་སྲས་པོ་ནི། །ཤིང་གི་མི་ཕོ་ལྗང་ཁུ་ནི། །ཕྱག་ན་མདུང་དར་ལྗང་ཁུ་བསྣམས། །ཆིབས་སུ་བྱི་འབྲུག་སྤྲེལ་གསུམ་ཆིབས། །སྲིད་པ་ཡོངས་ལ་ཁྱབ་པར་བྱེད། །ཕྱག་བརྙན་སྟག་གི་མགོ་བོ་ཅན། །ཡང་སྤྲུལ་ས་བདག་ཆུ་སྲིན་གདོང་། །ཤར་ཕྱོགས་ཀླུང་རྟའི་བདག་པོ་སྟེ། ། ཀླུང་ཁྲི་དགུ་འབུམ་འཁོར་བཅས་ལ། །ཤིང་སྣ་ལྔ་ཡི་དུད་པས་བསང་། །འབྲུ་བཅུད་བཤོས་གཙང་མཆོད་པ་འབུལ། །མདུང་དར་སྔོན་པོ་རྟེན་དུ་བཙུག །ཀླུང་རྟ་ལྷ་ཡི་སྲས་པོ་ནི། །ཆུ་ཡི་མི་ཕོ་སྔོན་པོ་ནི། །ཕྱག་ན་མདུང་དར་སྔོན་པོ་བསྣམས། །ཆིབས་སུ་བྱ་གླང་སྦྲུལ་གསུམ་ཆིབས། །སྲིད་པ་ཡོངས་ལ་ཁྱབ་པར་བྱེད། །ཕྱག་བརྙན་ཕག་གི་མགོ་བོ་ཅན། །བདུད་ཁམས་སྲིད་པ་ཡོངས་ཀྱི་བདག །ས་བདག་ས་བསེན་སྤྲུལ་བ་འགྱེད། །བྱང་ཕྱོགས་ཀླུང་རྟའི་བདག་པོ་སྟེ། ། ཀླུང་ཁྲི་དགུ་འབུམ་འཁོར་བཅས་ལ། །ཤིང་སྣ་ལྔ་ཡི་དུད་པས་བསང་། །འབྲུ་བཅུད་བཤོས་གཙང་མཆོད་པ་འབུལ། །ཀླུང་ལ་བསྐྱོད་པ་སྙན་པ་སྒྲོགས། །མི་མཐུན་ཀླུང་འདི་མཐུན་པར་སྒྲུབས། །བསོད་ནམས་དཔལ་གྱི་དར་ཆེན་འཕྱོར། །སྙན་གྲགས་བྱ་རྒོད་ལྡེམ་འཕྲུ་བཙུག །ཀླུང་འདི་སྲིད་གསུམ་འབྲུག་ལྟར་གྲགས། །ཀླུང་རྟ་ལྕགས་ཀྱི་མི་ཕོ་ལ། །ས་ཡི་དཔའ་དར་ལྡེམ་འཕྲུ་བཙུག །ཀླུང་གི་ལྷ་རྣམས་རྟེན་ལ་བྱོན། །ཀླུང་རྟ་ཟངས་ཀྱི་མི་ཕོ་ལ། །ཤིང་ཐོག་འཕན་དར་ལྡེམ་འཕྲུ་བཙུག །ཀླུང་གི་ལྷ་གསུམ་རྟེན་ལ་བྱོན། །ཀླུང་རྟ་ཤིང་གི་མི་བོ་ལ། །ཆུ་དར་སྔོན་པོའི་ལྡེམ་འཕྲུ་བཙུག །ཀླུང་གི་ལྷ་གསུམ་རྟེན་ལ་བྱོན། །ཀླུང་རྟ་ཆུ་ཡི་མི་ཕོ་ལ། །དཀར་པོ་དུང་གི་ལྡེམ་འཕྲུ་བཙུག །ཀླུང་གི་ལྷ་གསུམ་རྟེན་ལ་བྱོན། །ཀླུང་གི་ཕྱག་བརྙན་སྤྲུལ་བ་བཞི། །སྟག་སྤྲེལ་ཕག་སྦྲུལ་སྲིད་པའི་ལྷ། །ལྷ་རྫས་བཞི་བོའི་རྟེན་ལ་བྱོན། །མི་མཐུན་ཀླུང་འདི་མཐུན་པར་སྒྲུབས། །བསོད་ནམས་རྒྱལ་མཚན་དར་ཆེན་ཕྱོར། །བསམ་པ་སྒྲུབས་ལ་སྙན་པ་སྒྲོགས། །བཀྲ་ཤིས་བདེ་ལེགས་ཕུན་སུམ་མཛོད། །”ཅེས་ཀླུང་རྟའི་གསོལ་ཁ་ཡོངས་སུ་རྫོགས་པ་འདིས་གསལ་བ་ཡིན།

«ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས»ལས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།