བོད་ཀྱི་ཐུན་མིན་རིག་པའི་གནས་ཆེན་ལྔ་ཡི་ངོ་སྤྲོད་གོ་བདེ།

བོད་ཀྱི་ཐུན་མིན་རིག་པའི་གནས་ཆེན་ལྔ་ཡི་ངོ་སྤྲོད་གོ་བདེ།
རིན་སྤུངས་ཚུལ་བསྟན།

མཚན་བཟང་དཔེ་བྱད་བརྒྱད་ཅུས་རབ་མཛེས་སྐུ།།
ཡན་ལག་སྙན་འཇེབས་གསུང་དབྱངས་དྲུག་ཅུའི་གསུང་།།
འཁོར་འདས་བོན་ཀུན་མ་ལུས་མཁྱེན་པའི་ཐུགས།།
སྟོན་མཆོག་གཤེན་རབ་མི་བོ་རྣམ་པར་རྒྱལ།།
གང་གི་ཐུགས་མགྲིན་ལས་འཁྲུངས་གཡུང་དྲུང་བོན།།
ཐེག་དགུ་སྒོ་བཞི་མཛོད་ལྔ་ཕྱི་ནང་གསང་།།
དེ་ལས་དང་བོ་ཐེག་པ་རིམ་དགུ་ཡི།།
ནང་གསེས་རིག་པའི་གནས་ལྔ་ཅུང་ཟད་བཤད།།

དེ་ལ་སྤྱིར་ཚེ་ལོ་བརྒྱ་བའི་མགོན་མཆོག་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་དང་བོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས། ཐ་མ་མངོན་པར་རྫོགས་པའི་སངས་རྒྱས་ནས་སླར་འོལ་མོ་ལུང་རིང་དུ་ཡབ་རྒྱལ་བོན་ཐོད་དཀར་དང་ཡུམ་རྒྱལ་བཞད་མའི་སྲས་སུ་སྐུ་བལྟམས་པའི་ཚུལ་བསྟན་ནས་གདུལ་བྱའི་དོན་དུ་བཀའ་ཡི་འཁོར་ལོ་རྣམ་པ་གསུམ་སྐོར་ཏེ་བཀའ་དང་བོ་ཐེག་པ་རིམ་དགུའི་བཀའ་འཁོར་བསྐོར། བཀའ་བར་བ་སྒོ་བཞི་མཛོད་ལྔའི་བཀའ་འཁོར་བསྐོར། བཀའ་ཐ་མ་ཕྱི་ནང་གསང་གསུམ་གྱི་བཀའ་འཁོར་བསྐོར། བཀའ་དང་བོའི་བཀའ་འཁོར་ལ་ཡང་རིག་པའི་གནས་ལྔའི་བཀའ་འཁོར་སྐོར་བ་དང་། ཐེག་པ་རིམ་དགུའི་བཀའ་འཁོར་གཉིས་སྐོར། དེ་ལས་དང་བོ་རིག་པའི་གནས་ལྔའི་བཀའ་འཁོར་བཤད་པ་ལ། བཟོ་རིག་པ། སྒྲ་རིག་པ། གསོ་བ་རིག་པ།ཕྱི་རིག་པ།ནང་རིག་པ་དང་ལྔ་ཡི་བཀའ་འཁོར་ཏེ། བསྟན་པ་རྗེས་བཞག་གི་མདོ་ལས། བཟོ་དང་སྒྲ་དང་གསོ་བ་དང་། ཕྱི་ནང་རིག་པ་གཉིས་དང་ལྔ།ཞེས་སོ།
དེ་ལ་དང་བོ་བཟོ་རིག་པ་བཤད་པ་ལ་ལྔ་ཡོད། གང་ལས་འབྱུང་བའི་ལྷ། གང་ཞིག་བསྟན་པའི་བོན། གང་དུ་བསྟན་པའི་གནས། གང་ལ་བསྟན་པའི་སྣོད། གང་ཕྱིར་བསྟན་པའི་དགོས་པ་དང་ལྔའོ། དང་བོ་གང་ལས་འབྱུང་བའི་ལྷ་ནི། ཡེ་སྲིད་སངས་པོ་འབུམ་ཁྲིའི་ཐུགས་རྗེ་བྱིན་གྱིས་བརླབས་པ་ལས་བྱུང་བའོ། གཉིས་པ་གང་བསྟན་པའི་བོན་ནི། བཟོ་རིག་པའི་བཀའ། དེ་ལ་ཡང་སྤྱིར་སྟོན་པའི་གསུང་པའི་བཟོ་རིག་པའི་བོན་ལ་ཤིན་ཏུ་གྲངས་མང་ཡང་། མདོར་བསྡུས་ན་འབུམ་གསུམ་ལྟ་བུའོ། དེ་ལ་འབུམ་གསུམ་ནི། བསྐལ་པ་སྣང་སྲིད་འཁོར་ལོའི་འབུམ། སྲིད་པ་མིའུ་རྒྱུད་ཀྱི་འབུམ།འབྱུང་བ་ཆགས་གནས་འཇིག་སྟོང་གི་འབུམ་དང་གསུམ་མོ། གསུམ་པ་གང་དུ་བསྟན་པའི་གནས་ནི།ཁྲི་སྨོན་རྒྱལ་བཞེད་དུ་གཏན་ལ་ཕབ།བཞི་བ་གང་ལ་བསྟན་པའི་སྣོད་ནི། བཟོ་རྒྱལ་གར་མ་ལི་ཤོ་ལ་བསྟན། ལྔ་བ་དགོས་པ་ནི།སངས་རྒྱས་ཀྱི་བསྟན་པའི་གཞི་རུ་གྱུར་ཞིང་།གཞན་དག་རྗེས་སུ་བཟུང་བའི་ཕྱིར་དུ་བཟོ་རིག་པ་གཏན་ལ་ཕབ་པའོ།
གཉིས་པ་སྒྲ་རིག་པ་བཤད་པ་ལ་ལྔ་ཡོད། གང་ལས་འབྱུང་བའི་ལྷ། གང་ཞིག་བསྟན་པའི་བོན། གང་དུ་བསྟན་པའི་གནས། གང་ལ་བསྟན་པའི་སྣོད། གང་ཕྱིར་བསྟན་པའི་དགོས་པ་དང་ལྔའོ། དང་བོ་གང་ལས་འབྱུང་བའི་ལྷ་ནི། ཡེ་མཁྱེན་སྒྲ་བླའི་རྒྱལ་པོའི་བྱིན་གྱི་བརླབས་པ་ལས་བྱུང་བའོ།གཉིས་པ་གང་ཞིག་བསྟན་པའི་བོན་ནི། སྒྲ་རིག་པའི་བཀའ། སྟོན་པའི་གསུང་བའི་སྒྲ་རིག་པ་ལ་ཡང་གྲངས་ལས་འདས་པ་ཞིག་ཡོད་ཀྱང་།མདོར་བསྡུས་ན་སྒྲ་ཚད་ཀྱི་འབུམ་གསུམ་ལྟ་བུའོ། དེ་གསུམ་ནི། ལྷ་སྲིན་འཁྲུགས་འབུམ་ནག་པོ། སྒྲ་ཚད་རྩོད་འབུམ་ཁྲ་བོ།དག་པའི་ལྷ་འབུམ་དཀར་པོ་དང་གསུམ་མོ། དེ་ཡང་སོ་སོར་དབྱེ་ན་སྒྲ་རིག་པ་དང་། ཚད་མ་རིག་པའོ། སྒྲ་རིག་པ་ནི། སྐད་འགྱུར་སོ་སོར་བསྟན་པའི་མདོ་ལ་སོགས་དང་། ཚད་མ་རིག་པ་ནི་སྡེ་བདུན་གྱི་མདོ་ལ་སོགས་སོ། གསུམ་པ་གང་དུ་བསྟན་པའི་གནས་ནི། ལྷ་སྲིན་བར་དུ་གཏན་ལ་ཕབ་བོ། བཞི་བ་གང་ལ་བསྟན་པའི་སྣོད་ནི། རྨ་ལོ་དང་གཡུ་ལོ་གཉིས་ལ་བསྟན། ལྔ་བ་དགོས་པ་ནི། བསྟན་པ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམས་ཀྱི་རྒོལ་བ་མ་ལུས་ཚར་བཅད་ནས། ངེས་དོན་ཡང་དག་པ་སྒྲུབ་པའི་ཕྱིར་དུ་སྒྲ་ཚད་རིག་པ་གཏན་ལ་ཕབ་བོ།
གསུམ་པ་གསོ་བ་རིག་པ་བཤད་པ་ལ་ལྔ་ཡོད། གང་ལས་འབྱུང་བའི་ལྷ། གང་ཞིག་བསྟན་པའི་བོན། གང་དུ་བསྟན་པའི་གནས། གང་ལ་བསྟན་པའི་སྣོད། གང་ཕྱིར་བསྟན་པའི་དགོས་པ་དང་ལྔ་ཡོད་པས། དེ་ལས་དང་བོ་གང་ལས་འབྱུང་བའི་ལྷ་ནི། ཡེ་རྗེ་སྨན་བླའི་རྒྱལ་པོའི་ཐུགས་རྗེ་བྱིན་གྱིས་བརླབས་པ་ལས་བྱུང་བའོ། གཉིས་པ་གང་བསྟན་པའི་བོན་ནི། གསོ་བ་རིག་པའི་བཀའོ། དེ་ཡང་སྟོན་པའི་གསུང་པའི་གསོ་བ་རིག་པའི་བོན་གཞུང་དུ་མར་ཡོད་ཀྱང་། ཚུར་བསྡུས་ན་སྨན་འབུམ་གསུམ་དུ་འདུས་སོ། དེ་གསུམ་ནི། གསོ་བྱའི་ནད་འབུམ་ནག་པོ། གསོ་བྱེད་དཔྱད་འབུམ་ཁྲ་བོ། རྣམ་རྒྱལ་སྨན་འབུམ་དཀར་པོ་དང་གསུམ། དེ་བཞིན་གསོ་རིག་འབུམ་ལ་སོགས་མང་བོ། གསུམ་པ་གང་དུ་བསྟན་པའི་གནས་ནི།འོལ་མོ་ལུང་རིང་དུ་གཏན་ལ་ཕབ་བོ། བཞི་བ་གང་ལ་བསྟན་པའི་སྣོད་ནི། དཔྱད་བུ་ཁྲི་ཤེས་ལ་བསྟན། ལྔ་པ་དགོས་པ་ནི། འགྲོ་བ་ནད་ཀྱི་ཟུག་རྔུ་བསལ་ཞིང་ལུས་སྲོག་གསོ་བར་བྱ་བའི་ཕྱིར་དུ་གསོ་བ་རིག་པ་གཏན་ལ་ཕབ་པའོ།
བཞི་བ་ཕྱི་རིག་པ་བཤད་པ་ལ་ལྔ་ཡོད། གང་ལས་འབྱུང་བའི་ལྷ། གང་ཞིག་བསྟན་པའི་བོན། གང་དུ་བསྟན་པའི་གནས། གང་ལ་བསྟན་པའི་སྣོད། གང་ཕྱིར་བསྟན་པའི་དགོས་པ་དང་ལྔའོ། དང་བོ་གང་ལས་འབྱུང་བའི་ལྷ་ནི། ཡེ་དབང་ས་ཡི་རྒྱལ་པོའི་ཐུགས་རྗེ་བྱིན་གྱིས་བརླབས་པ་ལས་བྱུང་བའོ། གཉིས་པ་གང་བསྟན་པའི་བོན་ནི། ཕྱི་རིག་པའི་བཀའོ། དེ་ཡང་མདོར་བསྡུས་ན། ཕྱི་རིག་པའི་འབུམ་གསུམ་ལྟ་བུའོ། དེ་གསུམ་ནི། སྣང་སྲིད་གཏོ་འབུམ་ནག་པོ། རིན་ཆེན་ཀུན་འབུམ་ཁྲ་བོ། གཙུག་ལག་དཔལ་འབུམ་དཀར་པོ་དང་གསུམ་མོ། གསུམ་པ་གང་དུ་བསྟན་པའི་གནས་ནི། རི་རབ་ཀྱི་རྩ་བར་གཏན་ལ་ཕབ་བོ། བཞི་པ་གང་ལ་བསྟན་པའི་སྣོད་ནི། ཀོང་ཙེ་འཕྲུལ་རྒྱལ་ལ་བསྟན་ནོ། ལྔ་པ་དགོས་པ་ནི། ལེགས་ཉེས་རྩིས་ཀྱིས་བསྟན་ཞིང་སྣད་སྲིད་ཞི་བདེར་བཅོས་པའི་ཕྱིར་དུ་ཕྱི་རིག་པ་གཏན་ལ་ཕབ་བོ།
ལྔ་བ་ནང་རིག་པ་བཤད་པ་ལ་ལྔ་ཡོད། གང་ལས་འབྱུང་བའི་ལྷ། གང་ཞིག་བསྟན་པའི་བོན། གང་དུ་བསྟན་པའི་གནས། གང་ལ་བསྟན་པའི་སྣོད། གང་ཕྱིར་བསྟན་པའི་དགོས་པ་དང་ལྔའོ། དང་བོ་གང་ལས་འབྱུང་བའི་ལྷ་ནི། ཡེ་དབང་མཐུ་སྟོབས་རྒྱལ་པོའི་ཐུགས་རྗེ་བྱིན་གྱིས་བརླབས་པ་ལས་བྱུང་བ་ཡིན། གཉིས་པ་གང་བསྟན་པའི་བོན་ནི། ནང་རིག་པའི་བཀའ་འོ། དེ་ཡང་མདོར་བསྡུས་ན། ཀླུ་འབུམ་དཀར་ནག་ཁྲ་གསུམ་ལྟ་བུའོ།གསུམ་པ་གང་དུ་བསྟན་པའི་གནས་ནི། ཀླུའི་ཡུལ་དུ་གཏན་ལ་ཕབ་བོ། བཞི་བ་གང་ལ་བསྟན་པའི་སྣོད་ནི། ཡེ་ཤེས་སྙིང་བོ་ལ་བསྟན་ནོ། ལྔ་བ་དགོས་པ་ནི། བགེགས་གདོན་ཐབས་ཀྱིས་བཅོམ་སྟེ་མཆོག་ཐུན་གྱི་དངོས་གྲུབ་སོགས་རང་རྒྱུད་ལ་ཐོབ་པར་བྱ་བའི་ཕྱིར་དུ་ནང་རིག་པ་རྣམས་གསུངས་སོ།
མཐར་འཇུག་བསྡུས་པ་ལ།བྱམས་མ་འབུམ་ལྔ་ལས། རིག་པའི་གནས་ལྔ་ལ་བརྟེན་ནས་སེམས་ཅན་ཐབས་ཀྱིས་འདུལ་བ་སྟེ། ཕས་ཀྱི་རྒོལ་བ་སྒྲ་ཡིས་ཚར་བཅད། ནད་ཀྱིས་གདུང་བ་སྨན་གྱི་གསོ། གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོམ། རྒས་རྒུད་འཆི་འཕོས་རྩིས་ཀྱིས་བཏུལ། ཞེས་གསུངས་སོ། སྤྱི་རིག་པའི་གནས་ལྔ་ལ་མ་བསླབ་ན་དུས་ནམ་ཡང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མི་ཐོབ་སྟེ། ཀུན་འབུམ་ལས།རིག་པའི་གནས་ལྔར་མ་སྦྱངས་བར།།ཐམས་ཅད་མཁྱེན་པ་མི་འཐོབ་སྟེ།།ཉི་མའི་དཀྱིལ་འཁོར་འོད་འབར་བ།།སྒོ་འགག་དབང་པོས་མཐོང་བ་མིན།།ཞེས་སོ། དེ་ལ་སྦྱང་བཞིན་བྱང་ཆུབ་པར་བྱེད་ན་ཡོན་ཏན་དུ་མ་དང་ལྡན་ཏེ། རིག་པའི་གནས་ལྔའི་བོན་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཆེའི་ཞལ་ནས་གསུངས་པའི་བཀའ་དང་། ཞང་བོད་ཀྱི་གནས་ལྔ་བ་དག་གིས་སངས་རྒྱས་ཀྱི་བཀའ་ལ་བརྟེན་ནས་བསྡེབས་པའི་བཀའ་བརྟེན་རྣམས་ལ་མཁས་པར་སྦྱངས་སེམས་ཅན་གྱི་དོན་བྱེད་པ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ།འབུམ་ལས། ཕྱི་དང་ནང་དང་བཟོ་དང་སྒྲ་དང་གསོ་བ་རིག་པའི་གནས་ལྔ་ལ་བློ་སྦྱངས་པའི་སྐྱེས་བུ་རྣམས་ནི་ཨེ་མ་ངོ་མཚར་ཆེའོ། ཞེས་སོགས་གསུངས་སོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།