བོན་དང་བོན་པོ་ཞེས་པའི་ཚིག་དོན་ལ་དཔྱད་པའི་གཏམ་སྐྱ་རེངས་གསར་པའི་འོད་སྣང་།

བོན་དང་བོན་པོ་ཞེས་པའི་ཚིག་དོན་ལ་དཔྱད་པའི་གཏམ་སྐྱ་རེངས་གསར་པའི་འོད་སྣང་།
ནག་རུ་དགེ་ལེགས་སྦྱིན་པ།

སྤྱིར་བོན་དང་བོན་པོ་ཞེས་པའི་ཚིག་འདི་བོད་གངས་ཅན་པའི་ལྗོངས་འདིར་ཤིན་ཏུ་ཁྱབ་ཆེ་ལ་ཡོངས་སུ་གྲགས་པ་ཞིག་ཡིན་སྟབས། བོད་ཀྱི་ལོ་རྒྱུས་དང་། རིག་གནས། མི་རིགས་ཀྱི་གོམས་གཤིས་སོགས་ལ་ཞིབ་འཇུག་གནང་མཁན་ཕྱི་ནང་གི་མཁས་དབང་མི་ཉུང་བ་ཞིག་གིས་བོན་དང་། བོན་པོ་ཞེས་པའི་ཚིག་དོན་སྐོར་ལ་དོ་སྣང་ཆེན་པོ་གནང་གི་ཡོད་པ་མ་ཟད། ཁོང་རྣམ་པས་ཞིབ་འཇུག་བྱས་པའི་དཔྱད་རྩོམ་མི་ཉུང་བ་ཞིག་ཕྱི་རྒྱལ་གྱི་སྐད་རིགས་མི་འདྲ་བ་དུ་མར་འགྲེམས་སྤེལ་བྱས་དང་བྱེད་བཞིན་ཡོད། དེར་བརྟེན་ལོ་རེ་བཞིན་བོན་གྱི་ཆོས་ལུགས་དང་བོན་ཞེས་པའི་ཚིག་འདིའི་སྐོར་ལ་ཞིབ་འཇུག་བྱེད་མཁན་དང་། དོ་སྣང་གནང་མཁན་ཇེ་མང་དང་འཕེལ་རྒྱས་འགྲོ་བཞིན་ཡོད། ང་ཚོའི་ཐོག་མར་བོན་གྱི་ཆོས་ལུགས་སྐོར་ལ་ཞིབ་འཇུག་བྱེད་པའི་ཚེ་དང་པོ་བོན་དང་བོན་པོ་ཞེས་པའི་ཚིག་དོན་སྐོར་ལ་བསམ་གཞིགས་ལེགས་པར་གཏོང་སྟེ། དེའི་གོ་དོན་ཡང་དག་པ་ཞིག་རྙེད་ཐབས་བྱེད་དགོས་པ་དེ་ནི་བོན་གྱི་ཆོས་ལུགས་ལ་ཞིབ་འཇུག་བྱེད་པའི་རྨང་གཞི་ལྟ་བུ་ཡིན། བོན་དང་བོན་པོ་ཞེས་པའི་ཚིག་དོན་ཡང་དག་པ་ཞིག་ངེས་པ་མ་རྙེད་ཚེ་ང་ཚོས་བོན་དང་བོན་པོའི་སྐོར་ལ་འགྲེལ་བརྗོད་ཇི་ལྟར་བྱས་ཀྱང་དེ་ནི་དོན་གྱི་སྙིང་པོ་མེད་པ་དཔེར་ན་བར་སྣང་གི་འཇའ་ཚོན་ལྟ་བུ་སྟེ། ལྟ་ན་མཛེས་ཤིང་དཔྱད་ན་སྙིང་པོ་མེད་པ་ཡིན། བོན་དང་བོན་པོའི་སྐོར་ལ་ཞིབ་འཇུག་གནང་མཁན་སེར་སྐྱ་སུ་ཞིག་ཡིན་རུང་ངེས་པར་དུ་ཞིབ་འཇུག་པ་རང་ཉིད་ཀྱིས་བོན་གྱི་ལོ་རྒྱུས་ཡིག་ཆ་ཁག་ལ་བལྟ་རྟོགས་ཀློག་གསུམ་དང་། བོན་གྱི་བླ་མ་མཚན་ལྡན་དང་། བོན་གྱི་དགེ་བཤེས། བོན་གྱི་མཁས་དབང་། བོན་གྱི་ལོ་རྒྱུས་ལ་གོམས་འདྲིས་མྱོང་གསུམ་ཡོད་པའི་རྒན་རབས་རྣམས་ལ་འདྲི་གཏུགས་བྱེད་དེ་བོན་ལུགས་ལ་ཞིབ་འཇུག་བྱས་པ་ཡིན་ན་བོན་གྱི་ལྟ་གྲུབ་གང་ཡིན་པ་དེ་ཉིད་ཚུལ་བཞིན་མཁྱེན་ཐུབ་པ་མ་ཟད། རང་ཉིད་ཀྱིས་དཀའ་བ་སྤྱད་དེ་གང་ཞིབ་འཇུག་བྱས་པ་དེ་ཉིད་འཛམ་གླིང་འདིར་ཚད་གཞིར་འོས་པའི་ཞིབ་འཇུག་ཞིག་ཏུ་འགྱུར་བ་ཡིན། དེ་ལྟར་གང་ཡང་མ་བྱས་པར་གཞན་གྱིས་ཟེར་སྒྲོས་གཅིག་པུའི་ཐོག་ནས་བོན་དང་བོན་པོའི་སྐོར་ལ་འགྲེལ་བརྗོད་བྱེད་པ་དེའི་རིགས་ནི་བྱིས་པའི་སྒྲུང་གཏམ་ལྟ་བུ་ལས་རྒྱུ་མཚན་དང་ལྡན་པའི་རྩོམ་ཡིག་ཞིག་ཏུ་འགྱུར་བ་ཤིན་ཏུ་དཀའ། བོན་དང་བོན་པོ་ཞེས་པའི་ཚིག་དོན་སྐོར་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་དེ་ནི་བོན་གྱི་ཚད་ལྡན་ཡིག་ཆ་ཁག་དང་། བོད་ཀྱི་ལོ་རྒྱུས་ཡིག་རྙིང་རྣམས་ཡིན། གནའ་རབས་ཀྱི་ཡིག་རྙིང་ཁག་ལ་གཞི་བཅོལ་ཏེ་གྲུབ་མཐའི་ཕྱོགས་ཞེན་གྱིས་མ་བསླད་པར་ང་ཚོས་ཞིབ་འཇུག་བྱས་པ་ཡིན་ན་བོན་དང་བོན་པོ་ཞེས་པའི་གོ་དོན་ཡང་དག་པ་ཞིག་རྙེད་ཐུབ་པ་ཡིན། ད་ལན་ངས་བོན་དང་བོན་པོ་ཞེས་པའི་ཚིག་འདིའི་སྐོར་ལ་ཞིབ་འཇུག་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཤིན་ཏུ་རྒྱ་ཆེ་ལ་གཏིང་ཟབ་པ་གཡུང་དྲུང་བོན་གྱི་རིག་པའི་གཞུང་ལུགས་ཁག་ལ་ཞིབ་འཇུག་གནང་མཁན་ཕྱི་ནང་གི་མཁས་དབང་རྣམས་ལ་གྲོས་འདེབས་ཀྱི་ཚུལ་དང་། དེ་བཞིན་གཡུང་དྲུང་བོན་སྒོར་ཞུགས་པའི་ཕྱི་རྒྱལ་གྱི་སློབ་མ་ཁག་དང་། ཡང་དག་པའི་བོན་གྱི་ཆོས་དང་རིག་པའི་གཞུང་ལུགས་ཁག་ལ་ཞིབ་འཇུག་གནང་མཁན་གྱི་བློ་གསར་བའི་ཚོགས་དང་། ཁྱད་པར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་པའི་གཞུང་ལུགས་ཁག་ལ་དོ་སྣང་དང་ཞིབ་འཇུག་གནང་མཁན་ཤ་རུས་གཅིག་པའི་གདོང་དམར་བོད་རིགས་སྤུན་ཟླ་རྣམས་ཀྱིས་རང་གི་ཕ་མེས་ཀྱི་ཤེས་རིག མེས་པོས་ཤུལ་བཞག་གི་གཅེས་ནོར་བོན་ཞེས་པའི་ཚིག་འདིའི་གོ་དོན་རྣལ་མ་ཞིག་རྙེད་པའི་གསོས་སུ་རེ་ནས་བྲིས་པ་མ་ཟད། བོད་ཀྱི་ལོ་རྒྱུས་སྨྲ་བ་མི་ཉུང་བ་ཞིག་གིས་བོན་ཞེས་པའི་ཚིག་དོན་འདི་ཉིད་བོན་སྟོན་གཤེན་རབ་ཀྱི་ཆོས་ལུགས་དང་། བོན་པོ་ཞེས་པ་ཆོས་ལུགས་དེའི་རྗེས་འཛིན་ཞིག་ཏུ་འགྲེལ་བརྗོད་གནང་བ་དང་། འགའ་ཞིག་གིས་གཡུང་དྲུང་བོན་གྱི་ཆོས་ལུགས་གངས་ཅན་ལྗོངས་སུ་དར་བའི་དུས་མཚུངས་སུ་ཐ་སྙད་འདི་བྱུང་བ་ལས་སོགས་གཅིག་ཏུ་མ་ངེས་པའི་བཤད་ཚུལ་ཇི་སྙེད་ཅིག་བྱུང་བ་རྣམས་ལ་ལུང་རིག་ཟུང་འབྲེལ་གྱི་སྒོ་ནས་དོན་གྱི་བདེན་པ་མཐོང་བའི་ཆེད་དུའོ། །དཔེར་ན་ཆར་པ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་ཞེས་པའི་དཔེ་ལྟར་ཡིན།

བོན་ཞེས་པའི་ཚིག་དོན་གྱི་སྐོར།

    ཞང་ཞུང་སྐད་དུ་ཧོས་དང་གྱེར། བོད་སྐད་དུ་བོན་ཞེས་པའི་ཚིག་འདི་ཆེས་སྔ་མོའི་དུས་ནས་བོད་ཀྱི་མེས་པོ་ཚོས་སེམས་ཀྱི་བསམ་མནོའི་ཁྱེར་སོ་དང་། ངག་གིས་སྨྲ་བརྗོད་གཉིས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། བརྗོད་དོན་གྱི་ཆ་ལ་བསམ་ན་ཐ་སྙད་འདི་ལ་བོད་ཀྱི་བརྡ་རྙིང་ཞེས་བརྗོད་ཀྱང་རུང་བ་ཡིན། དངོས་ཡོད་ཀྱི་ལོ་རྒྱུས་ཐོག་ནས་བཤད་ན་གཡུང་དྲུང་བོན་གྱི་བསྟན་པ་ཐོག་མར་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་བོད་གངས་ཅན་ལྗོངས་འདིར་ཞབས་བཅག་པའི་དུས་སུ་བོད་ཀྱི་བོན་པོ་རྣམས་ལ་ཡར་མགོན་བྱེད་ཀྱི་ལྷ་གསོལ་བ་དང་། མར་གནོད་བྱེད་ཀྱི་འདྲེ་སྲི་བཀར་བ། ཡུག་ཕུད་པ་སོགས་ཀྱི་བསྟན་པ་རྗེས་བཞག་གནང་བ་ནས་བོད་དུ་དར་བར་བཞེད་ལ། དེའི་གོང་དུ་བོད་ཀྱི་བོན་པོ་ཞེས་པ་བོན་གྱི་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་རྗེས་འཛིན་མ་ཡིན་པའི་བོན་པོ་ཡོད་པར་གསལ་བས། བོན་དང་བོན་པོ་ཞེས་པའི་ཚིག་འདི་གཡུང་དྲུང་བོན་གྱི་བསྟན་པ་བོད་དུ་མ་དར་གོང་དུ་བོད་མི་ཚོས་ཐ་སྙད་འདི་ཉིད་བེད་སྤྱོད་བྱས་ཡོད་པ་སྨོས་མེད་རེད། ཐ་སྙད་འདི་ཉིད་གཡུང་དྲུང་བོན་གྱི་བསྟན་པ་བོད་དུ་མ་དར་བའི་གོང་དུ་བྱུང་བའི་ཤེས་བྱེད་དུ། མདོ་གཟེར་མིག་ལས། གཤེན་རབ་ཀྱིས་བོད་ཀྱི་བོན་པོ་ལ། བོན་དུ་ལྷ་གསོལ་བ་དང་། འདྲེ་བཀར་བ་གཉིས་ཀྱི་ལུང་ཕོག ཅེས་སྟོན་པ་སངས་རྒྱས་བོད་དུ་ཞབས་བཅག་པའི་སྐབས་སུ་གཤེན་རབ་ཀྱི་རྗེས་འཛིན་མ་ཡིན་པའི་བོད་ཀྱི་བོན་པོ་ཡོད་པར་གསུངས། གཡུང་དྲུང་བོན་གྱི་བསྟན་པ་བོད་དུ་དར་བ་ནས་རིམ་བཞིན་འཕེལ་རྒྱས་ཕྱིན་ཏེ་བོད་གང་སར་ཆོས་ལུགས་འདིས་ཤུགས་རྐྱེན་ཐེབས་པས་བོན་དང་བོན་པོ་ཞེས་པའི་ཐ་སྙད་འདི་བོན་གྱི་ཆོས་ལུགས་དང་དེའི་ལུགས་འཛིན་པའི་སྒེར་མིང་དུ་ཆགས། ད་ལྟ་བོད་ཀྱི་སྤྱི་ཚོགས་ནང་དུའང་བོན་ཞེས་པའི་ཚིག་འདི་ཐོས་པ་ཙམ་གྱིས་བོན་གྱི་ཆོས་ལུགས་དང་བོན་པོ་སེམས་ལ་ལྷང་ངེར་ཤར་ཐུབ་པར་གྱུར། རྒྱུ་མཚན་དེས་ན་བོད་ཀྱི་སྤྱི་ཚོགས་ཀྱི་ཁྲོད་དུ་བོན་ཞེས་པའི་ཚིག་འདིའི་གོ་དོན་རྣལ་མ་གང་ཡིན་པ་དེ་ཉིད་ལྐོག་ཏུ་གྱུར། གནའ་རབས་སུ་རང་རེ་བོད་ཀྱི་མེས་པོ་ཚོས་བོན་ཞེས་པའི་ཐ་སྙད་འདི་ཉིད་བཀོལ་སྤྱོད་བྱས་ཚུལ་ལ་གཞིགས་ན་ཚིག་འདིའི་བརྗོད་དོན་གཅིག་ཏུ་མ་ངེས་ཤིང་། མིང་ཚིག་མི་མཐུན་པ་དུ་མའི་དོད་དུ་བོན་ཞེས་པའི་ཚིག་འདི་ཉིད་བེད་སྤྱོད་གནང་སྲོལ་བྱུང་འདུག དཔེར་ན་སྐབས་འགར་ཐོས་ཞེས་པའི་ཚིག་དོད་དུ་བེད་སྤྱོད་བྱས་ཡོད་པ་ནི། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་ལས། སྟོན་པས་གསུངས་པ་འཁོར་གྱི་སྙན་དུ་བོན་པས་ན་བོན་ཞེས་བྱ་སྟེ། ཞེས་སྙན་དུ་ཐོས་ཅེས་པའི་ཚིག་དོད་དུ་སྙན་དུ་བོན་ཞེས་གསུངས་པས་གྲུབ་པ་ཡིན། ཡང་སྒྲ་ཐོས་མ་ཐོས་ཞེས་པའི་དོད་དུ། སྒྲ་བོན་མ་བོན་ཞེས་བརྗོད་སྲོལ་ཡོད་པ་གསལ། ཡང་སྲིད་ཅེས་པ་དང་། ཆགས་ཞེས་པའི་ཚིག་དོད་དུ་བེད་སྤྱོད་བྱས་ཡོད་པ་ནི། ཐུགས་ཀྱི་ཡང་གབ་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད༢༨༨ལས། རང་འབྱུང་ཆེན་པོའི་བོན་དུ་བྱུང་། དེ་ལས་ཡེ་ཡོད་ཅུང་ཙམ་དུ་བོན། དེ་ལས་བག་ཙམ་རྡུལ་ཙམ་དུ་བོན། རྡུལ་ཙམ་བདུན་ལས་ཕྲ་རབ་ཏུ་བོན། དེ་ལས་ཟླ་བ་ཡར་འཕེལ་བོན། ཡེ་ཡོད་ཡེ་མེད་དུས་སུ་ཡེ་བོན་སྣང་གྲགས་བོན། ཟླ་བ་ཡར་ངོ་ལས་རླུང་རྡོ་རྗེ་རྒྱ་གྲམ་དུ་བོན། ཞེས་པས། དེ་ལས་ཡེ་ཡོད་ཅུང་ཙམ་དུ་སྲིད། ཅེས་པ་དང་། རྡུལ་ཙམ་བདུན་ལས་ཕྲ་རབ་ཏུ་ཆགས་ཞེས་པའི་དོད་དུ་བོན་ཞེས་པའི་ཚིག་འདི་བེད་སྤྱོད་གནང་འདུག སྐབས་འགར་མགོན་ཞེས་པའི་ཚིག་དོད་དུ་བེད་སྤྱོད་གནང་སྲོལ་ཡོད་པ་ནི། སྒྲ་བླའི་གོ་བསང་ལས། བཞུགས་ནི་མཚོན་ཆའི་མཁར་ལ་བཞུགས།།གནས་ནི་དམུ་རིའི་རྩེ་ལ་གནས།།མགོན་ནི་བོན་ལ་དགའ་བའི་བོན། །སྐྱོབས་ནི་གཤེན་ལ་གདུང་བའི་སྐྱོབས།།ཞེས་པས། མགོན་ནི་བོན་ལ་དགའ་བའི་མགོན་ཞེས་པའི་ཚིག་དོད་དུ་བོན་ཞེས་པའི་ཐ་སྙད་འདི་བེད་སྤྱོད་གནང་། སྐབས་འགར་ཧ་གོ་བའམ། དོན་རྟོགས་ཞེས་པའི་ཚིག་དོད་དུ་བེད་སྤྱོད་བྱས་ཡོད་པ་ནི། ཐུགས་ཀྱི་ཡང་གབ་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད༣༠༣ ལས། མི་རིག་པ་ལ་རིག་པ་བོན་བས་ན་བོན། མ་ཐོས་པ་ལ་ཐོས་པ་བོན་པས་ན་བོན། མ་གོ་བ་ལ་གོ་བར་བོན་པས་ན་བོན། མ་རྟོགས་པ་ལ་རྟོགས་པར་བོན་པས་ན་བོན། ཞེས་དང་། ཡང་༼མགར་སྟོན་གྱི་གཏེར་མ༽དབལ་ཕུར་གསང་བའི་སྒྲོན་མེ་སྒྲུབ་པའི་ཕྲིན་ལས་ ༦༤༨ལས། དབལ་བོན་སྟག་ལ་མེ་འབར་ལ།།ཐུགས་རྗེ་བྱམས་མས་ལུང་བསྟན་ཏེ།།ནམ་མཁའི་དབྱིངས་ནས་གསུང་བསྒྲགས་པས།།ལྷང་ལྷང་གསུང་དེ་སྙན་དུ་གསན།།ཐུགས་ལ་བོན་ཏེ་དགོངས་པར་གསལ།།དགོངས་པའི་འོད་ཟེར་ཉི་ལྟར་ཤར།།ཅེས་ཐུགས་ལ་བོན་ཞེས་པ་དང་། ཐུགས་ལ་མཁྱེན་པ་དང་། ཐུགས་ལ་གསལ་བ། ཐུགས་ཀྱིས་དགོངས་པ་སོགས་ཀྱི་གོ་དོན་གཅིག་མཚུངས་སུ་བཞེད། མདོར་ན་ལུང་ཚིག་འདི་ལ་བརྟེན་ནས་གནའ་རབས་སུ་བོད་ཀྱི་མེས་པོ་ཚོས་དོན་རྟོགས་པའམ། ཧ་གོ་བའི་ཚིག་དོད་དུ་བོན་ཞེས་པའི་ཐ་སྙད་འདི་བཀོལ་སྤྱོད་གནང་བའི་དུས་རབས་ཤིག་བྱུང་ཡོད་པ་ཤེས་ཐུབ་པ་ཡིན། དེང་སང་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་མི་ཉུང་བ་ཞིག་གིས་བོན་ཞེས་པའི་ཚིག་དོན་འདི་བོན་པོའི་ཆོས་ལུགས་གཅིག་པུ་ལ་འགྲེལ་བཤད་བྱས་པ་དེ་ནི། བོན་ཞེས་པའི་ཚིག་འདིའི་གོ་དོན་རྣལ་མ་གང་ཡིན་པ་དེ་ཉིད་མ་ཤེས་པའི་རྟགས་མཚན་ཞིག་ཏུ་མངོན། དེའང་ཞང་བོད་ལོ་རྒྱུས་ཏི་སེའི་འོད་སྣང༤༢ ལས། བོན་ཞེས་པའི་ཚིག་འདི་ནི་གཤེན་རབ་མི་བོ་ཆེའི་བསྟན་པ་ཙམ་ངོས་འཛིན་གྱི་ཡོད་པ་དེ་ནི་ནོར་འཁྲུལ་ཚབས་ཆེ་བ་ཡིན། ཞེས་གསུངས་པས་ངེས་པར་སེམས། བོན་དང་བོན་པོ་ཞེས་པའི་གོ་དོན་རྣལ་མ་གང་ཡིན་པ་དེ་ནི་གཡུང་དྲུང་བོན་གྱི་ལུགས་ལ་ཅི་ལྟར་གྲགས་པ་བཞིན་དོན་ལ་གནས་པ་ནི་ཚད་མས་མི་གནོད་ཅིང་རིགས་པས་གྲུབ་པ་ཡིན། གཡུང་དྲུང་བོན་གྱི་ལུགས་ལ་བོན་ཞེས་པའི་ཚིག་འདིའི་གོ་དོན་ཆོས་ལུགས་གཅིག་པུར་ངོས་མི་འཛིན་པར། དོན་གྱི་ཆ་ནས་ཤེས་བྱ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པ་ཐམས་ཅད་བོན་ཡིན་པ་ངོས་འཛིན་པ་ཡིན། དེ་ཡང་ཀླུ་འབུམ་ལས། ཤེས་བྱ་སྣང་སྲིད་ཐམས་ཅད་བོན་ཡིན་ཏེ། བོན་གྱིས་མ་ཁྱབ་པ་མེད། ཅེས་གསུངས། རྒྱུ་མཚན་དེས་ན་བོན་ལ་དབྱེ་ན་རྗོད་བྱེད་ཚིག་གིས་བསྡུས་པའི་བོན་དང་། བརྗོད་བྱ་དོན་གྱིས་བསྡུས་པའི་བོན་གཉིས་སུ་ཕྱེ་སྲོལ་ཡོད། དང་པོ་ནི། རྗོད་བྱེད་ངག་གིས་བསྡུས་པའི་ཡི་གེ་དང་། མིང་དང་ཚིག རྒྱལ་བའི་བཀའ་དང་། བཀའ་བརྟེན་ཏེ་མདོར་ན་ཚིག་རྣ་བས་ཐོས་ཤིང་དོན་གྱི་བརྗོད་བྱ་སེམས་ལ་གོ་བར་བྱེད་པའི་རྗོད་བྱེད་ངག་གི་རྣམ་པ་དེ་ལ་ཚིག་གིས་བསྡུས་པའི་བོན་ཞེས་གསུངས། དོན་གྱི་ཆ་ནས་ཤེས་བྱ་དང་། གཞལ་བྱ། གཞི་གྲུབ། ཡོད་པ། བོན། སྲིད་པ། རྟེན་འབྲེལ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སུ་བསྟན་ཡོད། ཤེས་བྱ་དང་དོན་གཅིག་ཏུ་བསྟན་པའི་བོན་དེ་ནི་རང་རང་གི་ཡིན་ལུགས་ལྡན་པའམ་རང་གི་མཚན་ཉིད་འཛིན་པ་ཙམ་ལ་གོ་བ་ཡིན། དཔེར་ན་ས་ཡི་རང་བཞིན་སྲ་ཞིང་མཁྲེགས་པ་དང་། ཆུ་ཡི་རང་བཞིན་བརླན་ཞིང་གཤེར་བ། མེ་ཡི་རང་བཞིན་ཚ་ཞིང་སྲེག་པ། རླུང་གི་རང་བཞིན་ཡང་ཞིང་གཡོ་བ། ནམ་མཁའི་རང་བཞིན་ཀུན་གསལ་གོ་འབྱེད་པ། འདུས་བྱས་ཀྱི་རང་བཞིན་མི་རྟག་ཅིང་སྐྱེ་འཇིག་ཅན་དང་། རྟག་པའི་རང་བཞིན་མི་འགྱུར་ཞིང་སྐྱེ་འཇིག་དང་བྲལ་བར་གནས་པ་ལྟ་བུའོ།། སྤྱིར་ཕྱི་གཟུང་བའི་བོན་ཞེས་གཟུགས་སྒྲ་དྲི་རོ་རེག་བྱས་བསྡུས་པའི་བོན་དང་། ནང་འཛིན་པའི་བོན་ཞེས་རྣམ་ཤེས་ཚོགས་བརྒྱད། སེམས་དང་སེམས་བྱུང་གི་ཚོགས་རྣམས་སོ།། འཁོར་བའི་བོན་ཞེས་ཉོན་མོངས་དུག་གསུམ་དུག་ལྔས་བསྡུས་པའི་ཉོན་མོངས་པའི་ཚོགས་དང་། གཉིས་པ་འདུ་བྱེད་ལས་ཀྱིས་བསྡུས་པ་རྣམས་སོ། །མྱ་ངན་ལས་འདས་པའི་བོན་ཞེས་ཐར་པའི་ལམ་ལྔ་གསུམ་བཅོ་ལྔ་དང་། བླ་ན་མེད་པར་ཕྱིན་པ་བཅུ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་། སྙིང་རྗེ་ཚད་མེད་པ། བྱམས་པ་ཚད་མེད་པ། དགའ་བ་ཚད་མེད་པ། བཏང་སྙོམས་ཚད་མེད་པ། རྒྱུ་བསོད་ནམས་ཀྱི་ཚོགས་དང་། འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་བསྡུས་པ་རྣམས་ལ་ངོས་འཛིན་པ་ཡིན། ཡོངས་གྲགས་སུ་བོན་གྱི་ཡིག་ཆ་རྣམས་སུ་བོན་གྱི་སྒྲ་འཇུག་ཚུལ་འཆད་པའི་སྐབས་སུ་འཇུག་ཚུལ་རྣམ་པ་བརྒྱད་དུ་འཆད་སྲོལ་ཡོད་པ་ནི། དང་པོ་ཤེས་བྱ་ལ་བོན་གྱི་སྒྲ་འཇུག་སྟེ། བོན་ཐམས་ཅད་བདེན་པ་གཉིས་སུ་བསྡུས་སོ།།ཞེས་གསུངས། དེའང་ཤེས་བྱ་ལ་བདེན་པ་གཉིས་ཀྱི་ཁ་མཚམས་ཆོད་ལ་བདེན་པ་གཉིས་སུ་མ་འདུས་པའི་བོན་ཞིག་མེད་པའི་ཆ་ནས་དེ་ལྟར་གསུངས་པ་ཡིན། གཉིས་པ་འཁོར་བ་དང་མྱང་འདས་ལ་འཇུག་པ་ནི། འཁོར་འདས་ཀྱི་བོན་ཐམས་ཅད་ཅེས་གསུངས། གསུམ་པ་ཡིད་དང་ཡུལ་ལ་འཇུག་པ་ནི། མིང་དང་གཟུགས་ཞེས་པ་ནས་ཡིད་དང་བོན། ཞེས་གསུངས། བཞི་པ་བསོད་ནམས་ལ་འཇུག་པ་ནི། སྤྱོད་པའི་སྒྲ་ཐོས་པར་དཀའ་བ་གཡུང་དྲུང་གི་བོན་ལ་སྤྱོད། ཅེས་གསུངས། ལྔ་པ་དོན་ལ་སྒྲ་འཇུག་པ་ནི། གནས་ལུགས་དོན་གྱི་བོན། ཞེས་གསུངས། དྲུག་པ་ཐར་པའི་ལམ་ལ་འཇུག་པ་ནི། ལམ་གྱི་བོན། ཞེས་གསུངས། བདུན་པ་གསུང་རབ་ལ་འཇུག་པ་ནི། སྟོན་པས་བོན་སྒོ་བཞི་མཛོད་ལྔ་གསུངས། ཞེས་སོ། །བརྒྱད་པ་ཐེག་པ་ལ་འཇུག་པ་ནི། ཐེག་པ་བླ་ན་མེད་པའི་གཡུང་དྲུང་གི་བོན་ལ་སྤྱོད། ཅེས་བོན་གྱི་སྒྲ་འཇུག་པའི་ཚུལ་གསུངས་སོ། །བསྟན་པ་དེ་ལ་ངོས་འཛིན་གནང་ཡོད། བསྟན་པ་དེ་ལ་སྐུ་ཡི་བསྟན་པ་དང་། གསུང་གི་བསྟན་པ། ཐུགས་ཀྱི་བསྟན་པ་གསུམ་གྱི་དབྱེ་བ་ཕྱེས་ཡོད་པ་ཡིན། དང་པོ་སྐུའི་བསྟན་པ་ནི་བདེ་བར་གཤེགས་པའི་སྐུ་གཟུགས་དང་། སྐུ་གདུང་། དཀྱིལ་འཁོར་འབྲི་བཞེངས་ལ་སོགས་པའོ། །གཉིས་པ་གསུང་གི་བསྟན་པ་ནི་བདེ་བར་གཤེགས་པའི་གསུང་རབ་བཀའ་དང་བཀའ་བརྟེན་གཉིས་ཀྱི་ཁོངས་སུ་འདུས་ཡོད། དེ་ཡང་། ཕྱི་མདོ་ཡི་བོན་སྡེ་གཙོ་བོ་མཚན་ཉིད་སྡེ་ལྔ་སྟེ། ཟབ་མོ་སྟོན་པ་འབུམ་གྱི་སྡེ་དང་། ཚུལ་ཁྲིམས་རྣམ་དག་འདུལ་བའི་སྡེ་དང་། ལས་འབྲས་སྟོན་པ་མདོ་ཡི་སྡེ། ཆགས་གནས་སྟོན་པ་མདོ་ཡི་སྡེ། གཞལ་བྱ་དབུ་ཚད་རིག་པའི་སྡེ་དང་ལྔའོ། །ནང་བསྒྱུར་ལམ་གསང་བ་སྔགས་ཀྱི་བོན་སྡེ་གཙོ་བོ་ལྷ་ཀླུ་མི་ཡི་ཞིང་རྣམས་སུ་བསྒྲགས་པའི་སྤྱི་སྤུངས་བསྒྲགས་པ་སྐོར་གསུམ་དང་། མ་རྒྱུད་སངས་རྒྱས་རྒྱུད་གསུམ། ཞང་ཞུང་མེ་རི་བཀའ་མ་དང་གཏེར་མ། ཞི་ཁྲོ་ཕུར་གསུམ་ལས་སོགས་ཡི་དམ་བཀའ་ཆེན་སྡེ་དགུའི་རྒྱུད་གཞུང་རྣམས་ཡིན།
གསང་བ་སེམས་ཕྱོགས་སམ་བླ་མེད་རྫོགས་པ་ཆེན་པོའི་བོན་སྡེ་གཙོ་བོ་བཀའ་མ་གསེར་ཞུན་མ་ལྟ་བུའི་བོན་སྡེ་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི། རྫོགས་ཆེན་བསྒྲགས་པ་སྐོར་གསུམ། རྫོགས་ཆེན་ཡེ་ཁྲི་མཐའ་སེལ། རྫོགས་ཆེན་སེམས་སྨད་སྡེ་དགུ། རྫོགས་ཆེན་མུ་མེད་བདལ་བའི་རྒྱུད་བཅས་ཡིན། ད་ལྟ་དངོས་སུ་མཇལ་དུ་ཡོད་པའི་བོན་གྱི་བཀའ་འགྱུར་ཆེན་མོ་ཀུན་གྲོལ་ལྷ་སྲས་རིན་པོ་ཆེ་མཆོག་གིས་དཔར་སྐྲུན་གནང་བའི་བཀའ་འགྱུར་ནང་ཕྱི་སྤོང་ལམ་གཙོ་བོར་སྟོན་པ་མདོ་ཡི་བོན་སྡེ་དང་། ནང་སྒྱུར་ལམ་གཙོ་བོར་སྟོན་པ་གསང་སྔགས་ཀྱི་བོན་སྡེ། གསང་བ་གྲོལ་ལམ་གཙོ་བོར་སྟོན་པ་བླ་མེད་རྫོགས་པ་ཆེན་པོའི་བོན་སྡེ་བཅས་མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་གསུང་པོད་བསྡོམས༡༧༨བཞུགས་པ་འདི་དག་ཕལ་ཆེ་བ་ཞིག་སྟག་གཟིག་དང་། ཞང་ཞུང་། བྲུ་ཤ ཁ་ཆེ། རྒྱ་གར་སོགས་ནས་བོད་སྐད་དུ་བསྒྱུར་བ་ཡིན། བོན་གྱི་བསྟན་འགྱུར་ཆེན་མོ་ནི་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མ་རིན་པོ་ཆེས་དཔར་སྐྲུན་གནང་བའི་བོན་གྱི་བསྟན་འགྱུར་གྱི་སྡེ་ཚན་ནང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་འགྲེལ་གསུང་པོད༣༨༦ལྷག་བཞུགས་ཡོད། གསུམ་པ་ཐུགས་ཀྱི་བསྟན་པ་ནི་ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གྱིས་བསྡུས་པའི་ཉམས་ལེན་དང་། སྤང་རྟོགས་གཉིས་ཀྱིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་ཆ་ལ་ངོས་འཛིན་གནང་ཡོད། ཐམས་ཅད་མཁྱེན་པའི་བཀའ་ཚད་མ་མདོ་འདུས་པ་རིན་པོ་ཆེའི་རྒྱུད༢༠༠ ལས། བསྟན་པ་བཞག་པའི་ཆོ་འཕྲུལ་ནི། །སྐུ་གཟུགས་ཞལ་སྐྱིན་སྐུའི་རྟེན། །གསུང་རབ་འབུམ་སྡེ་གསུང་གི་རྟེན། །སྐུ་གདུང་རིང་སེལ་ཐུགས་ཀྱི་རྟེན། །འགྲོ་དོན་བསྟན་པ་རྣམ་གསུམ་བཞག །ཅེས་གསུངས། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ནི་འགྲོ་བ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ཞིང་ཐར་པ་བདེ་ཆེན་གྱི་སར་འགོད་པའི་ཐབས་ཁྱད་པར་ཅན་ཞིག་ཡིན། དེ་ལའང་གང་ཟག་ལ་མཐོ་དམན་དང་དྲག་ཞན་མེད་པ། རིགས་རུས་ལ་བཟང་ངན་གྱི་ཁྱད་པར་མེད་པ་སྐྱེ་འགྲོ་སུ་ཞིག་གིས་དད་འདུན་མོས་པའི་སྒོ་ནས་ཐོས་བསམ་སྒོམ་གསུམ་ཚུལ་བཞིན་བྱས་པ་ཡིན་ན་ལུས་ཅན་གྱི་སྒྲིབ་པ་ཟད་ཅིང་ཐར་པ་དང་ཐམས་ཅད་མཁྱེན་པའི་སར་འགོད་པ་ཡིན། རྒྱུ་མཚན་ནི། བདག་ཅག་གི་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་སྔོན་རབས་སུ་སྟོན་པ་བསོད་ནམས་དབང་གི་དྲུང་དེར་ཐེག་པ་ཆེན་པོ་བྱང་ཆུབ་སེམས་སྡོམ་ནོས་པའི་དུས་སུ་བདག་ཐར་གྲུབ་པ་རྫོགས་པའི་དུས་རྟིང་ལ་འགྲོ་བ་སེམས་ཅན་ཐམས་ཅད་ཐར་པ་བདེ་ཆེན་གྱི་སར་འགོད་པའི་དམ་བཅའ་མཛད་པས་ཡིན། ཁོང་གིས་ཀྱང་དང་པོ་སྐྱེ་བ་གྲངས་མེད་ཚོགས་བསགས་སྒྲིབ་པ་སྦྱངས་པའི་མཐུས་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་བརྙེས་པ་དང་། འོག་མིན་གྱི་གནས་སུ་རྫོགས་སྐུ་གཤེན་ལྷ་འོད་དཀར་ལ་འགྲོ་བ་འདུལ་བའི་བོན་ལུང་ནོས། སྟོང་གསུམ་འདུལ་བའི་སྟོན་པ་ཆེན་པོ་དག་པ་མཆོག་གི་སྤྲུལ་སྐུའི་སྐུར་བཞེངས་ཏེ། ལྷ་ཀླུ་མི་ཡི་གནས་སམ་འགྲོ་བ་རིགས་དྲུག་གི་ཞིང་ཁམས་རྣམས་སུ་གཡུང་དྲུང་བོན་གྱི་ཆར་ཆེན་ཕེབས་པས། ལས་དག་པའི་སེམས་ཅན་བསམ་གྱིས་མི་ཁྱབ་པ་ཞིག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་ཐར་ཏེ་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བརྙེས་པའོ། །སྟོན་པ་དེས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་གདུལ་བྱ་བློ་རབ་འབྲིང་ཐ་མ་གསུམ་ལ་དགོངས་ཏེ་ཕྱི་སྤོང་ལམ་མདོ་ཡི་བསྟན་པ་དང་། ནང་སྒྱུར་ལམ་གསང་བ་སྔགས་ཀྱི་བསྟན་པ། གསང་བ་གྲོལ་ལམ་བླ་མེད་རྫོགས་པ་ཆེན་པོའི་བསྟན་པ་རྣམས་རྗེས་བཞག་གནང་། སྤོང་སྒྱུར་གྲོལ་གསུམ་གྱི་དོན་ནི། སྤྱིར་སེམས་ཅན་ཐམས་ཅད་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་ལ་སྤང་བྱ་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་བྱང་ཞིང་དག་དགོས་པས། སྒྲིབ་པ་དེ་ཉིད་སྦྱོང་ཚུལ་ལ་ཉེས་པ་ལ་ཉེས་དམིགས་སུ་ལྟ་སྟེ་སྒྲིབ་གཉིས་སྤོང་བྱེད་ཀྱི་གཉེན་པོ་ཡེ་ཤེས་རྒྱུད་ལ་བསྟེན་པའི་ཆ་ནས་ཕྱི་སྤོང་ལམ་མདོ་ཞེས་བརྗོད། དཔེར་ན་བདག་འཛིན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་དང་། ཞེ་སྡང་གི་གཉེན་པོ་བྱམས་པའམ་སྙིང་རྗེ། འདོད་ཆགས་ཀྱི་གཉེན་པོ་ཆགས་མེད། རྟག་འཛིན་གྱི་གཉེན་པོ་མི་རྟག་པ་རྟོགས་པའི་ཤེས་རབ་རྒྱུད་ལ་བསྟེན་པ་ལྟ་བུའོ། །ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད༣༠ ལས། མ་རིག་རྣམ་པར་རྟོག་པ་ལས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རྒྱས། །དེ་ཉིད་འདུལ་བའི་གཉེན་པོ་རུ། །བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས། །དེ་ཡིས་འདུལ་ལུགས་འདི་ལྟར་ཏེ། །སྤྱིར་ན་འཆི་བའི་དུག་ཉིད་ལ། །སྤང་བར་བྱེད་པའི་གཉེན་པོ་ནི། །ལ་ལས་དུག་ལ་དུག་ཉིད་དུ། །ངོ་ཤེས་མེ་ལ་བསྲེག་པ་དང་། །ཆུར་བསྐྱུར་ས་འོག་འཛུད་པ་ལྟར། །ཐེག་པ་ལ་ལས་ཉོན་མོངས་ལྔ། དུག་བཞིན་དུ་ནི་སྤོང་བྱེད་ཅིང་། །གཉེན་པོའི་ཡེ་ཤེས་རྒྱུད་ལ་བསྟེན། །ཞེས་གསུངས། སྒྱུར་ལམ་ཞེས་པའི་དོན་ནི། ཉེས་པ་ལ་ཉེས་དམིགས་སུ་མི་ལྟ་བར་སྒྲིབ་པ་གཉིས་པོ་བསྒྱུར་བྱ་རུ་བཟུང་སྟེ། སྒྱུར་བྱེད་ཀྱི་ཐབས་ཟབ་མོ་གསང་བ་སྔགས་ཀྱི་ལམ་རིམ་པ་གཉིས་༼བསྐྱེད་རིམ་དང་རྫོགས་རིམ་༽ཀྱི་སྒོ་ནས་ཉོན་མོངས་ཡེ་ཤེས་སུ་བསྒྱུར་བ་དང་། ཕྱི་སྣོད་དག་པ་ལྷ་ཡི་གཞལ་ཡས་སུ་བསྒྱུར་བ། ནང་བཅུད་དག་པ་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དུ་མོས་པས། འབྲས་བུ་མཐར་ཐུག་ཡི་དམ་གྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱེད་པའོ། །དེ་ཡང་ཐབས་ཆེ་སྒོ་ཡངས་གསང་སྔགས་རིན་པོ་ཆེ། ཞེས་གསུངས། དཔེར་ན་དུག་ལ་སྔགས་བཏབ་ནས་སྨན་འགྱུར་བའམ། རས་དཀར་སྔོན་པོར་བསྒྱུར་བ་བཞིན་ནོ། །ཡང་ལུང་དེ་ཉིད་ལས། ལ་ལས་དུག་ནི་བཅོས་བསྒྱུར་བཞིན། །སྒྱུར་བར་བྱེད་པའི་གཉེན་པོ་ནི། །དུག་ལ་སྔགས་བཏབ་སྨན་བསྒྱུར་བཞིན། །དུག་ལྔ་ཡེ་ཤེས་བསྒྱུར་བའོ། །ཞེས་གསུངས་པ་དེ་དག་གིས་ངེས་སོ། །གྲོལ་ལམ་ཞེས་པའི་དོན་ནི། སྒྲིབ་པ་གཉིས་པོ་སྤོང་བསྒྱུར་གང་ཡང་མི་བྱེད་པར་ཤེས་བྱ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་བོན་ཐམས་ཅད་གཞི་ཡེ་གྲོལ་ཆེན་པོའི་ཀློང་དུ་ལ་བཟླས་ཏེ། རང་གིས་རྩ་བའི་བླ་མའི་བརྡ་ཐབས་རྟེན་འབྲེལ་གྱི་གནད་ལ་བརྟེན་ནས་གཞི་ཡི་གནས་ལུགས་ངོ་འཕྲོད་པ་དང་རྩལ་ཤར་གྱི་རིག་པའི་ཡེ་ཤེས་རང་རྒྱུད་ལ་བརྙེས་པས། ལམ་ཁྲེག་ཆོད་དང་། ཐབས་ཐོད་རྒལ་གྱི་ཉམས་ལེན་གཉིས་ཟུང་དུ་འབྲེལ་བས་སྒྲིབ་གཉིས་མུན་པའི་ཚོགས་རྣམས་དཔེར་ན་ནམ་མཁའ་ལ་སྤྲིན་དེངས་པའམ། ཉི་མ་ཤར་ནས་མུན་པ་རང་བཞིན་གྱིས་སོང་བ་བཞིན་རང་ཞི་རང་གྲོལ་དུ་སོང་བ་དང་། ཕྱི་གདོས་བཅས་ཀྱི་ཕུང་པོ་ཀ་དག་འོད་གསལ་ཆེན་པོའི་ཀློང་དུ་རང་སར་དེངས་ནས་འཇའ་ལུས་འཕོ་བ་ཆེན་པོའི་འོད་སྐུ་མངོན་དུ་བྱས་ཏེ་སྐུ་གསུམ་སངས་རྒྱས་ཀྱི་རྒྱལ་སར་གཤེགས་པའོ།། ཡང་ལུང་དེ་ཉིད་ལས། རྨ་བྱས་དུག་ལ་དུག་ཉིད་དུ། །ངོ་ཤེས་པས་ནི་ཟོས་གྱུར་པས། །གཟུགས་མདངས་རྒྱས་ཤིང་སྡུག་པ་ལྟར། །ཉོན་མོངས་དུག་ལྔ་དབང་དུ་བྱས། །དུག་ལྔ་སྤང་བར་མི་བྱའོ། །ཞེས་གསུངས། དེ་ལྟར་སྟོན་པ་ཐུགས་རྗེ་ཅན་དེས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འདུལ་བའི་གཉེན་པོར་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ནའང་། དེ་དག་བསྡུས་ན་མ་རིག་འཁྲུལ་པ་སྒོ་དགུའི་གཉེན་པོ་བོན་ཐེག་པ་རིམ་དགུ་དང་། དུག་ལྔའི་གཉེན་པོ་བོན་སྒོ་བཞི་མཛོད་ལྔ། དུག་གསུམ་གྱི་གཉེན་པོ་བོན་ཕྱི་ནང་གསང་གསུམ། རིག་པ་དང་མ་རིག་པ་གཉིས་ལ་ལྟོས་ཏེ་བོན་དྲང་ངེས་གཉིས་སུ་གསུངས་སོ། །བསྟན་པའི་རྣམ་བཞད་དར་རྒྱས་གསལ་བའི་སྒྲོན་མེ་ལས། བོན་ནི་མི་གཡོ་སྐྱོབས་པའི་སྒྲ། ཞེས་དང་། མི་གཡོ་བ་མཚན་མར་མི་གཡོ་བ་སྟེ། སྡེ་སྣོད་ཐ་དག་གི་དགོངས་པ་གཅིག་ཏུ་སྟོན་པ། སྐྱོབས་པ་ནི་འགྲོ་བ་སྐྱོབས་པའོ། །ཚུལ་ཇི་ལྟར་སྐྱོབ་ན། ཐེག་པ་འོག་མ་བས་མི་དགེ་བ་དང་ཕྱི་རོལ་པའི་ལོག་ལྟ་སྤངས་ནས། ངན་འགྲོ་ལས་སྐྱོབ་པ་དང་། ཐེག་ཆེན་པས་ཐེག་ཆུང་གི་ལྟ་སྤྱོད་སྤངས་ནས། དེ་དག་ཏུ་མི་ལྟུང་བར་ཐབས་ཤེས་ཟུང་འབྲེལ་གྱིས་སྐྱོབ་པ་དང་། གསང་སྔགས་པས་ཐབས་མི་མཁས་པ་འབྲས་བུ་ལ་ཡུན་རིང་དུ་འགོར་བ། ཕྱི་མཚན་ཉིད་ཀྱི་ཐེག་པ་ལས་ཀྱང་སྐྱབས་ན། སྐད་གཅིག་གམ་སྐྱེ་བ་གཅིག་གིས་བླ་མེད་ཐོབ་པར་བསྟན་པའོ།། ཞེས་དང་། རྫོགས་ཆེན་རིག་པ་ཁུ་བྱུག་ལས། སྟོན་པས་བོན་གྱི་ཆར་ཕབ་ན།།འཁོར་གྱི་གཤེན་རབ་དང་རེ་སྤྲོ། །ཞེས་དང་། རིག་པ་ཁུ་བྱུག་གི་འགྲེལ་བ་ལས། དེ་ལ་བོན་གྱི་ཆར་ནི། ཡེ་ཉིད་ཀྱི་སྟོན་པ་ཞེས་བྱ་བ་དེས། སེམས་དང་སེམས་སུ་ཤེས་པའི་བོན་གྱི་ཆར་ཞེས་བྱ་བ་ཡོངས་སུ་ཕབ་པས། ཡིད་དང་ཉོན་མོངས་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། འཁོར་དང་ཡང་འཁོར་ཡན་ཆོད་སྤྲོ་ཞིང་དྭང་བ་སྐྱེ་བར་འགྱུར་རོ། །ཐུགས་རྗེའི་སྟོན་པ་ཞེས་བྱ་བ་དེས། བོན་དང་བོན་ཉིད་དུ་ཤེས་པའི་བོན་གྱི་ཆར་ཞེས་བྱ་བ་ཕབ་པས། འཁོར་རིགས་ཀྱི་ལྷ་དང་ལྷ་མོ་རྣམས་སྤྲོ་ཞིང་དྭང་བ་སྐྱེ་བར་འགྱུར་རོ། །སྤྲུལ་པའི་སྟོན་པ་ཞེས་བྱ་བ་དེས། བོན་ཉིད་ལ་སེམས་ཉིད་དུ་ཐིམ་པར་བྱེད་པའི་བོན་གྱི་ཆར་ཞེས་བྱ་བ་ཡོངས་སུ་ཕབ་པས། འཁོར་གྱི་གཤེན་ཕྲན་ཐམས་ཅད་སྤྲོ་ཞིང་དྭང་བ་སྐྱེ་བར་འགྱུར་རོ། །ཞེས་གསུངས། ཁ་བའི་ལྗོངས་འདིར་རྒྱ་གར་བའི་ནང་ཆོས་བྱུང་བ་ནས་བཟུང་ད་བར་དུ་བོད་ཀྱི་སྤྱི་ཚོགས་ནང་དུ་བོན་དང་བོན་པོར་གྲགས་མ་མྱོང་བའི་ཐ་སྙད་དུ་མ་ཞིག་བོན་ལ་སྦྱར་ཏེ། རྒྱ་གར་གྱི་ནང་ཆོས་ཡར་རྒྱས་འགྲོ་བའི་ཆ་རྐྱེན་དུ་རློམ་ནས་བོན་ལུགས་འགྲེལ་བཤད་བྱེད་སྲོལ་ཡོད་པ། དཔེར་ན། འཁྱར་བོན། རྡོལ་བོན། བསྒྱུར་བོན། བོན་དཀར། བོན་ནག་སོགས་ཀྱི་ཐ་སྙད་མི་འདྲ་བ་དུ་མ་ཞིག་མི་རབས་ནས་མི་རབས་བར་བརྒྱུད་དེ་བཤད་སྲོལ་བྱུང་བ་འདི་དག་ཐམས་ཅད། རྒྱ་གར་གྱི་ནང་ཆོས་པ་ཚོས་བོན་ལ་ཚུར་བཏགས་པའི་ཐ་སྙད་ཅིག་ལས། བོན་རང་ལུགས་ལ་དེ་ལྟར་ཡོད་པའི་རྒྱུ་མཚན་གྱིས་མ་ཡིན་པ་ནི། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས ༤༧༥ ལས། སྔ་ཕྱི་བར་གསུམ་བོད་ལ་མ་གྲགས་ཤིང་། །བོན་ཆོས་མཁས་གྲུབ་གཅིག་གིས་མ་ཐོས་གཏམ། །འཇིག་རྟེན་ལྷ་འདྲེས་འཇིག་རྟེན་མགོན་པོ་ལ། །རྨི་ལམ་ལུང་བསྟན་ཡིན་ན་མ་གཏོགས་པར། །རྒྱུ་བོན་གཉའ་ཁྲིའི་གོང་ནས་དར་གསལ་བར། །རྒྱལ་རབས་དྲུག་དུས་གསར་བྱུང་གཏམ་འདི་ནི། །སྔོན་ཡོད་ལོ་རྒྱུས་གང་ཡང་མ་ཐོས་པའི། །རང་ཚོད་གཅིག་པུས་གཞན་ཡིད་ཆེས་རེ་བ། །རྐང་སྡུམ་ཨུ་ཚུག་བྲག་ལ་འཛེགས་པ་འདྲ། །ཞེས་དང་། ཏི་སེའི་འོད་སྣང༣༨༤ ལས། མཁས་པའི་དབང་པོ་སྐྱོབས་པ་འཇིག་རྟེན་མགོན་པོས་ལོ་རྒྱུས་ཀྱི་ཁུངས་འདི་ཡིན་གང་ཞིག་མ་བསྟན་པས། ཕལ་ཆེར་བོན་ལ་སྡང་བའི་བན་རྒན་འགའི་ངག་སྒྲོས་ཡི་གེར་བཀོད་ཡོད་ལས་ཆེ། དེ་མིན་པ་ཁོང་གིས་ཡིག་ཆ་གཞན་ཞིག་ལ་ཁུངས་གཏུགས་ཡོད་པའང་སྲིད་མོད། རྩ་བའི་བྱུང་ཁུངས་དེ་ཕྱོགས་རིས་ཅན་གྱི་བན་དེ་རྒན་པོ་འགའི་ངན་སྒྲོས་ལས་མ་འདས་པ་ནི་བཤད་སྟངས་ཁོ་ནའི་སྟེང་ནས་ངེས་ཤེས་ཐུབ་པ་ཡིན། ཞེས་དང་། གཞན་རྡོལ་བོན་ནམ་འཇོལ་བོན་ཞེས་པ་དང་། འཁྱར་བོན་དང་། བསྒྱུར་བོན་ཞེས་བྱ་བའི་ཐ་སྙད་ཀྱི་དབྱེ་བ་འདི་རིགས་ནི་དུས་ཕྱིས་བོད་ཀྱི་བན་དེ་ཚོའི་བློ་ངོར་གང་སྣང་བའམ། དེ་དག་གིས་རང་རང་གི་མཐོང་ཚོད་ཀྱི་སྒོ་ནས་བཏགས་པའི་མིང་ཤ་སྟག་ཡིན་པ་ལས། དངོས་ཀྱི་ཡིན་ལུགས་དང་འབྲེལ་བའི་སྒོ་ནས་མིང་རྣལ་མའམ། བོན་དང་བོན་པོར་གྲགས་པའི་ཐ་སྙད་ཅི་ཞིག་ཀྱང་མིན་པ་ནི། བློ་གཟུ་བོར་གནས་པ་ཞིག་གིས་ཐ་སྙད་ཀྱི་འབྲེལ་དང་ཚིག་དོན་ལ་ཅུང་ཟད་དཔྱད་ན་འཕྲལ་དུ་ངེས་ཤེས་རྙེད་ཐུབ་པ་རེད། ཅེས་གསུངས་པ་འདི་བདེན་པའི་དོན་ལ་གནས་པ་ཞིག་སྟེ། ཐུའུ་བཀན་ཆོས་ཀྱི་ཉི་མའི་གྲུབ་མཐའི་རྣམ་བཤད་ལས། བོན་ཇི་ལྟར་དར་བ་དང་འདོད་ཚུལ་ཞིབ་ཏུ་བཤད་པའི་གཞུང་མ་རྙེད་པས། བོད་དུ་སྔ་ཕྱི་བར་གསུམ་དུ་བྱུང་ཚུལ་འབྲི་གུང་དགོངས་གཅིག་ལས་གསུངས་པ་ལྟར་དང་། ཞེས་གསལ་རྗེན་དུ་ནན་བཤད་བྱེད་དགོས་པའི་རྒྱུ་མཚན་དེ་ལས་མ་འདས་པར་སེམས་སོ། །བཤད་ཚུལ་འདིའི་རིགས་ནི་འབྲི་གུང་སྐྱོབས་པ་འཇིག་རྟེན་མགོན་པོའི་གོང་དུ་མ་བྱུང་ཞིང་ཁོང་ནས་གསར་དུ་བྱུང་བ་ཡིན་པར་གསལ། ཁོང་གི་རྗེས་སུ་བོད་ཀྱི་ལོ་རྒྱུས་མཁན་པོ་དུ་མས་ཐ་སྙད་འདི་བསྐྱར་བཟློས་བསྣན་འཕྲི་ཅི་རིགས་བྱས་ཏེ་རང་གིས་བྲིས་པའི་ལོ་རྒྱུས་དེབ་ཐེར་གྱི་རྒྱན་ལྟ་བུ་བཀོད་སྲོལ་ཡོད་པ་རེད། འདས་པའི་དུས་རིམ་ནང་གི་བོད་ཀྱི་ལོ་རྒྱུས་ཀྱི་རི་མོ་ལ་ཕྱི་མིག་བལྟས་པ་ཡིན་ན་ཡིད་སྐྱོ་བའི་རྣམ་པ་གང་ཞིག་ཡོད་པ་དེ་ནི་བོད་མི་ཚོས་རྒྱལ་ཁབ་དང་མི་རིགས་གཞན་ལ་ངོམས་རིན་ཆོག་པ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་འདི་དག་ལ་གཙིགས་ཆེན་མི་འཛིན་པར་ཆོས་ལུགས་བར་གྱི་རྙོག་འཛིང་དེ་ཡིན། བོད་དུ་རྒྱ་གར་བའི་ནང་ཆོས་གསར་དུ་བྱུང་བ་ནས་བཟུང་བོད་རྒྱལ་ཐ་མ་ལྷ་སྲས་དར་མ་ཡན་གྱི་བོད་ཀྱི་རྒྱལ་པོ་ཕལ་ཆེར་གྲི་ཤིར་སོང་བ་ལས་རང་བཞིན་གྱི་སྐུ་ཚེའི་འདུ་བྱེད་བཏང་སྟེ་སྐུ་ཞི་བར་གཤེགས་པ་ཆེས་ཉུང་ཙམ་ལས་མེད་པ་ནི་རྩ་བའི་ཆོས་ལུགས་ལ་ཐུག་ཡོད་པ་ལྟ་བུ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཀྱི་སྤྱི་ཚོགས་ནང་སློབ་གཉེར་གྱི་ལམ་ལུགས་དེ་ཤིན་ཏུ་དཀོན་དཀོན་ཞིག་ཆགས་ཡོད། སློབ་གཉེར་གྱི་གོ་སྐབས་ཡོད་པའི་མི་ཞིག་ཡིན་ཀྱང་མཁྲེགས་བཟུང་གི་ལྟ་བ་དེ་ཤུགས་ཆེ་བའི་དབང་གིས་ཁ་ནས་ཕྱོགས་མེད་དང་རིས་མེད་ཟེར་ཡང་དོན་གྱི་ལྟ་གྲུབ་ནི་ཕྱོགས་འཛིན་ལས་མ་འདས་པས། རང་གི་བླ་མའམ་དགེ་རྒན་ཆེ་གེ་མོ་ཞིག་གིས་གང་གསུངས་པ་དེ་ཐོག་ནས་ཆོས་ལུགས་བཟང་ངན་དང་། ཕྱི་པ་དང་ནང་པའི་དབྱེ་བ་མང་ཐག་ཆོད་ཅིག་ཕྱེས་པ་ཙམ་ལས། རང་ཉིད་ཀྱིས་གྲུབ་མཐའ་གཞན་གྱི་ཡིག་ཆ་དང་། དངོས་ཡོད་ཀྱི་ལོ་རྒྱུས་ཁག་ལ་ལྟ་རྟོགས་ཀློག་གསུམ་བྱས་ཏེ་གོ་དོན་བཙའ་ཐབས་བྱེད་པའི་ལུགས་སྲོལ་དེ་ནི་ཆེས་ཉུང་ཉུང་ཞིག་ཆགས་བསྡད་ཡོད་པ་རེད། དཔེར་ན་བོད་ཀྱི་ལོ་རྒྱུས་སྨྲ་བ་མང་པོས་བོན་གཞུང་གང་ལ་ལྟ་རྟོགས་ཀློག་གསུམ་གང་ཡང་མ་བྱས་པར་བོན་ལུགས་འགྲེལ་བཤད་བྱེད་པ་བཞིན་ནོ། །

 བོན་པོ་ཞེས་པའི་ཚིག་དོན་གྱི་སྐོར།

     བོན་གྱི་ལོ་རྒྱུས་ཐོག་ནས་བཤད་ན་བོན་པོ་ལ་གདོད་མའི་བོན་པོ་དང་། གཡུང་དྲུང་གི་བོན་པོ་ཞེས་སྡེ་ཚན་མི་འདྲ་བ་གཉིས་སུ་ཕྱེས་ཡོད། དང་པོ་གདོད་མའི་བོན་པོ་ནི་ཐོག་མར་བོད་དུ་དར་བའི་བདུད་བོན་དང་། བཙན་བོན། གདོན་བོན་སོགས་ཏེ། དེ་ཡང་བདུད་མཆོད་མཁན་ལ་བདུད་བོན་དང་། བཙན་མཆོད་མཁན་ལ་བཙན་བོན་སོགས་བརྗོད། འདི་ཚོས་བདུད་དང་བཙན་སོགས་མཉེས་པའི་ཆེད་དུ་སེམས་ཅན་གྱི་སྲོག་ལ་འཚེ་བའི་ཤ་ཁྲག་དམར་གྱི་མཆོད་པ་འབུལ་སྲོལ་ཡོད་པ་རེད། ཐོག་མར་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་ཞང་ཞུང་ནས་བོད་དུ་ཕེབས་སྐབས་བོད་ཀྱི་བོན་པོ་རྣམས་ཀྱིས་སྤྱོད་ཚུལ་དེ་ལ་སྟོན་པ་སངས་རྒྱས་མཆོག་ཡིད་མ་རུང་སྟེ། བོད་ཀྱི་བོན་པོ་རྣམས་ལ་སེམས་ཅན་གྱི་སྲོག་ལ་འཚེ་བའི་མཆོད་བསྟོད་བྱེད་མི་རུང་བ་གསུངས་ནས་སྔར་གྱི་ལུགས་སྲོལ་དེ་བཀག་པ་དང་། དེའི་ཚབ་ཏུ་གཏོར་མ་བཅའ་རྒྱུ་དང་། བསང་བཏང་བ། རླུང་རྟ་འཛུགས་པ་སོགས་ཀྱི་བསྟན་པ་རྗེས་བཞག་གནང་ཡོད། དེ་ཡང་མདོ་གཟེར་མིག་ལས། གཤེན་རབ་ཀྱིས་བོད་ཀྱི་བོན་པོ་ལ། བོན་དུ་ལྷ་གསོལ་བ་དང་། འདྲེ་བཀར་བ་གཉིས་ཀྱི་ལུང་ཕོག ཡར་སྟགས་སུ་ཤིང་རྩི་བན་བུན་དང་། ཞུགས་གཤང་གསེར་སྐྱེམས་བསྟན། ད་ལྟ་བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀུན། བོན་གྱིས་བོས་ན་འོང་ལ། མཆོད་ན་འགྲོ་བ་ཡིན། བརྡུང་ན་ཐུབ་པ། སྟོན་པ་ཞལ་མཐོང་བའི་དུས་སུ་དབང་དུ་བསྡུས་པའི་རྟགས་ཡིན་ནོ། །ཞེས་དང་། སྲིད་པ་སྤྱི་སྐོང་། སྣང་སྲིད་སྤྱི་མདོས་ལས། བསྭོ། བདུད་བོན་གྱི་དམར་ཐབས་ལ། གཤེན་རབ་ནི་ཅི་༼དགྱེས་༽བགྱིས་ཏེ། ཁྱབ་པ་ནི་ཆམ་ལ་ཕབ། འབྲུ་དཀར་གྱི་གཏོར་མས་བཀང་།༼བསྐངས་༽ དམར་ཐག་གིས་༼ཐབས་ཀྱིས་༽འདྲེས་བྱུང་ན། གཤེན་ལྷ་ལ་ནོང་པ་ཐོལ།༼ནོངས་པ་མཐོལ་༽ གདོན་བོན་གྱི་ཤེ་ཆུ་ཡིས་༼ཞང་ཞུང་སྐད་དུ་ཁྲག་ལ་ཤེ་ཚུ་ཞེས་བརྗོད་༽སྐྱེམས། གཤེན་རབ་ནི་ཅི་བགྱིས་༼དགྱེས་༽ཏེ། གདོན་འདྲེ་ནི་ཆམ་ལ་ཕབ། འབྲུ་དཀར་གྱི་ཡུ་ཏིས་བསྐང་། ཤེ་ཆུ༼ཚུ༽ཡིས་འདྲེས་བྱུང་ན། གཤེན་ལྷ་ལ་ནོང་པ་ཐོལ།༼ནོངས་༽པ་མཐོལ། ཞེས་བདུད་བོན་དང་གདོན་བོན་རྣམས་ཀྱིས་ཤ་ཁྲག་དམར་གྱི་མཆོད་པ་འབུལ་བ་དེ་ལ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཐུགས་མ་དགྱེས་ཏེ། བདུད་བོན་དང་གདོན་བོན་རྣམས་ཆམ་ལ་ཕབ་སྟེ་དེ་རྣམས་ཀྱི་ལུགས་སྲོལ་བཀག་གནང་བ་མ་ཟད། དེ་དག་གི་མཆོད་པའི་ཚབ་ཏུ་འབྲུ་དཀར་གྱི་གཏོར་མ་དང་། འབྲུ་དཀར་གྱི་ཡུ་ཏིས་མཆོད་པ་བསྟན། ཡང་ལུང་དེ་ཉིད་ལས། བསྭོ་བསྭོ་བསྭོ། བཙན་རྗེ་ནི་ཅི་ལ་བགྱིས།༼དགྱེས།༽ བཟའ་བ་ནི་ཤ་ལ་རྔམས། འཐུང་བ་ནི་ཁྲག་ལ་ཧབ། ལེན་པ་ནི་སྲོག་དབུགས་ལེན། སྡོང་བ་ནི་བགེགས་དང་སྡོང་། འགྲོགས་པ་ནི་གཉན་དང་འགྲོགས། མགོན་པ་ནི་བཙན་བོན་མགོན། འཚེ་བ་ནི་གསས་ལ་འཚེ། གཤེན་རབ་ནི་མཐུ་བཙན་པས། ཛྭོ་དམར་ནི་ཀླད་ལ་གཟེར། སྲོག་ཐག་ནི་གཤེན་ལ་བཅོལ། ཐ་ཚིག་གི་ཡས་རྟགས༼བཏགས་༽སྲིད། སྲོག་གླུད་ལ་ནམ་མཁས་བརྔན། དབུགས་གླུད་ལ་རླུང་གིས་བརྔན། དྲོད་གླུད་ལ་མར་མྱེས་བརྔན། ཁྲག་གླུད་ལ་ཆབ་ཀྱིས་བརྔན། ཤ་གླུད་ལ་ཁམ་སས་བརྔན། ཐུན་རྫས་ནི་འདི་བཤམས་ན། ངན་འདྲེས་ཀྱི་ནོང་པ་ཐོལ།༼ནོངས་པ་མཐོལ།༽ཞེས་སྟོན་པ་སངས་རྒྱས་ཀྱིས་ཐུགས་ཉིད་ཞི་བ་ཆེན་པོའི་ངང་ནས་དཀར་གསུམ་གྱི་མཆོད་པ་ཕུལ་བ་དེ་ལ་བཙན་རྗེ་མ་མཉེས་ཏེ། སེམས་ཅན་གྱི་སྲོག་དབུགས་ལ་འཚེ་བ་བརྩམས་པས། གཤེན་རབ་ཀྱིས་ཞི་རྒྱས་དབང་དྲག་འཕྲིན་ལས་བཞི་ཡི་ཡ་གྱལ། ཞང་ཞུང་གི་བོན་སྐོར་ལས་ཡོངས་སུ་གྲགས་པའི་དྲག་པོ་ཛྭོ་དམར་བཙན་རྗེའི་ཀླད་ལ་གཟེར་ཏེ་བཙན་རྗེ་དམ་པ་བཏགས། བཙན་རྗེས་སེམས་ཅན་གྱི་སྲོག་དབུགས་ལ་འཚེ་བ་མི་བྱེད་པ་ཁས་བླངས་པ་དང་། བདག་ཅག་གི་སྟོན་པ་སངས་རྒྱས་ཐབས་མཁས་ཐུགས་རྗེ་ཆེ་བས་སྲོག་དབུགས་ཀྱི་ཚབ་ཏུ། གླུད་ལ་ནམ་མཁས་བརྒྱན་ཏེ་འབུལ་བའི་སྲོལ་གཏོད་མཛད་པར་གསལ། ཡང་དེ་ཉིད་ལས། ཐེའུ་རང་ནི་ཅི་ཆེ་སྟེ། ཟས་སུ་ནི་སྲོག་དབུགས་འགམ། གོས་སུ་ནི་དཔགས་དམར་འབུད། ལས་སུ་ནི་འཁྲུགས་རྩོད་སློང་། སྡོང་བ་ནི་སྲི་དང་སྡོང་། འགྲོགས་པ་ནི་བྱུར་དང་འགྲོགས། མགོན་པ་ནི་དུན་རྩེ་མགོན། གཤེན་རབ་ནི་མཐུ་བཙན་པས། ཛྭོ་དམར་ནི་ཀླད་ལ་གཟེར། སྲོག་ཐག་ནི་གཤེན་ལ་བཅོལ། ཐ་ཚིག་གི་ཡས་རྟགས༼བཏགས་༽སྲིད། ཟས་གླུད་ལ་གཏོར་མས་བརྔན། སྐྱེམས་གླུད་ཡུ་ཏིས་བརྔན། གོས་གླུད་ལ་དར་སྣས་བརྔན། ཐུན་རྫས་ནི་འདི་བཤམས་ན། ངན་འདྲེས་ཀྱི་ནོང་ཐོལ།༼ནོངས་པ་མཐོལ།༽ ཞེས་སྲོག་གླུད་ཀྱི་ཚབ་ཏུ་ཟན་དང་འཇམ་པ་སོགས་ལ་བྱ་གཅན་རི་གཡང་སོགས་ཀྱི་གཟུགས་རིས་སྣ་ཚོགས་གཏོད་ནས་འབུལ་བ་དང་། ཁྲག་ཚབ་ཏུ་ཡུ་ཏིའམ་ཆང་ཕུད། གོས་ཚབ་ཏུ་དར་ཚོན་སྣ་ཚོགས་འབུལ་བའི་སྲོལ་གཏོད་མཛད་པ་གསལ་བར་འཁོད། གཡུང་དྲུང་བོན་གྱི་ལུགས་ལ་གནས་སྐབས་སུ་འཇིག་རྟེན་གྱི་ཕན་བདེ་སྒྲུབ་པ། ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུག་རྟག་ཏུ་ལེགས་པ། དུས་ཀྱི་འཁྲུགས་པ་ཞི་བ། ཚོན་གྱི་བསྐལ་པ་བརླག་པ། མུ་གེའི་བསྐལ་པ་ནུབ་པ། ཚེ་རིང་བ། ནད་མེད་པ། བར་ཆོད་ཀྱི་རྐྱེན་བཟློག་པ། མདོར་ན་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཕུན་སུམ་ཚོགས་པའི་ཕྱིར་འཇིག་རྟེན་གྱི་ལྷ་ཀླུ་ཡུལ་ས་གཞི་བདག་རྣམས་ལ་མདོས་དང་། གཏོ་ཆོག གཡང་ཆོག རྩིས་གཏོ། ཚེ་སྒྲུབ། བསང་གསོལ་སོགས་རིགས་མི་འདྲ་བ་དུ་མ་ཞིག་བྱེད་དེ་བརྔན་སྲོལ་ཡོད་པ་རེད། དེའི་ཚུལ་དཔེ་མཚོན་ཙམ་ཞིག་ཞུས་ན། བོན་གྱི་ཡིག་རྙིང་ཡུལ་ས་གཞི་བདག་གི་སྒྲུབ་མཆོད་ལས། ཁྱེད་ལ་མཆོད་པ་འབུལ་བ་ནི། །འབྲས་ཀྱི་བཤོས་བུ་རྒྱན་ཅན་དང་། །རིན་ཆེན་འབྲུ་ཡི་གཡག་ལུག་ར། །སྨྱུག་རྒོད་ མདའ་དར་རིན་ཆེན་དང་། །ཕྱེ་མར་མཁན་ཤུགས་བལ་ལུ་དང་། །ཆང་ཕུད་གསེར་སྐྱེམས་འབྲུ་སྣ་དང་། །དཀར་གསུམ་མངར་གསུམ་སྨན་མཆོད་དང་། །བཟང་ཤིང་སྣ་ཚོགས་དུད་པ་དང་། །ཤོག་ཤོག་དོང་རྩེ་བལ་ཚོན་དང་། །ཤེལ་ཚིག་ཁྲི་དཀར་སྟོང་ནག་དང་། །དག་ཅིང་གཙང་མར་བཤམས་པ་རྣམས། །བདག་གི་བསམ་པ་དག་པ་དང་། །དུས་གསུམ་བདེར་གཤེགས་བདེན་པ་དང་། །ཏིང་འཛིན་སྔགས་ཀྱི་བྱིན་སྟོབས་ཀྱིས། །ཁྱེད་ཀྱི་དབང་པོ་ལྔ་ཡི་སྤྱོད་ཡུལ་དུ། །འདོད་ཡོན་ལོངས་སྤྱོད་ཚིམས་འགྱུར་ཅིག །ཅེས་བོན་སྟོན་གཤེན་རབ་ཀྱི་རྗེས་འཛིན་པ་ཚོས་མགྲོན་བཞིར༼མགྲོན་བཞི་ནི། བདེར་གཤེགས་སྲིད་ཞིའི་མགྲོན། བཀའ་སྐྱོང་ཡོན་ཏན་གྱི་མགྲོན། བགེགས་རིགས་ལན་ཆགས་ཀྱི་མགྲོན། རིགས་དྲུག་སྙིང་རྗེའི་མགྲོན་ནོ།།༽མཆོད་བསྟོད་བྱེད་པའི་ཚུལ་གསལ་བར་བསྟན། དེ་དག་གང་བྱས་ཀྱང་རྩ་བའི་དམ་ཚིག་ལ་སེམས་ཅན་གྱི་སྲོག་ལ་འཚེ་བ་སྤོང་དགོས་པ་ནི། དེ་ཡང་མདོ་གཟེར་མིག་ ༡༩༠ ལས། རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་ཡེ་མ་བྱེད། །ཅེས་དང་། དེ་ཉིད་ལས། ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་བཞག་པར། །གཅིག་གསོ་གཅིག་གསོད་བྱ་བའི་བོན་དེ་བདག་གིས་མི་ཤེས་སོ། །དེ་ནི་ལོག་པ་ཡིན་པས་བྱ་རུ་མི་རུང་ངོ་། །ཞེས་གསུངས་པས། བོད་གངས་ཅན་པའི་ཞིང་འདིར་གཡུང་དྲུང་བོན་གྱི་བསྟན་པ་དར་ནས་བཟུང་། ཞིང་འདིར་འཚེ་བ་མེད་པའི་ཆོས་ལུགས་དར་བའི་འགོ་ཚུགས་པ་རེད། དེས་ན་གཡུང་དྲུང་བོན་ནི་འཛམ་བུ་གླིང་འདིར་དར་བའི་འཚེ་མེད་ཆོས་ལུགས་རྙིང་ཤོས་དེ་ཡིན། འདིར་སྒོ་ཙམ་ལས་རྒྱས་པར་བོན་གྱི་ལོ་རྒྱུས་དང་། ཡིག་རྙིང་རྣམས་ལས་གསལ་བས་བློ་གཟུ་བོར་གནས་ཏེ་འདིའི་སྐོར་ཞིབ་འཇུག་གནང་བ་ཡིན་ན་གཡུང་དྲུང་བོན་གྱི་བསྟན་པ་བོད་གངས་ཅན་པའི་ཞིང་འདིར་མ་དར་བའི་སྔོན་བོན་པོ་ཡོད་པ་དང་། བོན་པོ་ཡིན་ན་བོན་སྟོན་གཤེན་རབ་ཀྱི་རྗེས་སུ་བྱུང་བ་ཡིན་པས་མ་ཁྱབ་པ་མཁྱེན་ཐུབ་པ་ཡིན།

 གཉིས་པ་གཡུང་དྲུང་གི་བོན་པོ་ནི།

       གཡུང་དྲུང་གི་བོན་པོའམ་གཡུང་དྲུང་གི་བོན་ལ་སྤྱོད་པའི་བོན་པོ་ནི། སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་སྲོལ་གཏོད་གནང་བའི་ཆོས་ལུགས་ཀྱི་རྗེས་འབྲེང་པ་རྣམས་ལ་ངོས་འཛིན་པ་ཡིན། གཡུང་དྲུང་གི་བོན་པོ་ལ་འགྲོ་བ་མི་ཁོ་ནས་མ་ངེས་ཤིང་། སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་འཁོར་ལ་ལྷ་ཀླུ་མི་ཡི་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་པར་གསུངས། གཤེན་གྱི་བསྟན་པའི་ཆ་ལ་གནས་པའི་བོན་པོ་ལ་རིགས་ཀྱི་དབང་དུ་བྱས་ན་རིགས་དྲུག་གིས་བསྡུས་པའི་སེམས་ཅན་དང་། ཁམས་ཀྱི་དབང་དུ་བྱས་ན་ཁམས་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཡོད་པ་ནི། འདུས་པ་རིན་པོ་ཆེའི་རྒྱུད་གཟེར་མིག་གི་ལེའུ་བཅོ་བརྒྱད་པ༤༤ ལས། གཤེན་རབ་ཀྱི་འཁོར་གྱི་དབུ་མ་རུ། དབལ་བོན་རོམ་པོ། ཡོག་བོན་གཏོ་རྒྱལ། ཁྲིན་བོན་ཕྱ་སངས། གཉེར་བོན་གཏོ་ཆེན། འོ་བོན་འབྲང་ཟུ། འཚམས་བོན་ཡོ་ཁྲུ། བདུད་བོན་ཆུ་ལྕགས། དམུ་བོན་ཡེའུ་ཏན། བཙན་བོན་ཚལ་ཆགས། སྲིད་བོན་མུ་ཆོ། སྐོས་བོན་གཙུག་སྲས། ཕྱ་བོན་ཐེའུ་ལེགས། ལྷ་བོན་ཐོད་དཀར། ཟླ་བོན་ཚེས་པ། ཉི་བོན་དྲང་མ། སྐར་བོན་གདང་བཀྲ། སྤྲིན་བོན་བལ་ཏུལ། གཞའ་བོན་གུག་ཏང་། དལ་བོན་དབུ་དཀར། ཟེར་བོན་གདང་སྙན། ལོ་བོན་གཏོ་ཆེན། རྫི་བོན་ངང་དྲུག །ཅེས་དང་། ཀླུ་བོན་དབྱངས་སྙན་དང་། གཉེན་བོན་ཐང་ཐང་དང་། རྒྱལ་བོན་སྤོང་པོ་དང་། སྨན་བོན་འབྲིང་ཏང་དང་། གཟེད་བོན་ལ་ཚ་དང་། སྲིན་བོན་ཡ་ངལ་དང་། འདྲེ་བོན་གླུད་བོན་གྱེར་མཁས་དང་། སྲིན་བོན་མུ་འཕེན་ཕེའུ་ར་དང་། བྱུར་བོན་ལི་བྱིན་སྣ་བོན་དང་། གཤིན་རྗེའི་བོན་པོ་གཏོ་བོན་བྱོན་ཁྲི་དང་། ཆུད་ཀྱི་བོན་པོ་ཐར་བོན་གྲུ་སྐྱོལ་དང་ཞེས་འཁོད། འདི་རྣམས་ནི་གཤེན་རབ་ཀྱི་ཐུགས་རྗེས་བྱིན་གྱིས་བརླབས་པའི་གཡེན་ཁམས་འདུལ་བའི་བོན་པོ་ཞེས་གྲགས། 
སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་འཛམ་བུ་གླིང་དུ་སྐུ་སྐྱེ་བ་མི་རུ་བཞེས་ཏེ་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཕྱིར་དུ་མདོ་སྔགས་སེམས་གསུམ་དང་། རིག་པའི་གནས་ལྔ་བཅས་ཀྱི་བསྟན་པ་རྗེས་བཞག་གནང་བ་བཞིན་གཡུང་དྲུང་བོན་སྒོར་ཞུགས་པའི་བོན་པོ་ལ་ཡང་ཕྱི་སྤོང་ལམ་མདོ་ཡི་ལུགས་ལྟར། ཕྱི་སོ་སོ་ཐར་པའི་སྡོམ་ཁྲིམས་ལ་གནས་པའི་སོ་ཐར་རིགས་བརྒྱད་ཅེས་བསྙེན་གནས་ཕོ་མོ་གཉིས་དང་། དགེ་བསྙེན་ཕོ་མོ་གཉིས། གཙང་མ་གཙུག་ཕུད་ཕོ་མོ་གཉིས། དག་པ་དྲང་སྲོང་ཕོ་མོ་གཉིས་བཅས་ཡོད། ནང་སྒྱུར་ལམ་གསང་བ་སྔགས་ཀྱི་སྡོམ་པ་རྒྱུད་ལ་ལྡན་པའི་རྣལ་འབྱོར་ཕོ་མོ་གཉིས། གྲོལ་ལམ་བླ་མེད་རྫོགས་པ་ཆེན་པོའི་ལུགས་ལ་བོན་ཉིད་ཀྱི་དགོངས་པ་མངོན་དུ་གྱུར་པའི་རྣལ་འབྱོར་གྱི་ཕོ་མོ་གཉིས་བཅས་ཡོད། གཡུང་དྲུང་བོན་གྱི་ལུགས་ལ་སྐྱེ་བོ་སུ་ཞིག་ཡིན་རུང་ཐོག་མར་གཡུང་དྲུང་བོན་སྒོར་ཞུགས་དུས་ལུས་ངག་ཡིད་གསུམ་མི་དགེ་བའི་ཚོགས་ལས་ལྡོག་པའི་ཕྱིར་དུ་དང་པོ་སྐྱབས་འགྲོའི་སྡོམ་པ་དང་། བྱང་ཆུབ་སེམས་ཀྱི་སྡོམ་པ་བཅས་སྡོམ་པ་སྣ་གཅིག་ངེས་པར་བསྲུང་དགོས་པ་རེད། དེ་ཡང་མདོ་ལས། སྡོམ་པ་སྣ་གཅིག་མ་བསྲུང་བར། སྟོན་པ་ང་ཡི་འཁོར་དུ་མི་གཏོགས་སོ། །ཞེས་གསུངས་པའི་རྒྱུ་མཚན་གྱིས་ཡིན་ནོ། །སྐྱབས་སུ་འགྲོ་བའི་ཡུལ་ལ་གཡུང་དྲུང་གནས་བཞི་ཞེས་བླ་མ་དང་། སངས་རྒྱས། གཡུང་དྲུང་གི་བོན། གཤེན་རབ་གཡུང་དྲུང་སེམས་དཔའ་རྣམས་ཡིན། དེའང་བོན་ལ་སྐྱབས་སུ་སོང་ཕྱིན་སེམས་ཅན་གྱི་སྲོག་ལ་འཚེ་བ་ལྟ་ཞོག་ངེས་པར་དུ་གནོད་འཚེའི་སེམས་པ་ཡན་ཆད་སྤོང་དགོས་པ་ཡིན། དེ་ཡང་། དྲང་དོན་གྱི་མདོ་ལས། བདག་གི་གནས་ངན་སྣ་ཚོགས་བརྒྱུད་པ་ཡིས། །འགྲོ་དྲུག་ཕ་དང་མ་རུ་མ་གྱུར་གཅིག་མ་མཆིས། །སེམས་ཅན་ཐམས་ཅད་ཕ་མའི་རང་བཞིན་ལ། །སྙིང་རྗེ་བྱམས་དགའ་སྟོང་སྙོམས་རྩེ་གཅིག་བསྒོམ། །ཞེས་སོ། །ལྷག་པར་དུ་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་མཐའ་དག་ནང་སེམས་ཅན་གྱི་སྲོག་ལ་འཚེ་བ་སྤོང་དགོས་པ་གསལ་པོར་བསྟན་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་ཀྱང་བསྙེན་གནས་དང་། དགེ་བསྙེན། གཙང་གཙུག དྲང་སྲོང་། སྔགས་པ་སོགས་ཀྱི་སྡོམ་ཁྲིམས་སོ་སོར་གཏན་ལ་ཕབ་སྟེ་རྩ་བའི་དམ་ཚིག་ལ་ཉེས་མེད་སེམས་ཅན་གྱི་སྲོག་ལ་འཚེ་བ་མི་བྱེད་པའི་དམ་ཚིག་གསུངས་ཡོད། གཡུང་དྲུང་བོན་གྱི་ལུགས་ལ་སེམས་ཅན་གྱི་སྲོག་ལ་འཚེ་བའི་མཆོད་བསྟོད་མི་བྱེད་པ་ནི། བོན་གྱི་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་མཐའ་གཅིག་ཏུ་ཉེས་མེད་སེམས་ཅན་གྱི་ཚེ་སྲོག་ལ་འཚེ་བ་དགག་གནང་ཡོད་པས་རྒྱུ་མཚན་གྱིས་ཡིན། དེ་ཡང་མདོ་གཟེར་མིག་ ༡༩༠ ལས། རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པར་ཡེ་མ་བྱེད། །ཅེས་དང་། ཡང་དེ་ཉིད་ལས་གོང་དུ་ལུང་དྲངས་པ་ལྟར། ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་བཞག་པར། །གཅིག་གསོ་གཅིག་གསོད་བྱ་བའི་བོན་དེ་བདག་གིས་མི་ཤེས་སོ། །དེ་ནི་ལོག་པ་ཡིན་པས་བྱ་རུ་མི་རུང་ངོ་། །ཞེས་གསུངས་པས། བོད་གངས་ཅན་པའི་ཞིང་འདིར་གཡུང་དྲུང་བོན་གྱི་བསྟན་པ་དར་ནས་བཟུང་། ཞིང་འདིར་འཚེ་བ་མེད་པའི་ཆོས་ལུགས་དར་བའི་འགོ་ཚུགས་པ་རེད། དེས་ན་གཡུང་དྲུང་བོན་ནི་འཛམ་བུ་གླིང་འདིར་དར་བའི་འཚེ་མེད་ཆོས་ལུགས་རྙིང་ཤོས་དེ་ཡིན། འདིར་སྒོ་ཙམ་ལས་རྒྱས་པར་བོན་གྱི་ལོ་རྒྱུས་དང་། ཡིག་རྙིང་རྣམས་ལས་གསལ་བས་བློ་གཟུ་བོར་གནས་ཏེ་འདིའི་སྐོར་ཞིབ་འཇུག་གནང་བ་ཡིན་ན་གཡུང་དྲུང་བོན་གྱི་བསྟན་པ་བོད་གངས་ཅན་པའི་ཞིང་འདིར་མ་དར་བའི་སྔོན་བོན་པོ་ཡོད་པ་དང་། བོན་པོ་ཡིན་ན་བོན་སྟོན་གཤེན་རབ་ཀྱི་རྗེས་སུ་བྱུང་བ་ཡིན་པས་མ་ཁྱབ་པ་མཁྱེན་ཐུབ་པ་ཡིན།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།