རྒྱལ་རབས་དང་ལོ་རྒྱུས་སུ་བརྫུས་པའི་སྒྲུང་གཏམ་ཐེར་འདོན།

རྒྱལ་རབས་དང་ལོ་རྒྱུས་སུ་བརྫུས་པའི་སྒྲུང་གཏམ་ཐེར་འདོན།
ཆོས་འཁོར་ཚང་ཉི་མ་འོད་ཟེར།

གངས་ཅན་བོད་ཀྱི་མཁས་པ་རྣམས་ལ་ཆེས་ངན་བཙོགས་སུ་ལོབས་པའི་རང་གཤིས་ཤིག་རྒྱུན་ལྡན་དུ་བདོག་པ་སྟེ། འདོད་རྒྱལ་དུ་གྲུབ་པའི་མིང་ཚིག་རྣམས་ཀྱི་འབྲི་ཚུལ་དག་ཆ་ཁག་རང་རང་དང་སྒྲ་གདངས་ཉེ་བའི་འབྲུ་དོན་ཅན་གྱི་ཚིག་འབྲུར་བཅོས་ཏེ། དེ་ཉིད་འགྲེལ་ཐབས་ཀྱི་རྒྱབ་རྟེན་ལ་སྒྲུང་གཏམ་ཅི་རིགས་བསྒྲིགས་པ་དང༌། ཡེ་ཐོག་མ་ཉིད་ནས་གོ་དོན་ཅི་ཡང་མེད་པ་རྣམས་ལའང་དེ་དང་འབྲི་ཚུལ་གཅིག་པའི་གོ་བ་དག་ལ་བསྙད་དེ་གོ་འགྲེལ་གྱི་སྒྲུང་བཟོ་བྱེད་པ། དོན་དངོས་ཀྱི་རྒྱུ་མཚན་རྣམས་བློར་བབས་པོ་མེད་ཚེ་དེ་ཉིད་རྟོག་བཟོའི་སྒྲུང་གཏམ་གྱི་རྗེས་སུ་རྒྱུགས་སླ་བར་བྱེད་པ། སྐད་རིགས་གཞན་གྱི་མིང་ཚིག་རྣམས་ལའང་རང་སྐད་ཀྱི་ཐོག་ནས་གོ་རྒྱུ་ཅན་གྱི་མིང་ཚིག་རྣམས་སུ་བཅོས་ཐབས་བྱས་ཏེ། དེའི་སྒྲུབ་བྱེད་དུ་སྒྲུང་གཏམ་ཅི་རིགས་བཟོས་ཤིང༌། དངོས་ཡོད་ཀྱི་རྒྱལ་རབས་ལོ་རྒྱུས་དཔེར་ན་རི་སྐེ་གཅོད་པ་ལས་མི་སྐེ་གཅད་ན་བདེ་བ་ལྟ་བུ་ལོ་རྒྱུས་ཁུངས་མ་རྣམས་ཨ་ཁུ་སྟོན་པ་དང་ཉི་ཆོས་བཟང་པོའི་མཚར་སྒྲུང་དུ་བསྒྱུར་བར་བྱེད་པའི་ངན་གོམས་ཤིག་སྔར་ནས་མུར་རྒྱུན་དུ་གནས།
འདིར་ཡང་ཡར་ཀླུང་རྒྱལ་པོའི་མཚན་གནས་དང་འབྲེལ་བའི་རྒྱལ་རབས་སུ་བརྫུས་པའི་སྒྲུང་གཏམ་འགའ་ཞིག་ཐེར་འདོན་ཆེད་དཔྱད་མོལ་ཐུང་ངུ་ཞིག་སྤེལ་བར་སྤྲོ་བ་སྟེ། དཔེར་ན། གཉའ་བར་ཁྲི་བྱས་ནས་གཉའ་ཁྲི་དང༌། སྤུ་བོའི་ཡུལ་ནས་བྱོན་པས་སྤུ་རྒྱལ། བུ་དེ་ཀུན་ལས་རྒྱལ་བའི་ཆ་ནས་བུ་དེ་ཀུན་རྒྱལ། ལྷ་ཡི་སྙན་ཤལ་ལྟར་སྙན་རིང་པོ་ཡོད་པས་ལྷ་ཐོ་ཐོ་རི་སྙན་ཤལ། གཉན་པོ་གསང་བ་ལ་མཆོད་པས་ལྷ་ཐོ་ཐོ་རི་གཉན་བཙན། སྟག་མོ་རི་ལ་གཉན་ཡོད་པར་གཟིགས་ནས་སྟག་རི་གཉན་གཟིགས་བཅས་སུ་ཐོགས་པར་གྲགས་རབས་རྣམས་སོ། །
དེ་ཡང་ཐོག་མར་གཉའ་ཁྲི་བཙན་པོའི་སྐོར་ལ་‹‹བློན་པོ་བཀའི་ཐང་ཡིག་››ཏུ་ཟླ་བ་ཉ་ལ་འཁྲུངས་པས་”ཉ་ཁྲི་བཙན་པོ་”1དང༌། ‹‹སྲིད་པ་རྒྱུད་ཀྱི་ཁ་བྱང་››དུ་ལྟག་པའི་སྡུད་འཁོར་གྱི་སྐྲ་ཉག་གཅིག་ལ་འཁྲིལ་ནས་གཤེགས་པས་”ཉག་རི་བརྩད་པོ།”2 ‹‹རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་››སུ་མ་ཡི་གཉའ་བར་ཟླ་དགུ་ངོ་བཅུ་བསྡད་པས་”གཉའ་ཁྲི་བཙན་པོ་”3ཞེས་འབྲི་ཚུལ་མི་འདྲ་བ་རྣམས་ཀྱིས་སོ་སོའི་སྒྲུབ་བྱེད་དུ་བཅོས་སྒྲུང་རེ་ལ་ཁེན་ནས་བསྡད་ཡོད་མོད། འོན་ཀྱང༌། དོན་དངོས་སུ་”གཉའ་ཁྲི་” ཞེས་པའི་”གཉའ་”ནི་ལུས་པོའི་”གཉའ་བ་”དང་འབྲེལ་ནས་བཏགས་པ་ཞིག་གཏན་ནས་མིན་ལ། དེ་འབྲེལ་གྱི་བཅོས་སྒྲུང་གོང་ཞུས་གཞན་རྣམས་ཀྱང་མ་ངེས་ཏེ། འདིར་ནི་རྒྱལ་པོ་རང་གི་ཡུམ་”དམུ་བཟའ་གཉ༷འ་མཐིང་མ་”ཞེས་པའི་མཚན་ཟུར་གྱི་”གཉའ་”ལས་དྲངས་ཏེ་བཏགས་པར་འདོད་པས་སོ། །དེ་ལྟར་ཡིན་པ་ནི་གཉའ་ཁྲི་ཙམ་དུ་མ་ཟད་གནམ་གྱི་ཁྲི་བདུན་ཀུན་གྱི་མཚན་གནས་ཀྱང་རང་རང་གི་ཡུམ་གྱི་མཚན་ཟུར་རེ་གྲས་པ་ལ་བཏགས་ཡོད་པ་སྟེ། དཔེར་ན། ཡུམ་”མུ༷་ཆོ་བཟའ་”ལས་”མུ་ཁྲི་” དང༌། ཡུམ་”ས་སྨན་དིང་དིང་མ་”ལས་”དིང་ཁྲི།” ཡུམ་”སོ་ཐམ་ཐམ་”ལས་”སོ་ཁྲི།” ཡུམ་”དོག་མེར་མེར་”ལས་”མེར་ཁྲི། ཡུམ་”གད༷གས་ཀྱི་ལྷ་མོ་”ལས་”གདགས་ཁྲི། ཡུམ་”སྲིབ་ལྷ་དཀར་མོ་”ལས་”སྲིབ་ཁྲི་”ཞེས་ཀྱང་ཐོགས་པས་སོ། །རྒྱབ་རྟེན་ནི་གནའ་བོའི་བོད་ཀྱི་རྒྱལ་”བུ་རྣམས་ལ་རང་རང་གི་མའི་མིང་ནས་གྲས་པའི་མིང་འདོགས་”4ཚུལ་ཡོད་པ་བོན་གཞུང་རྙིང་གྲས་དང་‹‹ཏུན་ཧོང་གཏེར་ཡིག་››རྣམས་སུ་མཐུན་པར་གསལ་བ་ཙམ་དུ་མ་ཟད། ‹‹ཐང་ཧྲུའུ་››ལེའུ་བརྒྱ་དང་ཉེར་གཉིས་པ་དང༌། ‹‹ཟུའི་གུར་གྱི་རྒྱལ་རབས་››ལེའུ་གྱ་གསུམ་པའི་ནང་འཁོད་པའི་བོད་ཀྱི་ལོ་རྒྱུས་སུའང་གསལ་བས་སོ། །
གཉིས་སུ་ནི་”གཉའ་ཁྲི་”ཞེས་པའི་”ཁྲི་”འདི་ཡང་གཉའ་ཁྲི་རང་ཉིད་མ་བྱུང་བའི་སྔ་རོལ་དུ་རང་གི་མྱེས་པོ་”ཁྲི༷་ཤེལ་དཀར་པོ་”དང༌། ཡབ་བླ་བརྡལ་དྲུག་གི་སྲས་”ཁྲི་རྒ་སྟག་གཟིག་”དང༌། གཞན་ཡང་ཡབ་”ཁྲི་བར་བདུན་ཚིགས་”སམ་”ཁྲི་སད་འབར་བ་”སོགས་ལའང་ཡོད་པས། “ཁྲི་” ཞེས་པའི་མཚན་གནས་འདི་ཉིད་གཉའ་ཁྲིའི་སྐབས་སུ་གཞི་ནས་གཉའ་བར་ཁྲི་བཏེགས་པ་ཙམ་གྱིས་ཐོགས་རབས་ལ་ཡིད་རྟོན་རུང་བ་ཅི་ཡང་མེད་དོ། །ད་དུང་གནའ་བོའི་ཞང་ཞུང་གི་རྒྱལ་པོ་”ཁྲི་ཝེར་གསེར་གྱི་བྱ་རུ་ཅན་”དང༌། “ཁྲི་ལྡེ་ལྕགས་ཀྱི་བྱ་རུ་ཅན་”ལྟ་བུ་ལའང་”ཁྲི་”ཞེས་པའི་མཚན་གནས་ཡོད་ཅིང༌། གཞན་ཡང་‹‹ཏུན་ཧོང་ཡིག་རྙིང་››དུ་”ཁྲི༷་ཉག་ཁྲི་བཙན་པོ་”ལ་སྐབས་འགར་”ལྡེ་ཉག་ཁྲི་བཙན་པོ་”དང༌། ‹‹བུ་སྟོན་ཆོས་འབྱུང་››དུ་”སྤུ་ལྡེ་གུང་རྒྱལ་”ལ་”སྤུ་ཁྲི༷་གུང་རྒྱལ་”ཞེས་”ལྡེ་”ཡི་ཚབ་ཏུ་”ཁྲི་”ཡིས་གོ་ཆོད་པར་མཛད་པ་སོགས་ལ་གཞིགས་ན་”ཁྲི་”ཞེས་པ་འདི་ཉིད་བོད་སྐད་ཡིན་མིན་གྱི་སྐོར་ཡང་གཞན་དུ་རྒྱས་པར་གསལ་སྟབས་དེས་འཐུས་པར་བྱོས།
ཡང་རྒྱལ་པོ་འདི་ཡི་མཚན་ལ་”འོད་ལྡེ་སྤུ་རྒྱལ་”5ཞེས་སུ་གྲགས་པ་དེ་རྒྱལ་པོ་འདི་ཉིད་གང་ནས་བྱུང་བའི་ཡུལ་ནི་”སྤུ་བོ་”ཡིན་པར་སྒྲུང་གཏམ་དུ་བྱས་ཏེ་དེ་ལ་ཁུངས་སུ་བྱས་ནས་བཏགས་པར་འདོད་པ་ནི་ཧ་ཅང་ཐལ་ཏེ། དེ་ནི་སྤུ་བོའི་རྒྱལ་པོར་གྱུར་པ་ལས་བོད་ཀྱི་རྒྱལ་པོར་མི་འགྱུར་ཞིང༌། གཉིས་སུ་ཁྱུང་པོའི་ཁོག་ཏུ་ཡོད་པའི་”སྤུ་རྒྱལ་”གངས་དཀར་དང་གཅིག རྒྱ་གར་དང་མངའ་རིས་མཚམས་སུ་ཡོད་པའི་”སྤུ་རྒྱལ་”གངས་རི་དང་གཉིས། ད་དུང་གར་ཞྭ་དང་ཁུ་ནུའི་ཕྱོགས་སུ་ཡོད་པའི་”སྤུ་རྒྱལ་”བྱ་བའི་གངས་རི་ཡོད་ཚད་ལ་”སྤུ་བོ་”དང་འབྲེལ་བའི་བཤད་པ་ཞིག་འགྲེལ་དགོས་ཕྱིར་དེ་དག་ཇི་ལྟར་བྱས་ཏེ་བསྐྱོན། དེ་མཚུངས་སུ་གནའ་དུས་བོད་ལ་”སྤུ་རྭང་བོད་ཀྱི་རྒྱལ་ཁམས་”སུ་འབོད་པས་མཚོན་མངའ་རིས་སུ་ཡོད་པའི་”སྤུ་རྭང་”བྱ་བ་རྣམས་ལའང་ཇི་ལྟར་འགྲེལ་ཏེ། དེ་དག་ཀྱང་”སྤུ་རྒྱལ་བོད་ཀྱི་རྒྱལ་ཁམས་”ཞེས་པའི་དོན་དང་འབྲེལ་བ་ཆེས་ཆེར་གནས་པས་སོ། །
དེས་ན་འདིར་ནི་སྤུ་རྒྱལ་”ཞེས་པའི་”སྤུ་”ནི་ཞང་སྐད་སྟེ། བོད་སྐད་དུ་”གངས་”ལ་འཇུག་ཅིང༌། “རྒྱལ་”ནི་བོད་སྐད་རང་སྟེ་བཙན་པོའི་དོན་ཡིན་པས། “སྤུ་རྒྱལ་”6ནི་”གངས་རྒྱལ་”ཏེ་འདིར་གངས་ལྗོངས་བོད་ཀྱི་རྒྱལ་པོ་ཞེས་པའི་དོན་ཡིན་ནོ། །དེ་མཚུངས་སུ་”སྤུ་རྒྱལ་”ཞེས་གངས་རིའི་མཚན་དུ་ཐོགས་ཚད་ཀྱང་གངས་རྒན་རྣམས་ལ་གངས་རིའི་རྒྱལ་པོར་མཚན་བསྟོད་ཞུས་པར་མངོན་ནོ། །དེ་བཞིན་གནའ་དུས་བོད་ལ་”སྤུ་རྭང་བོད་ཀྱི་རྒྱལ་ཁམས་”ཞེས་སུ་གྲགས་པ་ཡང་”གངས་ལྗོངས་བོད་ཀྱི་རྒྱལ་ཁམས་”ཞེས་པའི་དོན་ཏེ། ཞང་ཞུང་པས་གངས་རི་ལ་”སྤུ་རྭང་”7ཞེས་སུ་འབོད་པས་སོ། །གང་ལྟར་ཞང་བོད་སྐད་ཡིག་ཟུང་འབྲེལ་གྱིས་དཔྱད་ན་”འོད་ལྡེ་སྤུ་རྒྱལ་”ནི་”འོད་ལྷ༷་8གངས་རྒྱལ་” ལྟ་བུར་གོ་བ་འདི་”བཙན་པོ་ལྷ་སྲས། འོ་ལྡེ་སྤུ་རྒྱལ། གནམ་གྱི་ལྷ་ལས་མྱིའི་རྗེར་གཤེགས་”9ཞེས་པའི་དོན་དང་ཤིན་ཏུ་ཉེ་བར་གྱུར་ཡོད་པས། དེས་ན་”སྤུ་ལྡེ་གུང་རྒྱལ་”དང་”སྤུ་བོ་”ཡུལ་གྱི་དབར་གྱི་གཏམ་རྒྱུད་ཀྱང་འདི་ཉིད་དང་གནད་དོན་གཅིག་ཅིང༌། རང་གཞུང་འགར་རྒྱལ་པོ་དེ་ཉིད་འཁྲུངས་དུས་ལུས་ལ་གཅན་གཟན་གྱི་སྤུ་སྣ་འཛོམས་པས་མཚན་ཡང་”སྤུ་ལྡེ་”རུ་ཐོགས་པར་གསུངས་པ་རྣམས་ལའང་བདེན་ཁ་དེ་ཙམ་མེད་པར་གྱུར་ཏེ། “སྤུ་ལྡེ་”ཞེས་པའི་”སྤུ་”ནི་གོང་སྨོས་བཞིན་”གངས་”དང༌། དེའི་”ལྡེ་”ཞེས་པ་ནི་རྒྱལ་པོའི་མིང་ཚབ་”ལྷ་”དང༌། “ཁྲི།” “རྗེ།” “རྒྱལ་”ཞེས་པ་སོགས་ཀྱི་དོན་དང་དབྱེར་མེད་དུ་འཇུག་པའི་ཕྱིར། “སྤུ་ལྡེ་”ནི་”གངས་རྒྱལ་”ཞེས་པའི་དོན་དུ་གནས་ཏེ། དེ་ལྟར་ཡིན་པ་ཡང་‹‹ཆོས་བྱུང་མཁས་པའི་དགའ་སྟོན་››དུ་”དེ་ཕྱིར་ལྷ་སྲས་ལྡེ་སྲས་ཞེས་པར་གྲགས་”10ཞེས་གསུངས་པས་”ལྷ་”དང་གཅིག་པར་འཇུག་ཅིང༌། དེ་བཞིན་ལྡེའུ་ཇོ་སྲས་ཀྱིས་”ལྡེ་གཉའ་ཁྲི་བཙན་པོ་”ལ་”རྗེ༷་གཉའ་ཁྲི་བཙན་པོ་”11དང༌། ཉང་རལ་གྱིས་”སྤུ་ལྡེ་གུང་རྒྱལ་”ལ་”སྤུ་རྗེ༷་གུང་རྒྱལ།”12 ཤར་རྫ་བས་”ཁྲི་ལྡེ་གཙུག་བརྟན་”ལ་”ཁྲི་རྗེ༷་གཙུག་བརྟན་”13སོགས་སུ་བྲིས་པས་”ལྡེ་”ནི་”རྗེ་”ལ་གོ་བར་སྙམ། གཞན་ཡང་‹‹ཏུན་ཧོང་ཡིག་རྙིང་››དུ་ཞང་ཞུང་གི་རྒྱ༷ལ་བུ་ལ་”ཞང་ཞུང་ལྡེ་བུ་”14ཞེས་པ་དང༌། ཡང་”རྒྱ༷ལ་སྲྀན་བརྩན་”15ཞེས་པ་དེར་‹‹དེབ་སྔོན་››16དང་མཐུན་པར་རྒྱལ་དབང་ལྔ་པས་”ལྡེ༷་སྤྲིན་བཙན་”17ཞེས་བྲིས་པས་”ལྡེ་”འདི་ཉིད་བོད་སྐད་”རྒྱལ་པོ་”ཞེས་པའི་དོན་ལ་ཐད་ཀར་འཇུག་པར་སོགས་རྒྱུ་མཚན་མང་བར་སྣང་བས། དེས་ན་འདིར་བུ་དེ་ཀུན་ལས་རྒྱལ་བའི་ཆ་ནས་”བུ་དེ་ཀུན་རྒྱལ་”ཞེས་བྱ་བར་གྲགས་པའི་”དེ་”སྒྲ་དེ་ཡང་ནུས་མེད་དུ་གྱུར་རོ། །
“སྟག་རི་གཉན་གཟིགས་”ཀྱི་མཚན་དངོས་ལ་”དམུས་ལོང་དཀོན་པ་བཀྲ་”18རུ་འབོད་པར་སྐད་ཅིང༌། རྒྱལ་པོ་འདི་ཉིད་འཁྲུངས་དུས་ནས་དམུས་ལོང་དུ་བྱུང་བས་འ་ཞའི་ཡུལ་ནས་སྨན་པ་བོས་ནས་མིག་ཕྱེས་པས། མིག་ལམ་དུ་ཐོག་མར་སྐྱིད་ཤོད་སྟ༷ག་མོ་རི་ལ་རི་དྭགས་གཉ༷ན་འགྲོ་བར་གཟིགས་ནས་མཚན་ཡང་”སྟག་རི་གཉན་གཟིགས་”ཞེས་སུ་ཐོགས་པར་གྲགས་པ་ནི་ཕྱིས་བཅོས་ཀྱི་འཆལ་སྒྲུང་ཁོ་ནར་ངེས་ཏེ། “གཉན་”ཞེས་པའི་མཚན་གནས་འདི་ཉིད་”སྟག་རི་གཉན་གཟིགས་”ནས་གསར་དུ་ཐོགས་པ་མ་ཡིན་པར་”སྟག་རི་གཉན་གཟིགས་”རང་གི་ཡབ་ཀྱི་མཚན་ལ་”འབྲོང་གཉ༷ན་ལྡེའུ་”དང༌། དེའི་ཡབ་ལ་”ཁྲི་གཉ༷ན་ཟུང་བཙན།” དེའི་ཡབ་ལ་”ཐོ་ཐོ་རི་གཉ༷ན་བཙན་”ཞེས་ཀུན་གྱི་མཚན་གནས་སུའང་”གཉན་”ཞེས་པ་བྱུང་བས་སོ། །
དེ་ལྟར་”ཐོ་ཐོ་རི་གཉ༷ན་བཙན་”ནས་”སྟག་རི་གཉན་གཟིགས་”བར་མི་རྒྱུད་བཞི་ལ་མུ་མཐུད་ནས་”གཉན་”ཞེས་པའི་མཚན་གནས་བྱུང་རབས་ལ་བརྟགས་ན། འདི་ཡི་”གཉན་”ཞེས་པའི་མཚན་གནས་ཀྱང་གོང་ཞུས་གནམ་གྱི་ཁྲི་བདུན་ལྟར་མ་ཡུམ་གྱི་རུས་མིང་བུར་བཏགས་པ་ཞིག་ཏུ་ངེས་ཏེ། རྒྱལ་ཏོ་རོ་ལོང་བཙན་མན་ཆད་ཀྱི་རྒྱལ་པོ་རྣམས་འབངས་”གཉན་”བྱ་བ་རྣམས་དང་རིགས་བསྲེས་ཏེ་བྱུང་བར་ཡོངས་སུ་གྲགས་པས་སོ། །དེ་མིན་”གཉན་”མིང་ཙམ་ནི་ལེག་དྲུག་གི་ནང་ཚན་”ཐོང་ཤོ་ལེག་”ལ་”གཉན་རྗེ་ལེག་”ཅེས་ཀྱང་འབོད་པས་དེ་ལའང་སྒྲུང་གཏམ་ཞིག་དགོས་ངེས་སུ་གྱུར་རོ། །
ད་རུང་སྟག་རི་གཉན་གཟིགས་ཀྱི་”གཟིགས་”ཞེས་པ་འདི་འདྲ་ནི་‹‹ལྡེའུ་ཆོས་འབྱུང་››19དུ་གསལ་བའི་བློན་མིང་”སྟག་བཙན་ལྡོང་གཟིགས་”ཀྱིས་གཙོས་པའི་”མཆིམས་རྒྱལ་གཟིགས་གླུ་ཐོང་” དང༌། “མཆིམས་བཙན་གཟིགས་ལེགས་གཟིགས་”སོགས་ཤིན་ཏུ་མང་བར་གསལ་བ་མ་ཟད། གཟིགས་20མིང་ཙམ་ནི་གཉའ་ཁྲིའི་སྔོན་དུའང་འདོགས་སྲོལ་ཡོད་པས། དེ་དག་དང་བསྡུར་ན་”སྟག་རི་གཉན་གཟིགས་”ཀྱི་”གཟིགས་”ཀྱང་རི་དྭགས་གཉན་གཟི༷གས་པའི་འཆལ་སྒྲུང་དང་འབྲེལ་བ་ཡོད་མེད་ད་གཟོད་ཤེས་སླ་བར་སེམས་ཤིང༌། རྒྱུ་མཚན་དེ་ལ་ལེགས་པར་གཞིགས་ན་སྐབས་འགར་ལྷ་ཐོ་ཐོ་རི་གཉན་བཙན་གྱི་མཚན་ལ་”ལྷ་ཐོ་ཐོ་རི་སྙ༷ན་ཤལ་”ཞེས་བྲིས་ཏེ་ལྷའི་སྙ༷ན་ཤལ་ལྟར་སྙ༷ན་རིང་པོར་གྱུར་པས་ཐོགས་རབས་དང༌། “གཉ༷ན་པོ་གསང་བ་”ལ་མཆོད་པས་”ལྷ་ཐོ་ཐོ་རི་གཉ༷ན་བཙན་”དུ་ཐོགས་རབས་རྣམས་ཀྱང་རྒྱུ་མཚན་དེ་དག་གིས་ཤུགས་ལ་ཁེགས་པར་ནུས་སོ་སྙམ། །
དེས་ན་འདི་རིགས་ཀྱི་རྒྱུ་མཚན་གསལ་པོར་དགོས་ཚེ། བདག་གིས་‹‹ཡར་ཀླུང་རྒྱལ་པོའི་མཚན་གནས་དང་འབྲེལ་བའི་ཞང་ཚིག་››ཅེས་པའི་དཔྱད་མོལ་ཞིག་‹‹བོན་སྒོ་››ལོ་དེབ་འདོན་ཐེངས་བཅོ་ལྔ་པ་དང༌། བཅུ་དྲུག་པ། བཅུ་བདུན་པ་གསུམ་ལ་མུ་མཐུད་ནས་སྤེལ་ཡོད་པ་དེ་ཡི་ནང་དམིགས་སུ་བཀར་ནས་སྒྲུང་གཏམ་དང་འབྲེལ་བའི་མིང་གནས་འདོགས་ཚུལ་ཡ་མ་ཟུང་དེ་རྣམས་ལུང་དང་རིག་པས་དགག་སྟེ། དེ་དག་གི་མཚན་གནས་ཞང་སྐད་ཡིན་པ་རྣམས་གོ་རྒྱུ་ཅན་གྱི་ཞང་ཚིག་ཅིག་ཏུ་ལུང་རིག་གང་ལྕོག་གིས་

བསྒྲུབས་པའི་སྟེང༌། མཚན་གནས་རུས་མིང་ཅན་ཕལ་མོ་ཆེ་གདོད་མའི་ལྷ་རབས་དང༌། གནའ་བོའི་ཡབ་མྱེས། དེ་བཞིན་བོན་གཞུང་དུ་གསལ་བའི་སངས་འཕགས་བཅས་ཀྱི་མཚན་འགྲོས་དང་བསྡུར་ནས། བརྡ་རྙིང་ཅན་དུ་ངོས་འཛིན་ཞུས་ཡོད་སྟབས། གཟུར་གནས་དག་གིས་གཞིགས་ཡུལ་དུ་གྱུར་ཡོད་སྙམ་སྟེ་འདིར་རྒྱས་པར་མི་སྤྲོའོ། །
མདོར་ན་འདི་བཞིན་ཞང་བོད་ཀྱི་སྒྲ་སྡེབ་དང༌། ཏུང་ཧོང་གི་ཡིག་རྙིང༌། གདོད་མའི་ལྷ་རབས། རྒྱའི་ལོ་རྒྱུས། བོན་གཞུང་རྙིང་གྲས་སོགས་ཕུན་ཚུན་གོ་བསྡུར་ཞུས་འབྲས་སུ་ཆོས་འབྱུང་དང་འདྲེས་པའི་རྒྱལ་རབས་ཁག་ནི་ཅི་འདྲའི་བཅོས་སྒྲུང་གིས་ཁེངས་ཤིང༌། དེ་དག་ཏུ་གསལ་བའི་རྒྱལ་མིང་རྣམས་ཀྱང་བརྡ་གསར་རམ་གསར་བཟོ་ཁོ་ནས་བསླད་པར་མཐོང་བས། ཤིན་ཏུ་ཕངས་སེམས་སྐྱེས་ཏེ་ད་དུང་ཡང་མུ་མཐུད་ནས་འདི་དང་འདྲའི་རིགས་ཀྱི་བརྗོད་གཞི་ལ་དཔྱད་པ་ནམ་ཡང་མི་ལྷོད་པའི་ངར་སེམས་དང་བཅས་པའི་དཔྱད་མོལ་ཐུང་ངུ་འདི་ནི་ཉི་ཧོང་པ་བོད་རིག་པའི་སློབ་གཉེར་བ་གཞོན་ནུའི་ཁྱུ་ཚོགས་ཤིག་གིས་འདི་རིགས་སྐོར་ལ་དོགས་འདྲི་གནང་བའི་ལན་ལ་འཕྲལ་རྩོམ་དུ་བགྱིས་པའོ།། །།

 

མཆན་འགྲེལ།

1 ‹‹བཀའ་ཐང་སྡེ་ལྔ།›› མི་རིགས་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་གྲངས་[༤༣༥]ལས། “གཉའ་ཁྲི་བཙན་པོ་ཟླ་བ་ཉ་ལ་སྐྱེས། །ཉ་ཁྲི་བཙན་པོ་ཞེས་ཀྱང་བྱ། །” ཞེས་གསུངས་སོ། །

2 ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེན་ནས་བཏོན་པའི་‹‹སྲིད་པ་རྒྱུད་ཀྱི་ཁ་བྱང་››ལས། “ལྟག་པའི་སྡུད་སྒོར་སྐྲ་ཉག་གཅིག་དང་འཁྲིལ་ནས་གཤེགས་པའི་སྲས། ལྡེ་ཉག་རི་བརྩད་པོ་ལགས་སོ། །” ཞེས་གསལ།
3 ཡང་སྒོམ་མི་འགྱུར་རྒྱལ་མཚན་གྱིས་མཛད་པའི་‹‹རྒྱལ་གཤེན་ཡ་ངལ་གྱི་གདུང་རབས།›› དོལ་པོ་གསུང་རབས་ཉམས་གསོ་ཁང་གི་དེབ་གཟུགས་ཀྱི་ཤོག་ངོས་[༣༠]ལས། “བདག་ནི་གཉའ་ཁྲི་བཙན་པོ་ལགས། །ཅིའི་ཕྱིར་གཉའ་ཁྲི་བཙན་པོ་ནི། །མ་ཡི་གཉའ་བར་ཟླ་བ་དགུ་ངོ་བཅུ་བསྡད་པས་གཉའ་ཁྲི། སྣང་སྲིད་ཀུན་ལ་བཀའ་བཙན་པས་བཙན་པོའོ།” །ཞེས་སོ། །
4 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན་པའི་‹‹དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།››དེབ་གསུམ་པའི་ཤོག་གྲངས་[༡༡༦]ལས་གསལ།
5 གནའ་བོའི་ལོ་རྒྱུས་རྣམས་སུ་གཉའ་ཁྲི་བཙན་པོའི་མཚན་དངོས་ལ་”འོད་ལྡེ་སྤུ་རྒྱལ་”ལམ་”འོ་ལྡེ་སྤུ་རྒྱལ་”དུ་འབོད་སྲོལ་བྱུང་ཡོད་པ་དཔེར་ན། ལྷ་སའི་གཙུག་ལག་ཁང་མདུན་ངོས་རྡོ་རིང་གི་ཤར་ངོས་[ཕ༥།༩]ལས་གསལ་བ་‹‹བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་››ལས། “འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ། ཡུལ་བྱུང་ས་དོད་ཚུན་ཅད། འུང་ནས་མྱིའི་རྗེར། བོད་ཀྱི་རྒྱལ་པོ་ཆེན་པོ་མཛད་པ་ཡང༌། གངས་རི་མཐོན་པོའི་ནི་དབུས། ཆུ་བོ་ཆེན་པོའི་ནི་མགོ ཡུལ་མཐོ་ས་གཙང་བ་ལ། གནམ་གྱི་ལྷ་ལས་མྱིའི་རྒྱལ་པོར་གཤེགས་ཏེ། གཙུག་ལག་ཆེན་པོས་རྣྀ་ཡུན་གྱི་སྲིད་བཙུགས།” ཞེས་པ་དང༌། འཕྱོངས་རྒྱས་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་དུ་ཡོད་པའི་རྡོ་རིང་[ཕ༡།༢]ལས་གསལ་བ། ‹‹བོད་ཀྱི་རྡོ་རིང་གི་ཡི་གེ་དང་དྲིལ་བུའི་ཁ་བྱང་››ལས། “བཙན་པོ་ལྷ་སྲས། འོ་ལྡེ་སྤུ་རྒྱལ། གནམ་གྱི་ལྷ་ལས་མྱིའི་རྗེར་གཤེགས་པ།” ཞེས་དང༌། ‹‹ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།›› མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་གྲགས་[༦༨]ལས། “མཐའ་མ་འོ་ལྡེ་སྤུ་རྒྱལ་གྱྀ་དབུ་རྨོག་མ་ཐུབ་སྟེ།” ཞེས་པ་ལྟ་བུའོ། །
6 འདིའི་སྐོར་རྒྱས་པར་ཁོ་བོས་བྲིས་པའི་‹‹ཞང་བོད་ཀྱི་རི་ཀླུང་ལས་རྙེད་པའི་ཞང་ཚིག་››ཅེས་བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་‹‹བོན་སྒོ་››འདོན་ཐེངས་བཅུ་བཞི་པའི་ཤོག་གྲངས་[༡༠༢]ལ་གཟིགས།
7 འདིའི་”སྤུ་”ཡང་”གངས་”དང༌། “རྭང་” ནི་”རི་”ཡིན་པས། “སྤུ་རྭང་”ནི་ཞང་སྐད་དེ་བོད་སྐད་དུ་”གངས་རི་”ལ་གོ་བར་རྒྱུན་ལྡན་མངའ་རིས་སྐོར་གསུམ་འཆད་སྐབས་”སྤུ་རྭང་གངས་ཀྱིས་སྐོར་”ཞེས་པའི་གཏན་ཚིགས་དང་ཤིན་ཏུ་མཐུན་པས་སོ། །
8 “ལྡེ་”ནི་རྒྱལ་པོའི་སྐད་དོད་དེ་”ལྷ༷་བྱ་བར་ཡང་འབོད་”པ་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་”དེ་ཕྱིར་ལྷ་སྲས་ལྡེ་སྲས་་་་་ཞེས་པར་གྲགས་”ཞེས་གསུངས་པས་སོ། །ཡང་”འོད་ལྡེ་”ནི་”ལྷ་རྒྱལ་”ལམ་”ལྷ་རྗེ་”ཞེས་སུའང་འཇུག་སྟེ་”འོད་”འདི་འོད་གསལ་ལྷ་ཡི་མིང་དོད་ཡིན་པའི་ཕྱིར་ཏེ་མཁས་པ་ལྡེའུས་མཛད་པའི་‹‹རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།›› གངས་ཅན་རིག་མཛོད་གསུམ་པ། ཤོག་ངོས་[༢༣༨]ལས། “རྒྱུ་མཚན་ནི་གདུང་རྒྱུད་འོད་གསལ་ལྷ་ལས་ཆད།” ཅེས་གསུངས་པས་སོ། །
9 འཕྱོངས་རྒྱས་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་དུ་ཡོད་པའི་རྡོ་རིང་[ཕ༡།༢]ལས་གསལ་བ་‹‹བོད་ཀྱི་རྡོ་རིང་གི་ཡི་གེ་དང་དྲིལ་བུའི་ཁ་བྱང་››ལས། “བཙན་པོ་ལྷ་སྲས། འོ་ལྡེ་སྤུ་རྒྱལ། གནམ་གྱི་ལྷ་ལས་མྱིའི་རྗེར་གཤེགས་པ།” ཞེས་གསུངས་པ་ལྟར་རོ། །
10 དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་‹‹ཆོས་བྱུང་མཁས་པའི་དགའ་སྟོན།›› སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་གི་དེབ་གཟུགས་ཀྱི་ཤོག་ངོས་[༡༦༥]ལས། “བཙན་ལྔའི་ཐོག་མ་ཏོ་རེ་ལོང་བཙན་ཡིན། ་་་་་་་་ཞེས་པ་ནས་་་་་་་་་་ །འདི་ཡན་ཡུམ་རྣམས་ལྷ་མོ་ཀླུ་མོ་ཡིན། །བཙུན་མོའི་རྟེན་དོགས་ལ་མི་འཚེར་ཞེས་སྤུར་མི་ཡོང་སྐད། དེ་ཕྱིར་ལྷ་སྲས་ལྡེ་སྲས་ཅེས་པར་གྲགས། །འབངས་དང་གཉེན་བསྲེས་མན་ཆད་ལྡེ་སྲས་བཞག །དེ་ཡི་དོད་དུ་ལྷ་སྲས་བཙན་པོ་ཟེར།” །ཞེས་གསལ།
11 ལྡེའུ་ཇོ་སྲས་ཀྱིས་མཛད་པ་‹‹ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན།›› བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་ངོས་[༡༠༡]ལས། “ལྡེ་གཉའ་ཁྲི་བཙན་པོ་བྱ་བ་ལྷའི་སྲས་པོ་རྨུའི་ཚ་བོ་ཡོད་པས་དེ་བདག་གིས་སྤྱན་དྲངས་ངོ་ཟེར་ནས། ཀར་མ་ཡོ་ལྡེས་སྨྲས་པ། རྗེ༷་གཉའ་ཁྲི་བཙན་པོ་ཡུལ་སོ་དྲུག་མ་གི་ན་ཡུལ་ན་རྗེ་མེད་དེ།” ཞེས་གསལ་བས་སོ། །
12 ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི་‹‹ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།›› གངས་ཅན་རིག་མཛོད། ལྔ་པ། ཤོག་ངོས་[༡༦༣]ལས་གསལ།
13 ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་‹‹ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།›› མི་རིགས་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་ངོས་[༡༣༤]ལས་གསལ།
14 གོང་ཞུས་‹‹ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་››ཞེས་པའི་ཤོག་གྲངས་[༥༧]ལས་གསལ། འོན་ཀྱང་དགེ་ཆོས་སོགས་ཀྱིས་འདི་ལ་”ཞང་ཞུང་ལྟ་བུ་”ཞེས་པར་མཛད་པ་ནི། ཡིག་རྙིང་དངོས་ལ་”ལྡེ་བུ་”རང་གསལ་བས་ཞང་སྐད་ལ་རྨོངས་པའི་སྐྱོན་དུ་སེམས།
15 གོང་ཞུས་‹‹ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་››ཞེས་པའི་ཤོག་གྲངས་[༦༩]ལས་གསལ།
16 འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད་པའི་‹‹དེབ་ཐེར་སྔོན་པོ་››སྟོད་ཆ། ཝཱ་ཎ་བཛྲ་བིད྄ཡཱ་དཔེ་མཛོད་ཁང་གི་པར་མའི་ ཤོག་ངོས་[༦༡]ལས་གསལ།
17 རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་‹‹དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།›› ཤེས་རིག་པར་ཁང་གིས་༡༩༨༥ལོར་བསྐྲུན་པའི་དེབ་གཟུགས་ཀྱི་ཤོགས་ངོས་[༡༧]ལས་གསལ།
18 ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མས་བརྩམས་པར་གྲགས་པའི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་‹‹རྙིང་མའི་ཆོས་འབྱུང་གླེགས་བམ་དང་པོ››འི་ཤོག་ངོས་[༢༡༩]ལས། “དམུས་ལོང་དཀོན་པ་བཀྲའམ་སྟག་རི་གཉན་གཟིགས།” ཞེས་གསལ་ཡང་དེ་དུས་རྒྱལ་པོ་ལ་དམུས་ལོང་ལྟ་བུའི་མཚན་འབོད་པར་དཔའ་འམ་སྙམ།
19 གོང་ཞུས་‹‹ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་››གྱི་ཤོག་ངོས་[༡༡༥]ལས། “མཛངས་པ་གཉེར་སྟག་བཙན་ལྡོང་གཟིགས།” ཞེས་པའི་མཛངས་བློན་གྱི་མཚན་ཡང་གསལ་ལ། ཡང་དེ་ཉིད་ཀྱི་ཤོག་ངོས་[༡༢༡]སལ། “མཆིམས་རྒྱལ་གཟིགས་གླུ་ཐོང༌།” ཞེས་དང་ཤོག་ངོས་[༡༣༣]ལས། “མཆིམས་བཙན་གཟིགས་ལེགས་གཟིགས།” ཞེས་ཀྱང་གསལ་ལོ།།
20 གོང་ཞུས་‹‹ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་››གྱི་ཤོག་ངོས་[༡༠༠]ལས། “ཡར་གྱི་གཅེན་གསུམ་ལ། ལྷ་རོང་རོང་ཙོལ་པོ། ཁྲི་བ་གཉིས་གཟི༷ག ཐན་ཚོ་ཟོ་འབྲང༌།” ཞེས་གསལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།