བོད་མིའི་བྱུང་རབས་ལོ་ངོ་སུམ་སྟོང་ལས་མི་སྔ་བར་ཅལ་སྒྲོག་བྱུང་བའི་ར་སྤྲོད།

བོད་མིའི་བྱུང་རབས་ལོ་ངོ་སུམ་སྟོང་ལས་མི་སྔ་བར་ཅལ་སྒྲོག་བྱུང་བའི་ར་སྤྲོད།
ཆོས་འཁོར་ཚང་ཉི་མ་འོད་ཟེར།

བོད་དུ་འགྲོ་བ་མི་ཐོག་མར་གྲོལ་བའི་ལོ་དུས་<<འཇམ་དཔལ་རྩ་རྒྱུད་>>ནང་ལུང་བསྟན་པར་བསྙོན་པའི་གཏམ་གྱི་ཕུགས་སུ་བདས་ཏེ་རྫུན་པར་ཁུངས་སྐྱེལ་ར་སྤྲོད་ཞུས་པའི་དཔྱད་བརྗོད།

ཐོག་མའི་གླེང་གཞིར་མོལ་བའི་གཏམ།

      བོད་ཡུལ་འདིར་མིའི་འགྲོ་བ་དང་པོ་བྱུང་ནས་ད་ལྟའི་བར་ལོ་དུས་ཇི་ཙམ་སོང་མིན་སྐོར་སྤྱི་ཡོངས་ནས་བཞེད་ཚུལ་མི་འདྲ་བ་གཉིས་སུ་གྱེས་པར་སྣང༌། དེ་ཡང་མི་ལོ་ཁྲི་ཕྲག་དུ་མའི་ལོ་རྒྱུས་ཡོད་པར་སྨྲ་བའི་ལུགས་གཅིག་དང༌། ལོ་ངོ་སུམ་སྟོང་ཙམ་གྱི་ཡས་མས་སུ་གཞི་ནས་སྤྲེལ་མཇུག་བུད་དེ་མིར་གྱུར་པ་སོགས་སུ་འདོད་པའི་སྲོལ་གཉིས་སུ་མཆིས། བཞེད་ཚུལ་སྔ་མ་ནི་ད་ལྟའི་བོན་པོ་ཡོངས་རྫོགས་ཀྱིས་འདོད་ཅིང་དེ་ལྟར་ཆེས་སྔ་མོའི་དུས་ནས་ཀྱང་དེ་རང་དུ་ཁས་འཆེས་པས་དེ་ནི་བོན་པོའི་འདོད་ཚུལ་ལྟ་བུར་གྱུར་ཡོད། ཕྱི་མ་དེ་ཉིད་དུས་རབས་བདུན་པའི་རྗེས་ནས་ཐོག་མར་དར་བའི་གླེང་སྒྲོས་ཤིག་སྟེ། དོན་དངོས་ནི་ཤཱཀྱ་ཐུབ་པའི་རྗེས་འབྲངས་པ་དག་གིས་གསར་དུ་བཏོད་པའི་ཁ་ཕྱོགས་སུ་འཁུམས། འོན་ཏེ་འགོས་ལོ་ཙཱ་པ་གཞོན་ནུ་དཔལ་༢སོགས་སྐྱེས་ཆེན་འགའ་ཞིག་བཞེད་སྲོལ་ཕྱི་མའི་ཁོངས་སུ་མི་འཚང་བ་ཡང་མཁྱེན་དགོས་པའི་གནད་ཅིག་ཏུ་སེམས་སོ། །
ལར་བོད་འདིར་ལོ་ངོ་ཉིས་ཁྲི་དང་སུམ་ཁྲིའི་གོང་རོལ་ནས་མིའི་འགྲོ་བ་ཡོད་ཚུལ་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་གྱི་ས་འོག་ནས་ཐོན་པའི་མི་རུས་དང་རྫ་ཆས་རྣམས་ལ་ཚན་རིག་པས་བརྟགས་ཤིང་དཔྱད་མཐར་ཞིབ་འཇུག་གི་ལམ་ནས་ར་སྤྲོད་མཛད་3ཡོད། ཁྱད་པར་དུ་ལྷ་ས་རང་ནས་ལོ་ངོ་སུམ་སྟོང་སྔོན་གྱི་མིའི་རུས་པ་སོགས་ནུབ་ཕྱོགས་པ་དག་གིས་སྔ་ས་ནས་བརྙེད་ཟིན་4པས། དངོས་ཡོད་རིག་པའི་ངོས་ནས་ཀྱང་གསུང་རབ་དེབ་ཐེར་དུ་མའི་ནང་དོན་རྣམས་གླེང་རིན་མེད་པར་གྱུར་ཟིན། འོན་ཀྱང༌། དེ་དག་ལ་ཇི་མི་སྙམ་པར་དུས་རབས་ཉེར་གཅིག་པ་འདི་ཡི་ནང་ད་དུང་ལུང་ཚིག་སྐམ་པོ་རེ་ཟུང་གི་མཇུག་སྣེར་ཨུ་ཚུགས་ཀྱིས་ཤི་འཐམ་དུ་འབད་པའི་ཁ་ཕོ་ཅན་དུ་མས་མི་ལོ་སུམ་སྟོང་ཡས་མས་ཀྱི་སྔོན་དུ་བོད་ཡུལ་འདིར་མིའི་འགྲོ་བ་ཆགས་མེད་ཚུལ་དང༌། དེ་ལྟར་མ་ཆགས་པའང་རྒྱ་གར་ནང་པའི་པཎ་གྲུབ་ཆེ་གེ་མོས་མཛད་པའི་གསུང་རབ་ག་གེ་མོའི་ནང་གི་ལུང་ཚིག་དེ་སྐད་ཅེས་པས་སྟོན་ཞེས་གཅིག་རྗེས་གཉིས་མཐུད་དུ་བསྙོན་བཞིན་འདུག་པས། དེ་དག་ལ་བདེན་དོན་ངོ་སྤྲོད་དུ་སྨན་པའི་ཐབས་བྱུས་ཁེར་རྐྱང་ཞིག་ལྷག་ལུས་སུ་གྱུར་པ་ནི། ལུང་ཚིག་དེ་དག་གི་ཕུགས་ཁུངས་རྒྱ་དཔེ་དངོས་རྣམས་འཚོལ་ཞིབ་བྱས་ཏེ་མ་ཕྱི་རང་ན་དེ་སྐད་དུ་གྲགས་པའི་ལུང་ཚིག་དེ་རྣམས་ཡོད་མེད་བརྩད་རྒྱུ་དང་གཅིག ཡོད་ཚེ་བོད་འགྱུར་དག་གི་ནང་དོན་ཇི་བཞིན་དུ་གནས་མིན་བསྡུར་རྒྱུ་དང་གཉིས། གནས་ན་དེ་ཉིད་བོད་མིའི་བྱུང་རབས་ལ་འབྲེལ་མིན་བརྟག་རྒྱུ་དང་གསུམ་གྱི་སྒོ་ནས་རྣག་ཐོག་གཙགས་འཁེལ་གྱི་དཔྱད་ཞིབ་བྱ་རྒྱུ་དེ་མཐའ་མའི་ཐབས་ལམ་ཉག་གཅིག་ཏུ་སེམས་སོ། །

དང་པོ། བོད་མིའི་བྱུང་རབས་ཀྱི་ལོ་དུས་ཕྱིས་པོར་སྣུར་དོན།

ཐུབ་པའི་བསྟན་པ་བོད་དུ་ཐོག་མར་དར་བའི་སྐབས་གྲུབ་མཐའ་དེར་བོད་འབངས་ཀྱི་བློ་ངོར་འཕྲོད་པའི་ཁྱད་བོན་དེ་ཙམ་མི་བདོག་སྟབས། གཤེན་གྱི་བསྟན་པ་ལས་ལེགས་ཆ་མང་ཙམ་འཐུ་འགོ་བཙུགས། འོན་ཀྱང་དེས་བསྟན་པ་གཉིས་འདྲ་འདྲེས་སུ་བཅོས་ཤིང༌། ཕན་ཚུན་དབར་དམིགས་བསལ་གྱི་ཁྱད་པར་གང་ཡང་མི་མངོན་པར་གྱུར་ཕྱིར། དེ་ལ་བརྟེན་ནས་རིམ་པས་དར་སྔ་ཕྱི་བརྩད་སྟེ་ཕན་ཚུན་བཤུས་བསྒྱུར་གྱི་གྱོད་འཛུགས་དང༌། ཁུངས་བཙན་མིན་བཅས་ཀྱི་གླེང་ཕྱོགས་ཤིག་རང་བཞིན་གྱིས་འབུས་ལ། གླེང་ཕྱོགས་དེས་བོད་ཀྱི་རྒྱལ་རབས་དང་མི་རབས་གཉིས་ཀྱི་ལོ་དུས་ལའང་ཁ་ཕྱོགས་གསར་པ་ཞིག་བཏོད།
དེ་ཡང་གསང་སྔགས་དང་རྫོགས་ཆེན་རྣམས་བོད་ཀྱི་མི་ཡང་མ་བྱུང་བའི་སྔོན་ནས་ཐུབ་པའི་བསྟན་པ་དང་འབྲེལ་བ་ཡོད་པར་སྒྲུབ་པའི་ཆེད་ཐོག་མར་ཐུབ་པའི་འདས་ཚིགས་རྒྱ་གར་སིངྒྷལ་པའི་གནས་བརྟན་སྡེ་པས་ཕྱི་ལོའི་སྔོན་གྱི་མི་ལོ་༥༤༤5སྟེ་མེ་སྦྲུལ་6ལོར་བཞེད་པ་ཁུངས་བཙན་ཞིང་རྒྱ་བལ་ཁ་ཆེ་ཀུན་དང་7མཐུན་པར་བྱུང་བ་དེ་ཉིད་དོར་ནས། མི་ལོ་ཆིག་སྟོང་དྲུག་བརྒྱ་ཙམ་གྱི་བར་ཡར་ལ་སྔ་འགྱང་བྱས་ཡོད། འོན་ཀྱང་འདི་ཙམ་ལའང་སྟོད་ལུང་ཇོ་བོ་དང༌། ས་ལུགས། ཙན་དན་ཇོ་བོའི་ལོ་རྒྱུས། ཕུག་ལུགས། བུ་སྟོན། དགེ་ལུགས་ཀྱི་སྐར་རྩིས་པ་སོགས་8ཕན་ཚུན་ལོ་ངོ་སྟོང་ཕྲག་ཀྱང་ཁྱད་པར་ཤོར་བའི་འདོད་ཚུལ་མི་མཐུན་པ་མང་དུ་གྱུར། དེ་ཙམ་དུ་མ་ཟད་བྱ་ཐབས་ཟད་པ་ལ་ལས་ཡོངས་གྲགས་སུ་ཕྱི་ལོའི་གོང་གི་མི་ལོ་༡༡༣༦ཤིང་བྱི་ལོར་གཉའ་ཁྲི་བཙན་པོ་འཁྲུངས་པར་བཞེད་པ་དེའང་མི་ལོ་དྲུག་བརྒྱ་ལྷག་ཕྱི་སྣུར་རམ་མར་འདེད་བྱས་པས། ཁ་ཕྱོགས་འདི་ལའང་མི་མཐུན་པ་དགུ་9ཙམ་བྱུང་ཡོད། འོ་ན་དེ་ལྟར་བགྱི་དོན་ཅི་ཡིན་ཞེ་ན། གལ་ཏེ་དེ་ལྟར་མ་བྱས་ཚེ་ཐུབ་པའི་སྔོན་དུ་གཉའ་ཁྲི་ཡོད་པས། དེའི་དབུ་བླར་སྣང་མདོག་བྱོན་ནས་གསང་སྔགས་སྤེལ་བ་དང༌། དེ་བཞིན་རྒྱལ་པོར་བཀུར་མཁན་རྒྱུ་བོན་ལ་མཁས་པའི་ཤེས་པ་ཅན་བཅུ་གཉིས་ཀྱང་ཡོད་པར་ཁས་ལེན་དགོས་པས། དེ་ལྟར་ན་ཐུབ་པའི་སྔོན་དུ་བོད་འདིར་མདོ་སྔགས་རིག་གནས་དང་བཅས་པ་སྔར་ནས་ཡོད་པར་འགྱུར་ཉེན་ཆེ་བའི་དབང་གིས་མཐར་ཐུབ་པའི་འདས་ལོར་སྔ་འགྱང་དང་གཉའ་ཁྲིའི་འཁྲུངས་ལོ་ཕྱི་སྣུར་མི་བྱ་ཀ་མེད་དུ་གྱུར་པར་གྲགས་སོ། །
དམིགས་ཡུལ་དེའི་ཞོར་དུ་ཐུབ་པ་མ་བྱོན་པའི་གོང་བོད་འདིར་རྒྱལ་རབས་ནི་ཕར་ཟད་མི་ཡང་མེད་པར་བསྒྲུབས་པའི་འདོད་ཕྱོགས་ཤིག་ཀྱང་ཤས་ཆེར་དར་ཞིང༌། དེ་དག་ལས་རྒྱ་གར་ནང་པའི་གསུང་རབ་ཁག་ལ་ཁུངས་བཅོལ་ཁུལ་བགྱིས་པའང་དེ་བས་མང་དུ་གྱུར་ཡོད། དེས་ན་ཁ་ཅིག་གིས་ནི་གནས་ལུགས་ཅི་ཡང་མེད་པར་གོང་འཕྲོས་ཀྱིས་དམ་པ་སངས་རྒྱས་བོད་དུ་ལན་བདུན་བྱོན་པའི་དང་པོར་བོད་ཆུ་ཡིས་གང་བ་དང༌། གཉིས་པར་ནགས་ཚལ་ཐོ་རེ་བ་ཡོད་10པ་སོགས་དམ་པ་སངས་རྒྱས་དངོས་ཀྱིས་གཟིགས་རབས་ཀྱང་བྱས་སོ། །

གཉིས་པ། རྒྱ་གར་ནང་པའི་གསུང་རབ་ལ་ཁུངས་བཅོལ་ཚུལ།

རྒྱ་གར་ནས་བྱུང་བའི་གསུང་རབ་༼ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོ་༽11དང༌། ༼ལྷ་ལས་ཕུལ་བྱུང་གི་བསྟོད་པའི་12འགྲེལ་པ།༽13 ༼འཇམ་དཔལ་རྩ་བའི་རྒྱུད་༽བཅས་གསུམ་གྱི་ནང་བོད་ཀྱི་ཡུལ་ཁམས་ལུང་བསྟན་པས་མ་ཚད། བོད་ཡུལ་དུ་མི་ཡི་འགྲོ་བ་ནམ་ཞིག་གི་ཚེ་ན་འབྱུང་རྒྱུ་ཡིན་པ་སོགས་ཀྱང་ལུང་དུ་བསྟན་ཡོད་པའི་བཤད་ཡམ་ཞིག་དར་ཁྱབ་ཏུ་གྱུར།
༼ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོ་༽ཡི་ནང༌། ཐུབ་པས་གདོང་དམར་ཅན་གྱི་ཡུལ་དུ་ང་ཡི་བསྟན་པ་དར་ཞེས་ལུང་བསྟན་ཡོད་པས། བོད་ཀྱི་མཁས་པ་དག་ལས་ངོར་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་གདོང་དམར་ཅན་གྱི་ཡུལ་ནི་བོད་ཡུལ་འདི་ཉིད་ཁོ་ནར་ངོས་འཛིན་དགོས་

པར་གསུངས། འོན་ཀྱང་བོ་དོང་ལོ་ཙཱ་པ་ནམ་མཁའ་བཟང་པོས་ཀླ་ཀློའི་ཡུལ་ལ་ངོས་འཛིན་དགོས་པའི་ཁུངས་གཉིས་དྲངས། བུ་སྟོན་གྱིས་རྒྱ་ནག་ཡིན་པར་༼སྦ་བཞེད་༽ལས་གསུངས་སོགས་བྱུང་སྟབས། གང་ལྟར་འཇུ་ས་ངེས་གཏན་མེད་པར་གནས་ཕྱིར། ཕྱིས་མཁས་མཆོག་ཤཱཀྱ་ཤྲཱི་ས་ཡོ་རོབ་ལའང་སྦྱར་བར་སྐད་པ་རྣམས་ཞོར་འཕྲོས་སུ་གླེང་ནས་དེ་ཙམ་དུ་བོར་རོ། །
དེ་བཞིན་༼ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་༽ནང༌། སྐྱ་སེང་དང་དགྲ་ངན་འཐབ་རྗེས་རུ་པ་ཏི་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་རི་བོ་གངས་ཅན་དུ་བྲོས་པ་ལས་བོད་ཡུལ་གྱི་མི་རྣམས་ཐོག་མར་གྲོལ་ཚུལ་འཁོད་ཅེས་བུ་སྟོན་གྱིས་གསུངས་14ཀྱང༌། དཔའ་བོ་གཙུག་ལག་འཕྲེང་བས་དེ་ནི་བོད་མི་མཐའ་དག་གི་ཁུངས་མིན་ཏེ། རུ་པ་ཏི་གཉའ་ཁྲི་ཡིན་ཚེ་དེའི་སྔོན་དུའང་བོད་མི་མང་པོ་ཡོད་པར་གྲགས་པས་འགལ་ཞིང༌། མིན་ཚེ་བོད་དུ་ཤཱཀྱའི་རྒྱལ་རྒྱུད་གཞན་ཡང་ཡོད་པར་ཐལ་བས། དེ་ནི་བོད་དང་ཉེ་བའི་ཡུལ་གྱི་གཏམ་དུ་ཟད་པར་གསུངས་ལ། དེ་བཞིན་རུ་པ་ཏི་བོད་དུ་བྱོན་ནས་རྗེ་བོ་མཛད་པར་བྱས་ཀྱང་༼ཀ་ཁོལ་མ་༽ལྟར་ན་དེ་ཉིད་ཐུབ་པ་མ་བྱོན་གོང་ནས་བྱུང་བར་གྱུར་པས། ཐུབ་པའི་རྗེས་ནས་རུ་པ་ཏི་ཡི་མཚན་ཅན་གཞན་བྱུང་བ་སྔར་གྲགས་མིན་པ་སོགས་ཀྱིས་15རྒྱས་པར་དགག་ན་ཡང༌། ཁ་ཅིག་གིས་ཐུབ་པའི་རྗེས་སུ་རུ་པ་ཏི་བྱོན་པར་བཅོས་ནས་༼རུ་པ་ཏི་ལུང་བསྟན་པའི་མདོ་༽ཡང་ཡོད་པར་བྱས་16འདུག་པས། འདིར་ནི་༼བསྟོད་འགྲེལ་༽གྱི་རྒྱ་དཔེ་རང་ལ་ཞིབ་དཔྱོད་ཀྱིས་རི་ཁ་བ་ཅན་བྱ་བ་དེ་བོད་ལ་དངོས་སུ་འཇུག་མིན་མ་བརྩད་ན། རུ་པ་ཏི་སོགས་རྩོད་ལྡན་གྱི་གཏམ་རྣམས་ཤིན་ཏུ་འཕྱིས་པོར་འགྱུར་ཉེན་ཆེ་བའི་སྔོན་བརྡ་ཙམ་ལས་རེ་ཞིག་རྒྱས་སྤྲོས་མི་བྱའོ། །

གསུམ་པ། <<འཇམ་དཔལ་རྩ་རྒྱུད་>>ནང་བོད་ཡུལ་ལུང་བསྟན་མིན་གླེང་པ།

ད་ཐེངས་འདིར་དམིགས་བཀར་གྱིས་གླེང་བར་བྱ་རྒྱུ་གཙོ་བོ་ནི། ༼འཇམ་དཔལ་རྩ་རྒྱུད་༽ལས་གསུངས་པར་བསྙོན་པའི་ལུང་གི་དགོངས་དོན་ཏེ། བོད་འདི་ཐོག་མར་ཆུ་ཡི་རང་བཞིན་ཡིན་པ་ལ་སྟོན་པ་ཤཱཀྱ་ཐུབ་པ་འདས་ནས་མི་ལོ་བརྒྱ་ཙམ་གྱི་རྗེས་སུ་གཞི་ནས་མཚོ་རྣམས་རིམ་གྱིས་བྲི་སྟེ་ཡུལ་གྱི་བཀོད་པ་བྱུང་བར་དངོས་སུ་གསུངས་ཤིང༌། དེའི་ཤུགས་ཀྱིས་ཐུབ་པ་འདས་ནས་མི་ལོ་བརྒྱ་ཡི་རྗེས་སུ་གཞི་ནས་བོད་ཀྱི་འགྲོ་བ་མི་རྣམས་ཆགས་རབས་ཐུབ་པ་ཉིད་ཀྱིས་ལུང་བསྟན་པར་གྲགས་པའི་བཤད་སྲོལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་དེ་ཉིད་དངོས་བདེན་དུ་རྡོ་རྗེའི་ལུང་ཞིག་ཡིན་མིན་ཁུངས་སྐྱེལ་ར་སྤྲོད་ཞུ་རྒྱུ་དེའོ། །
དེ་ཡང་ཕྱི་ལོའི་དུས་རབས་བཅུ་དྲུག་པའི་སྔོན་དུ་བྱུང་བའི་ཆོས་འབྱུང་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་གྲགས་ཅན་༼བཀའ་ཆེམས་ཀ་ཁོལ་མ་༽17དང༌། ༼མ་ཎི་བཀའ་འབུམ།༽18༼སྦ་བཞེད།༽19 ༼བཀའ་ཐང་སྡེ་ལྔ།༽20 ༼ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང༌།༽21 ༼ཉང་རལ་ཆོས་འབྱུང༌།༽22 ༼ལྡེའུའི་ཆོས་འབྱུང་རྒྱས་པ།༽23 ༼བུ་སྟོན་ཆོས་འབྱུང༌།༽24 ༼ཀློང་ཆེན་ཆོས་འབྱུང༌།༽25༼རྒྱལ་རབས་གསལ་བའི་མེ་ལོང༌།༽26 ༼ཚལ་པའི་དེབ་ཐེར་དམར་པོ།༽27༼རླངས་ཀྱི་པོ་ཏི་བསེ་རུ།༽28༼རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད།༽29 ༼འགོས་ལོའི་དེབ་ཐེར་སྔོན་པོ།༽30 ༼ཆོས་འབྱུང་མཁས་པའི་དགའ་སྟོན།༽31༼དེབ་ཐེར་དམར་པོ་གསར་མ་༽32སོགས་གང་དུའང་༼འཇམ་དཔལ་རྩ་རྒྱུད་༽ནང་བོད་དུ་འགྲོ་བ་མི་ཐོག་མར་ཆགས་པའི་ལོ་དུས་ལུང་བསྟན་ཡོད་པའི་སྐོར་ཅི་ཡང་མ་གླེང་པས། བཤད་ཡམ་དེ་ནི་ཕྱིས་ཀྱི་གཏམ་ཁོ་ནར་ཟད་པ་ལས་འོས་མེད་དོ། །
དེས་ན་ལུང་བསྟན་དེ་ཉིད་ཐོག་མར་ཀུན་མཁྱེན་འབྲུག་པ་པདྨ་དཀར་པོ་༡༥༢༧—༡༥༩༢33མཆོག་གིས་མཁྱེན་པ་སྔ་ཤོས་སུ་སྣང་སྟེ། དེ་ཡང་ཁོང་གིས་ཕྱི་ལོ་༡༥༨༡ལོར་34མཛད་པའི་༼ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་འབྱེད་༽ལས། “འཇམ་དཔལ་རྩ་རྒྱུད་དུ། ‘ང་ནི་འདས་ནས་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར།’ །ཞེས་ལུང་བསྟན་”35པར་གསུངས་པ་ཙམ་དུ་མ་ཟད། ལུང་དེ་ལས་སྤྲོས་ཏེ་དགོངས་དོན་རྒྱས་པར་བཀྲོལ་བ་ནི། “སྟོན་པ་འདས་ནས་ལོ་བརྒྱ་ན་ཁ་བ་ཅན་སྔོན་མཚོར་ཡོད་པ་བསྐམས་པའི་འགོ་ཟུག་ཅིང༌། སཱ་ལའི་ནགས་ཚལ་ཆགས་པར་གསུངས་པ་དང༌། བོད་རྣམས་སྔོན་ཡུལ་འདི་ཐམས་ཅད་ལ་ཤུག་པའི་ནགས་ཡོད་ཅེས་གླེང་པ་མཐུན་ནོ། །དེ་ལྟར་ཡུལ་ཆགས་ནས་མི་རིང་བ་ན་འཕགས་པ་སྤྱན་རས་གཟིགས་དང༌། ཇོ་མོ་སྒྲོལ་མའི་སྤྲུལ་པ་སྤྲེའུ་དང་བྲག་སྲིན་ལས་ཐོག་མར་སྤྲེལ་ཕྲུག་དེ་དག་རིམ་གྱིས་མིར་སོང་བ་ཡིན་ལ། དེ་དག་གི་གྲོང་ཆགས་པའི་སྔ་མ་ནི་ཀོང་ཡུལ་སྤྲེ་སྣ། མི་ཡུལ་གྱི་ལྡིང་དུ་གྲགས་པ་དེ་ཡིན་ནོ།”36 །ཞེས་གསུངས་པས། དེ་ནས་བཟུང་མཁས་བླུན་དུ་མས་བརྟག་ཞིབ་ཅི་ཡང་མེད་པར་དེའི་རྗེས་སུ་འབྲངས་ཏེ་ལུང་ཚིག་དེ་ཉིད་འདྲེན་ཅི་ཐུབ་བྱས་ནས་ད་བར་མི་ལོ་བཞི་བརྒྱ་ལྷག་ཕྱིན་ཟིན།
འོན་ཀྱང་རྩིས་རིག་ལ་མཁས་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཐུབ་པ་འདས་རྗེས་གཞི་ནས་བོད་ཀྱི་མཚོ་བྲི་བའི་ཞོར་ལ་མི་སོགས་བྱུང་བར་བྱས་ན། དུས་དེ་ནི་ཤིན་ཏུ་ཐུང་བར་དོགས་པས་སམ། གང་ལྟར་ཐུབ་པ་འདས་ནས་བརྩི་བ་ཐུགས་སུ་མ་བབས་ནས། ཐུབ་པའི་དུས་ནས་བརྩི་བ་སོགས་སུ་བཅོས་བསྒྱུར་བྱས་ཡོད་སྟེ། ༼མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་༽ལས། “འཇམ་དཔལ་རྩ་རྒྱུད་ལས། ང༷་ཡི༷་དུ༷ས་ན༷ས་ལོ་བརྒྱ་ན། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར།”༣༧ །ཞེས་བྱུང་བར་གསུངས་པས་སོ། །
འདིར་ཡང་ཡང་བསམ་དགོས་པ་ཞིག་སྟེ། ༼འཇམ་དཔལ་རྩ་རྒྱུད་༽ནང་བོད་ཀྱི་ཆོས་རྒྱལ་རྣམས་ལུང་བསྟན་པར་བཙན་གྱིས་འཚོལ་མཁན་འགོས་ལོ་ཙཱ་པ་གཞོན་ནུ་དཔལ་གྱིས་ཀྱང༌། “བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད།”༣༨ ཅེས་ཐག་བཅད་དེ་གསུངས་པས་མ་ཚད། “སྟོན་པ་ཐུབ་པ་བྱོན་པའི་དུས་ལས་སྔ་བ་རྩོད་ལྡན་གྱི་ཐོག་མ་”༣༩ནས་བོད་དུ་མིའི་འགྲོ་བ་ཡོད་པར་ཡང་བཞེད་འདུག་པས། དེས་ན་བཞེད་ཚུལ་དེས་འདིར་དོགས་གཞི་ཆེན་པོ་ཞིག་སྐྱེ་རུ་འཇུག་པ་ནི། དངོས་བདེན་དུ་༼འཇམ་དཔལ་རྩ་རྒྱུད་༽ནང་དེ་འདྲའི་ལུང་ཞིག་ཡོད་དམ། ཡོད་ཚེ་འགོས་ལོས་མ་གཟིགས་པར་སྲིད་དམ། གཟིགས་ཀྱང་གཞན་ལ་མི་ངོམ་པ་ཞིག་མི་སྲིད་པས། དེ་བས་ཕལ་ཆེར་མེད་པ་མིན་ནམ་སྙམ་པའི་དོགས་སེམས་ཤིག་ངང་གིས་སྐྱེས་སྟབས། གོང་དུ་”མཁྱེན་དགོས་པའི་གནད་ཅིག་ཡིན་”ཞུ་བའང་དོན་འདི་ལ་ཐུག་པའོ། །

བཞི་པ། <<འཇམ་དཔལ་རྩ་རྒྱུད་>>ཀྱི་ངོ་སྤྲོད།

༼འཇམ་དཔལ་རྩ་བའི་རྒྱུད་༽༤༠ནི། ཕྱི་ལོའི་དུས་རབས་བཅུ་པའི་མཇུག་༤༡ཏུ་ལྷ་བཙན་པོ་བྱང་ཆུབ་

འོད་ཀྱིས་བཀའ་ཕབ་པ་ལྟར། ལོ་ཙཱ་པ་དགེ་སློང་ཤཱཀྱ་བློ་གྲོས་བྱ་བས་རྒྱ་གར་གྱི་སྐད་ནས་བོད་ཡིག་ཏུ་བསྒྱུར་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་ཀྱི་དཔེ་ཆ་ལེའུ་སོ་དྲུག་གི་བདག་ཉིད་ཅན་ཞིག་སྟེ། ནང་དོན་གཙོ་བོར་འཇམ་དཔལ་དབྱངས་ཀྱི་ཡོན་ཏན་བརྗོད་པའོ། །
༼འཇམ་དཔལ་རྩ་རྒྱུད་༽བོད་བསྒྱུར་མ་ལ་ཡོངས་སུ་གྲགས་པ་ནི། སྣར་ཐང་དཔར་མ་དང༌། སྡེ་དགེའི་དཔར་མ། ཞོལ་དཔར་མ་བཅས་ཡིན་པས། དེ་དག་གི་མགོ་མཇུག་གང་དུའང་འབྲུག་པ་ཀུན་མཁྱེན་གྱིས་དྲངས་པའི་ལུང་དེ་དང༌། སྡེ་སྲིད་ཀྱིས་ཁ་གསལ་དུ་བཏང་བའི་ལུང་གཉིས་ཀ་མི་རྙེད་པས་མེད་པ་ལས་འོས་མེད་དོ། །
དེ་ལྟར་མིག་གཉིས་བགྲད་སྟེ་ཞིབ་ཚགས་ཀྱིས་བཙལ་ཡང་མ་རྙེད་སྟབས་ད་གཟོད་མེད་པར་མཁྱེན་བཞིན་པའི་མཁས་དབང་དག་ལས། ཆབ་སྲིད་པ་ལ་ལས་འབྲུག་པ་ཀུན་མཁྱེན་དང་སྡེ་སྲིད་སོགས་འཕུང་བར་དོགས་ནས་ཁོང་རྣམས་སྐྱོབ་ཕྱིར། གལ་ཏེ་ལུང་དེ་༼འཇམ་དཔལ་རྩ་རྒྱུད་༽བོད་བསྒྱུར་མའི་ནང་མེད་ཚེ། ཕལ་ཆེར་རྒྱ་ནག་གི་སྐད་དུ་བསྒྱུར་བའི་༼འཇམ་དཔལ་རྩ་རྒྱུད་༽དུ་ཡོད་ངེས་རེད་ཅེས་འོལ་ཚོད་ཙམ་སྒྲོག་གིན་འདུག་རུང༌། དེ་ནི་གཡོལ་ཐབས་ཀྱི་གཏམ་ཁོ་ན་ཡིན་པས། དེ་ཕྱོགས་སུ་གཡམ་རྒྱུགས་མ་བྱས་པར་དཀྱུས་ཀྱི་མ་ཕྱི་དངོས་ཏེ་ལེགས་སྦྱར་སྐད་དུ་ཡོད་པའི་༼འཇམ་དཔལ་རྩ་རྒྱུད་༽ལ་བརྟག་ཞིབ་བྱ་རྒྱུའི་གནད་ནི་གལ་འགངས་ཅན་དུ་བརྩིའོ། །

ལྔ་པ། <<འཇམ་དཔལ་རྩ་རྒྱུད་>>ཀྱི་མ་ཕྱི་དངོས་རྒྱ་དཔེར་དཔྱད་པ།

༼འཛམ་དཔལ་རྩ་རྒྱུད་༽ཀྱི་མ་ཕྱི་དངོས་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་རྒྱ་དཔེ་དེ་ཉིད་ཀྱི་ཞལ་བྱང་ན། ༼ཨཱརྱམྙ ཇུཤྲཱི་འམུལཀལྤཿ༽༤༢ཞེས་སུ་མཆིས་ཤིང༌། དེ་ཡི་ལེའུ་ང་གསུམ་པ་རྒྱལ་པོ་ལུང་བསྟན་པའི་ལེའུ་དང༌། ལེའུ་ང་བཞི་པ་ཉེས་དམིགས་ཀྱི་ནུས་པ་བསྟན་པའི་ལེའུ་གཉིས་བོད་བསྒྱུར་མའི་ནང་ལེའུའི་བཅད་མཚམས་གང་ཡང་མེད་པར་གཅིག་ཏུ་སྦྲེལ་ཏེ་ལེའུ་མཐའ་མ་སོ་དྲུག་པར་བཞུགས་ཕྱིར། རྒྱ་དཔེ་འདི་ཉིད་བོད་བསྒྱུར་མ་དང་བསྡུར་ཚེ་རྒྱས་བསྡུས་དང་ལེའུའི་གྲངས་ཀྱང་མང་བར་གནས་ཡོད།
ད་ལམ་མ་ཕྱི་འདི་ཉིད་ལ་རྟོག་ཞིབ་བྱས་པ་བརྒྱུད་ལེགས་སྦྱར་གྱི་སྐད་རང་ནའང་ལོ་བརྒྱ་འདས་པ་དང་མཚོ་བྲི་བ་སོགས་གླེང་པའི་ལུང་ཚིག་ཅིག་ཡེ་ནས་མི་གསལ་བས། བོད་ཡུལ་དུ་འགྲོ་བ་མི་ཆགས་རབས་ཀྱི་ལོ་དུས་སྟོན་པའི་ལུང་ཞིག་༼འཇམ་དཔལ་རྩ་རྒྱུད་༽ཀྱི་རྒྱ་དཔེ་དངོས་ནའང་མེད་པར་ཤེས་སོ། །
ཡིན་ནའང་ལུང་དེ་དང་ཕྱོགས་མཚུངས་ཙམ་ཏེ། ནང་དོན་དུ་’མྱ་ངན་འདའ་བ་’དང༌། ‘ཁ་བ་ཅན།’ ‘སཱ་ལའི་ནགས་’ཞེས་གསལ་བའི་ཚིགས་བཅད་ཅིག་ལེགས་སྦྱར་སྐད་དུ་ཡོད་པ་ནི། ༼ཨཱརྱམྙཇུཤྲཱི་འམུལཀལྤཿ༽ལས། “ཨརྷནྟཿཤྲཱབཀཱ་མཧྱཾ་ནིརྦཱཎཾ་མེ་ཡདཱ་བྷུབི། །ཨབྷཱུཏ྄་སཱལབནེ་མདཧྱེ། །ཧིམབྟྐུཀྵིསཾབྷབེ།”༤༣ །ཞེས་བྱུང་བ་འདིའོ།།
འོན་ཀྱང་འདི་ནི་སྡེ་དགེའི་བཀའ་འགྱུར་གྱི་༼འཇམ་དཔལ་རྩ་རྒྱུད་༽ལས། “དགྲ་བཅོམ་ཉན་ཐོས་དག་ཀྱང་ཉོན། །ང་ནི་ས་སྟེང་མྱ་ངན་འདའ། ཁ་བ་ཅན་གྱི་ནང་དག་ཏུ། །སཱ་ལའི་ནགས་ནི་ཡང་དག་འབྱུང༌།”༤༤ །ཞེས་གསུངས་པའི་དོན་དུ་གནས་པ་ཙམ་ལས། ལོ་བརྒྱ་འདས་པ་དང་མཚོ་བྲི་བ་སོགས་ཀྱི་སྐོར་ཅི་ཡང་མི་སྣང་ཞིང༌། དེ་དག་གི་འགྲོས་དང་ཡང་ཡེ་ནས་མི་ཉེའོ། །
དེས་ན་འདིར་གནད་དོན་ཞིག་ངོ་འཕྲོད་པ་ནི། ཕལ་ཆེར་ཚིགས་བཅད་འདི་ལ་བརྟེན་ནས་འབྲུག་པ་ཀུན་མཁྱེན་གྱིས་ལོ་བརྒྱ་འདས་པ་དང་མཚོ་བྲི་བ་སོགས་སུ་བཅོས་པར་སྣང་ལ། བཤད་ཡམ་དེའི་སྟེང་དུ་སྡེ་སྲིད་ཀྱིས་ང་ཡི་དུས་ནས་སོགས་སུའང་བསྒྱུར་བར་ངེས་སོ། །
འོ་ན་རྒྱ་དཔེར་གསལ་བའི་ལུང་ཚིག་དེས་ཅི་ཞིག་སྟོན་ཞེ་ན། དེས་ཐུབ་པ་རང་ཉིད་གང་དུ་མྱ་ངན་འདའ་བར་བྱ་བའི་ཡུལ་དེ་ཉིད་ལུང་བསྟན་པ་ཡིན་ཏེ། ཚིགས་བཅད་དེའི་མཚམས་སུ། ༼ཨཱརྱམྙཇུཤྲཱི་འམུལཀལྤཿ༽ལས། “ནདཡཱཾ་ཧིརཎཡབཏཡཱཡཱཾ་མལླཱནཱམུཔབརྟནེ། །ཡམཀཤཱལཀབནེ་མདཧྱེ་ནིརྦཱཎཾ་མེ་བྷབིཥཡཏི།”༤༥ །ཞེས་གསལ་བ་ཡང་བོད་བསྒྱུར་མ་ལས། “གསེར་དང་ལྡན་པའི་ཆུ་བོ་དང༌། །གྱད་རྣམས་ཀྱི་ནི་ཉེ་འཁོར་དུ། །སཱ་ལ་ཟུང་གི་ནགས་ནང་དུ། །ང་ནི་མྱ་ངན་འདའ་བར་འགྱུར།”༤༦ །ཞེས་ཀྱང་བྱུང་བས་སོ། །
ལུང་ཚིག་དེ་ལྟར་ན་ཁ་བ་ཅན་གྱི་རྒྱུད། ཆུ་བོ་གསེར་ལྡན་འབབ་ས། གྱད་ཀྱི་ཡུལ་དང་ཉེ་བ། ཤིང་སཱ་ལའི་ནགས་ཀྱིས་ཁེངས་པ་བཅས་ནི། རྩྭ་མཆོག་གྲོང་བྱ་བའི་ཡུལ་དེར་འཁེལ་སྟབས། ཚིགས་བཅད་དེས་ཀྱང་ཡུལ་དེ་ཉིད་ལུང་བསྟན་པས་མ་ཚད། ཐུབ་པའང་དངོས་སུ་ཡུལ་དེ་རང་དུ་མྱ་ངན་ལས་འདས་པ་སོགས་སྔ་ཕྱི་ཀུན་མཐུན་པས་ཀྱང་ཤེས་སོ། །

དྲུག་པ། རྒྱ་དཔེར་གསལ་བའི་”ཁ་བ་ཅན་”ཞེས་པ་བོད་ལ་འཇུག་མིན།

འོ་ན་ལུང་ཚིག་དེར་ཁ་བ་ཅན་ཞེས་བྱུང་བས་སོ་ཞེ་ན། ཁ་བ་ཅན་འདི་བོད་ཡུལ་ཁོ་ནར་བྱེད་པ་ནི་བོད་རང་གི་གཏམ་ཡིན་མོད་ཀྱི་འཕགས་ཡུལ་གྱི་གཏམ་ནི་མིན་ཏེ། རྒྱ་གར་པས་ཁ་བ་ཅན་དང་གངས་ཅན་རི་བྱ་བའི་འཇུག་གཞི་གཙོ་ཆེ་བ་དེ་ཧི་མ་ལ་ཡའི་རི་རྒྱུད་དག་ལ་འབོད་པས།༤༧ དེ་དུས་ཀྱི་བོད་ནི་ཧི་མ་ལ་ཡའི་ཕར་རྒྱབ་ཀྱི་ཡར་ཀླུང་སོག་ཁ་ཁོ་ནར་གོ་བས་སོ། །
གཉིས་སུ་རྒྱ་གར་ནང་པའི་གསུང་རབ་ཀྱང་ཁུངས་སུ་དྲངས་ན། ༼འདུལ་བའི་མདོ་༽ཡི་ནང་”གང་ན་སྣོད་ཆུ་འཁྱག་པ་”༤༨ཞེས། ཡུལ་གང་དུ་སྣོད་ཀྱི་ཆུ་རྣམས་འཁྱག་པའམ་དར་དུ་འགྱུར་སའི་གནས་དེ་ནི་ཁ་བ་ཅན་དུ་ངོས་འཛིན་བྱས་པའང་ཡོད་ཅིང༌། ཁྱད་པར་དུ་བལ་ཡུལ་ནི་ཁ་བ་ཅན་གྱི་གནས་ཡིན་པར་འདུལ་བའི་ལུང་དེ་ཉིད་རང་དུ་དངོས་སུ་གསལ་ཡོད།
དེས་ན་༼འཇམ་དཔལ་རྩ་རྒྱུད་༽ཀྱི་རྒྱ་དཔེ་རང་ན་གངས་ཅན་རི་ཡི་རྒྱལ་པོ་རྣམས་ལུང་སྟོན་པའི་སྐབས། “ནེཔཱལམནྜལེ་ཁྱཱཏེ།”༤༩ །ཞེས། “བལ་ཡུལ་ཅེས་ནི་བྱ་བ་ཡི།”༥༠ །བྱུང་བ་དང༌། “ནེཔཱལཱདྷིཔཏིསྟདཱ།”༥༡ །ཞེས། “དེ་ཚེ་བལ་ཡུལ་བདག་པོ་ནི།” །ཞེས་བྱ་བ་སྟེ་བལ་ཡུལ་གྱི་མིང་”ནེ་པཱལ་”ཞེས་པ་སྔ་ཕྱི་གཉིས་དངོས་སུ་གསལ་བཞིན་དུ་འགོས་ལོ་ཙཱ་པས་རྒྱལ་པོ་དེ་རྣམས་བོད་ཀྱི་རྒྱལ་པོ་ཡིན་པར་འདོད་པ་དེ་རྣམས་མཐའ་གཅིག་ཏུ་མི་འཐད་སྟེ། ༼ཨཱརྱམྙཇུཤྲཱི་འམུལཀལྤཿ༽རང་ན། “ནེཔཱལམྜལེ་ཁྱཱཏེ། །ཧིམཱདྲེཿཀུཀྵིམཤྲཱི་ཏེ།”༥༢ །ཞེས་གསལ་བ་ཡང༌། “བལ་ཡུལ་ཅེས་ནི་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པར།”༥༣ །ཞེས་ཚིག་དོན་གཉིས་ཀའི་ཆ་ནས་བལ་ཡུལ་ནི་གངས་ཅན་རི་ཡི་ནང་དུ་ཡོད་པ་དང༌། སྐབས་འདིའི་གངས་ཅན་རི་ནི་བལ་ཡུལ་ལ་འཇུག་པར་ཤིན་ཏུ་གསལ་བར་གསུངས་པས་སོ། །
ད་དུང་རྒྱས་བཤད་མི་དགོས་པའི་གནད་ཅིག་སྟེ། རྒྱལ་པོ་དེ་རྣམས་ཀྱི་མིང་རྣམས་རིམ་པར་བསྒྲིགས་པའི་མཇུག་སྡུད་དུ། ༼ཨཱརྱམྙཇུཤྲཱི་འམུལཀལྤཿ༽ལས། “ཤསྟྲསཾཔཱཏབིདྷྭསྟཱ། །ནེཔཱལཱདྷིཔཏིསྟདཱ།”༥༤ །ཞེས། “དེ་ཚེ་བལ་ཡུལ་བདག་པོ་ནི། །མཚོན་གྱིས་འཐབ་པས་རྣམ་པར་འཇིག” །ཅེས་གངས་ཅན་རི་ཡི་རྒྱལ་པོ་དེ་རྣམས་བལ་ཡུལ་གྱི་བདག་པོ་ཡིན་ཞིང༌། དེ་དག་གི་རྒྱལ་རྒྱུད་མཐའ་མའང་མཚོན་གྱིས་འཇིག་པར་འགྱུར་བར་དངོས་སུ་གསུངས་པ་ལྟར་ལོ་ཙཱ་པ་ཤཱཀྱ་བློ་གྲོས་ཀྱིས་ཀྱང་དོན་ཡང་དག་ཏུ་བསྒྱུར་ཡོད། འོན་ཀྱང༌། འགོས་ལོ་ཙཱ་པས་རྒྱལ་པོ་དེ་རྣམས་བོད་ཀྱི་རྒྱལ་པོ་ཡིན་པར་གསུངས་པའི་མོད་ལ་དཀྱུས་ལས་བྱུང་བའི་མཇུག་སྡུད་ཀྱི་ལུང་འདི་ཉིད་རྩ་ནས་མི་འདྲེན་པར་བསམ་བཞིན་དུ་དོར་ཡོད་པ་ལ་བལྟས་ན། མཇུག་སྡུད་ཀྱི་ལུང་ཚིག་དེ་ནི་གོང་ཞུས་ཀུན་གྱི་ཕག་ན་འགྲེང་བའི་གནས་ལུགས་ངོ་སྤྲོད་བྱེད་པའི་རྡོ་རིང་ཞིག་ཡིན་པར་ཁོ་བོས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་པར་སྤོབས།

ཡང་མཁས་པ་རེ་འགས། “ང་ནི་ས་སྟེང་མྱ་ངན་འདའ།” །ཞེས་བྱ་བ་དེས་ཐུབ་པ་གང་དུ་མྱ་ངན་འདའ་བའི་ཡུལ་ཉིད་ལུང་སྟོན་པར་མཁྱེན་ཏེ། དེའི་ནང་གི་ཁ་བ་ཅན་བྱ་བ་དེ་བོད་ལ་བྱས་ནས་ཐུབ་པའང་བོད་ཡུལ་དིང་རིར་མྱ་ངན་ལས་འདས་པར་བྱས་པའང་འདུག་པས། དེ་ནི་དམ་པ་སངས་རྒྱས་དིང་རིང་མྱ་ངན་ལས་འདས་༥༥པར་གྲགས་པ་དེ་དང་འཁྲུལ་བའོ། །
དེས་ན་རྒྱ་དཔེ་རྣམས་སུ་ལེགས་སྦྱར་སྐད་དུ་ཡོད་པའི་”ཧིའམསཐཱནེ་”ཞེས་’ཁ་བའི་གནས་’དང༌། “ཧིམཱདྲེཿ”ཞེས་’གངས་ཅན་རི།’ “ཧིམབཏ྄་”ཞེས་’ཁ་བ་ཅན་’བྱ་བ་མཐའ་དག་བོད་ཀྱི་མཁས་པ་དག་གིས་རང་ཡུལ་བོད་ལ་བྱས་པ་རྣམས་ནི་མ་བརྟག་པའི་གཏམ་མམ། ཡང་ན་འགོས་ལོ་ཙཱ་པ་དང༌། གཙུག་ལག་འཕྲེང་བ་༥༦ལྟ་བུས་བསམ་གཟས་ནས་ལུང་དོན་ལོག་པར་དྲངས་པའང་ཡིན་སྲིད་པར་སྙམ་མོ། །

བདུན་པ། “སཱ་ལའི་ནགས་”ལ་དཔྱད་པ།

གལ་ཏེ་༼འཇམ་དཔལ་རྩ་རྒྱུད་༽དུ་གསལ་བའི་ཁ་བ་ཅན་དེ་བོད་ཡུལ་ཡིན་པའི་དབང་དུ་བཏང་ཡང༌། ཤིང་”སཱ་ལ་”སྟེ་’སྤོས་དཀར་’གྱི་ལྗོན་ཤིང་ངམ་དེའི་ནགས་ཚལ་ཞིག་བོད་ཡུལ་དུ་མེད་པས་གནས་ལུགས་དང་ཤིན་ཏུ་འགྱངས། དེས་ན་ཀུན་མཁྱེན་འབྲུག་པས་སྤོས་དཀར་འདི་བོད་དུ་མེད་པར་མཁྱེན་ནས། “སཱ་ལ་”ཞེས་པའི་ལུང་དོན་དེ་’ཤུག་པ་’༥༧ལ་མི་འགྲེལ་ཐབས་མེད་དུ་གྱུར།
འོན་ཀྱང་ཕྱིས་ཀྱི་མཁས་པ་ལ་ལས་”སཱ་ལ་”ནི་’སྒྲོན་མེ་ཤིང་’ངམ་’ཐང་ཤིང་’༥༨ཡིན་པར་བྱས་འདུག་ཀྱང༌། དེ་ནི་ལུང་ཚིག་དེ་ཉིད་བོད་ཡུལ་དང་འབྲེལ་བར་བྱེད་པ་ལ་ཐབས་ཟད་སྟེ་བོད་ཡུལ་རེ་འགར་སྐྱེས་པའི་ལྗོན་ཤིང་ཅི་འབྱོར་ལ་འགྲེལ་དགོས་པར་གྱུར་པ་ལྟ་བུར་སྣང༌།
གང་ལྟར་ཅི་ཞིག་བྱས་ཀྱང༌། ཤིང་”སཱ་ལ་”ནི་སྤོས་དཀར་༥༩རང་ཡིན་པས། ཤུག་པ་དང་ཐང་ཤིང་ལས་ལོགས་སུ་ཡོད་པའི་ལྗོན་ཤིང་བོད་ན་མེད་པ་ཞིག་ལགས་ན། དེས་ཀྱང་ལུང་ཚིག་འདི་ཉིད་བོད་ཡུལ་དང་འབྲེལ་བ་མེད་པར་བྱེད་དོ། །

བརྒྱད་པ། ཐུབ་པ་འདས་རྗེས་བོད་མི་བྱུང་བར་བྱས་ཀྱང་ལོ་དུས་ཐུང་བའི་སྐྱོན།

ཡང་ལུང་ཚིག་དེ་འདྲ་རྒྱ་དཔེར་ཡོད་མེད་དང༌། ཁ་བ་ཅན་ཞེས་བོད་ཡུལ་ལ་འཇུག་མིན། ཤིང་སཱ་ལའི་ནགས་ཀྱང་བོད་དུ་སྐྱེས་མིན་སོགས་ལ་སྣང་འཇོག་ཅི་ཡང་མ་བྱས་ཀྱང༌། འདིར་སྐྱོན་གནད་གཞན་ཞིག་ཀྱང་ལྷག་སྟེ། དེ་ནི་ཐུབ་པ་འདས་ནས་སྲོང་བཙན་མ་འཁྲུངས་བར་གྱི་ལོ་དུས་ཐུང་བའི་སྐྱོན་ནོ། །
དེ་ཡང་ཤཱཀྱ་ཐུབ་པ་འདས་ནས་ལོ་བརྒྱ་དང༌། དེ་ནས་བོད་མི་རྣམས་སྤྲེལ་སྲིན་ལས་མི་ཡང་དག་ཏུ་འགྱུར་བར་དུས་ཚོད་ཅུང་ཟད་བཏང་མཚམས་མངའ་མཛད་དང་རྒྱལ་ཕྲན་སོགས་ཅི་ཡང་མ་བྱུང་བའི་ཚུལ་གྱིས་ཐད་ཀར་གཉའ་ཁྲི་བཙན་པོ་བྱུང་བར་བྱས་རུང༌། དེ་ནས་ཀྱང་སྲོང་བཙན་བར་དུ་དུས་ཚོད་ཤིན་ཏུ་ཐུང་བར་འགྲོ་བས། འདིར་ཤཱཀྱ་ཐུབ་པ་འདས་ནས་ལོ་བརྒྱ་ཟིན་མ་ཐག་པའི་སྐད་ཅིག་གཅིག་ཀྱང་མ་བོར་བར་ཐད་ཀར་ཐོག་མ་ཉིད་ནས་བོད་ཀྱི་རྒྱལ་པོ་ལས་སྔ་བ་གཉའ་ཁྲི་བཙན་པོ་དེ་ཉིད་བྱུང་བར་བཙན་ཚུགས་ཀྱིས་འབད་པ་སྟེ། ཐུབ་པ་འདས་ནས་མི་ལོ་བརྒྱ་ཕྱིན་པའི་རྗེས་ཏེ་ཕྱི་ལོའི་སྔོན་གྱི་མི་ལོ་༤༤༤ནས་བརྩིས་ཏེ། དུས་རབས་བདུན་པ་ཕྱི་ལོ་༦༡༧མེ་གླང་༦༠ལོར་སྲོང་བཙན་སྒམ་པོ་འཁྲུངས་པའི་བར་གྱི་མི་ལོ་ཆིག་སྟོང་དྲུག་ཅུ་རེ་གཅིག་དེ་ཉིད། སྲོང་བཙན་བར་གྱི་རྒྱལ་པོ་སུམ་ཅུ་སོ་གཉིས་པོ་༦༡རེ་རེ་ལ་སྙོམས་བགོས་བྱས་ཀྱང༌། མི་རེར་ཆ་སྙོམས་མི་ལོ་སུམ་ཅུ་སོ་གསུམ་ལྷག་མི་བབས་པས། ད་དུང་ཡང་ཤིན་ཏུ་ཐུང་སྐྱོན་ཆེ་ལ། དེ་བས་ཐོ་ཐོ་རི་གཉན་བཙན་གྱིས་གཉན་པོ་གསང་བ་མཆོད་ནས་དགུང་ལོ་བརྒྱ་དང་བརྒྱད་བར་བཞུགས་པར་གྲགས་པ་སོགས་ཇི་སྙེད་ཅིག་ཡོད་པ་རྣམས་འཇོག་ས་མེད་པའི་རྫུན་དུ་འགྲོ་ཉེན་ཆེའོ། །དེས་ན་བོན་ལུགས་དང་མི་མཐུན་པར་ཆོས་འབྱུང་ཕལ་མོ་ཆེར་རྒྱལ་པོ་མང་པོ་ཞིག་མེད་པར་བྱས་འདུག་པ་ཡང་གནད་དོན་འདི་ཉིད་ལ་ཐུག་པ་མིན་ནམ་སྙམ་པའང་འབྱུང་ངོ། །

མཇུག་བསྡུ་བར་བྱེད་པའི་གཏམ།

མདོར་ན་ལུང་ཚིག་དེ་ཉིད་༼འཇམ་དཔལ་རྩ་རྒྱུད་༽ཀྱི་མ་ཕྱི་དངོས་རྒྱ་དཔེར་མེད་པ་དང་གཅིག རྒྱ་དཔེར་གང་ཡོད་པ་རྣམས་བོད་བསྒྱུར་ཐད་ནོར་བ་དང་གཉིས། དེ་ལ་འགོས་ལོ་སོགས་ཀྱིས་དགོས་མཁོར་དམིགས་ནས་འདོར་ལེན་ཅི་རིགས་ཀྱིས་ལུང་དོན་ལོག་པར་དྲངས་པ་དང་གསུམ། དྲངས་པ་ལྟར་དུ་འདོད་ཀྱང་ལུང་དོན་གོང་འོག་བསྡུར་ཚེ་གནོད་སྐྱོན་འབབ་པ་དང་བཞི། ད་དུང་ཁ་བ་ཅན་གྱི་འཇུག་གཞིའི་སྟེང་ནས་ཀྱང་ལུང་དེས་བོད་ཡུལ་མི་སྟོན་པ་དང་ལྔ། བོད་ཡུལ་སྟོན་པའི་དབང་དུ་བྱས་ཀྱང་ཤིང་སཱ་ལའི་ནགས་འདི་བོད་ཡུལ་དུ་མེད་པས་གནོད་པ་དང་དྲུག དེ་དག་ཀུན་འཐད་པའི་དབང་དུ་བཏང་ཡང་མཐའ་མ་ལོ་དུས་ཀྱིས་མི་འདེང་བའི་སྐྱོན་འབབ་པ་བཅས་ཀྱི་སྒོ་ནས་འགལ་འདུ་དུ་མ་ཞིག་ལྷང་ལ་བུད་ཅིང༌། ད་དུང་ཇི་སྙེད་ཅིག་ཀྱང་འབུད་ངེས་སུ་སྣང་བས། ལུང་དེ་ནི་རྡོ་རྗེའི་ལུང་ཞིག་མིན་པ་གསལ་པོར་རྟོགས་པས་མ་ཚད། འབྲུག་པ་ཀུན་མཁྱེན་པད་མ་དཀར་པོ་མཆོག་གིས་ཁྱི་ཤ་བྲིན་ཆེད་ལུག་ཤ་ཡིན་ཞེས་རྔ་མ་སྟོན་པ་དེ་ཡང་ལུག་རྔ་མིན་པར་ཕག་རྔ་ཡིན་པའི་སྒྲུབ་བྱེད་རིམ་བཞིན་བསྒྲིགས་ཏེ་ར་སྤྲོད་རྒྱས་པར་ཞུས་པའི་ཁུལ་གྱིས་བོད་མིའི་བྱུང་རབས་ལོ་ངོ་ཁྲི་ཕྲག་དུ་མས་སྔ་བར་བཞེད་པའི་འདོད་ཚུལ་དེ་དང༌། བོད་ཡུལ་གྱི་ས་འོག་ནས་ཐོན་པའི་མི་རུས་དང་རྫ་ཆས་ལོ་ངོ་ཁྲི་ཕྲག་ཅན་གཉིས་ལའང་འཛུམ་དམུལ་བར་རུང་བའི་རྒྱལ་ཁ་མི་ཆུང་བ་ཞིག་ཕུལ་ཡོད་སྙམ་པའི་སྤོབས་སེམས་ཀྱང་སྐྱེས་སོ། །
དེས་ན་འདིར་དེ་ཙམ་དུ་མ་ཟད་བོད་མིའི་བྱུང་རབས་ལོ་ངོ་སུམ་སྟོང་ཙམ་ལས་མི་སྔ་བའི་སྒྲུབ་བྱེད་དུ་བཀོད་པའི་ལུང་ཚིག་དེ་ཉིད་ཡང་དག་མིན་པར་བསྒྲུབས་པ་འདིས། བོད་མིའི་བྱུང་རབས་ནི་ལོ་ངོ་ཁྲི་ཕྲག་དུ་མས་སྔ་བར་གྱུར་པ་དང༌། སྟོན་པ་གཤེན་རབ་མི་བོ་མཆོག་ཉིད་འཁྲུངས་སྔ་ཞིང་དེའི་བསྟན་པའང་བྱུང་སྔ་བར་ཁུངས་བསྐྱེལ་བའི་སྡོང་འདེགས་སུའང་སྲི་ཞུ་མི་དམན་ཙམ་དུ་གྱུར་ངེས་སུ་ཡིད་ཆེས་སེམས་གཏིང་ནས་བཙའ་བཞིན་པ་ལགས་སོ།། །།

 

མཆན་འགྲེལ།

༡ དཔྱད་གཏམ་འདི་ནི། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་༢༠༠༦ལོའི་ཟླ་བ་༡༡པའི་ཚེས་༣༠དང་ཟླ་བ་༡༢པའི་ཚེས་༡གཉིས་ཀྱི་ཉིན། “བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཚོགས་འདུ།” ཞེས་པ་ཞིག་གོ་སྒྲིག་གནང་བ་དེར་བཅར་སྐབས། བརྗོད་བྱ་འདིའི་སྐོར་ལ་གླེང་སློང་བྱུང་སྟབས་འདི་ཉིད་ཐོག་མར་འབྲི་མགོ་བཙུགས། དེས་ན་འདིར་ཝ་ཎ་བོད་ཀྱི་དཔེ་མཛོད་འགན་འཛིན་བྱམས་པ་བསམ་གཏན་དང༌། ནོར་གླིང་བོད་ཀྱི་རིག་གཞུང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་གཉིས་ཀྱི་རྩོམ་ཤོག་ལས་ཀྱང་ལེགས་ཆ་བཏུས་པ་ཅུང་ཟད་ཡོད་ཅིང༌། གཞན་ཡང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ལོ་རྒྱུས་མཁས་དབང་འབྲོང་ཚ་བཀྲ་ཤིས་ཚེ་རིང་ལགས་དང༌། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ན་ག་སངས་རྒྱས་བསྟན་དར་སོགས་ཀྱི་ཞལ་ཏའང་བཏུས་ལ། ཆབ་མདོ་ཤེས་རབ་ཀྱིས་བྲིས་པའི་༼ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ་༽ལས་བཏུས་པའང་ཅུང་ཙམ་ཡོད།
༢ ༼དེབ་ཐེར་སྔོན་པོ།༽ འགོས་ལོ་ཙཱ་པ་གཞོན་ནུ་དཔལ། ཝཱ་ཎ་བཛ྄་བིདཡ་དཔེ་མཛོད་ཁང་གི་དེབ་གཟུགས། སྟོད་ཆ། ཤོག་ངོས་༼༦༠༽ལས། “བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བ། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད།” ཅེས་གསུངས་པས་ཤེས་སོ། །
༣ ༼བོད་ལྗོངས་ཞིབ་འཇུག༽ ༡༩༨༦ ལོའི་འདོན་ཐེངས་གཉིས་པ། རེབ་གོང་རྡོ་རྗེ་མཁར་གྱི་རྩོམ་བྲིས། ༼བྱང་གི་འབྱུང་ཁུངས་ལ་དཔྱད་པའི་ཐོག་མའི་བསམ་ཚུལ།༽ ཤོག་ངོས་༼༨༠༽ལས། “སྤྱི་ལོ་༡༩༥༦ལོ་དང༌། ༡༩༦༦ལོ། ༡༩༧༦ལོ། ༡༩༧༨ལོ་ལ་སོགས་པའི་ནང་དུ་བོད་ཀྱི་ནག་ཆུ་དང༌། མཚོ་སྔོན་གྱི་འབྲི་ཆུའི་ཆུ་འགོའི་ཐོ་ཐོ་ཧུ་གཙང་པོའི་རྒྱུད་དང༌། ཧུ་ཧུ་ཞི་ལི། སྒོར་མོ་སོགས་དང༌། གཉན་ནང་རྫོང་གི་གཡའ་ལི། ལུག་རར། ཤན་རྩྭ། མཚོ་གཉིས། རུ་ཐོག སྤུ་ཧྲེང༌། སྐྱིད་གྲོང༌། ཁ་རུབ། དིང་རི། ཉིང་ཁྲི་ལ་སོགས་པའི་ཡུལ་དུ་རྡོ་ཆས་རྙིང་པ་དང༌། རྡོ་ཆས་གསར་པ། རྡོ་ཆས་ཞིབ་མོ། རྫ་ཆས། སྲོག་ཆགས་སྒལ་ཚིགས་ཅན་གྱི་རུས་པ། མིའི་རིགས་ཀྱི་རུས་པ། རྫ་དུམ། མེས་ཚིག་པའི་སྲོག་ཆགས་ཀྱི་རུས་པ། ཉ་འཛིན་བྱེད་ཀྱི་རྙི་ལ་མཁོ་བའི་གཏིང་རྡོ། འདབ་ཆགས་དང་རི་དྭགས་ཀྱི་རུས་པ། ཁང་པའི་རྩིག་རྨང་གི་ཤུལ་ལྔ་སོགས་རིག་རྫས་སམ་གནའ་རྫས་བགྲང་བྱའི་ཡུལ་ལས་འདས་པ་ཞིག་གསར་དུ་བརྙེད་པའི་ཐོག་ནས་བོད་འདི་ནི། ལོ་ཁྲི་ཕྲག་གཉིས་སམ་ཁྲི་ཕྲག་གསུམ་གྱི་གོང་རོལ་དུ་བྱུང་བའི་གནའ་བོའི་མི་རིགས་ཤིག་ཡིན་པར་ཁ་ཚོན་བཅད་ཡོད།” ཅེས་གསུངས་སོ། །ནམ་མཁའི་ནོར་བུས་བརྩམས་པའི་༼ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང༌།༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་ངོས་༼༡༣༥༽ལས་བཏུས།
༤ ༼གངས་ལྗོངས་བོད་ཆོས་སྲིད་གཉིས་ལྡན་གྱི་ྋརྒྱལ་ཁབ་ཆེན་པོའི་སྲིད་དོན་གྱི་རྒྱལ་རབས་གསལ་བར་སྟོན་པ་ཟླ་བ་འབུམ་ཕྲག་འཆར་བའི་རྫིང་བུའམ་བློ་གསར་བུང་བ་དགའ་བའི་རོལ་མཚོ།༽ བོད་ཀྱི་སྲིད་དོན་རྒྱལ་རབས། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། ཀ་བློན་སྦུག་ཞྭ་སྒབ་ཤག་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས། གླེགས་བམ་དང་པོ། ཤོག་ངོས་༼༢༡༽ལས། “བར་ལམ་བོད་གཞུང་གི་གློག་ཁང་ཆུ་འདྲེན་ལས་བྱེད་འཇར་མན་(German)མི་རིགས་ཨབ་ཤེ་ན་ཐར་(Aufschnaiter)ལྷ་སའི་ཤར་ཕྱོགས་ཞང་འདབས་ཀྱི་བྲག་འོག་ཅིག་ནས་སྔར་སྔ་མོའི་དུར་ཁང་ཆུང་ངུ་ཞིག་བརྙེད་པའི་ནང་ནས་མིའི་རུས་པ་དང༌། དངོས་པོ་ཁ་ཤས་ཐོན་པ་དེ་དག་སུད་ཛ་ལན་ཌའི་(Switzerland)མི་རུས་བརྟག་དཔྱད་ཁང་ནང་ཞིབ་འཇུག་སྐབས་ལོ་སུམ་སྟོང་སྔོན་གྱི་མིའི་རུས་པ་ཡིན་ཚུལ་བཤད་བྱུང་ཞེས་ཨབ་ཤེ་ན་ཐར་(Aufschnaiter)ངོ་མ་རང་ནས་ང་རང་ལ་གསུངས་བྱུང༌།” ཞེས་གསུངས་ཤིང༌། དེ་དང་ཕྱོགས་མཚུངས་སུ་༼སྣར་སྐྱིད་ངག་དབང་དོན་འགྲུབ་ཀྱི་རྩོམ་ཤོག་༽ནང་ྋགོང་ས་མཆོག་གི་བཀའ་སློབ་བཀོད་པ་འདི་ལྟར། “དེའི་རིང་དེར་བོད་གཞུང་ནས་ཨཕ་ཤ་ནའེ་ཌར་(Aufschnaiter)ལ་ལྷ་སའི་ཤར་རྒྱུད་རྫ་རི་ཇོ་མོ་སིལ་སིལ་གྱི་རི་འདབས་སུ་གློག་ཁང་ཞིག་འཛུགས་སྐྲུན་བྱེད་དུ་བཅུག་པ་རེད། དེ་དུས་ལྷ་སའི་སྐྱིད་ཆུ་ནས་གློག་ཁང་དེར་ཆུ་འདྲེན་ཡུར་བུ་དྲུས་པའི་འོག་ནས་རྡོ་གཡམ་གྱི་སྒྲོམ་བུ་ཞིག་ཐོན་འདུག སྒྲོམ་བུ་དེའི་ནང་མིའི་ཕུང་པོ་ཆ་ཚང་གི་རུས་པ་དང༌། ཁབ་དང་སྒོ་ལྕགས། སྔོ་ནེ་ཡང་ཡོད་པ་ཞིག་བརྙེད་འདུག དེ་དག་ནས་ཆ་ཤས་ཤིག་ཕྱི་རྒྱལ་དུ་བཏང་ནས་བརྟག་དཔྱད་བྱས་པར། མིའི་རུས་པ་དང༌། དངོས་པོ་དེ་ཚོ་མི་ལོ་སུམ་སྟོང་སྔོན་ནས་བྱུང་ཟིན་པ་ཚན་རིག་གི་ཐོག་ནས་ར་འཕྲོད་བྱུང་འདུག” ཅེས་པ་འཁོད་པ་མ་ཟད། “བོད་ཀྱི་ལོ་རྒྱུས་བགྲེ་གླེང་ཚོགས་འདུ་”ཡི་དབུ་འབྱེད་སྐབས་ྋགོང་ས་མཆོག་གིས་ཀྱང་འདི་བཞིན་དངོས་སུ་གསུངས་སོང༌།
༥ “མེ་སྤྲུལ། སྤྱི་ལོའི་གོང༌། ༥༤༤ གནས་བརྟན་སྡེ་པའི་ལུགས་ཀྱི་སངས་རྒྱས་འདས་ལོའི་དང་པོ་ཡིན།” ཞེས། ༼བོད་རིག་པའི་ཚིག་མཛོད་ཆེན་མོ་ཤེས་བྱ་རབ་གསལ།༽ དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་ངོས་༼༢༢༡༤༽ལས་གསལ།
༦ ༼རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།༽ དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གཉིས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་ངོས་༼༣༥༽ལས། “ད་ལྟ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་འདི་བར་སྟོན་པ་འདས་ནས་ལོ་ཉིས་སྟོང་གྱ་དྲུག་སོང༌། མྱ་ངན་ལས་འདས་པའི་ལོ་དེ་རྒྱ་རྩིས་ཀྱི་མེ་སྦྲུལ་ཡིན།” །ཞེས་གསུངས་པ་ལྟར་རོ། །
༧ ༼བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ།༽ དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་ངོས་༼༢༣༥༽ལས། “སྟོན་པ་འདས་པའི་ལོ་གང་ཡིན་ལ་ཡང་མཁས་པ་རྣམས་ཤིན་ཏུ་མི་མཐུན་མོད་ཀྱི། འདིར་བཀོད་པ་ནི་ལྷོ་ཕྱོགས་སིངྒྷལ་པའི་གནས་བརྟན་པ་དག་གི་ལུགས་དེ་ཡིན་ཞིང༌། བརྩི་ཚུལ་ཀུན་གྱི་ནང་ན་འདི་ཉིད་ཁོ་ན་རྒྱུ་མཚན་ཆེ་བར་མཐོང་སྟེ། ་་་་་་ཞེས་པ་ནས་་་་་་ སྟོན་པ་འདས་ནས་ཉིས་སྟོང་ལྔ་བརྒྱ་ལས་མི་མང་བ་ནི། སྙིང་རྗེ་པད་དཀར་དང༌། ལྷ་ལས་ཕུལ་བྱུང་གི་འགྲེལ་པར་སྟོན་པ་འདས་ནས་ལོ་བརྒྱ་ན་མྱ་ངན་མེད་འབྱུང་བར་གསུངས་ཤིང༌། ་་་་་ཞེས་པ་ནས་་་་་ དེའི་ཕྱིར་ཉན་ཐོས་སྡེ་པའི་བསྟན་རྩིས་འདི་ཁོ་ན་རྒྱུ་མཚན་ཅི་བས་ཀྱང་ཆེ་བ་ཡིན་ཞིང༌། གལ་ཏེ་ནོར་ན་ཡང་ལོ་བཅུ་སྐོར་འགའ་ཞིག་གིས་ཆད་ལྷག་འབྱུང་སྲིད་པ་ཙམ་ཡིན་གྱི། སྟོང་གྲངས་ཕར་ཟད་བརྒྱ་གྲངས་ལ་ཡང་ནོར་བའི་གནས་མེད་དོ། །སྔར་རྒྱ་བལ་ཁ་ཆེ་ཀུན་ཏུ་ཡང་མཁས་པ་རྣམས་བརྩི་ཚུལ་འདི་ཉིད་ལ་ཆ་འཇོག་པར་འདུག་ལ། སྤྱིར་སྔ་མོའི་དུས་སུ་ཉན་ཐོས་ཀྱི་དགོན་པ་རྣམས་ན་སངས་རྒྱས་འདས་ནས་ལོ་ཟླ་ཞག་གྲངས་ཇི་སོང་གི་ཐོ་ཉི་མ་རེ་བཞིན་འདེབས་སྲོལ་ཡོད་འདུག་པས་འདི་འདྲ་ཁུངས་སུ་མི་ཆེ་ན་གཞན་ཅི་ཞིག་ལ་རྟོན། ་་་་་ཞེས་པ་ནས་་་་་་ དེས་ན་སྒོ་དུ་མ་ནས་བསམ་ཚེ་གནས་བརྟན་པའི་བསྟན་རྩིས་དེ་ཁོ་ན་ཁུངས་བཙན་པར་མཐོང་ནས། ཁོ་བོས་ཀྱང་འདིར་རྒྱལ་རབས་ཀྱི་གཞི་རྣམས་དེ་ལ་བརྟེན་ཏེ་བརྩིས་སོ།” །ཞེས་གསུངས་པ་ལྟར་རོ། །
༨ ༼དུང་དཀར་ཚིག་མཛོད་ཆེན་མོ།༽ གོང་མཚུངས། ཤོག་ངོས་༼༢༢༠༦༽ལས། “ཤིང་སྤྲེལ། སྤྱི་ལོའི་གོང༌།༢༡༣༧ ཇོ་བོ་རྗེ་ཨ་ཏི་ཤའམ། སྟོད་ལུང་པ་ཇོ་བོ་ཚུལ་ཁྲིམས་འབར་གྱིས་མཛད་པའི་བསྟན་རྩིས་ལྟར་ན། ལོ་འདིར་སྟོན་པ་སངས་རྒྱས་སྐུ་མྱ་ངན་ལས་འདས།” ཞེས་དང༌། དེ་བཞིན་ཤོག་ངོས་༼༢༢༠༧༽ལས། “མེ་ཡོས། སྤྱི་ལོའི་གོང༌། ༡༠༡༤ ཇོ་བོ་རྗེ་ཨ་ཏི་ཤས་བསམ་ཡས་སུ་མཛད་པར་གྲགས་པའི་བསྟན་རྩིས་ལྟར་ན། ལོ་འདིར་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་༡༡༢༣སོང་བར་བཞེད། ས་ལུགས་ལྟར་ན་སངས་རྒྱས་འདས་ལོ་༡༢༢༡སོང་བར་བཞེད།” ཅེས་སོ། །ཡང་དེ་ཉིད་ཀྱི་ཤོག་ངོས་༼༢༢༠༨༽ལས། “ཆུ་བྱ། སྤྱི་ལོའི་གོང༌། ༩༤༨ ཙན་དན་ཇོ་བོའི་ལོ་རྒྱུས་ལྟར་ན། ལོ་འདིར་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་པར་བཤད་པ་དང༌། དེབ་སྔོན་ལས་ཀྱང་འདི་དང་མཐུན་པར་གསུངས།” ཞེས་གསུངས་སོ། །ཡང་ཤོག་ངོས་༼༢༢༡༠༽ལས། “ལྕགས་འབྲུག སྤྱི་ལོའི་གོང༌། ༨༨༡ ཕུག་ལུགས་པ་རྣམས་ཀྱིས་ལོ་འདིའི་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་རྩ་རྒྱུད་གསུངས། ཟླ་བ་བཞི་པའི་ཚེས་བཅོ་ལྔའི་མཚན་ཐུན་ཐ་མར་མྱ་ངན་ལས་འདས་པར་བཞེད།” ཅེས་གསུངས་པ་ལྟར་རོ། །ཡང་ཤོག་ངོས་༼༢༢༡༠༽ལས། “ཆུ་ལུག སྤྱི་ལོའི་གོང༌། ༨༧༨ ་་་་་་་་ཞེས་པ་ནས་་་་་་་་ བུ་སྟོན་རིན་པོ་ཆེ་སོགས་ཀྱིས་སངས་རྒྱས་སྐུ་འདས་པར་བཞེད།” ཅེས་སོ། །ད་དུང་དེ་ཉིད་ཀྱི་ཤོག་ངོས་༼༢༢༡༡༽ལས། “མེ་སྟག སྤྱི་ལོའི་གོང༌། ༨༣༥ བུ་སྟོན་རིན་པོ་ཆེ་དང༌། དགེ་ལུགས་སྐར་རྩིས་པ་རྣམས་ཀྱིས་ལོ་འདིར་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་པར་གསུངས།” ཞེས་སོགས་གསུངས་པ་ལྟར་རོ། །
༩ ༼བོན་དང་འབྲེལ་བར་བོད་ཀྱི་ལོ་རྒྱུས་ཀྱི་དུས་ཚིགས་དང་དོན་དངོས་འགར་ཞིབ་མོར་དཔྱད་པ།༽ བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། ༼བོན་སྒོ་༽འདོན་ཐེངས་བཅུ་གསུམ་པ། ཤོག་ངོས་༼༣༨༽ལས། “བན་དེའི་ལུགས་ལ་བཞེད་པ་མི་མཐུན་པ་དགུ་ཡོད་དེ། ༡༽སྤྱི་ལོའི་སྔོན་གྱི་ལོ་༥༣༩ཆུ་ཁྱི་ལ་འཁྲུངས་པར་འདོད་པ་ནི། གཡས་རུ་སྟག་ཚང་གི་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ལུགས་ཡིན། ་་་ཞེས་པ་ནས་་་་ ༢༽སྤྱི་ལོའི་སྔོན་༤༡༧ཤིང་བྱི་ལ་འཁྲུངས་པ་སུམ་པས་བཞེད། ༣༽སྤྱི་ལོའི་སྔོན་༣༡༣ས་སྤྲེལ་ལ་འཁྲུངས་པ་ས་སྐྱའི་ཡིག་རྙིང་དུས་གསལ་སྒྲོན་མེའི་ལུགས། ༤༽སྤྱི་ལོའི་སྔོན་༢༣༧ཤིང་བྱི་ལ་འཁྲུངས་པ་སྡེ་སྲིད་ཀྱི་བཻ་དཀར་དང༌། འཇམ་དབྱངས་བཞད་པའི་བསྟན་རྩིས། བླ་བྲང་གདན་རབས་སོགས་ཀྱི་ལུགས། ༥༽སྤྱི་ལོའི་སྔོན་༢༠༠ལྕགས་གླང་ལ་འཁྲུངས་ཞེས་ས་ཆེན་གྲགས་རྒྱན་བཞེད། ༦༽སྤྱི་ལོའི་སྔོན་༡༩༥མེ་རྟ་ལ་འཁྲུངས་པ་གཙུག་འཕྲེང་བཞེད་ལུགས་གཅིག ༧༽སྤྱི་ལོའི་སྔོན་༡༣༤མེ་ལུག་ལ་འཁྲུངས་པ་ས་སྐྱ་འཕགས་པའི་ལུགས། ༨༽སྤྱི་ལོའི་སྔོན་༡༢༧ཤིང་སྟག་ལ་འཁྲུངས་ཟེར་བ་རྒྱལ་བའི་མཛད་རྣམ། རྫོགས་ཆེན་དཔལ་སྤྲུལ། ༩༽སྤྱི་ལོའི་སྔོན་༡༡༥མེ་སྟག་ལ་འཁྲུངས་ཟེར་བ་གཙུག་འཕྲེང་གི་བཤད་ལུགས་གཉིས་པ།” ཞེས་གསུངས་པ་ལྟར་རོ། །
༡༠ ༼དེབ་ཐེར་སྔོན་པོ།༽ གོང་མཚུངས། སྟོད་ཆ། ཤོག་ངོས་༼༦༠༽ལས། “དེ་ལ་བཅོས་མ་ལ་དགའ་བ་ཁ་ཅིག་གིས་དམ་པ་སངས་རྒྱས་ཀྱིས་བོད་དུ་ལན་བདུན་བྱོན་པའི་དང་པོ་བོད་ཆུ་ཡིས་གང༌། གཉིས་པ་ལ་ཆུ་བྲི་ཞིང་རྩི་ཤིང་ནགས་ཚལ་དང་ཤ་རྐྱང་ཐོ་རེ་བ་ཡོད་ཟེར་བ་ལ་སོགས་པ་ཡོད།” ཅེས་གསལ།
༡༡ ནང་དོན་ལི་ཡུལ་ལུང་བསྟན་པའི་མདོ་དང་འདྲ། གདོང་དམར་ཅན་གྱི་ཡུལ་དུ་ང་ཡི་བསྟན་པ་དར་སོགས་གསལ་བས། ཕྱིས་གདོང་དམར་ཅན་གྱི་ཡུལ་དེ་བོད་ཡུལ་དུ་བྱས་ཏེ་དེ་ཉིད་ལུང་ལུང་བསྟན་པར་ཡང་བྱས་སོ། །
༡༢ ༼ལྷ་ལས་ཕུལ་བྱུང་གི་བསྟོད་པ།༽ རྒྱ་གར་གྱི་སློབ་དཔོན་བདེ་བྱེད་བདག་པོ་ཞེས་ཐོག་མར་མུ་སྟེགས་པ་ཡིན་ཡང་རྗེས་སུ་ནང་པའི་ཆོས་ལ་ཞུགས་པ་ཞིག་གིས་སྟོན་པ་བཅོམ་ལྡན་འདས་ནི་ལྷ་ཆེན་དབང་ཕྱུག་ལས་ཀྱང་ཕུལ་དུ་བྱུང་བའི་དགེ་མཚན་མང་པོ་དྲངས་ཏེ་བསྔགས་པའི་བསྟན་བཅོས་ཞིག་གོ། །བསྟན་འགྱུར་གྱི་བསྟོད་ཚོགས་སུ་བཞུགས།
༡༣ ༼ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་པ།༽ རྒྱ་གར་གྱི་སློབ་དཔོན་ཤེས་རབ་གོ་ཆས་མཛད། བསྟན་འགྱུར་གྱི་བསྟོད་ཚོགས་སུ་བཞུགས་པའི་ནང༌། འཇིག་རྟེན་ཆགས་ནས་རིང་པོར་མ་ལོན་པའི་དུས་སུ་རྒྱལ་པོ་སྐྱ་སེང་བུ་ལྔ་དང༌། སྒྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་སྐབས་སྒྲ་ངན་དཔུང་ཚོགས་ཕམ་ནས་བུ་ཐ་ཆུང་རུ་པ་ཏི་དེ་ཉིད་རི༷་ཁ༷་བ༷་ཅ༷ན་གྱི་ཁྲོད་དུ་བྲོས་པར་གྲགས་པ་མུ་སྟེགས་པའི་རིག་བྱེད་ཀྱི་གཏམ་རྒྱུད་ལྟར་བཀོད་ཡོད། འདི་ཡི་རི༷་ཁ༷་བ༷་ཅ༷ན་ཞེས་པ་ལ་སྙད་དེ་བོད་ཀྱི་ཐུབ་བསྟན་རིང་ལུགས་པ་ལ་ལས་རུ་པ་ཏི་དེ་ཉིད་བོ༷ད་དུ་སླེབས་པར་སྒྲོས་ནས་དེ་ལས་བོད་མི་རྣམས་གྲོལ་བར་བཤད་ཕྱོགས་ཤིག་གསར་དུ་བཏོད་ཡོད།
༡༤ ༼བུ་སྟོན་ཆོས་འབྱུང༌།༽ བུ་སྟོན་རིན་ཆེན་གྲུབ། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་ངོས་༼༡༨༠༽ལས། “སྤྱིར་བོད་ཀྱི་ཡུལ་དུ་མིའི་འགྲོ་བ་དང་པོ་བྱུང་ཚུལ་ནི། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་པར། སྐྱ་སེང་བུ་ལྔ་དང༌། དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པའི་དུས་སུ་རྒྱལ་པོ་རུ་པ་ཏི་ཞེས་པ་དམག་སྟོང་ཕྲག་གཅིག་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ཏེ་རི་གངས་ཅན་གྱི་གསེབ་ཏུ་བྲོས་པ་ལས་འཕེལ་བ་ཡིན་པར་བཤད།” ཅེས་གསུངས་སོ། །
༡༥ ༼ཆོས་འབྱུང་མཁས་པའི་དགའ་སྟོན།༽ སྟོད་ཆ། དཔའ་བོ་གཙུག་ལག་འཕྲེང་བ། མི་རིགས་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་ངོས་༼༡༥༨༽ལས། “ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ཤེས་རབ་གོ་ཆས་མཛད་པར། སྔོན་སྐྱ་སེང་བུ་ལྔ་དང༌། སྒྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པ་ན་རྒྱལ་པོ་རུ་པ་ཏི་ཅེས་པ་འཁོར་བརྒྱ་དང་བཅས་པ་བུད་མེད་ཀྱི་ཆས་སུ་ཞུགས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་བྲོས་པ་འཕེལ་བ་ལ་དེང་སང་ཡང་བོད་ཅེས་གྲགས་སོ། །ཞེས་བྱུང་བ་ཡང་བོད་མི་མཐའ་དག་གི་ཁུངས་ནི་མ་ཡིན་ཏེ། རུ་པ་ཏི་གཉའ་ཁྲི་བཙན་པོར་བྱེད་ན་དེའི་གོང་དུ་མི་མང་དུ་ཡོད་པར་གྲགས་པ་དང་འགལ་བའི་ཕྱིར་དང༌། མིན་ན་བོད་ཡུལ་ན་ཤཱཀྱའི་རྒྱལ་བརྒྱུད་གཞན་ཡོད་པར་ཐལ་བའི་ཕྱིར་རོ། །དེས་ན་དེ་དག་ནི་བོད་དང་ཉེ་བ་མོན་ཡུལ་ཁ་ཅིག་ལ་བོད་ཀྱི་སྒྲར་བྱས་པ་དུ་མ་སྣང་བའི་དེ་ལྟ་བུ་ཞིག་ཏུ་ཟད་ཏོ། །ཡང་སྔོན་རབས་པ་མང་པོ་ཞིག་རྒྱལ་པོ་སྐྱ་སེང་དང་དམག་བརྒྱ་པ་གཉིས་དུས་གཅིག་ལ་སྐྱེས། ཕྱིས་རྒྱལ་སྲིད་རྩོད་པ་ན་དམག་བརྒྱ་པ་ལ་བུ་བརྒྱ་ཡོད་པས་དམག་བརྒྱ་པར་གྲགས་ཤིང༌། སྐྱ་སེང་གིས་ལྷ་མཆོད་པས་དྲང་སྲོང་གིས་མི་མ་ཡིན་གྱི་བུ་ལྔ་བྱིན། དེ་རྣམས་ལ་ཡོན་ཏན་ཅི་ཡོད་དྲིས་པས་སོ་སོར་སྨྲོས་ཅིང༌། སྲིད་སྒྲུབ་ཀྱིས་དམག་བརྒྱ་ཐམ་པ་ཐུབ་བྱས་པས། ཉམ་སད་པའི་ཕྱིར་འོ་ན་དམག་བརྒྱ་པ་ཐུལ་ཞིག་བྱས་པས་དེས་ཕ་དང་གོ་དགུ་པོ་བསད། ཐ་ཆུང་རུ་པ་ཏི་མཚན་དང་ལྡན་པ་དེ་བཙོན་དུ་ཁྲིད་ནས་འོངས། སྐྱ་སེང་གིས་གསོད་པར་འཕངས་ནས་ཟངས་ནང་དུ་ཟས་སྐོམ་དང་གོས་དང་བཅས་ཏེ་ཆུར་བསྐྱུར་བ་ཞིང་པས་རྙེད་ནས་གསོས། ཕྱིས་བོད་ཡུལ་དུ་བྱོན་ནས་རྗེ་མཛད་ཟེར་ཡང་ལྷ་སའི་བཀའ་ཚིགས་ཆེན་མོར་གཉའ་ཁྲི་བཙན་པོ་ནས་ཐོ་ཐོ་རིའི་བར་ལོ་ལྔ་བརྒྱ་སོང༌། ཐོ་ཐོས་བརྒྱ་དང་ཉི་ཤུ་ཐུབ། དེ་ནས་སྲོང་བཙན་གྱི་བར་གྱི་བཞི་ལ་བརྒྱ་དང་བཅུ་གཅིག་སོང་བར་བཤད་པས་སྟོན་པ་འདས་ནས་ལོ་མང་ཞིག་ན་བོད་རྗེ་བྱོན་པར་གསལ་ལ། དམག་བརྒྱ་པའི་བུ་རུ་པ་ཏི་སོགས་སྟོན་པ་མ་བྱོན་པའི་གོང་དུ་བྱུང་བར་ངེས་སོ། །དེས་ན་སངས་རྒྱས་མྱ་ངན་ལས་འདས་ནས་རིང་ཞིག་ལོན་པ་ན་ཤཱཀྱ་ལི་ཙཱ་ཝིའི་རྒྱུད་པ་མཚན་དཔེ་དང་ལྡན་པ་ཅིག་བོད་དུ་བྱོན་ནས་རྗེ་མཛད་པར་གསལ་ལ། དེ་མཚན་རུ་པ་ཏིར་གཅིག་པ་ཙམ་བྱུང་བ་མི་འགལ་ལོ། །འོན་ཀྱང་དེ་ཉིད་ཀྱི་ལོ་རྒྱུས་ངེས་པ་ཅན་བོད་དུ་སྔོན་གྲགས་མི་སྣང་ངོ༌། །ཀ་བཀོལ་མ་ལས་ཤཱཀྱ་རི་བྲགས་པའི་རྒྱུད་པ་ཅེས་སྣང་ཡང༌། འཇམ་དཔལ་རྩ་རྒྱུད་ལས། ལི་ཙཱ་ཝི་རྣམས་རིགས་སུ་བྱུང༌། །ཞེས་ལུང་བསྟན་པས་ཡི་གེ་ཉམས་པར་ཟད་སྟེ་ཀ་བཀོལ་མའི་ཕྱི་མོ་ནུབ་ནས་ཕྱིས་ལྷ་སའི་དཀོན་གཉེར་གྱི་ངག་ལས་བྲིས་ཟེར་བ་སོགས་དུ་མ་སྣང་བའི་ཕྱིར་རོ།” །ཞེས་སོགས་གསུངས་པས་སོ། །
༡༦ ༼མཁས་པའི་དག་སྟོན།༽ གོང་མཚུངས། སྟོད་ཆ། ཤོག་ངོས་༼༡༥༧༽ལས། “སྟོན་པ་ཤཱཀྱའི་རྒྱལ་པོ་བྱོན་པའི་འོག་ཏུ་སྐྱ་སེང་བུ་ལྔ་སོགས་བྱུང་བར་བྱས་ནས་རུ་པ་ཏི་ལུང་བསྟན་གྱི་མདོ་ཡོད་བྱ་བ་དང༌།” ཞེས་སོགས་ཀྱིས་ངེས་སོ། །
༡༧ ༼ལྷ་སའི་དཀར་ཆག་གམ་བཀའ་ཆེམས་ཀ་ཁོལ་མ།༽ ཕྱི་ལོའི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་གསུངས་ཤིང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དཱི་པཾ་ཀ་ར་ཡིས་ཕྱི་ལོ་༡༠༤༢ཀྱི་རྗེས་ཙམ་དུ་ལྷ་ལྡན་གཙུག་ལག་ཁང་གི་ཀ་བ་ཤིང་ལོ་ཅན་ལས་གཏེར་དུ་བཞེས་པར་གྲགས། ༼བཀའ་ཆེམས་ཀ་ཁོལ་མ་༽འདིའི་ཕྱི་མོ་ནུབ་ནས་ཕྱིས་ལྷ་སའི་དཀོན་གཉེར་གྱི་ངག་ལས་བྲིས་ཟེར་བ་ཞིག་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་གསལ་བ་གོང་ལྟར་རོ། །
༡༨ ༼མ་ཎི་བཀའ་འབུམ།༽ ཆོས་རྒྱལ་སྲོང་བཙན་སྒམ་པོས་བརྩམས་པར་གྲགས་པའི་བོད་ཀྱི་ལོ་རྒྱུས་གསལ་བའི་སྒྲུབ་སྐོར། གྲུབ་ཐོབ་དངོས་གྲུབ་ཀྱིས་ལྷ་སའི་གཙུག་ལག་ཁང་གི་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་འཁོར་རྟ་མགྲིན་གྱི་ཞབས་གཡས་པའི་འོག་ཏུ་གཏེར་ནས་བཞེས།
༡༩ ༼བསམ་ཡས་ཀྱི་དཀར་ཆག་ཆེན་པོ༽འམ་༼སྦ་བཞེད།༽ ཕྱི་ལོའི་དུས་རབས་བརྒྱད་པར་བྱུང་བའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་སྟེ། སྦ་གསལ་སྣང་ངམ་སྦ༷་ཡེ་ཤེས་དབང་པོ་ཞུ་བ་དེས་བཞེ༷ད་པར་གྲགས། འདི་ཉིད་ཁུངས་བཙན་དུ་འདོད་པ་དང༌། ལྷད་ཅན་དུ་བཞེད་པ། དེ་མིན་གཙང་མ་དང་ལྷད་ཅན་རིགས་གཉིས་སུ་ཡོད་པའང་འདོད།
༢༠ ༼བཀའ་ཐང་སྡེ་ལྔ།༽ ཕྱི་ལོའི་དུས་རབས་བརྒྱད་པའི་ནང་སློབ་དཔོན་པད་མ་འབྱུང་གནས་ཀྱིས་གསུངས། ཡར་རྗེ་གཏེར་ཆེན་ཨོ་རྒྱན་གླིང་པ་མཆོག་གྲུབ་རྒྱལ་པོས་རབ་བྱུང་བཞི་པའམ་ལྔ་པའི་ནང་གཏེར་ནས་བཏོན་པར་གྲགས།
༢༡ ༼ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན།༽ མཚན་བྱང་དུ་ལྡེའུ་ཇོ་སྲས་ཀྱིས་མཛད་པ་ཞེས་འཁོད་པས་༼ལྡེའུ་ཆོས་འབྱུང་༽ཞེས་ཀྱང་འབོད། འདི་དང་༼མཁས་པ་ལྡེའུའི་ཆོས་འབྱུང་༽གཉིས་རྒྱས་བསྡུས་ཙམ་ལས་གཞི་རྩའི་ཚིག་སོགས་འདྲ་ཟེར། རྔོག་ལོ་བློ་ལྡན་ཤེས་རབ་བྱོན་པ་ཡན་ཆོད་ལས་མན་ཆོད་ཀྱི་ལོ་རྒྱུས་སོགས་གང་ཡང་མ་འཁོད་པ་ལ་བརྟགས་ན། ཕལ་ཆེར་ཕྱི་ལོ་༡༡༠༩ལོའི་གོང་རོལ་དུ་བརྩམས་པར་སྣང༌།
༢༢ ༼ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།༽ གཏེར་སྟོན་གོང་མ་ཉང་རལ་ཉི་མ་འོད་ཟེར་༡༡༢༤།༡༡༩༢གྱིས་བརྩམས།
༢༣ ༼ལྡེའུའི་ཆོས་འབྱུང་རྒྱས་པ།༽ ཁ་མཇུག་གཉིས་ཀར་བྱམཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་བྱཞེས་མཛད་པ་པོའི་རུས་མིང་ཙམ་ལས་མཚན་གསལ་ཁ་མེད། འོན་ཀྱང་མཆོད་བརྗོད་ཀྱི་འགྲེལ་ནང༌། “གང་ཟག་གང་གིས་ཕྱག་བཙལ་ན། སྔོན་བྱུང་རིག་པའི་གནས་ལ་མཁས་པའི་དགེ་བཤེས་ཇོ་འབུམ། ད་ལྟར་མཁས་པ་ཇོ་ནམ།” ཞེས་གསལ་བས། གལ་ཏེ་ལྡེའུ་ཇོ་ནམ་གྱིས་མཛད་པའི་དབང་དུ་བཏང་ན་ཕལ་ཆེར་ཕྱི་ལོ་༡༢༣༠ལོའི་གོང་རོལ་དུ་བརྩམས་པ་ཞིག་ཏུ་འདོད་པར་རིགས་སོ། །
༢༤ ༼བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད།༽ བུ་སྟོན་རིན་ཆེན་གྲུབ་༡༢༩༠།༡༣༦༤ཀྱིས་ཕྱི་ལོ་༡༣༢༢ལོར་བརྩམས་པས། ཡོངས་གྲགས་སུ་༼བུ་སྟོན་ཆོས་འབྱུང་༽ཞེས་འབོད།
༢༥ ༼ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་གསལ་བར་བྱེད་པའི་ཉི་འོད།༽ མཛད་བྱང་དུ་རྒྱལ་སྲས་ཐུགས་མཆོག་རྩལ་གྱིས་མཛད་པར་འཁོད་པ་འདི་ཀུན་མཁྱེན་འཇིགས་མེད་གླིང་པས་༼སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་དཀར་ཆག་༽ནང་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་༡༣༠༨།༡༣༦༣གྱིས་གསུངས་པར་བཞེད་པས། ཡོངས་གྲགས་སུ་༼ཀློང་ཆེན་ཆོས་འབྱུང་༽ཞེས་འབོད།
༢༦ ༼རྒྱལ་རབས་གསལ་བའི་མེ་ལོང༌།༽ ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་༡༣༡༢།༡༣༧༥གྱིས་ཕྱི་ལོ་༡༣༢༨ལོར་བརྩམས། འོན་ཀྱང༌། ས་འབྲུག་ལོར་བརྩམས་ཞེས་པ་དེ་དགུང་ལོ་བཅུ་བདུན་པ་ས་འབྲུག་༡༣༢༨གམ་ཡང་ན་དོན་བདུན་པ་ས་འབྲུག་༡༣༨༨གང་རུང་ཡིན་པས་བརྟག་ཅེས་དུང་དཀར་པས་གསུངས་ཀྱང༌། ཕྱི་མ་དེ་མི་འཐད་སྟེ། རྩོམ་པ་པོ་དགུང་ལོ་རེ་བཞི་ལས་མ་བཞུགས་པར་དུང་དཀར་རང་ཉིད་ཀྱིས་བཞེད་པས་སོ། །
༢༧ ༼ཚལ་པའི་དེབ་ཐེར་དམར་པོ།༽ ཧུང་ལན་དེབ་ཐེར་ཡང་ཟེར། ཚལ་པ་ཀུན་དགའ་རྡོ་རྗེའམ་སི་ཏུ་དགེ་བའི་བློ་གྲོས་༡༣༠༩།༡༣༦༤ཀྱིས་ཕྱི་ལོ་༡༣༤༦ལོར་མགོ་བཙུགས་ཏེ་༡༣༦༣ལོར་མཇུག་གྲུབ།
༢༨ ༼རླངས་ཀྱི་པོ་ཏི་བསེ་རུ།༽ བསམ་ཡས་རབ་གནས་མཛད་སྐབས་མཁན་སློབ་དང༌། རྒྱལ་བློན་རྣམས་གདན་འཛོམས་ཏེ་བཀའ་བགྲོས་གནང་བའི་ཚིག་རྣམས་ཐོར་བསྡུར་བྱས་པ་ཞིག ཨ་མྱེས་བྱང་ཆུབ་འདྲེ་བཀོལ་དང་བྱང་རྒྱལ་བ།
༢༩ ༼རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད།༽ གཡས་རུ་སྟག་ཚང་ལོ་ཙཱ་པ་དཔལ་འབྱོར་བཟང་པོས་༡༤༣༤ལོར་བརྩམས།
༣༠ ༼དེབ་ཐེར་སྔོན་པོ།༽ འགོས་ལོ་ཙཱ་པ་གཞོན་ནུ་དཔལ་༡༣༩༢།༡༤༨༡གྱིས་ཕྱི་ལོ་༡༤༧༦ལོ་ནས་༡༤༧༨ལོའི་བར་ལ་བརྩམས།
༣༡ ༼ཆོས་འབྱུང་མཁས་པའི་དགའ་སྟོན།༽ དཔའ་བོ་གཙུག་ལག་འཕྲེང་བ་༡༥༠༤།༡༥༦༦ཡིས་ཕྱི་ལོ་༡༥༤༥ལོར་མགོ་བཙུགས་ཏེ་༡༥༦༦ལོར་མཇུག་གྲུབ།
༣༢ ༼དེབ་ཐེར་དམར་པོ་གསར་མ༽འམ་༼རྒྱལ་རབས་འཕྲུལ་གྱི་ལྡེ་མིག༽ དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ་༡༤༧༨།༡༥༥༤ཡིས་དེབ་ཐེར་དམར་པོའི་ཁ་སྐོང་ཆེད་དུ་ཕྱི་ལོ་༡༥༣༨ལོར་བརྩམས།
༣༣ འབྲུག་པ་པདྨ་དཀར་པོའི་འདས་ཚིགས་ལ་བཞེད་ཚུལ་མི་འདྲ་བ་གཉིས་ཙམ་སྣང་སྟེ། ༼བོད་རྒྱ་ཚིག་མཛོད་ཆེན་མོ།༽ མི་རིགས་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་ངོས་༼༣༢༦༡༽ལས། “༡༥༩༢༡༠ཆུ་འབྲུག སྒོམ་སྡེ་ནམ་མཁའ་རྒྱལ་མཚན་དང༌། འབྲུག་པ་པད་མ་དཀར་པོ། སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོ་རྣམས་གཤེགས།” ཞེས་གསལ་བ་དང༌། ༼དུང་དཀར་ཚིག་མཛོད་ཆེན་མོ།༽ གོང་མཚུངས། ཤོག་ངོས་༼༡༥༧༠༽ལས། “རབ་བྱུང་བཅུ་པའི་མེ་སྤྲེལ་༡༥༩༦ལོར་དགོངས་པ་ཆོས་དབྱིངས་སུ་བསྡུས།” ཞེས་གསལ་བ་ལྟ་བུའོ། །འདིར་ད་ལམ་གནས་སྐབས་༼བོད་རྒྱ་ཚིག་མཛོད་ཆེན་མོ༽འི་འདོད་ལུགས་བཀོད་པའོ། །
༣༤ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་༼འབྲུག་པའི་ཆོས་འབྱུང་༽གི་དཔེ་སྐྲུན་གསལ་གཤད་ལས། “ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ཅེས་པའམ་ཡོངས་སུ་གྲགས་པ་འབྲུག་པའི་ཆོས་འབྱུང་ཞེས་པ་འདི་ནི་འབྲུག་པ་པདྨ་དཀར་པོས་བོད་རབ་བྱུང་བཅུ་པའི་ལྕགས་སྦྲུལ་ལོར་སྤྱི་ལོ་༡༥༨༡བརྩམས་པར་མཛད་པ་ཞིག་ཡིན།” ཞེས་དང༌། ༼བོད་རྒྱ་ཚིག་མཛོད་ཆེན་མོ།༽ གོང་མཚུངས། ཤོག་ངོས་༼༢༠༠༢༽ལས། “ཆོས་འབྱུང་བསྟན་པའི་པད་མ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ། འབྲུག་པ་པད་མ་དཀར་པོས་རབ་བྱུང་བཅུ་པའི་ལྕགས་འབྲུག་ལོར་བརྩམས།” ཞེས་གསུངས་ཤིང༌། དེའི་རྒྱ་འགྲེལ་དུའང་༡༥༨༠ཞེས་ཀྱང་བཀོད་ཡོད། གཞན་ཡང་བྱམས་པ་བསམ་གཏན་གྱིས་བརྩམས་པའི་༼འཇམ་དཔལ་རྩ་རྒྱུད་ལས་བོད་ཡུལ་ཆགས་ཚུལ་༽ཞེས་པའི་དཔྱད་རྩོམ། ཤོག་ངོས་༼༢༽ལས། “སྤྱི་ལོ་༡༥༧༤ལོར་འབྲུག་པ་ཀུན་མཁྱེན་པདྨ་དཀར་པོས་༡༥༢༧།༡༥༩༢མཛད་པའི་༼ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད།༽” ཅེས་སོགས་འདོད་ཚུལ་མི་མཐུན་རུང༌། གནས་སྐབས་༼བོད་རྒྱ་ཚིག་མཛོད་ཆེན་མོ༽འི་རྗེས་སུ་འབྲང་ངོ༌། །
༣༥ ༼ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད།༽ ཀུན་མཁྱེན་འབྲུག་པ་པདྨ་དཀར་པོས་བརྩམས་པས་ཡོངས་གྲགས་སུ་༼འབྲུག་པའི་ཆོས་འབྱུང་༽ཞེས་ཀྱང་འབོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌། གངས་ཅན་རིག་མཛོད། དེབ་འཕྲེང་བཅུ་དགུ་པ། ཤོག་ངོས་༼༢༣༥༽ལས་གསལ།
༣༦ ༼འབྲུག་པའི་ཆོས་འབྱུང༌།༽ གོང་མཚུངས། ཤོག་ངོས་༼༢༣༥༽ལས་གསལ།
༣༧ ༼ཏཱ་ལའི་བླ་མ་སྐུ་འཕྲེང་ལྔ་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་རྫིངས།༽ སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཕྱི་ལོ་༡༦༩༢ལོར་བརྩམས།
༣༨ ༼དེབ་ཐེར་སྔོན་པོ།༽ གོང་མཚུངས། སྟོད་ཆ། ཤོག་ངོས་༼༦༠༽ལས་གསལ།
༣༩ ༼དེབ་ཐེར་སྔོན་པོ།༽ གོང་མཚུངས། སྟོད་ཆ། ཤོག་ངོས་༼༦༠༽ལས་གསལ།
༤༠ ༼སྣར་ཐང་དཔར་མའི་བཀའ་འགྱུར་༽གྱི་ལེ་ཚན་ད་པའི་ནང་དུ་ཡོད་ཅིང༌། ༼སྡེ་དགེ་དཔར་མའི་བཀའ་འགྱུར་༽གྱི་ལྡེ་ཚན་ན་པའི་ནང་ཡོད། ལེའུ་སུམ་ཅུ་སོ་དྲུག་གི་བདག་ཉིད་དོ། །
༤༡ ༼དུང་དཀར་ཚིག་མཛོད་ཆེན་མོ།༽ གོང་མཚུངས། ཤོག་ངོས་༼༨༨༡༽ལས། “སྤྱི་ལོའི་དུས་རབས་དང་པོའི་མཇུག་ཏུ་ལོ་ཙཱ་པ་ཤཱཀྱ་བློ་གྲོས་ཀྱིས་རྒྱ་གར་སྐད་ནས་བོད་ཡིག་ཏུ་བསྒྱུར།” ཞེས་འཁོད་པ་ནི་ཡིག་ནོར་ཡིན་པ་ལས་འོས་མེད་སྟེ། སྐབས་དེར་ཐུབ་བསྟན་བོད་དུ་དར་འགོ་མ་ཚུགས་པས། རྒྱ་དཔེ་བོད་བསྒྱུར་བྱེད་འགོ་ནི་དེ་བས་ཀྱང་མི་སྲིད་པས་སོ། །
༤༢ ༼ཨཱརྱམྙཇུཤྲཱི་འམུལཀལྤཿ༽ མཧཱཡཱནསུཏྲསཾགྲཧཿ Mahayana Sutra Samgraha. Part II Edited by Dr. Sitansusekhar Bagchi. Published by Mithila Insitute, Darbhanga 1964
༤༣ གོང་མཚུངས་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་༼འཇམ་དཔལ་རྩ་རྒྱུད་༽ཀྱི་མ་ཕྱི་༼ཨཱརྱམྙཇུཤྲཱི་མུལཀལྤཿ༽ ཤོག་ངོས་༼༤༥༢༽ལས་གསལ།
༤༤ ༼འཇམ་དཔལ་རྩ་བའི་རྒྱུད།༽ སྡེ་དགེའི་བཀའ་འགྱུར། སྡེ་ཚན་ན༤པ། བོད་ཨང་ཉིས་བརྒྱ་གོ་གཅིག རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྗོ་རྗེས་དཔར་སྐྲུན་མཛད་པའི་དཔེ་གཟུགས། ལེའུ་སོ་དྲུག་པའི་མགོ། ཤོག་ངོས་༼༥༨༡༽ལས་གསལ།
༤༥ གོང་མཚུངས་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་༼འཇམ་དཔལ་རྩ་རྒྱུད་༽ཀྱི་མ་ཕྱི་༼ཨཱརྱམྙཇུཤྲཱི་འམུལཀལྤཿ༽ ཤོག་ངོས་༼༤༥༢༽ལས་གསལ།
༤༦ ༼འཇམ་དཔལ་རྩ་བའི་རྒྱུད།༽ གོངས་མཚུངས་སྡེ་དགེའི་བཀའ་འགྱུར། ཤོག་ངོས་༼༥༨༡༽ལས་གསལ།
༤༧ ༼རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།༽ གོང་མཚུངས། ཤོག་ངོས་༼༨༣༽ལས། “ཧི་མ་ལ་ཡའི་རི་རྒྱུད་སྤྱི་ལ་གངས་ཅན་དུ་བྱས་པས། ནུབ་ཕྱོགས་ཨོ་རྒྱན་ཡུལ་ནས་ཤར་དུ་ཀོང་ཡུལ་དང་དར་རྩེ་མདོ་ལ་ཐུག་པའི་བར་གངས་ཅན་གྱི་རི་རྒྱུད་གཅིག་གི་ཁོངས་ལ་ཡོད་པར་བྱ་དགོས།” ཞེས་ཀྱང་གསུངས་པ་ལྟར་རོ། །
༤༨ ༼འདུལ་བའི་མདོ།༽ སྡེ་དགེའི་བསྟན་འགྱུར། བམ་པོ། ཁ ཤོག་ངོས་༼༡༤༽ལས། “ཚེ་དང་ལྡན་པ་ཀུན་དགའ་བོ་ནི་གཉེན་ལ་གདུང་བ་ཡིན་པས། དེ་གཉེན་དག་ལ་བལྟ་བའི་ཕྱིར། བ༷ལ་ཡུ༷ལ་དུ་སོང་བ་ལས། དེ་ལྷགས་པས་ལག་པ་དང༌། རྐང་པ་སེར་ག་བྱུང་བ་དང༌། དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ། པདྨའི་འདབ་མ་རལ་བ་བཞིན་དུ་ཁྱོད་ཀྱི་ལག་པ་དང་རྐང་པ་ཅི་ཞིག་གིས་སེར་ག་བྱུང་བར་གྱུར། དེས་སྨྲས་པ། ལྷགས་པས་སོ། །ཁྱོད་ཀྱི་གཉེན་དག་ནི་ལྷམ་སྒྲོ་གུ་ཅན་ཅི་སྟེ་འཆང༌། ཁྱོད་ཅིའི་ཕྱིར་མི་འཆང༌། བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ངོ༌། །དེ་ལྟ་བས་ན། རྗེས་སུ་གནང་སྟེ། ཡུལ་ཁ་བ་ཅན་རྣམས་སུ་ལྷམ་སྒྲོ་གུ་ཅན་བཅང་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡུལ་ཁ་བ་ཅན་རྣམས་སུ་ལྷམ་སྒྲོ་གུ་ཅན་བཅང་བར་བྱའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། ཅི་ཙམ་གྱིས་ཡུལ་ཁ༷་བ༷་ཅ༷ན་དུ་བརྗོད་པར་བགྱི། ཉེ་བར་འཁོར། གང་ན་སྣོ༷ད་ཆུ༷་འཁྱ༷ག་པ༷་ཡིན་ནོ། །” ཞེས་གསུངས་པས་ཤེས།
༤༩ གོང་མཚུངས་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་༼འཇམ་དཔལ་རྩ་རྒྱུད་༽ཀྱི་མ་ཕྱི་༼ཨཱརྱམྙཇུཤྲཱི་འམུལཀལྤཿ༽ ཤོག་ངོས་༼༤༨༥༽ལས་གསལ།
༥༠ གོང་མཚུངས་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་༼འཇམ་དཔལ་རྩ་རྒྱུད་༽ཀྱི་མ་ཕྱི། ༼ཨཱརྱམྙཇུཤྲཱི་འམུལཀལྤཿ༽ལས། “ནེཔཱལམནྜལེ་ཁྱཱཏེ།” ཞེས་བྱ་བ་འདི་ལ་ལོ་ཙཱ་པ་ཤཱཀྱ་བློ་གྲོས་ཀྱིས། “ལྷ་ལྡན་ཡུལ་ཞེས་བྱ་བ་ཡི།” ཞེས་པར་བསྒྱུར་འདུག་ཀྱང༌། རྒྱ་དཔེའི་ནང་”ནེཔཱལ་”བྱ་བ་བྱུང་བས། “ནེ་པཱལ་”ནི་བལ་ཡུལ་གྱི་མིང་ཡིན་པས།

བལ་ཡུལ་ཅེས་ནི་བྱ་བ་ཡི།” ཞེས་པར་བསྒྱུར་དགོས་ཏེ། རྒྱ་དཔེ་དེ་རང་དུ། “ནེཔཱལཱདྷིཔཏིསྟདཱ།” ཞེས་བྱུང་བ་ལ། “དེ་ཚེ་བལ་ཡུལ་བདག་པོ་ནི།” ཞེས་པ་སོགས་སུ་བསྒྱུར་ཡོད་པས་སོ། །དེ་ཡང་༼རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།༽ གོང་མཚུངས། ཤོག་ངོས་༼༨༣༽ལས། “འདིར་ལྷ་ལྡན་ཅེས་པ་མ་དག་སྟེ། རྒྱ་དཔེ་ལས་ནཻཔཱལམཎྜལེཁྱཱཏེ། །ཧིམཱདྲེཿཀུཀྵིམཤྲཱི་ཏེ། །ཞེས་བྱུང་བས། བལ་ཡུལ་ཅེས་ནི་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པར། །ཅེས་བསྒྱུར་དགོས་པའི་ཕྱིར་ཏེ། ནཻ་པཱལ་བལ་ཡུལ་གྱི་མིང་ཡིན་པས་སོ། །དེས་ན་ཨཱ་ལའི་རྐྱེན་མཐའ། དེཝཱལ་ལྷ་ལྡན་དང༌། ནཻ་པཱལ་བལ་ཡུལ་གཉིས་རྒྱ་ཡིག་གཟུགས་ཉེ་བས་དཔེ་ནོར་བ་ཞིག་ཡིན་ནོ།” །ཞེས་ཀྱང་གསུངས་པས་སོ། །
༥༡ གོང་མཚུངས་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་༼འཇམ་དཔལ་རྩ་རྒྱུད་༽ཀྱི་མ་ཕྱི་༼ཨཱརྱམྙཇུཤྲཱི་འམུལཀལྤཿ༽ ཤོག་ངོས་༼༤༨༦༽ལས་གསལ།
༥༢ གོང་མཚུངས་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་༼འཇམ་དཔལ་རྩ་རྒྱུད་༽ཀྱི་མ་ཕྱི་༼ཨཱརྱམྙཇུཤྲཱི་འམུལཀལྤཿ༽ ཤོག་ངོས་༼༤༨༥༽ལས་གསལ།
༥༣ ༼རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།༽ གོང་མཚུངས། ཤོག་ངོས་༼༨༣༽ལས། “རྒྱ་དཔེ་ལས། ནཻཔཱལམཎྜལེཁྱཱཏེ། །ཧིམཱདྲེཿཀུཀྵིམཤྲཱི་ཏེ། །ཞེས་བྱུང་བས། བལ་ཡུལ་ཅེས་ནི་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པར། །ཅེས་བསྒྱུར་དགོས།” ཞེས་སོ། །
༥༤ གོང་མཚུངས་ལེགས་སྦྱར་གྱི་སྐད་དུ་ཡོད་པའི་༼འཇམ་དཔལ་རྩ་རྒྱུད་༽ཀྱི་མ་ཕྱི་༼ཨཱརྱམྙཇུཤྲཱི་འམུལཀལྤཿ༽ ཤོག་ངོས་༼༤༨༦༽ལས་གསལ།
༥༥ ༼དེབ་ཐེར་སྔོན་པོ།༽ གོང་མཚུངས། སྟོད་ཆ། ཤོག་ངོས་༼༦༠༽ལས། “དེ་ལ་བཅོས་མ་ལ་དགའ་བ་ཁ་ཅིག་གིས་དམ་པ་སངས་རྒྱས་ཀྱིས་བོད་དུ་ལན་བདུན་བྱོན་པའི་དང་པོ་བོད་ཆུ་ཡིས་གང༌། གཉིས་པ་ལ་ཆུ་བྲི་ཞིང་རྩི་ཤིང་ནགས་ཚལ་དང་ཤ་རྐྱང་ཐོ་རེ་བ་ཡོད་ཟེར་བ་ལ་སོགས་པ་ཡོད་མོད་ཀྱི། བརྒྱུད་པ་ཕྱི་མ་པ་རྣམས་ཀྱི་ཡི་གེ་ལས། དམ་པ་སྐུ་ཚེ་བརྒྱ་དང་བཅུ་བདུན་བཞེས་པ་ན་དིང་རིར་ཞི་བར་གཤེགས་པར་འཆད་དེ། གཏམ་སྔ་མ་དེ་ནི་བློ་བྱས་འབའ་ཞིག་གོ།” །ཞེས་གསུངས་པ་ལྟར་རོ། །
༥༦ ༼ཆོས་འབྱུང་མཁས་པའི་དགའ་སྟོན།༽ གོང་མཚུངས། སྟོད་ཆ། ཤོག་ངོས་༼༡༧༤༽ལས། “ལུང་བསྟན་འདི་བདག་གིས་མཐོང་ནས་འདི་སྐབས་སུ་བྲིས་པ་ཡིན་ཡང༌། འདི་བརྩམས་ནས་ཟླ་བ་ལྔ་དྲུག་ཅིག་ལོན་པའི་ཚེ་འགོས་ལོ་ཙཱ་བའི་དེབ་ཐེར་སྔོན་པོ་མཐོང་བ་ན་བྲིས་འདུག་ཅིང༌། མཐའ་མར་འཆར་རྒྱལ་ངང་ཚུལ་ཅན། །ཞེས་བཏོན་ནས་ཧོར་རྒྱལ་པོའམ་ཉང་སྟོད་ཤར་ཁ་བར་འབྲུ་བསྣན་དུ་རུང་ཟེར་བ་འདུག་ཀྱང༌། དཔེ་མ་དག་པ་ཅིག་གཟིགས་པ་འདྲ་སྟེ། བདག་གིས་འདི་ལྟར་བྲིས་པ་ཁོ་ན་མཐོང༌།” ཞེས་༼འཇམ་དཔལ་རྩ་རྒྱུད་༽དུ་རྒྱལ་པོ་ལུང་བསྟན་པར་འགོས་ལོ་ལས་ཁོང་གིས་མཐོང་བ་སྔ་ཚུལ་ལྟ་བུར་གསུངས་ཤིང༌། འགོས་ལོས་གཟིགས་པ་མ་དག་པར་དོགས་པས་སོ། །
༥༧ ༼འབྲུག་པའི་ཆོས་འབྱུང༌།༽ གོང་མཚུངས། ཤོག་ངོས་༼༢༣༥༽ལས། “སཱ༷་ལ༷འི་ན༷གས་ཚལ་ཆགས་པར་གསུངས་པ་དང༌། བོད་རྣམས་སྔོན་ཡུལ་འདི་ཐམས་ཅད་ལ་ཤུ༷ག་པ༷འི་ན༷གས་ཡོད་ཅེས་གླེང་བ་མཐུན་ནོ།” །ཞེས་གསུངས་པས་ཤེས།
༥༨ ༼བོད་ཀྱི་སྲིད་དོན་རྒྱལ་རབས།༽ གོང་མཚུངས། གླེགས་བམ་དང་པོ། ཤོག་ངོས་༼༢༡༽ལས། “ས་ལའི་ནགས་ཚལ།” ཞེས་བྱུང་བ་ལ། “ཤིང་ས་ལ་ནི། སྤོས་དཀར་ཡོང་བའི་ཤིང་སྒྲོན་མེ་ཤིང་ངམ་ཐང་ཤིང་ཟེར་བ་དེ་ཡིན།” ཞེས་མཆན་འགྲེལ་མཛད་ཡོད། འོན་ཀྱང༌། སྤོས་དཀར་གྱི་སྡོང་པོ་ལོགས་སུ་ཡོད་པས། སྒྲོན་མེ་ཤིང་ངམ་ཐང་ཤིང་ལས་སྤོས་དཀར་མི་འབྱུང་ངོ༌། །དེ་ལྟར་ནའང་བལ་པོའི་སྐད་དུ་ཐང་ཤིང་ལ་སཱ་ལ་ཟེར་སྲོལ་ཞིག་མེད་དམ་སྙམ་སྟེ་དཔྱོད་ཅིག
༥༩ ༼བོད་རྒྱ་ཚིག་མཛོད་ཆེན་མོ།༽ གོང་མཚུངས། ཤོག་ངོས་༼༢༩༡༢༽ལས། “སཱ་ལ། སྤོས་དཀར་ཤིང༌།” ཞེས་གསལ་བ་དང༌། ཤོག་ངོས་༼༡༦༦༨༽ལས། “སྤོས་དཀར་ཤིང༌། ཤིང་སཱ་ལ།” ཞེས་གསལ་ཡོད། དེ་བཞིན་དགེ་བཤེས་ཆོས་ཀྱི་གྲགས་པས་མཛད་པའི་༼བརྡ་དག་མིང་ཚིག་གསལ་བ།༽ མི་རིགས་དཔེ་སྐྲུན་ཁང་གི་དེབ་གཟུགས། ཤོག་ངོས་༼༩༠༢༽ལས། “ཤིང་ས་ལ་སྟེ་སྤོས་དཀར་གྱི་ཤིང༌། དེའི་ཐང་ཆུ་ནི་སྤོས་དཀར།” ཞེས་གསུངས་ཡོད།
༦༠ “༦༡༧ མེ་གླང༌། བུ་སྟོན་ཆོས་འབྱུང་དང༌། ཀློང་ཆེན་རབ་འབྱམས་ཀྱི་ཆོས་འབྱུང༌། རྒྱ་ཡིག་གི་ལོ་རྒྱུས། དེབ་ཐེར་དཀར་པོ་སོགས་ལོ་རྒྱུས་ཁག་མང་པོ་ཞིག་ཏུ་བོད་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་པར་བཤད།” ཅེས། ༼བོད་རྒྱ་ཚིག་མཛོད་ཆེན་མོ།༽ གོང་མཚུངས། ཤོག་ངོས་༼༣༡༩༨༽ལས་གསལ།
༦༡ ༡༽གཉའ་ཁྲི་བཙན་པོ། ༢༽མུ་ཁྲི་བཙན་པོ། ༣༽དིང་ཁྲི་བཙན་པོ། ༤༽སོ་ཁྲི་བཙན་པོ། ༥༽དར་ཁྲི་བཙན་པོ། ༦༽དྭགས་ཁྲི་བཙན་པོ། ༧༽སྲིབ་ཁྲི་བཙན་པོ། ༨༽གྲི་གུམ་བཙན་པོ། ༩༽སྤུ་ལྡེ་གུང་རྒྱལ། ༡༠༽ཨ་ཤོ་ལེགས། ༡༡༽དེ་ཤོ་ལེགས། ༡༢༽ཐི་ཤོ་ལེགས། ༡༣༽གུ་རུ་ལེགས། ༡༤༽འབྲོང་ཞི་ལེགས། ༡༥༽ཨི་ཤོ་ལེགས། ༡༦༽ཟ་ནམ་ཟིན་ལྡེ། ༡༧༽ལྡེ་འཕྲུལ་ནམ་གཞུང་བཙན། ༡༨༽སེ་སྣོལ་གནམ་ལྡེ། ༡༩༽སེ་སྣོལ་པོ་ལྡེ། ༢༠༽ལྡེ་སྣོལ་ནམ། ༢༡༽ལྡེ་སྣོལ་པོ། ༢༢༽ལྡེ་རྒྱལ་པོ། ༢༣༽ལྡེ་སྤྲིན་བཙན། ༢༤༽ཏོ་རོ་ལོང་བཙན། ༢༥༽ཁྲི་བཙན་ནམ། ༢༦༽ཁྲི་སྒྲ་དཔུང་བཙན། ༢༧༽ཁྲི་ཐོག་རྗེ་བཙན། ༢༨༽ཐོ་རི་ལུང་བཙན། ༢༩༽ཁྲི་གཉན་བཟུང་བཙན། ༣༠༽འབྲོང་གཉན་ལྡེའུ། ༣༡༽སྟག་རི་གཉན་གཟིགས། ༣༢༽གནམ་རི་སྲོང་བཙན་བཅས་སོ། །

 <<བོན་སྒོ་>>ལོ་དེབ་འདོན་ཐེངས་བཅུ་དགུ་པ་ལས་བཏུས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།