ཕྱག་དབང་སྐོར་གྱི་བྱུང་ཁུངས་གོ་དོན་བཅས་རགས་ཙམ་གླེང་བ།

ཕྱག་དབང་སྐོར་གྱི་བྱུང་ཁུངས་གོ་དོན་བཅས་རགས་ཙམ་གླེང་བ།
བསྟན་འཛིན་སྦྱིན་པ།

རང་རེ་བོན་གྱི་གོམས་གཤིས་སམ་ལུགས་སྲོལ་མ་བཅོས་པ་ཞིག་སྟེ། བླ་མ་དང་སློབ་དཔོན་སོགས་སྐྱབས་གནས་ཀྱི་འོས་སུ་གྱུར་པ་རྣམས་དད་ལྡན་པ་གང་ཞིག་གིས་ཐོག་མར་མཇལ་ཚེ། ལུས་ཀྱི་གུས་ལུགས་ལྔ་ཡིས་སྒོ་ནས་མཇལ་བ་ཡིན། ཚུལ་ནི་རྐང་པ་གཉིས། ལག་པ་གཉིས། མགོ་ཡི་ཐོད་པ་དང་ལྔ་ས་ལ་གཏུག་སྟེ་ཡར་ལང་མར་ཕབ་ཐེངས་གསུམ་རེ་བྱས་མཐར། ལུས་གུག ལག་གཉིས་ཐལ་སྦྱར་དང་བཅས་མཇལ་དར་དད་རྫས་མདུན་དུ་བཞག་སྟེ་ཕྱག་དབང་ཞུ་བའི་སྲོལ་ཡོད་པ་ནི་བོད་ཀྱི་དད་ལྡན་པ་ཕལ་ཆེར་ལ་ཆེད་དུ་སློབ་མི་དགོས་པར་རང་ཤུགས་སུ་ཤེས་བཞིན་ཡོད། དེ་ནི་ཆོས་ལུགས་དད་གུས་གྱི་ལུགས་སྲོལ་རྒྱུན་རིང་ཞིང་དེར་བག་ཆགས་ཀྱི་རྔམ་ཁ་འཐུག་དྲགས་པས་སམ། ཡང་ན་ཕ་ཚ་བུ་རབས་ཀྱི་ལུགས་སྲོལ་རྒྱུན་བསྐྱངས་བྱས་པའི་གྲུ་ཟུར་ཞིག་ཀྱང་ཡིན་པར་འདོད། འདི་དག་ནི་ཁུངས་ལུང་རྒྱུ་མཚན་དང་ཕན་ནུས་ཀྱི་ངོ་བོ་དེད་ནས་གནས་བསྡད་པ་ཞིག་ལས་རྨོངས་དད་ཞེས་རྒྱུ་མཚན་མེད་པའི་དད་གུས་འཇོག་ཚུལ་ཞིག་ག་ལ་ཡིན་ཏེ་མིན་ནོ། །ལུང་ནི་གཡུང་དྲུང་ཀློང་རྒྱས་ཕྲིན་ལས་བཅོ་བརྒྱད་ཀྱི་དོན་བསྟན་པའི་ནང་ནས་བཅུ་པ་སླད་མའི་སེམས་ཅན་རྣམས་ལ་དཔེར་བསྟན་པའི་ཕྲིན་ལས་ཀྱི་དོན་བསྟན་པའི་སྐབས་སུ། འདི་ལྟར། བདེ་བར་གཤེགས་པ་མ་ལུས་ཐམས་ཅད་ལ། །བདག་ལུས་སྟོང་གསུམ་རྡུལ་དུ་དམིགས་ནས་ནི། །མགོ་དང་ལག་དང་རྐང་པའི་པུས་མོ་དང་། །ཡན་ལག་སྨད་ལྔ་ས་ལ་རབ་བཙུག་ནས། །བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། ། ལུས་ཀྱིས་ཕྱག་བགྱིས་ཡན་ལག་ལྔ་ཆར་བཏུད། །ངག་གིས་ཕྱག་བགྱིས་སྤྲོ་བའི་དབྱངས་དང་བཅས། །ཡིད་ཀྱིས་ཕྱག་བགྱིས་དགའ་རབ་མཆོག་ཏུ་བསྐྱེད། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བས། །ཁྱེད་ཀྱིས་ཐུགས་རྗེས་ཀུན་ཀྱང་བཟུང་དུ་གསོལ། །ཞེས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་གྱི་གུས་ལུགས་དང་རྣམ་འགྱུར། བསྐྱབ་བྱ་སྐྱོབ་བྱེད་ཀྱི་དམིགས་རྣམ་དང་བདག་གིས་རེ་ལྟོས་བཅས་ཇི་ལྟར་བཟུང་དགོས་པ་གསལ་བར་བསྟན་པ་ཡིན། མདོར་ན་བདག་རྒྱུད་ཀྱི་ཉོན་མོངས་སྡིག་སྒྲིབ་རྣམས་ལུས་ངག་ཡིད་གསུམ་གྱི་བྱེད་ཐབས་དང་བདེ་བར་གཤེགས་པའམ་བླ་མའི་ཐུགས་རྗེ་ལ་བརྟེན་ནས་གཙང་སེལ་བྱེད་པའམ་ཕར་ཕྱག་པ་དང་། མཆོག་ཐུན་གྱི་དངོས་གྲུབ་རྣམས་རང་རྒྱུད་ལ་ཚུར་ཐོབ་པའམ་འཚལ་བའི་དོན་ལ་ཕྱག་འཚལ་ཞེས་བརྗོད། འདིར་དཔེ་མཚོན་ཙམ་དུ་དྲངས་པ་ལས་ཕྱག་གི་གོ་དོན་ཞིབ་ཅིང་རྒྱས་པ་མདོ་སྔགས་ཀྱི་གཞུང་ཕལ་ཆེར་དང་དམིགས་བསལ་སྔོན་འགྲོ་ཐམས་ཅད་ཀྱི་སྐབས་སུ་ཁྲིད་རིམ་དང་བཅས་པ་ཞིབ་རྒྱས་སུ་ཡོད་པས་འདིར་བཤད་པ་བསྐྱུངས་སོ། །

དེ་ཡང་ཕྱག་དབང་ཞུ་བར་ཞུ་བ་པོ་རང་ཉིད་ཀྱིས་ངེས་པར་དུ་ཤེས་དགོས་པ་ནི་ལུས་ཀྱི་གུས་ཚུལ་ཙམ་མ་ཡིན་པར་སེམས་ཀྱིས་དད་པ་ཞེས་པ་དེ་དྲན་དགོས་པ་གལ་ཆེ་ལ་དད་པ་དྲན་པར་དད་པའི་ངོ་བོ་ཤེས་དགོས། དད་པའི་ངོ་བོ་ནི་ཡུལ་ལ་མོས་པས་བློ་གཏད་པ་ཞེས་བཀའ་ལུང་དུ་མ་ནས་བཤད་བཀྲོལ་མཛད་ཡོད་པ་ལྟར། འདིར་ཡུལ་གང་ཞིག་ལ་བློ་གཏད་པ་ཙམ་གྱིས་མི་འགྲིགས་པར་ཡུལ་ཁྱད་པར་ཅན་ལ་མོས་པའི་སྒོ་ནས་ཡིད་ཆེས་པའམ་བློ་གཏད་དགོས། སྤྱིར་ན་ཁྱོད་ཀྱིས་ཡུལ་གང་ལ་ཡིད་ཆེས་ཡོད་ན་ཡུལ་དེ་ལ་དད་པ་ཡོད། ཡིད་ཆེས་མེད་ན་བསྒྲུབ་བྱའི་ལས་དོན་གང་ཞིག་ཡིན་ཀྱང་བར་ཆོད་ཀྱི་རྐྱེན་ཁར་འཆོར་བ་དང་། འབྲས་བུ་འགྲུབ་པའི་དུས་ལ་སླེབས་མི་ཐུབ་པ་ལྟར་དཔེར་ན་དཀོན་མཆོག་ལ་དད་པ་མེད་ན་དཀོན་མཆོག་ལ་གུས་ལུགས་ཇི་ལྟར་བྱས་ཀྱང་དོན་མེད། དེ་ཡང་། མ་རྒྱུད་ཐར་ལམ་འགྲེལ་༼ཕྱི་པར།༧༨༢༽ལས། ངོ་མཚར་གྱི་གདམས་པ་ཕ་ལ་ཡོད་ཀྱང་བུས་མི་ལོན། ཞེས་ལུང་དེ་ཙམ་གྱིས་གོ་དོན་ངེས་ཤེས་ཐུབ་པ་ཡིན། ། དད་པ་དགོས་པའི་རྒྱུ་མཚན་ནི་ངས་ཁྱོད་ལ་ཡིད་ཆེས་ཡོད་ན་ཁྱོད་ཀྱིས་ཀྱང་ངའི་བྱ་བ་ལེགས་ཉེས་གང་ལ་ལམ་སྟོན་རོགས་སྐྱོར་ཡོད་ལ་ང་ཡང་ལམ་དེ་ལ་བརྒྱུད་ནས་ཕྱིན་པ་ཡིན་ན་མཐར་ཐུག་གི་བསྒྲོད་གནས་སུ་སླེབས་ཐུབ་པ་ལྟར་དཀོན་མཆོག་ལ་དད་པས་བཀུར་ན་ཡོན་ཏན་དུ་མའི་སྣ་འདྲེན་ཏེ་རང་ཉིད་ཐར་པའི་ལམ་སྒོར་གཞུག་ཐུབ། འདིར་བསྟན་གྱི་ཡུལ་ཁྱད་པར་ཅན་ཞེས་པ་ནི། སྐྱབས་གནས་དཀོན་མཆོག་གསུམ་མམ་ཡུལ་མཆོག་གནས་བཞི་ལ་བརྗོད་པ་ཡིན། དེས་ན་དད་པ་ལ་བརྟེན་ནས་དཀོན་མཆོག་ངོ་ཤེས་དགོས། དཀོན་མཆོག་ངོ་ཤེས་ཞེས་པ་ནི་དཀོན་མཆོག་གསུམ་འབོད་ཤེས་པ་དང་གྲངས་འདྲེན་ཤེས་པ་ཙམ་ལ་མི་འཇོག་པར་དཀོན་མཆོག་ནི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ལྡན་ཞིང་ཕྱི་ནང་གི་བར་ཆོད་ཐམས་ཅད་བསལ་ཐུབ་པའི་མཐུ་སྟོབས་ཅན་ཞིག་ཡིན་པ་ཧ་གོ་བ་དང་ངོས་འཛིན་ཤེས་དགོས། དེ་ནི་རང་གི་སྐྱོབ་དང་མགོན་གྱི་དཔུང་གཉེན་དུ་བཞུགས་པར་གསོལ་བ་གདབ་སྟེ་ཁྱེད་ཤེས་ཀྱི་བློ་ངེས་པར་ནམ་གཏད་ཐུབ་པའི་ཚེ་ཁྱོད་ཀྱི་རྒྱུད་ལ་དད་པའི་གཞི་རྐང་ཚུགས་ཏེ་སྐྱབས་འགྲོ་ཡང་རང་རྒྱུད་ལ་སྐྱེས་པ་ཡིན། སྐྱབས་འགྲོ་རང་རྒྱུད་ལ་མ་སྐྱེས་ན་དཀོན་མཆོག་ལ་དད་མདོག་ཇི་ལྟར་བྱས་ཀྱང་གཡུལ་ངོའི་དགའ་དང་འདྲ་སྟེ། སྡུག་བསྔལ་གྱི་འཇིགས་པའི་དཔུང་ལས་རྣམ་པར་རྒྱལ་མི་ནུས། །རྒྱུད་ལས།༼བཀའ་ལུང་རྒྱ་མཚོ་ནས་དྲངས།༽ སྐྱབས་མཆོག་གཏིང་ནས་བློ་ལ་མ་ཤར་ན། །ཚིག་གི་ཕྲེང་བ་བར་ཆོད་ཁ་འདྲེན་ཡིན། ཞེས་པའི་ལུང་དེ་ཙམ་གྱིས་གོ་ནུས་པ་ཡིན། །དགེ་སྦྱོར་བསྒྲུབ་པའི་ཚུལ་ཇི་ལྟར་བཟུང་ཡང་དད་དང་སྐྱབས་འགྲོས་རྒྱུད་སྐུལ་ཏེ་རང་གི་བསྒྲུབ་བྱ་ལག་ཏུ་ལེན་པའི་ལམ་མ་ནོར་བ་སེམས་བསྐྱེད་ཀྱི་གཞི་བཟུང་དགོས་པ་གལ་ཆེ། དེ་ཡང་སེམས་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ་ཟེར་བ་ལྟར་སེམས་བསྐྱེད་བཅོས་མ་མ་ཡིན་པ་གཤའ་མ་ཞིག་རྒྱུད་ལ་སྐྱེད་དགོས། དེས་ན་ཚད་མེད་རྣམ་པ་བཞིའི་སྒོ་ནས་རང་གཞན་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ལ་འགོད་འདོད་དམ་ཐོབ་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་ནི་སེམས་བསྐྱེད་ཀྱི་གོ་དོན་ཡིན་པས་དེ་ལ་ཡིད་ཁུར་ངེས་པར་བྱ་དགོས། མདོ་ལས།༼བཀའ་ལུང་རྒྱ་མཚོ་ནས་དྲངས།༽ སྤྱིར་ན་རྒྱུ་འབྲས་བོན་རྣམས་ལ། །སེམས་བསྐྱེད་གཞི་མ་མེད་པ་ན། །གང་ཡང་རྒྱུ་ཡིས་འབྲས་མི་ཚོལ། །དོན་དམ་རྙེད་པ་ག་ལ་འགྱུར། །ཞེས་སོ། །སྐབས་འདིར་དད་ལྡན་པ་གང་ཞིག་གིས་ཕྱག་གི་དབང་ཞུ་བའི་སྐོར་ཡིན་པས་ ཕྱག་གི་དབང་ཞུ་བར་ཞུ་བ་པོ་རང་ཉིད་ལ་ཚང་དགོས་པའི་སྔོན་འགྲོའི་ཆ་རྐྱེན་དུ་བཤད་མ་ཐག་པའི་དད་པ་དང་། སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྡོམ་པ་ཙམ་ཞིག་ངེས་པར་དུ་ཡོད་དགོས་ཏེ། མདོ་ལས།༼ཕར་ཕྱིན་སྐབས་དང་པོའི་ནང་གི་མདོ་ལུང་། མཆན།༽ སྡོམ་པ་སྣ་གཅིག་མ་བསྲུང་བར། །སྟོན་པ་ངའི་འཁོར་དུ་མི་གཏོགས་སོ། །ཞེས་གསུངས་སོ། ། འདི་ལྟ་བུའི་སྒོ་གསུམ་གྱིས་བྱ་བ་བྱེད་ཚུལ་ནི་རང་རེ་བོད་ཀྱི་ཆོས་ལུགས་ལག་ཏུ་ལེན་ཐབས་ཞིག་ཡིན་པས་སེམས་ཀྱི་དག་སྣང་གི་སྒོ་ནས་བསྒྲུབ་དགོས་པ་ཞིག་ཀྱང་ཡིན། གལ་སྲིད་ཁྱོད་ལ་དད་པ་དང་དག་སྣང་མེད་ན་དཀོན་མཆོག་ཁས་ལེན་མི་ཐུབ་ལ་དཀོན་མཆོག་ལ་དེ་བས་ཀྱང་རེ་ལྟོས་ཞུ་མི་སྲིད་པ་དང་ཕྱག་གི་དབང་ཞུ་བའི་དགོས་པ་དང་གོ་དོན་ཡང་ཅི་ལ་ཡོད་དེ་མེད་དོ།།

ཕྱག་དབང་ཞུ་བའི་ལུགས་སྲོལ་གྱི་བྱུང་བའི་ཁུངས་ནི། སྙན་རྒྱུད་ལྡེ་མིག་དགུ་སྐོར༼ག༽ལྡེབ་༥༢ནས། ཨ་ཨཱོྃ་ཧཱུྃ་རྃ་ཛ། ཐོ་ཡེ་གེ་ཙོ་རག་ཤ་ཧྲིག་ནན་དུལ་ཤག ཅེས་དང་། དང་པོ་སེམས་བསྐྱེད་ཚིག་བརྗོད་བསམ། །ཐོ་ཡེ་གེ་ཙོས་བར་ཆོད་བསལ། །གཡུང་དྲུང་གནས་བཞིར་སྐྱབས་གསོལ་ནས། །དཔོན་གསས་རྣམས་ལ་མཁྱེན་པ་གསོལ། །སོར་མོ་ལྔ་ཡི་རྩེ་མོ་ལ། །དཔའ་བོ་འབྲུ་ལྔའི་ས་བོན་ལས། །ལྷ་ལྔ་རིག་སྟོབས་ཡེ་ཤེས་བསྐྱེད། །བདག་དང་སློབ་མ་རྩེར་ཆིབ་པར། །དབང་བསྐུར་བྱིན་གྱིས་རླབས་པར་བྱའོ། །ཞེས་པ་ནས། ཨ་ཨཱོྃ་ཧཱུྃ་རྃ་ཛ་སད་སལེ་ལྷན་ནེ་འདུ། ཞེས་པའི་བར་ཚིག་བཤད་སྔགས་དང་སྦྲེལ་ནས་གསུངས་འདུག་པས། དེ་དག་གི་གོ་དོན་ནི་དབང་སྐུར་བ་པོ་དཔོན་གསས་རང་ཉིད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དབང་ཇི་ལྟར་བསྐུར་དགོས་པའི་ཚུལ་བསྟན་པ་ཡིན། ལས་ཚོགས་ཇི་འདྲ་ཞིག་ལ་འཇུག་དགོས་ཚེ་ཐོག་མར་ལས་ཚོགས་དེར་བར་ཆོད་བྱེད་པའི་གེགས་རྐྱེན་རྣམས་ངོ་ཤེས་ན་དང་པོ་ཉིད་ནས་བསལ་དགོས་པ་ཞིག་ཡིན་སྟབས་འདིར་ཡང་ཐོག་མར་མཚན་ལྡན་གྱི་བླ་མ་དེས་ཐོ་ཡེ་གེ་ཙོ་ཞེས་སྔགས་ཚིག་དང་ཉུང་དཀར་ཏིང་ངེ་འཛིན་བཅས་སྦྲགས་ཏེ་སློབ་མའི་ལུས་ངག་ཡིད་གསུམ་ལ་བར་ཆོད་བྱེད་པའི་ཕྱི་ནང་གསང་གསུམ་གྱི་དགྲ་རྣམས་ཕར་མཐར་བསྐྲད། དེ་རྗེས་སྔོན་འགྲོ་སེམས་བསྐྱེད་དམ་པས་གཞི་བཟུང་སྟེ་སློབ་མའི་གཙོར་བྱས་འགྲོ་དྲུག་གི་སེམས་ཅན་རྣམས་དམིགས་ཡུལ་དུ་བཟུང་ཞིང་ངག་གིས་ཇི་ལྟར་རྒྱལ་བ་འཕགས་པ་སོགས་སེམས་བསྐྱེད་པའི་ཚིག་བཤད་གང་ཞིག་བརྗོད། འཁོར་གྱི་སློབ་མ་ལའང་སྐྱབས་སེམས་ཀྱི་སྡོམ་པ་ཡིད་ལ་དྲན་དུ་བཅུགས་པའམ་གསལ་འདེབས་པར་བྱ། དེ་ནས་ཕྱག་དབང་གནང་པ་པོས་ཕྱག་གཡས་པའི་མཐེ་བོང་ནས་རིན་བཞིན་སོར་མོ་ལྔ་ཡི་རྩེ་མོར་དཔའ་བོ་འབྲུ་ལྔ་སྟེ་ཨ་ཨཱོྃ་ཧཱུྃ་རྃ་ཛ་བསྐྱེད། དེ་འོད་དུ་ཞུ་བ་ལས་ཨ་ལས་ལྷ་ཀུན་སྣང་ཁྱབ་པ། ཨཱོྃ་ལས་གསལ་བ་རང་འབྱུང་། ཧཱུྃ་ལས་དགེ་ལྷ་གར་ཕྱུག རྃ་ལས་བྱེ་བྲག་དངོས་མེད། ཛ་ལས་དགའ་བ་དོན་གྲུབ་དང་ལྔ་རུ་གནས་གྱུར་པར་བསམ། དེ་ཡང་སོར་མོའི་གནས་རྣམས་ནི་རིགས་ལྔའི་ཞིང་ཁམས་སྟེ། དབུས་དང་། ཤར། བྱང་། ནུབ། ལྷོ་བཅས་ཞིང་ཁམས་རྣམ་པར་དག་པ་རུ་གསལ་གདབ་སྟེ་ལྷ་དེ་རྣམས་གཙོ་འཁོར་དང་བཅས་དེ་རུ་བཞུགས་པར་བསྒོམ། དེ་ཡང་ རྒྱུད་ཏིང་མུར་གཡུ་རྩེ་༼ལྷ་སྲས་པར་མ་བཀའ་འགྱུར་སྔགས་སྡེ་ པོད་ཨང་༼༡༥༡༽ལྡེབ་༼༤༥༽ནས། རག་པར་བསྐྱེད་པའི་ལྷ་ཚོགས་ཡང་། །རྒྱུ་ལུས་བེམ་པོ་མ་ཡིན་ཆོ་འཕྲུལ་འོད་ཀྱི་གཟུགས། །འཇིགས་དང་དབལ་མེད་མ་ཡིན་ཁྲོ་གཏུམ་འབར་བའི་དབལ། །ཕན་མེད་གནོད་མེད་མ་ཡིན་མཁྱེན་བརྩེ་སྟོབས་དང་ལྡན། །ཞེས་ཁྲོ་བོའི་ལྷ་ཚོགས་ཀྱི་ངོ་བོ་ཇི་ལྟར་ཡིན་པའི་ཚུལ་གསུངས་པ་ལྟར་རིགས་ལྔའི་ལྷ་ཚོགས་འདི་རྣམས་ཀྱང་རྟོག་འཛིན་དམ་པོས་བཟུང་བའི་གདོས་བཅས་ཤ་ཁྲག་གི་གཟུགས་ཅན་ནམ་ས་རྡོ་རི་བྲག་གི་རྣམ་ཅན་ལྟ་བུ་ནི་མི་སེམས་ཏེ། སྐུ་ལོངས་སྤྱོད་རྫོགས་སྐུའི་རྣམ་ཅན་ཞི་བ་ཞལ་གཅིག་ཕྱག་གཉིས་རིགས་ཀྱི་ཁ་དོག་དང་ལྡན་པ་སྟོབས་༼བྱམས་པ། སྦྱིན་པ། ཡེ་ཤེས། ཞི་བ། ཡངས་པ་ཆེན་པོའི་སྟོབས་སོ།།༽དང་ཡེ་ཤེས་༼སྟོང་ཉིད། མཉམ་ཉིད། མེ་ལོང་། སོར་རྟོགས། བྱ་གྲུབ་ཀྱི་ཡེ་ཤེས་དང་ལྔའོ།།༽ཀྱིས་ཡོངས་སུ་ཕྱུག་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན་ཞིག་ཡིན་ནོ། །བླ་མས་དེ་འདྲའི་དམིགས་རིམ་དང་ལྡན་པའི་སྒོ་ནས་སློབ་མའི་མགོ་ཐོག་ཏུ་ཕྱག་བཞག་པས། བླ་མའི་ཕྱག་སོར་ལ་བསྒོམ་པའི་ལྷ་སྐུ་རིགས་སྟོབས་ཡེ་ཤེས་ཀྱི་བདག་ཉིད་དེ་ཉིད་སློབ་མའི་ལུས་ངག་ཡིད་གསུམ་ལ་ཐིམས་པ་དང་། དེ་མ་ཐག་སློབ་མ་ཉིད་ཀྱང་བླ་མའི་ཇི་ལྟར་བསྐྱེད་པའི་ལྷ་སྐུ་རིགས་སྟོབས་ཡེ་ཤེས་དེ་དག་དང་གཉིས་མེད་གཅིག་གི་བདག་ཉིད་དུ་གྱུར་པར་བསམ། སྐབས་འདིར་བླ་མས་ལྷ་སྐུ་རིགས་སྟོབས་ཡེ་ཤེས་བསྐྱེད་པའི་སྔགས་དང་ཚིག་བཤད་ཀྱང་ལྷན་དུ་བསྒྲགས་དགོས་པས་སྔགས་ཚིག་རྣམས་གཤམ་ནས་རིམ་བཞིན་འདྲེན་པར་འདོད། དེ་ལྟ་བུའི་བསྐྱེད་བསྒོམ་གྱི་དམིགས་རིམ་དང་འབྲེལ་བའི་དབང་བསྐུར་བ་ནི་གོང་དུ་དྲངས་པའི་ལུང་ལས་བདག་དང་སློབ་མ་རྩེར་ཆིབ་ཅེས་པ་དང་། དབང་བསྐུར་བྱིན་གྱིས་རློབས་ཞེས་པའི་གོ་དོན་ཚང་བ་ཡིན་པར་འདོད། ངག་གིས་བཟླ་བའི་སྔགས་དང་ཚིག་བཤད་ནི། ལུང་དེ་ཉིད་ལས། མུ་ཡེ་ཧ་ར་སད་དོ་པུ་ཏ་ར་ཨ་ཞེས་པ་ནས་སྔགས་ཕྲེང་ལྔ་དང་། ཚིག་བཤད་ཨ་ཨཱོྃ་ཧཱུྃ། མ་རིག་མུན་པའི་རྒྱུ་བསྐྱེད་པའི་ཞེས་པ་ནས་ལྷན་ནེ་འདུ་ཞེས་པའི་བར་ལེགས་སྨོན་གྱི་ཚིག་རྐང་བཅུ་དང་སྔགས་ཕྲེང་གཅིག་གིས་འགྲོ་བའི་རྒྱུད་ཀྱིས་བསྡུས་པའི་ཉོན་མོངས་དང་སྡུག་བསྔལ། ནད་དང་གནོད་པ། རྐྱེན་དང་བར་ཆོད་ཐམས་ཅད་སློབ་དཔོན་གྱིས་སྐྱེ་མེད་རོལ་པ་ཆེན་པོའི་དབྱིངས་སུ་བསྟབ་པ་སྟེ་རྒྱས་གདབ་པའམ་ཞི་བར་བྱེད་པའོ། །ཚུལ་ནི་དབང་ཞུ་བ་པོ་སློབ་མའི་རྒྱུད་ཀྱི་དད་པའི་ཨ་ལོང་དང་། བླ་མའི་ཐུགས་རྗེའི་ལྕགས་ཀྱུ་གཉིས་རྩེ་འཕྲོད་པ་ཡིན་པས་བྱིན་རླབས་རང་རྒྱུད་ལ་མི་འཇུག་པ་མི་སྲིད་དོ། །བྱིན་རླབས་ཞུགས་པའི་དོན་ནི་རྒྱུ་རྐྱེན་རྟེན་འབྲེལ་དེ་དག་ལ་བརྟེན་སློབ་མ་རང་ཉིད་གྱི་རྒྱུད་འགྱུར་བ་སྟེ། ཉོན་མོངས་པའི་རྟོག་ཚོགས་གྱི་གཡུལ་ངོ་ལ། ཡེ་ཤེས་ཀྱི་གོ་ཆ་བགོ་ཤེས་པ། འཇིག་རྟེན་ལ་ཆགས་ཞེན་བསྐྱུངས་པ། གཞན་གྱི་སྡུག་བསྔལ་ལ་དམིགས་པའི་བྱམས་དང་སྙིང་རྗེ་རང་ཤུགས་ཀྱིས་བསྐྱེད་པ། རང་རྒྱུད་དུལ་བ་སྟེ་ཐ་མལ་གྱི་ལས་སྤྱོད་རྩིང་པོའི་རྗེས་སུ་མི་འབྲེངས་བ། གཞན་རྒྱུད་འདུལ་བ་སྟེ་གཞན་དག་དགེ་བའི་ཕྱོགས་ལ་གཞོལ་བ་ལ་སོགས་པའི་ཡོན་ཏན་གྱི་ཆ་ཙམ་ཡང་རང་རྒྱུད་ལ་ནམ་སྐྱེས་པའི་ཚེ་དེ་ནི་བླ་མའི་བྱིན་གྱིས་བརླབས་པ་དང་། སློབ་མས་བྱིན་རླབས་ཐོབ་པའམ། དབང་ཐོབ་ཞེས་པའི་དོན་ཡང་ཡིན། །དེ་དག་ནི་ལེགས་སྨོན་རྟེན་འབྲེལ་གྱི་སྒོ་ནས་བྱིན་རླབས་ཕྱག་རྒྱའི་དབང་ལུས་ལ་བསྐུར་ཚུལ་བསྟན་པ་ཡིན་ནོ། །

བླ་མེད་རྣལ་འབྱོར་བས་ཕྱག་དབང་བསྐུར་ཚུལ།

དོན་རྒྱུད་ཀྱི་རྟོག་པ་རྒྱུད་ལ་སྐྱེ་བའི་ཆེད་དུ་བླ་མེད་རྣལ་འབྱོར་བས་ཕྱག་གིས་དབང་བསྐུར་བ་ཡང་ཡོད་དེ། བླ་མ་གཡུང་དྲུང་ལྷ་རྩེ་ལ། ལོམ་ཏིང་ལྷ་སྒོམ་དཀར་པོས་དབང་ཞུས་པ་ལྟ་བུ་ཡིན། དེ་ཡང་ཞང་ཞུང་སྙན་རྒྱུད་བླ་མའི་རྣམ་ཐར་༼རྒྱལ་གཤེན་གསུང་རབ་ཉམས་ཞིབ་ཁང་གིས་བསྐྲུན་པའི་དཔེ་དེབ་ཤོག་ངོས་ཨང་༼༢༤༽ནས་གསལ།༽ལས། བླ་མ་གཡུང་དྲུང་ལྷ་རྩེ་བྱ་བ། སྤྲུལ་པའི་སྐུ་ཞིག་བཞུགས་ཟེར་བ་ལ། མཚན་ཐོས་པ་ཙམ་གྱིས་ཤ་ཞིག་ལ་སྐྱི་བུན་གྱིས་སོང་ནས། དེར་བླ་མའི་དྲུང་དུ་ཕྱིན་ཏེ། གོས་རས་ཕྲུག་གཉིས་ཡོད་པ་གདན་དུ་བཏིང་། གཡུ་ཞོ་བརྒྱ་རི་བ་ཞིག་ཡོད་པ་མགུལ་དུ་བཏགས། ཞེ་ས་དགུ་ཕྲུག་ཞིག་ཕུལ་ནས། གཞན་ཡང་རྫས་ཆ་དང་། རྟ་གཉིས་ཕུལ་ནས། བླ་མའི་ཞལ་ནས་ཁྱོད་ཅི་འདོད་པ་ཡིན་གསུངས། བདག་ལ་དབང་ཞིག་ཞུ་བྱས་པས། ཁྱོད་དབང་འདོད་པ་འདི་མིན་ནམ་གསུངས་ནས།

ཏིང་ངེ་འཛིན་དར་གཅིག་མཛད་ནས། བཅུད་དང་ལྡན་པའི་དཔོན་གསས་ཀྱིས། །སྣོད་དང་ལྡན་པའི་སློབ་མ་ལ། །ཕྱག་རྒྱ་ཆེན་པོས་དབང་བསྐུར་རོ། །གསུངས་ནས་ཕྱག་གིས་སྤྱི་བོར་བཏབ་བཏབ་ལན་གསུམ་མཛད་ནས། དེ་ཀས་ཆོག་གི་གསུངས་ནས་ཞེས་པ་འདི་དང་། མེ་རིའི་སྒྲུབ་སྐོར་༼བྱ་བཏང་སྤྲུལ་སྐུ་ཤེས་རབ་བློ་གྲོས་ཀྱིས་དཔེ་སྐྲུན་ཞུས།༽ཡེ་དབང་ཆེན་མོའི་དབང་ཁྲིད་རིག་པ་སྤྱི་བླུག་ལྡེབ་ངོས་༡༡༥༩ནས། སློབ་བུའི་མགོ་ཐོག་ཏུ་ལག་པ་བཞག་སྟེ། ཕཌ༔ཛ་ཨ། ཕཌ༔ཛ་ཨཱོྃ། ཕཌ་ཛ་ཧཱུྃ། འདི་ནི་རྗེ་ཀུན་འདུལ་གྱིས་ཡང་སྟོན་འབུམ་རྗེ་འོད་ལ་དབང་བསྐུར་ལུགས་ཡིན་གསུངས་ཞེས་པ་འདི་དག་གིས་སྣོད་བཅུད་འཛོམས་པའི་དཔོན་གསས་དང་སློབ་བུའི་བར་དོན་རྒྱུད་ཀྱི་རྟོགས་པ་འཕོ་བའི་དབང་བསྐུར་ཚུལ་མཚན་གཞི་བསྟན་པ་ཡིན་ནོ། །དེ་ལྟ་བུ་ནི་དབང་རབ་གཅིག་ཆར་བ་རྣམས་ཐུག་ཕྲད་གྲོལ་བ་ཐོབ་པའི་ཚུལ་ཡིན་པས་དེ་དག་ལ་སྔོན་འགྲོ་སྐྱབས་སེམས་ཀྱི་ཆོ་ག་དང་བར་ཆོད་སེལ་བྱེད་སྔགས་དང་ཚིག་བཤད་སོགས་རིམ་བཞིན་བསྐྱེད་བསྒོམ་ཀྱི་དམིགས་རིམ་ལ་ལྟོས་མི་དགོས་པ་ཡིན་པར་སྙམ། དེ་མིན་བོན་བརྒྱད་ཀྱིས་ཀུན་ནས་བསླངས་ཏེ་དར་སྐུད་ཕོད་ཁ་ཡུ་ཅན་རྒྱང་ནས་བཏུགས་ཙམ་དང་། ཕྱག་ལག་མགོ་ལ་བཞག་པ་ཙམ་གྱིས་ཕྱག་གི་དབང་བསྐུར་བའི་གོ་དོན་མི་ཚང་ལ། དབང་ཞུ་བ་པོས་ཀྱང་ཁྲོམ་ཚོགས་ཀྱི་འདུ་སློང་ངམ་བླ་མའི་སྐུ་མཚན་བགྲེས་གཞོན་སོགས་ལ་ལྟ་གཡེང་གཅིག་པུས་ཆེད་མགོ་སྒུར་ཐོད་བཏུགས་བྱས་པ་ཙམ་གྱིས་དབང་ཞུས་པའམ་ཐོབ་པའི་དོན་དམ་ཡང་མི་འགྲུབ་བོ། །འདིར་གསང་བ་སྔགས་ཀྱི་དབང་བཞི་བསྐུར་གནང་གི་ཚུལ་རྣམས་སྐབས་སུ་མ་བབ་ཅིང་བཤད་མེད་པས་དབང་བསྐུར་ཞེས་པ་ཕྱག་དབང་གཅིག་པུར་བསམ་སྟེ། བོན་པོའི་བླ་མས་དབང་བསྐུར་ཚུལ་འདི་རེད་ཅེས་ཕྱག་དབང་གཅིག་པུར་ངོས་བཟུང་བྱས་ན་མཐའ་གང་རུང་ཞིག་ཏུ་ལྷུང་བ་ཡིན་པས་དེས་ན་གསང་སྔགས་དབང་བཞི་བསྐུར་ཚུལ་གྱི་ལག་ལེན་དང་དམ་ཚིག་ས་མ་ཡ་འབུམ་སྡེའི་རྣམ་གྲངས་གོ་དོན་བཅས་ཞིབ་རྒྱས་སུ་ཡོད་པ་རྣམས་ལ་ཡང་འཇུག་ཤེས་ཀྱི་བློ་སྒོ་ནམ་ཡང་གཏན་མི་རུང་ངོ་། །

ཅེས་བསྟན་འཛིན་སྦྱིན་པས་ལུང་དོན་གཞིར་བཞག་ཐོས་བསམ་གྱིས་ཟུར་བརྒྱན་ཏེ་ཕྱག་དབང་བསྐུར་གནང་གི་ཚུལ་རགས་ཙམ་འདི་བྲིས་པའོ།།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།