སྟོན་པས་ས་ལམ་བགྲོད་ཚུལ་ལ་ཟུར་ཙམ་དཔྱད་པའི་གཏམ།

སྔོན་རབས་སུ་སྟོན་པ་སངས་རྒྱས་ཀྱིས་ས་ལམ་བགྲོད་ཚུལ་ལ་ཟུར་ཙམ་
དཔྱད་པའི་གཏམ་མུན་སྣང་འོད་གསལ།

ནག་རུ་དགེ་ལེགས་སྦྱིན་པ།

༄༅། །བསྐལ་བཟང་ཁུག་ཆེན་དོན་བཟང་དུ། ། སྐལ་བཟང་འགྲོ་བ་འདྲེན་པའི་གཤེན། ། བསྐལ་སྟོང་སངས་རྒྱས་སྟོང་རྩ་གཉིས། ། སྐལ་བཟང་འགྲོ་བའི་དཔལ་དུ་བྱོན། ། ཁྱད་པར་དམུ་སྲས་འགྲོ་བའི་མགོན། ། ཁྱེད་ཉིད་ཚོགས་གཉིས་ལམ་བཟང་ལ། ། བརྟེན་ནས་རྫོགས་བྱང་བརྙེས་པའི་ཚུལ། ། འཆད་ལ་བླ་མས་གནང་བ་སྩོལ། །
བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་སྔོན་རབས་སུ་རྒྱུ་སེམས་ཅན་ལས་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཚུལ་བསྟན་ཏེ། །དང་པོ་བསྐྱེད་པར་དཀའ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། །བར་དུ་བསགས་པར་དཀའ་བ་རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འཇུག་ཏུ་བསགས། །ཐ་མ་ཐོབ་པར་དཀའ་བ་འབྲས་བུ་རྫོགས་པའི་བྱང་ཆུབ་མངོན་དུ་བྱས་པའི་ཚུལ་རྣམས་སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་རྒྱས་པ་དྲི་མེད་གཟི་བརྗིད་དང་། །འབྲིང་པོ་གཟེར་མིག བསྡུས་པ་མདོར་བསྡུས་སོགས་ལ་བརྟེན་ནས་མཛད་པའི་དཔྱད་གསུམ་དོན་ལྡན་གྱི་ལོ་རྒྱུས་ཡིག་ཆ་དུ་མ་ཞིག་མཆིས་པས། ཁོ་བོས་དཔྱད་རྩོམ་འདི་ལྟ་བུར་འབྲི་བ་དགོས་མེད་ལྟར་སྣང་རུང་། སྟོན་པ་སངས་རྒྱས་ཀྱི་ཞལ་ནས་ཡིད་ཆེས་དང་བསྐྱར་ཟློས་གཅིག་པུས་རང་རྒྱུད་ཀྱི་མ་རྟོགས་ལོག་རྟོག་ཐེ་ཚོམ་སོགས་ཀྱི་སྒྲོ་འདོགས་སེལ་བར་མི་ནུས་པ་གསུངས་པ་སྟེ། མདོ་ལས། གང་དག་བཀའ་ལས་འབྱུང་གྱུར་པ། །དེ་ཉིད་རིག་པས་གཞལ་མིན་ན། །སྙིང་པོའི་དོན་མཆིས་ག་ལ་འགྱུར། །དེ་ཕྱིར་རིག་གཞལ་དོན་ཡོད་བྱ། །ཞེས་གསུངས་པ་ལ་གཞི་བཅོལ་ཏེ་སྔོན་བྱོན་དམ་པ་གོང་མ་རྣམས་ཀྱིས་བསྟན་བཅོས་རྩོམ་ཚུལ་དང་མཐུན་པར་བདེར་གཤེགས་ཀྱི་ལུང་དང་། །དམ་པའི་མན་ངག རང་གི་རིག་པ་གསུམ་ཟུང་དུ་འབྲེལ་བའི་སྒོ་ནས་དཔྱད་རྩོམ་ཐུང་ངུ་ཞིག་སྤེལ་བར་འདོད་དོ། །
སྤྱིར་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱི་སྐྱེས་རབས་ལ་ཐོག་མ་མེད་ཕྱིར་སྔོན་སོ་སོའི་སྐྱེ་བོ་གང་ཟག་གི་འཆིང་བ་ཐ་དག་དང་ལྡན་པར་རིམ་པར་བརྒྱུད་པའི་སྐྱེས་རབས་ནི་བརྗོད་ལས་འདས་པས་སྐབས་འདིར་བརྗོད་པར་མི་བྱ་ཞིང་། འདིར་ཚོགས་བསགས་ཉམས་མེད་ཀྱི་དབང་དུ་བྱས་ཏེ་སྐྱེས་རབས་མདོར་བསྡུས་སུ་གླེང་བ་ནི། སྟོན་པ་ཉིད་སྔོན་རབས་སུ་རྒྱུ་ཞེ་སྡང་དབང་གིས་དམྱལ་བའི་གྱད་བུ་ཐུང་དུ་སྐྱེས་པའི་ཚེ། དམྱལ་སྲུང་གིས་སེམས་ཅན་ཞིག་ལྕགས་ཀྱི་སོག་ལེས་དྲ་གཏུབས་བྱེད་པ་མཐོང་བས། དེ་ལ་སྙིང་རྗེ་མི་བཟོད་པ་རང་ཤུགས་ཀྱིས་སྐྱེས་ཏེ། དམྱལ་དཔོན་ལ། སྙིང་རྗེ་ཅུང་ཟད་བསྐྱེད་ཅིག་ཞུས་པས། དམྱལ་སྲུང་འཁྲོས་ནས། ཁྱོད་ཀྱང་སྲོག་གཅོད་རྣམ་སྨིན་གྱིས། །དམྱལ་བའི་གྱད་བུ་ཐུང་དུ་གྱུར། །གཅོད་གཏུབ་བྱེད་པའི་དམྱལ་བ་རྣམས། །རང་གིས་ལས་བྱས་རང་ལ་སྨིན། །ཁྱོད་ཀྱིས་སྙིང་རྗེ་ཅིའི་ཕྱིར་བསྐྱེད། །ཅེས་སྨྲས་ནས་ཐོ་བས་དབུ་བཅོམ་པས། དམྱལ་བ་ལས་ཚེ་འཕོས་པ་དང་། །ཀུན་སློང་བཟང་པོ་དེའི་དབང་གིས་དམྱལ་བ་ལས་ཐར་ནའང་། སྔོན་བསགས་འདོད་ཆགས་དབང་གིས་ཡི་དྭགས་ཀྱི་གནས་སུ་སྐྱེས། སྔོན་གྱི་ཀུན་སློང་བཟང་པོ་དེ་མ་ཉམས་པའི་དབང་གིས་རང་དོར་གཞན་གཅེས་ཀྱི་བློ་རྒྱུད་ལ་སྐྱེས་པས་བཟའ་བཏུང་ཇི་སྙེད་རོགས་ལ་བྱིན། དེ་ནས་ཚེ་འཕོས་ཏེ་རྒྱུ་གཏི་མུག་དབང་གིས་བྱོལ་སོང་གནས་སུ་སྨྲ་མཁན་ནེ་ཙོ་ཞིག་ཏུ་སྐྱེས་ཀྱང་རྨོངས་རྟུལ་གྱིས་མནར་བའི་བྱོལ་སོང་རྣམས་ལ་བྱམས་དང་སྙིང་རྗེ་བསྐྱེད། བསོད་ནམས་དེ་ཡི་ནུས་མཐུས་བྱོལ་སོང་ལས་ཐར་ནའང་། ཕྲག་དོག་དབང་གིས་མཐའ་འཁོབ་མི་ཡི་གནས་སུ་སྐྱེས། དེར་བོན་ཉན་བཤད་ཀྱི་སྐལ་པ་དང་མི་ལྡན་ནའང་། སྔོན་གྱི་ཚོགས་བསགས་ལ་བརྟེན་ནས་དད་པ་བཟང་པོ་རང་རྒྱུད་ལ་སྐྱེས་པར་གསུངས། དད་པ་བཟང་པོ་དེའི་དབང་གིས་འཛམ་གླིང་དབུས་སུ་བྲམ་ཟེའི་སྐྱེ་བ་བཞེས་པ་ནས་བཟུང་ཚོགས་བསགས་ཉམས་མེད་ཀྱི་དབང་དུ་བྱས་ན། བོན་ཉན་བཤད་འགོ་དེ་ནས་ཚུགས་པ་འདོད་དགོས་པར་སྣང་ངོ་། །རྒྱུད་ཉི་སྒྲོན་ལས། མཐའ་འཁོབ་མི་ལུས་ཞིག་ཐོབ་པ། །དད་པ་ཡོད་ཀྱང་བཤད་པ་མེད། །དད་པ་བཟང་པོའི་འཕེལ་ཤུགས་ཀྱིས། །འཛམ་གླིང་དབུས་སུ་བྲམ་ཟེ་སྐྱེས། །ཞེས་གསུངས་པས་ངེས་སོ། །དེ་ལྟར་སྟོན་པ་སངས་རྒྱས་མཆོག་སྔོན་རབས་སུ་ངན་སོང་ལས་ཐར་ཏེ། མཐོ་རིས་ཀྱི་གོ་འཕང་ཐོབ་ཚུལ་འདི་ལ་བཤད་ཚུལ་མི་མཐུན་པ་མེད་ཀྱང་། བྱང་ཆུབ་གྱི་སེམས་རིན་པོ་ཆེ་རྒྱུད་ལ་བརྙེས་ཚུལ་འདི་ལ་མི་མཐུན་པའི་བཤད་ཚུལ་ཁག་གཉིས་སུ་བྱུང་ཡོད། དང་པོ་ནི། དམྱལ་བའི་གྱད་བུ་ཐུང་གི་རྒྱུད་ལ་སྐྱེས་པར་གསུངས་ཀྱང་། དེ་ནི་སྙིང་རྗེ་དང་བྱམས་སེམས་ཀྱིས་བསྡུས་པའི་གཞན་ཕན་ཙམ་ལས་དངོས་སུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་ནུབ་ཕྱོགས་འཇིག་རྟེན་གྱི་ཁམས་སུ་སྟོན་པ་བསོད་ནམས་དབང་གི་མདུན་ནས་ཐེག་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་སྡོམ་པ་ནོད་དེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་བརྙེས་པ་མདོ་རྒྱུད་གཉིས་ཀྱི་དགོངས་པ་གཅིག་མཐུན་ཡིན། མཛད་བསྟོད་ལས། སྔོན་ཚེ་སྤྲུལ་སྐུ་བསོད་ནམས་དབང་དྲུང་དུ། །ཐུགས་མཆོག་བསྐྱེད་ནས་སྨོན་ལམ་ཆེན་པོ་བཏབ། །ཅེས་དང་། མདོ་ལས། སྟོན་པ་བསོད་ནམས་དབང་ནི་བསོད་ལྡན་ཞིང་ཁམས་དེ་རུ་བྱོན། །དེ་ལ་སེམས་བསྐྱེད་དད་པའི་སྟོབས་དང་ལྡན། །སྐྱེ་བ་གྲངས་མེད་ཚོགས་ཀྱི་ལམ་ལ་བསགས། །རྒྱལ་པོའི་སེམས་བསྐྱེད་སྐྱེས་པའི་དུས་དེ་རུ། །ཞེས་གསུངས་པས་ངེས་སོ། ། རང་ལུགས་ཕྱིས་འབྱུང་གི་ལོ་རྒྱུས་ཡིག་ཆ་ཕལ་ཆེར་ནང་དེའི་འཇུག་ཐོག་གཉིས་པར་རྒྱལ་བུ་ཤེས་རབ་ལྡན་གྱི་སྐྱེ་བ་བཞེས་པ་གསུངས་པ་ལས། རྒྱལ་བུ་ཀུན་དགའ་འོད་ཀྱི་སྐྱེ་བ་ག་དུས་བཞེས་མིན་ཁ་གསལ་དུ་བཏོན་ནས་བཤད་པའི་ལོ་རྒྱུས་ད་བར་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར། ཁོ་བོས་ལུང་དོན་ལ་དཔྱད་ན། སྟོན་པ་བསོད་ནམས་དབང་གི་མདུན་ནས་ཐེག་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་སྡོམ་པ་ནོད་པ་དང་། རྒྱལ་བུ་ཤེས་རབ་ལྡན་གྱི་སྐྱེ་བ་མ་བཞེས་པའི་གོང་དུ་རྒྱལ་བུ་ཀུན་དགའ་འོད་ཀྱི་སྐྱེ་བ་བཞེས་པ་ཡིན་ཞེས་བཤད་ན་མདོ་རྒྱུད་ཀྱི་དགོངས་པ་དང་མཐུན་པར་སྣང་། དེ་ལྟར་ཡིན་པའི་ཚུལ་ནི། རྣམ་རྒྱལ་གཟུངས་ཆེན་ལས། གཡུང་དྲུང་སེམས་དཔའ་འགྲོ་བའི་དོན་དུ་ཡིད་བཞིན་ནོར་བུ་ཞུ་བར་མཁྱེན་ནས། ཞེས་པས་རྒྱལ་བུ་དེ་ཉིད་སྤྱིར་གཡུང་དྲུང་སེམས་དཔའ་ཡིན་པར་བསྟན། ཡིད་བཞིན་ནོར་བུ་ལའང་དོན་གྱི་ནོར་བུ་དང་། རྫས་ཀྱི་ནོར་བུ་གཉིས་སུ་ཡོད་ལ། འདིར་རྫས་ཀྱི་ནོར་བུ་དང་དོན་གྱི་ནོར་བུ་གཉིས་ཀ་ལོན་པར་བཞེད། དེ་ཉིད་ལས། ཡིད་བཞིན་གྱི་ནོར་བུ་དཀོན་ལ་རིན་ཐང་ཆེ་བ་དེ་ནི་འཇིག་རྟེན་འདིའི་དཔལ་ཐམས་ཅད་འགྲུབ་པ་ཧ་ཅང་ཆེ་སྟེ། མངོན་པར་རྫོགས་པའི་སངས་རྒྱས་བདག་ཉིད་རྣམ་པར་རྒྱལ་བ་ལྟ་བུའི་སྐུ་རྐྱེན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྤྲུལ་པའི་སྐུ་གང་ཞིག་དང་པོ་སེམས་བསྐྱེད་ནས། ཞེས་གསུངས་པའི་དོན་གྱིས་གྲུབ་པ་ཡིན། དེས་ན། སྟོན་པ་སངས་རྒྱས་མཆོག་སྔོན་རབས་སུ། ཡུལ་རིན་པོ་ཆེ་མངོན་པར་དགའ་བ་ཞེས་བྱ་བ་ན། ཡབ་རྒྱལ་པོ་ལྷུན་གྲུབ་སྐྱེས་དང་། ཡུམ་བཙུན་མོ་དཔལ་སྐྱོང་ལྡན་གཉིས་ཀྱི་སྲས། རྒྱལ་བུ་ཀུན་དགའ་འོད་ཀྱི་སྐྱེ་བ་བཞེས་པའི་ཚེ། རྫས་ཀྱི་ནོར་བུ་དཀར་ལ་འཚེར་བ། དམར་ལ་གདང་པ། སྨུག་ལ་འདྲིལ་བ་གསུམ་ལོན་པར་བསྟན་པའི་ཤུགས་ལས་དོན་གྱི་ནོར་བུ་ཚོགས་ལམ་ཆེ་འབྲིང་ཆུང་གསུམ་རྒྱུད་ལ་བརྙེས་པར་བསྟན། དེ་ལྟར་བསྟན་ཀྱང་རྒྱལ་བུ་ཀུན་དགའ་འོད་ཀྱི་རྒྱུད་ལ་ཚོགས་ལམ་ཆེ་འབྲིང་ཆུང་གསུམ་ཀ་གསར་དུ་སྐྱེས་པ་འདོད་པ་མ་ཡིན་ནོ། །དེ་རྗེས་འོག་ཕྱོགས་འཇིག་རྟེན་གྱི་ཁམས་རྩོད་པ་ཅན་མུ་ལ་ཏྲམ། མཁར་ཏ་ཧ་ལ་རྩེ་བརྒྱད་ན། ཡབ་རྒྱལ་པོ་ཀ་འོད་སླག་ཅན་དང་། ཡུམ་སྦྱིན་པ་དགའ་བཞིན་བཟང་མོ་གཉིས་ཀྱི་སྲས་སུ་རྒྱལ་བུ་ཤེས་རབ་ལྡན་གྱི་སྐུ་སྐྱེ་བ་བཞེས་པའི་ཚེ། ཐེག་པ་ཆེན་པོའི་སྦྱོར་ལམ་རིགས་བཞི་རྟེན་ཐོག་དེ་ལ་རྫོགས་པར་ཐོབ་ནས་མཐོང་ལམ་རྒྱུད་ལ་བརྙེས་པའི་ཚུལ་ནི། དེ་དུས་དུས་ཀྱི་ཐ་མ་དྲག་རྩུབ་ཀྱི་མུ་དགེའི་བསྐལ་པ་ཉིང་ཤ་ཉིང་གིས་ཟ་བར་བྱུང་ནས། རྒྱལ་སྲིད་བཤིགས་ཏེ་སེམས་ཅན་རྣམས་ལ་སྦྱིན་པ་ཕྱོགས་མེད་བཏང་བས། སེམས་ཅན་འབུམ་ཕྲག་མང་པོའི་སྲོག་ཐོན་པར་བྱས་པའི་རྟིང་ལ་སྤྲང་པོ་བཟའ་མི་དགུ་སླེབས་པས། ལུས་ལས་ཤ་བཅད་ཁྲག་ཕྱུང་ནས་སྤྲང་པོ་གསོས་པས་རུས་པ་དཀར་ལ་ཐུག་ནས་སྐྱེ་བ་བརྗེས། ཞེས་པ་ཡན་གྱིས་ཚོགས་ཀྱི་ལྷག་མ་བསྡུས་ཏེ། སྦྱོར་ལམ་མོས་སྤྱོད་ཀྱི་རྟོགས་པ་རྫོགས་ནས་རྟེན་དེ་ཉིད་ལ་ས་དང་པོ་མཐོང་ལམ་ཡེ་ཤེས་རྒྱུད་ལ་སྐྱེས་ཞེས་མཁས་པ་དཔལ་ཆེན་དང་། མཁས་པ་གཉོས་རྒྱལ། མཁས་དབང་བསྟན་རྒྱལ་བཟང་པོ། ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་སོགས་རང་ལུགས་འཁྲུལ་མེད་དུ་སྨྲ་བའི་མཁས་པའི་དབང་པོ་རྣམས་ཀྱིས་མགྲིན་གཅིག་ཏུ་གསུངས་འདུག་པས། རྟེན་གཅིག་ལ་སྦྱོར་ལམ་རིགས་བཞི་གསར་དུ་ཐོབ་པ་ཡོད་མེད་སོམ་ཉི་དང་བྲལ་བར་མཛོད་ཅིག །རྟེན་དེ་ཉིད་ལ་མཐོང་ལམ་ཐོབ་པའི་རྒྱུ་མཚན་ནི། དར་རྒྱས་གསལ་སྒྲོན་ལས། ས་དང་པོ་ཐོབ་པའི་དུས་སུ་གཙོ་བོ་སྦྱིན་པའི་བླ་ན་མེད་པ་ལ་སྤྱོད་པས། མགོ་ལུས་སྲོག་ལའང་འཕངས་པ་མེད་པ་གཏོང་བར་བཤད་པ་དང་མཐུན་པའི་ཕྱིར། ཞེས་རྒྱུ་མཚན་དང་བཅས་པ་གསུངས། དེ་རྗེས་སྲིད་པ་ཡེ་སངས་ཀྱི་ཡུལ་དུ། ཡབ་ཁྲི་འོད་དང་། ཡུམ་ཀུན་ཤེས་གཉིས་ཀྱི་སྲས་སྲིད་པའི་ཁྱེའུ་གསལ་བའི་སྐྱེ་བ་བཞེས་པའི་དུས་སུ། ས་གཉིས་པ་དྲི་མ་མེད་པ་རྒྱུད་ལ་བརྙེས་པ་དང་། དེ་ནས་སེམས་སྐྱེད་གཏོ་རྗེ་སློབ་དཔོན་ནི། འབུམ་ཁྲི་གློག་གི་ལྕེ་ཅན་དང་ཞལ་མཇལ་ནས་ཤེས་རབ་བསྐྱེད་ཅིང་བློ་རྩལ་སྦྱོང་བའི་དུས་སུ། ས་དྲུག་པ་བདེ་ལྡན་རྟོགས་པ་མན་ཆད་རྫོགས་ནས། བདུན་པ་ཡིད་བཞིན་ཀུན་གྲུབ་རྒྱུད་ལ་བརྙེས་པར་གསུངས། རྫོགས་སྐུ་གཤེན་ལྷ་འོད་དཀར་ལ་འགྲོ་བ་འདུལ་བའི་བོན་ལུང་ནོད་པས། རྫོགས་སྐུས་སྐྱེ་བ་བཞི་ལས་མངལ་སྐྱེས། རིགས་དྲུག་ལས་མིའི་ཡུལ་དུ་སྟོན་པ་གཤེགས་ཤིག་ཅེས་པ་ལ་སོགས་ལུང་བསྟན་པའི་དུས་སུ། ས་བདུན་པ་ཡིད་བཞིན་ཀུན་གྲུབ་མན་ཆད་རྫོགས་ནས། ས་བརྒྱད་པ་མ་ཆགས་དག་པ་རྒྱུད་ལ་བརྙེས་པ་ཡིན་ཏེ། བརྒྱད་པ་ལུང་བསྟན་ཐོབ་པ་དེ། སྡེ་སྣོད་སྤྱིའི་དགོངས་པ་ཡིན་པས་སོ། །ཞེས་གསུངས། ལུང་བསྟན་ཐོབ་པའི་རྗེས་ལ་ལོངས་སྤྱོད་རྫོགས་སྐུས་བྱིན་གྱིས་བརླབས་ཤིང་འགྲོ་བ་འདུལ་བའི་དབང་བསྐུར་ཐོབ་པ་དང་། སྤྲུལ་པའི་སྟོངས་བདབ་པ་ལ་སོགས་པའི་དུས་སུ་ས་དགུ་པ་ཡི་གེ་འཁོར་ལོ་མན་ཆད་རྫོགས་ནས། ས་བཅུ་པ་བདེ་བ་ཆེན་པོ་རྒྱུད་ལ་བརྙེས་པར་གསུངས། དེ་ཡང་སྲིད་པ་ཡེ་སངས་ཀྱི་ཡུལ་དུ་སྐྱེ་བ་བཞེས་པས་སྐྱེ་བརྒྱུད་ཕུན་སུམ་ཚོགས་པ་དང་། མགོན་བཙུན་ཕྱྭ་ཡི་གྲོང་ཁྱེར་དུ་བློ་རྩལ་སྦྱངས་པས་ཤེས་རབ་ཕུན་སུམ་ཚོགས་པ། ས་བཅུ་ལ་ཤེས་བྱའི་སྒྲིབ་པ་སྦྱངས་པས་ལྟ་དགོངས་ཕུན་སུམ་ཚོགས་པ། འོག་མིན་དུ་ལུང་ནོད་པས་བསམ་སྦྱོར་ཕུན་སུམ་ཚོགས་པའོ། །དེ་ཡང་འོག་མིན་དུ་ཁྱེའུ་གསལ་བའི་སྐྱེ་བ་བཞེས་པའི་ཚེ་སྲིད་པ་ཐ་མ་ཞེས་བྱ་སྟེ། ཚེ་གཞུག་ལ་སངས་རྒྱས་པའི་ཕྱིར་ཞེས་དར་རྒྱས་གསལ་སྒྲོན་ལས་གསུངས་སོ། །འོ་ན་བདག་ཅག་གི་སྟོན་པ་སངས་རྒྱས་དེ་ཉིད་སྤངས་རྟོགས་ཀྱི་ཡོན་ཏན་ཇི་ལྟ་བུ་ཞིག་ཐུགས་རྒྱུད་ལ་བརྙེས་པའི་དུས་སུ་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་སྐུ་སྐྱེ་བ་བཞེས་པ་ཡིན་ནམ་ཞེ་ན། དེ་ལ་རང་ལུགས་འཁྲུལ་མེད་དུ་སྨྲ་བའི་མཁས་དབང་རྣམ་པས་བཞེད་ཚུལ་མི་མཐུན་པར་ཁྱེའུ་གསལ་བ་དེ་ཉིད་འཆི་མེད་གཙུག་ཕུད་དངོས་ཡིན་པར་འདོད་པ་དང་། ཁྱེའུ་གསལ་བ་དེ་ཉིད་ས་བཅུ་རྒྱུན་མཐའི་རྟོགས་པ་རྒྱུད་ལ་བརྙེས་པའི་དུས་སུ་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་སྐུ་སྐྱེ་བ་བཞེས་པར་འདོད་པ་སོགས་བཞེད་ཚུལ་མི་མཐུན་པ་དུ་མ་ཞིག་སྣང་སྟེ། འདི་ལྟར་མཁས་དབང་བསྟན་རྒྱལ་བཟང་པོས་མཛད་པའི་དར་རྒྱས་གསལ་སྒྲོན་ལས། དེ་ཉིད་འཆི་མེད་གཙུག་ཕུད་འདོད་དེ། བསྟན་པ་ཤན་འབྱེད་ལས། ཁྱེའུ་གསལ་བ་འཆི་མེད་གཙུག་ཕུད་ལ། །ཡེ་ཤེས་ལྷ་ཡི་ཏིང་འཛིན་བོན་བསྟན་པས། །ཤེས་བྱའི་སྒྲིབ་བྱང་ཐོགས་མེད་སྤྲུལ་སྐུར་གྱུར། །ཞེས་གསུངས་སོ། །ཞེས་རྒྱུ་མཚན་དང་བཅས་པ་གསུངས། དེའི་ལོ་རྒྱུས་འཆད་པའི་སྐབས་སུ། ཡེ་གཤེན་གཙུག་ཕུད་དེ་ཉིད་འཕགས་ལམ་ས་དགུ་ལས་མ་ནོན་པས། འགྲོ་བའི་དོན་ལ་ལན་གཅིག་བྱོན་ཏེ། ཞེས་ཡེ་གཤེན་གཙུག་ཕུད་དེ་ཉིད་ཡུམ་བཟང་ཟ་རིང་བཙུན་གྱི་སྲས་སུ་སྐུ་སྐྱེ་བ་བཞེས་པར་བསྟན་པ་དང་། དེའི་རྗེས་ཁྲི་རྒྱལ་ཁུག་པ་གདུང་ཚོབ་ཏུ་བསྐོས་ཏེ། སྒྲ་དང་འོད་ཀྱིས་བསྐོར་ནས་ཚེ་ལོ་ཁྲི་པའི་དུས་སུ་འོག་མིན་དུ་གཤེགས་པར་གསུངས། མཁས་པ་ཆེན་པོས་གསུངས་ཚུལ་འདི་ནི་དཔྱད་གསུམ་དང་འབྲེལ་བའི་ལེགས་བཤད་ཅིག་ཡིན་མོད་ཀྱང་། འདི་ལ་ཐ་སྙད་སྒྲས་ཟིན་གྱི་ཐོག་ནས་འཐད་མིན་གྱི་དཔྱད་པ་ཅུང་ཙམ་ཞུས་ན། དང་པོ་ཁོང་གིས་བསྟན་པ་ཤན་འབྱེད་ཀྱི་ལུང་རྒྱབ་བརྟེན་དུ་བྱས་ཏེ་ཁྱེའུ་གསལ་བ་དེ་ཉིད་སྟོན་པ་འཆི་མེད་གཙུག་ཕུད་ཡིན་ཚུལ་གསུངས་པ་དེ། ཤེས་རྒྱུད་གཅིག་པའི་རྒྱུ་མཚན་དུ་བྱས་ནས་གསུངས་སམ། ཡང་ན་གདག་གཞི་གཅིག་ལ་མིང་གི་རྣམ་གྲངས་སུ་འདོད། དང་པོ་ལྟར་ན་བདག་ཅག་གི་སྟོན་པའི་སྐྱེ་རྒྱུད་སྔ་མའི་སེམས་ཅན་རྣམས་སྟོན་པ་འཆི་མེད་གཙུག་ཕུད་ཡིན་པར་འདོད་དགོས་པར་འགྱུར་བས་མི་རིགས་སོ། །གཉིས་པ་ལྟར་ན་ཁྱེའུ་གསལ་བ་དེ་ཉིད། ཡུམ་བཟང་ཟ་རིང་བཙུན་གྱི་སྲས་སུ་ཐལ་ཏེ། བཟང་ཟའི་སྲས་འཆི་མེད་གཙུག་ཕུད་དང་། ཁྱེའུ་གསལ་བ་གཉིས་གདག་གཞི་གཅིག་ལ་མིང་གི་རྣམ་གྲངས་སུ་འདོད་པའི་ཕྱིར་རོ། །གཞན་ཡང་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་རྒྱུད་ལ་ས་གཉིས་པ་བརྙེས་པའི་དུས་དང་། ས་དགུ་པ་བརྙེས་པའི་དུས་གཉིས་ཀར་ཡུམ་བཟང་ཟ་རིང་བཙུན་གྱི་སྲས་སུ་འཁྲུངས་པར་འདོད་དགོས་པར་འགྱུར་ཏེ། རབས་བརྒྱད་སྟོན་པ་དམུ་སྲས་འགྲོ་བའི་མགོན་པོ་དེ་ཉིད་སྔོན་རབས་སུ་ས་གཉིས་པ་རྒྱུད་ལ་བརྙེས་པའི་དུས་སུ་ཡབ་ཁྲི་འོད་དང་། ཡུམ་ཀུན་ཤེས་གཉིས་ཀྱི་སྲས་སྲིད་པའི་ཁྱེའུ་གསལ་བའི་སྐྱེ་བ་བཞེས་པ་མདོ་རྒྱུད་གཉིས་ཀྱི་དགོངས་དོན་ཡིན་པ་གང་ཞིག དེ་ཉིད་འཕགས་ལམ་ས་དགུ་ལས་མ་ནོན་པས་འགྲོ་བའི་དོན་ལ་ལན་གཅིག་ཡུམ་བཟང་ཟའི་སྲས་འཆི་མེད་གཙུག་ཕུད་ཀྱི་སྐྱེ་བ་བཞེས་པ་ཁྱེད་ཀྱིས་འདོད་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་ཁྱེའུ་གསལ་བ་སྟོན་པ་འཆི་མེད་གཙུག་ཕུད་ཡིན་པར་མི་འདོད་དོ། །ཐོས་བསམ་གྱི་སྦྱོང་པ་དབེན་ཞིང་རྣམ་དཔྱོད་ཀྱི་ཤེས་རབ་མེད་པའི་ཡིད་ཆེས་དང་བསྐྱར་བཟློས་ཁོ་ནའི་རྗེས་འབྲང་རྣམས་ཀྱིས་དེ་ལྟར་འདོད་དགོས་ཏེ། རང་ལུགས་ཀྱི་མཁས་པ་ཕལ་མོ་ཆེ་འདི་དང་འདི་ཞེས་པས་གསུངས་པས་འཐད་དགོས་སོ། ཞེས་ཟེར་ཡང་གཙིགས་སུ་མི་ཆེ་སྟེ། སྟོན་པ་སངས་རྒྱས་ཀྱི་ཞལ་ནས། ལུང་ནི་འདམ་གྱི་ཕུར་པ་དང་འདྲ་སྟེ། གར་དྲངས་དྲངས་འོང་བས། རིགས་པའི་རྒྱབ་བརྟེན་མེད་པར་ཡིད་མི་ཆེས་སོ། །ཞེས་གསུངས་པའི་ཚིག་དོན་ལ་བསམ་གཞིག་ལེགས་པར་བྱ་རྒྱུ། བོན་སྙན་རྒྱུད་ཀྱི་མངའ་བདག་མཁས་པའི་དབང་པོ་སྤ་བསྟན་རྒྱལ་བཟང་པོས་ཀྱང་བསྟན་པ་ཤན་འབྱེད་ཀྱི་ལུང་འདི་ཙམ་ལ་བརྟེན་ནས་ཁྱེའུ་གསལ་བ་འཆི་མེད་གཙུག་ཕུད་ཡིན་པ་གསུངས་པ་ཙམ་ལས་གཞན་པའི་རྒྱུ་མཚན་ཡོད་པ་མ་མཐོང་། ཡང་སྒ་རིགས་ཀྱི་སྟོན་པ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་ཐེག་འགྲེལ་ལས། སྔོན་གྱི་ཡེ་གཤེན་གཙུག་ཕུད་དེ་ཉིད་འཕགས་ལམ་ས་དགུ་ལས་མ་ནོན་ལ། ད་ལྟའི་གཤེན་རབ་ཀྱིས་ནི་བླ་ན་མེད་པའི་ས་ནོན་པ་སྟེ། ཁམས་བརྒྱད་ལས། བླ་ན་མེད་པ་ཡང་དག་པའི་དོན་གཏན་ལ་ཕབ་པའི་གཤེན་རབ་ཆེན་པོ་དེས། ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས། དེ་ལ་རྒྱུད་གསུམ་༼ཕྱི་སྤོང་ལམ་མདོ། ནང་བསྒྱུར་ལམ་སྔགས། གསང་བ་གྲོལ་ལམ་རྫོགས་པ་ཆེན་པོ།༽འདུས་སོ་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི་གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད་ནང་དྲི་བ་འདི་ལྟར་མཛད་དེ། འཆི་མེད་གཙུག་ཕུད་དེ། དག་པ། གསལ་བ། ཤེས་པ་གསུམ་ལས་གསལ་བ་དེ་ཡིན་ནམ་མིན། མ་ཡིན་ན། དག་པ་གཏོ་རྒྱལ་འཛམ་གླིང་དུ་སྐྱེ་བ་བཞེས་ཁར་ལྷ་ལ་རྒྱལ་ཚབ་ཏུ་སུ་བཞག ཡིན་ན་སངས་རྒྱས་སྟོང་དང་རྩ་གཉིས་ལས་མཚན་རབས་དང་པོ་དགུ་རུ་བྱུང་བའི་བརྒྱད་པ་དེ་གསལ་བ་ཡིན་པ་གང་ཞིག དེས་ས་དགུ་ལས་མ་ནོན་ན་མཚན་རབས་དགུ་བར་བཅུགས་ཏེ་བསྒྲིལ་བའི་དགུ་དེ་སངས་རྒྱས་རབ་དགུ་མ་ཡིན་པ་ཐལ་ལོ། །ཞེས་གསུངས། སྒ་སྟོན་རིན་པོ་ཆེས་དེ་ལྟར་གསུངས་པའི་དོན་ནི། ཡོངས་རྫོགས་ལས། ༼ཡེ་གཤེན་གཙུག་ཕུད་ཀྱིས་ཁྲི་རྒྱལ་ཁུག་པ་ལ་གསུངས་པ།༽ཀྱེ་བདག་ནི་སེམས་ཅན་དོན་ལ་རབ་ཏུ་བྱེད་པ་སྟེ། །ཕྱིར་མི་ལྡོག་པའི་ས་ལས་ཡར་ཚད་མ་དཔགས་ན། །ཉོན་མོངས་སྒྲིབ་པ་རི་ཡི་དྲི་མ་འདྲ། །རབ་ཏུ་སྒྲིབ་པའི་ཆ་ལ་འདྲེས་དོགས་པས། །ཞེས་གསུངས་པའི་ལུང་ཚིག་འདི་ཙམ་ལ་བརྟེན་ནས་གསུངས་པ་ལྟར་སྣང་རུང་། ད་ལྟ་རང་རེས་མཐོང་ཡུལ་དུ་གྱུར་པའི་ཞི་བ་ཡོངས་རྫོགས་འདིའི་ནང་ལུང་ཚིག་འདི་ཙམ་ལས་གཞན་པའི་ཡེ་གཤེན་གཙུག་ཕུད་ཀྱིས་འཕགས་ལམ་ས་དགུ་ལས་མ་ནོན་པར་འོག་མིན་དུ་གཤེགས་པའི་ལུང་ཚིག་གང་ཡང་མ་གསལ། གཞན་ཡང་ཡོངས་རྫོགས་ལས་ཡེ་གཤེན་གཙུག་ཕུད་ཀྱིས་འཕགས་ལམ་ས་དགུ་ལས་མ་ནོན་པར་གསུངས་པ་ཡིན་ན། ཡོངས་རྫོགས་རང་ལ་ཡང་ནང་འགལ་ཞུགས་པར་ཐལ་ཏེ། ཡོངས་རྫོགས་ལས། ས་བཅུ་ཟིལ་གྱིས་ནོན་པའི་དབྱིངས་དཀྱིལ་དུ། །བོན་གྱིས་འཁོར་ལོ་སྟོང་གསུམ་བདག་སྐོར་གྱིས། །ཞེས་གསུངས་པའི་ས་བཅུ་ཟིལ་གྱིས་ནོན་པའི་དོན་ས་བཅུ་ཡར་བརྒལ་ཏེ། སྤངས་རྟོགས་ཕུལ་དུ་ཕྱིན་པའི་འབྲས་བུ་སྐུ་གསུམ་མངོན་དུ་བྱས་པའི་དོན་ལ་འཇོག་དགོས་པས། ཡེ་གཤེན་གཙུག་ཕུད་ཀྱིས་འཕགས་ལམ་ས་དགུ་ལས་མ་ནོན་པ་དང་། ས་བཅུ་ཟིལ་གྱིས་ནོན་པ་གཉིས་ཤིན་ཏུ་ནང་འགལ་ཡིན་པ་མ་ཟད། རིགས་པའི་ལམ་ནས་ཀྱང་གསང་བ་སྔགས་ལུགས་ཀྱི་འཕགས་ལམ་ས་དགུ་པ་ནོན་ལ་ཉོན་མོངས་པའི་སྒྲིབ་པ་མ་སྤངས་པའི་རྣལ་འབྱོར་བ་ཞིག་ཡོད་པ་རྒྱུད་སྡེ་བཞི་གང་གི་ལུགས་ལ་མི་འཐད་པའི་ཕྱིར་རོ། །ཡང་ཀུན་མཁྱེན་འཇའ་ལུས་པ་ཆེན་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེས་མཛད་པའི་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས། ཞི་བ་ཡོངས་རྫོགས་ལས། ཡེ་གཤེན་གཙུག་ཕུད་ས་བཅུ་ལས་མ་ནོན་པས། །སྒྲིབ་པའི་ཆ་ལ་འདྲེས་དོགས་ཀྱི་བག་ཚ་དང་ཉམ་ང་བྱུང་སྟེ་ཁྲི་རྒྱལ་ཁུག་པ་གདུང་འཚོབ་ཏུ་བཞག་ནས་སླར་འོག་མིན་དུ་གཤེགས་ཏེ། དེ་དུས་ཚེ་ལོ་ཁྲི་པ་ལགས་ཏེ། ཞེས་པས། ཡེ་གཤེན་གཙུག་ཕུད་ཁྲི་པའི་དུས་སུ་བྱོན་པས་འཕགས་ལམ་ས་དགུ་ལས་མ་ནོན་ལ། དེས་སྒྲིབ་པ་ཐ་དག་སྤངས་པའི་བླ་མེད་ཀྱི་ས་ནོན་ནས་བརྒྱ་པའི་སྟོན་པར་བྱོན་ཏེ། དེ་ནི་ཁྱེའུ་གསལ་བའམ་འཆི་མེད་གཙུག་ཕུད་ཅེས་བྱ་སྟེ། ཞེས་བསྟན་པ་ཤན་འབྱེད་ཀྱི་ལུང་དེ་དྲངས་འདུག གསུངས་ཚུལ་འདི་ནི་སྒ་སྟོན་དང་། རྒྱུད་འགྲེལ་པ་ཁ་ཅིག་གིས་གསུངས་ཚུལ་དེ་ལ་འཐད་མིན་གྱི་རྣམ་བཞག་མ་ཕྱེས་པར་བསྐྱར་བཟློས་ཙམ་དུ་བཀོད་པར་སྣང་ངོ་། །ཚུལ་འདི་ལྟར་ན་གོང་གི་ཡོངས་རྫོགས་ཀྱི་ལུང་ཚིག་ས་བཅུ་ཟིལ་གྱིས་ནོན་པའི་དབྱིངས་དཀྱིལ་དུ། །བོན་གྱི་འཁོར་ལོ་སྟོང་གསུམ་བདག་སྐོར་གྱིས། །ཞེས་པའི་ལུང་དང་འགལ་བ་མ་ཟད་འཆི་མེད་གཙུག་ཕུད་དེ་ཚེ་ལོ་ཁྲི་པའི་དུས་སུ་སངས་རྒྱས་མ་ཡིན། དེ་དུས་སངས་རྒྱས་རབ་དགུ་གང་རུང་ཡིན་ཞེས་ཁས་ལེན་དགོས་པར་འགྱུར་རོ། །ཡང་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས་བོན་འབྱུང་ལས། དེ་ཡང་སྟོན་པ་ཡེ་གཤེན་གཙུག་ཕུད་ཚེ་ལོ་ཁྲི་པའི་སྟོན་པ་བྱོན་ཏེ། དགའ་ལྡན་ནས་འདབ་ཆགས་རྒྱལ་པོ་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས། འགྲོ་བ་རབ་འདྲེན་ཡིད་ཀྱི་མཆོད་རྟེན་ཆེན་པོ་ཞེས་ཀྱང་དེ་ལ་བྱའོ། །ཡུམ་བཟང་བཟའ་རིང་བཙུན་མཆོད་རྟེན་ལ་སྐོར་བ་མཛད་པས། ཡི་གེ་ཨཱོྃ་མཐིང་ཁ་ཞིག་ཏུ་སྤྲུལ་ནས་ཡུམ་གྱི་ལྷུམས་སུ་ཞུགས་པས། ཞེས་དང་། དཔྱིད་ཟླ་ར་བའི་ཚེས་བརྒྱད། སྐར་མ་སྨིན་དྲུག གཟའ་ཉི་མ། དུས་ཚོད་ནམ་ལང་ལ་སྐྱེ་བ་བཞེས་ནས། འོད་ཀྱི་ལྷ་རི་སྤོ་མཐོ་བའི་རྩེ་མོ་ལ། ཁམས་བརྒྱད་གཏན་ལ་ཕབ་པས། འབུམ་གསུངས་པའི་འགོ་དེ་ནས་འཛིན་པའོ། །ཁམས་བརྒྱད་ལས། འདབ་ཆགས་ཀྱི་རྒྱལ་པོ་གཡུ་བྱ་ཁུ་བྱུག་ཅེས་པའི་དོན་ཡང་དེའོ། །ཞེས་དང་། དེ་དུས་ཡེ་གཤེན་གཙུག་ཕུད་ས་བཅུ་མ་ནོན་པས། །རང་ཡང་སྒྲིབ་པའི་ཆ་ལ་འདྲེས་དོགས་ཀྱི་ཉམ་ང་དང་བག་ཚ་བྱུང་སྟེ། ཁྲི་རྒྱལ་ཁུག་པ་གདུང་འཚོབ་ཏུ་བཞག་ནས་འོག་མིན་དུ་གཤེགས་པ་ཡོངས་རྫོགས་ནས་གསུངས་སོ། །ཞེས་གསུངས། འོ་ན་ཁྱོད་ཀྱིས་དང་པོ་ཡེ་གཤེན་གཙུག་ཕུད་ཚེ་ལོ་ཁྲི་པའི་སྟོན་པར་བྱོན་པ་གསུངས་པ་དེ། བསྐལ་ཆེན་གྱི་སྟོན་པ་བྱོན་པ་གསུངས་པ་ཡིན་ནམ། ཡང་ན་ཟུར་སྡོང་གི་སྟོན་པ་བྱོན་པར་གསུངས་པ་ཡིན། དང་པོ་ལྟར་ན་ཚེ་ལོ་ཁྲི་པའི་དུས་སུ་བསྟན་པ་གཅིག་ལ་བསྐལ་ཆེན་སྟོན་པ་ཁྲི་རྒྱལ་ཁུག་པ་དང་། ཡེ་གཤེན་གཙུག་ཕུད་གཉིས་སུ་བྱོན་པར་འགྱུར་བས་མི་འཐད་དོ། །གཉིས་པ་ལྟར་ན། སྟོན་པ་ཡེ་གཤེན་གཙུག་ཕུད་དེ་ཚེ་ལོ་ཁྲི་པའི་དུས་སུ་ཟུར་སྡོང་གི་སྟོན་པ་ཡིན་ན། དེའི་རྒྱལ་ཚབ་ལ་ཁྲི་རྒྱལ་ཁུག་པ་བཞག་པ་ཇི་ལྟར་འཐད། སྟོན་པ་ཁྲི་རྒྱལ་ཁུག་པ་ཚེ་ལོ་ཁྲི་པའི་ཁྱད་པར་བྱས་པའི་བསྐལ་ཆེན་གྱི་སྟོན་པ་དང་། སྟོན་པ་ཡེ་གཤེན་གཙུག་ཕུད་ཚེ་ལོ་ཁྲི་པའི་དུས་སུ་ཟུར་སྡོང་གི་སྟོན་པ་ཡིན། ཡེ་གཤེན་གཙུག་ཕུད་ཀྱི་རྒྱལ་ཚབ་ལ་ཁྲི་རྒྱལ་ཁུག་པ་བཞག་པ་ཡིན་ཞེས་བཤད་ན་བཞད་གད་མི་འཆོར་བ་སུ་ཞིག་ཡོད། དེས་ན་མི་འཐད་དོ། །ཡང་ཁྱེད་ཀྱིས་ཡེ་གཤེན་གཙུག་ཕུད་ཀྱིས་འོད་ཀྱི་ལྷ་རི་སྤོ་མཐོ་བའི་རྩེ་མོ་ལ་ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ་གསུངས་པའི་འགོ་དེ་ནས་འཛིན་པའོ། །ཁམས་བརྒྱད་ལས། འདབ་ཆགས་ཀྱི་རྒྱལ་པོ་གཡུ་བྱ་ཁུ་བྱུག་ཅེས་པའི་དོན་ཡང་དེའོ། །ཞེས་པ་ལྟར་ན་གཤེན་རབ་འཛམ་གླིང་དུ་སྐུ་སྐྱེ་བ་མ་བཞེས་པའི་གོང་དུ་རྒྱལ་སྲས་གཏོ་བུ་ལས་སོགས་ཁམས་བརྒྱད་ཞུ་བའི་གཤེན་ལ་སོགས་བྱོན་པར་འགྱུར་ཏེ། བོན་རང་ལུགས་ཀྱི་རྒྱས་འབྲིང་བསྡུས་གསུམ་ཕྱེད་པའི་འབུམ་སྡེ་རྣམས་གསུངས་སའི་གནས་དང་། རྒྱས་བསྡུས་ཀྱི་ཁྱད་པར་ཙམ་ལས་བཀའ་གསུངས་པ་པོ་དང་། ཞུ་འཁོར་ལ་ཁྱད་པར་ཡོད་པ་རང་ལུགས་འཁྲུལ་མེད་སྨྲ་བའི་མཁས་དབང་སུས་ཀྱང་ཞལ་བཞེས་མ་གནང་བའི་ཕྱིར་རོ། །ཡང་ཁྱེད་ཀྱིས་ཡེ་གཤེན་གཙུག་ཕུད་དགའ་ལྡན་གྱི་གནས་ནས་འདབ་ཆགས་ཀྱི་རྒྱལ་པོ་གཡུ་བྱ་ཁུ་བྱུག་ཅིག་ཏུ་སྤྲུལ་ནས་ཡུམ་བཟང་ཟའི་སྲས་སུ་སྐུ་སྐྱེ་བ་བཞེས་པར་བསྟན་པ་འདི་དང་། ཁམས་བརྒྱད་ལས། འདབ་ཆགས་ཀྱི་རྒྱལ་པོ་གཡུ་བྱ་ཁུ་བྱུག་ཅེས་པའི་དོན་ཡང་དེའོ། །ཞེས་སྔ་མའི་དོན་ལ་འགྲེལ་བ་ནི་ཤིན་ཏུ་ངོ་མཚར་ཆེའོ། །ཁམས་བརྒྱད་ལས་གསུངས་པའི་འདབ་ཆགས་ཀྱི་རྒྱལ་པོ་གཡུ་བྱ་ཁུ་བྱུག་ཅེས་པའི་དོན་དེ་ལྟར་མ་ཡིན་པ། འདི་ནི་མཆོག་གི་སྤྲུལ་སྐུ་གང་ཞིག་གདུལ་བྱ་འདུལ་བའི་དུས་ལ་བབ་སྟེ། འཛམ་གླིང་དུ་སྐུ་སྐྱེ་བ་བཞེས་པའི་དཔེ་དོན་དང་སྦྱར་ནས་བཤད་དགོས་ཏེ། དཔེར་ན། འདབ་ཆགས་ཀྱི་རྒྱལ་པོ་གཡུ་བྱ་ཁུ་བྱུག་དེ་ཉིད། ནམ་ཟླའི་དུས་ཚོད་མ་འཛུར་བར་གསུང་སྙན་སྒྲོགས་པའི་གནས་སུ་འོང་ནས་གསུང་སྙན་བསྒྲགས་པས་དབྱར་དུས་ལང་ཚོ་རྒྱས་པར་བྱེད་པ་བཞིན་དུ། མཆོག་གི་སྤྲུལ་སྐུ་དེ་ཉིད་ཀྱང་གདུལ་བྱ་འདུལ་བའི་དུས་ལས་མ་མཛུར་བར་གདུལ་བྱའི་ཞིང་ཁམས་རྣམས་སུ་བྱོན་ཏེ། གདུལ་བྱ་རིགས་ཅན་རྣམས་ལ་མཛད་པ་བཅུ་གཉིས་ཀྱི་དོན་བསྟན་པས། གདུལ་བྱ་རྣམས་སྨིན་གྲོལ་མཐར་ཕྱིན་གྱི་ལམ་ལ་འགོད་པའི་དོན་དང་མཐུན་པའི་ཕྱིར་རོ། །གསུངས་ཚུལ་འདི་ལ་བརྟག་ན། འདི་ནི་བདག་ཅག་གི་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་སྐུ་སྐྱེ་སྔོན་མ་གསང་བ་སྔགས་ཀྱི་མངའ་བདག་སློབ་དཔོན་འཆི་མེད་གཙུག་ཕུད་དུ་སྐྱེ་བ་བཞེས་ཚུལ་དང་། སྟོན་པ་སངས་རྒྱས་འཛམ་གླིང་དུ་སྐྱེ་བ་བཞེས་ཚུལ་གཉིས་ཕན་ཚུན་འཁྲུགས་འདྲེས་ཀྱི་ཚུལ་དུ་བཤད་པ་མཐོང་ངོ་། །ཡང་ཡོངས་འཛིན་ཚུལ་རྒྱན་པས་མཛད་པའི་བསྟན་འབྱུང་སྣང་བ་དཀར་པོའི་དཔལ་ལས། ཚེ་ལོ་བརྒྱད་ཁྲི་དྲུག་ཁྲིའི་དུས། །ཞེས་དང་། སུམ་ལྡན་བསྐལ་པ་ཞེས་བྱའོ། །དེ་དུས་རྩ་གསུམ་ལྷ་གནས་སུ། །ལྷ་མོ་བཟང་ཟ་རིང་བཙུན་ལ། །ཡབ་ཅིག་འཕྲུལ་གཤེན་སྣང་ལྡན་སྲས། །སྟོན་པ་ཡེ་གཤེན་གཙུག་ཕུད་འཁྲུངས། །ཞེས་པའི་གསུངས་ཚུལ་འདི་ནི་གོང་དུ་དཔྱད་པའི་སྟོབས་ཀྱིས་ཤུགས་ལས་ཁེགས་པར་འགྱུར་བས་དམིགས་བསལ་གྱི་འགྲེལ་བཤད་མི་དགོས་པར་སེམས་སོ། །ཡང་ཀུན་མཁྱེན་ཉི་མ་བསྟན་འཛིན་རིན་པོ་ཆེས་མཛད་པའི་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་ལས། །སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲི་དང་ཐབས་ཤེས་ཟུང་དུ་འབྲེལ་ཏེ། བར་ལྷ་འོད་གསལ་ནས་རིམ་པར་བྱོན་ཏེ། སུམ་ཅུ་རྩ་གསུམ་དུ་བློ་གསལ་འཆི་མེད་གཙུག་ཕུད་བྱ་བ་སྐུ་སྤྲུལ་ཏེ། ཞེས་གསུངས། གསུངས་ཚུལ་འདི་ལ་བརྟག་ན། བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ཐབས་མཁས་ཐུགས་རྗེ་ཅན་དེ་ཉིད། དག་པ་གཏོ་རྒྱལ་ཡེ་མཁྱེན་གྱི་བསྟན་པ་རྫོགས་པའི་རྟིང་ལ་སྟོང་གསུམ་འདུལ་བའི་སྟོན་པ་ཆེན་པོ་མཆོག་གི་སྤྲུལ་སྐུར་བཞེངས་ཏེ། ཁམས་གོང་མ་ནས་རིམ་པར་རྩ་གསུམ་གྱི་གནས་སུ་ཕེབས་པའི་དུས་སུ་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་སྐུ་སྐྱེ་བ་བཞེས་པར་གསུངས་པ་ལྟར་སྣང་། རྒྱུ་མཚན་ནི་ཡོངས་གྲགས་སུ་འཆི་མེད་གཙུག་ཕུད་ཀྱི་བསྟན་པ་དང་། གཤེན་རབ་ཀྱི་བསྟན་པ་གཉིས་ཚེ་ལོ་བརྒྱ་པའི་ཁྱད་པར་དུ་བྱས་པའི་བསྟན་པ་ལ་འཇོག་དགོས་པས། སློབ་དཔོན་འཆི་མེད་གཙུག་ཕུད་དེ་ཉིད་འདི་ལས་བརྒལ་བའི་དུས་ཐོག་གཞན་དུ་སྐྱེ་བ་བཞེས་པ་ཡིན་ན། སྟོན་པ་དེས་རྗེས་བཞག་གནང་བའི་སྐུ་གསུང་ཐུགས་ཀྱི་བསྟན་པ་དེ་ཉིད་ཚེ་ལོ་བརྒྱ་པའི་ཁྱད་པར་བྱས་པའི་བསྟན་པའི་ཁོངས་སུ་འདུས་པར་དཀའ་བར་དགོངས་ནས་དེ་ལྟར་གསུངས་པ་གོར་མ་ཆགས། གསུངས་ཚུལ་འདི་ནི་ཡོངས་གྲགས་ཀྱི་ལོ་རྒྱུས་རྣམས་དང་འབྲེལ་མ་ཆགས་པ་མ་ཟད། རྒྱུད་ཉི་སྒྲོན་དང་རང་ལུགས་ཚད་ལྡན་གྱི་ཡིག་ཆ་རྣམས་སུ་སློབ་དཔོན་འཆི་མེད་གཙུག་ཕུད་དེ་ཉིད་སུམ་ཅུ་རྩ་གསུམ་གྱི་གནས་སུ་ཡུམ་བཟང་ཟ་རིང་བཙུན་གྱི་སྲས་སུ་སྐྱེ་བ་བཞེས་པ་དང་། རྩ་གསུམ་གྱི་ལྷ་རྣམས་ལ་རྒྱུ་འབྲས་བདེན་པའི་བོན་གྱི་འཁོར་ལོ་བསྐོར་བ་སྟེ། གཟིགས་དགོངས་ཚད་ལྔ་ཐུགས་ལ་མ་བཀྲམ་པ་གཅུང་ཤེས་པ་རྒྱལ་ཚབ་ཏུ་མངའ་གསོལ་ནས་སླར་འོག་མིན་དུ་གཤེགས་ཏེ། དེ་རྗེས་སྟོང་གསུམ་འདུལ་བའི་སྟོན་པ་ཆེན་པོ་མཆོག་གི་སྤྲུལ་སྐུར་བཞེངས་ནས་ཁམས་གོང་མ་ནས་རིམ་པར་རྩ་གསུམ་གྱི་གནས་སུ་ཕེབས་ཏེ་གཟིགས་དགོངས་ཚད་ལྔ་ཐུགས་ལ་བཀྲམ་པར་གསུངས་པའི་ཚུལ་དང་མི་མཐུན་པ་སྣང་ངོ་། ། ཡང་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི་བསྟན་འབྱུང་ཉུང་བསྡུས་ལས། བདག་ཅག་གི་སྟོན་པ་སངས་རྒྱས་འདིས་སྔགས་ལམ་གྱི་འབྲས་བུ་བསྒྲུབ་པའི་ཚུལ། བྱང་སེམས་རྒྱུན་མཐའི་རྟོགས་པ་དང་ལྡན་ཚེ་བློ་གསལ་འཆི་མེད་གཙུག་ཕུད་ཅེས་བྱ་བ་ཞིག་ཏུ་གྱུར་ཏེ། ཞེས་གསུངས། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་གཡུང་དྲུང་བོན་གྱི་བསྟན་འབྱུང་ལས། བྱང་སེམས་རྒྱུན་མཐའི་རྟོགས་པ་དང་ལྡན་ཚེ། །བློ་གསལ་འཆི་མེད་གཙུག་ཕུད་བྱ་བར་གྱུར། ཁྱབ་བདལ་ཀུན་ཏུ་བཟང་ལས་སྔགས་ཀྱི་བོན། །གསན་སྒྲུབ་སྒོམ་དགོངས་མཛད་སོགས་སྔགས་ཀྱི་ལམ། །རྫོགས་བྱང་འབྲས་བུ་ལྷུན་གྱིས་གྲུབ་པར་བསྒྲུབས། །ཞེས་གསུངས། གསུངས་ཚུལ་འདི་གཉིས་ལ་བརྟག་ན། བདག་ཅག་གི་སྟོན་པ་ཐབས་མཁས་ཐུགས་རྗེ་ཅན་དེ་ཉིད་འོག་མིན་དུ་ཁྱེའུ་གསལ་བའི་རྟེན་ལ་མདོ་ལུགས་ལ་སངས་རྒྱས་ཀྱང་སྔགས་ལུགས་ལ་སངས་མ་རྒྱས་པའི་གོང་དུ་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་སྐུ་སྐྱེ་བ་བཞེས་པར་གསུངས། གསུངས་ཚུལ་འདི་ལྟར་ན་གོང་དུ་ཡོངས་འཛིན་རིན་པོ་ཆེས་མཁས་དབང་སྒ་སྟོན་ལ་དྲི་བ་མཛད་པའི་ལུང་དེས་གནོད་པར་མཐོང་ངོ་། །མཁས་པའི་དབང་པོ་དེ་རྣམས་ཀྱིས་བཞེད་ཚུལ་མདོར་བསྡུས་ཏེ་བཀོད་ན། མཁས་དབང་བསྟན་རྒྱལ་བཟང་པོས་ཡེ་ཤེས་གཙུག་ཕུད་དེ་ཉིད་འཕགས་ལམ་ས་དགུ་ལས་མ་ནོན་པས། འགྲོ་བའི་དོན་དུ་ཡུམ་བཟང་བཟའ་རིང་བཙུན་གྱི་སྲས་སུ་སྐུ་སྐྱེ་བ་བཞེས་པར་བསྟན་པ་དང་། སྒ་སྟོན་རིན་པོ་ཆེ་དང་། ཀུན་མཁྱེན་འཇའ་ལུས་པ་གྲུབ་དབང་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ། ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་རྣམ་པས་འཆི་མེད་གཙུག་ཕུད་དེ་ཉིད་འཕགས་ལམ་ས་དགུ་ལས་མ་ནོན་པར་སླར་འོག་མིན་དུ་གཤེགས་པར་གསུངས། ཀུན་མཁྱེན་ཉི་མས། བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་བསྟན་པ་རྫོགས་པའི་རྟིང་ལ་སྟོང་གསུམ་འདུལ་བའི་སྟོན་པ་ཆེན་པོ་མཆོག་གི་སྤྲུལ་སྐུར་བཞེངས་ཏེ། ཁམས་གོང་མ་ནས་རིམ་བཞིན་རྩ་གསུམ་གྱི་གནས་སུ་ཕེབས་པའི་དུས་སུ་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་སྐུ་རུ་བཞེངས་པར་གསུངས། གསུང་ཚུལ་འདི་ལྟར་ན་གོང་དུ་ཡོངས་འཛིན་བླ་མས་མཁས་དབང་སྒ་སྟོན་ལ་འདྲི་བ་མཛད་པའི་ལུང་དེས་གནོད་པར་མཐོང་ངོ་། །
ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་མཆོག་དང་། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་སོགས་ཀྱིས་བདག་ཅག་གི་སྟོན་པ་དེ་ཉིད་མདོ་ལུགས་ལ་སངས་རྒྱས་ནས་སྔགས་ལུགས་ལ་སངས་མ་རྒྱས་གོང་དུ་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་སྐུ་སྐྱེ་བ་བཞེས་པར་གསུངས་ཚུལ་འདི་རྣམས་ལ་རྗེ་ཐམས་ཅད་མཁྱེན་པ་མཉམ་མེད་བླ་མས་<མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད་>ཅེས་གསུངས་པ་ལྟར་བདེན་པའི་དོན་རེ་ཡོད་པ་ངེས་པ་ཡིན། འོ་ན་རང་ལུགས་ལ་ཚུལ་ཇི་ལྟར་འཇོག་གམ་ཞེ་ན། དེ་ནི་ཡིད་ཆེས་དང་བསྐྱར་ཟློས་གཅིག་པུའི་རྗེས་སུ་མི་འབྲེང་བར་ལུང་རིག་ཟུང་འབྲེལ་གྱི་སྒོ་ནས་བཤད་དགོས་པ་ཡིན། མཁས་པ་མི་ཉུང་བ་ཞིག་གིས་ཐེག་པའི་བཞེད་དོན་དང་བསྟུན་ཏེ་བདག་ཅག་གི་སྟོན་པ་སངས་རྒྱས་མཆོག་ཐོག་མར་སྐུ་གསུམ་གྱི་གོ་འཕང་བརྙེས་ཚུལ་ལ་མདོ་ལུགས་དང་། སྔགས་ལུགས་སོགས་ལ་སྦྱར་ནས་གཅིག་ཏུ་མ་ངེས་པའི་བཤད་ཚུལ་ཇི་སྙེད་ཅིག་མཆིས་ཀྱང་། དོན་དུ་བདག་ཅག་གི་སྟོན་པ་སངས་རྒྱས་དེ་ཉིད་འོག་མིན་ཏུ་ཁྱེའུ་གསལ་བའི་རྟེན་ལ་སྐུ་གསུམ་མངོན་དུ་བྱས་པ་ཡིན་ཞེས་བཤད་ན་མདོ་རྒྱུད་གཉིས་ཀྱི་དགོངས་དོན་དང་མཐུན་པར་མཐོང་ངོ་། །མདོ་གཟེར་མིག་ལས། ༼སྲིད་པའི་ཁྱེའུ་གསལ་བ་ལ་གཤེན་ལྷ་འོད་དཀར་གྱིས་གསུངས་པ།༽ཉིད་ཀྱིས་ནི་ཅིར་ཡང་སྤྲུལ་པའི་སྐུ་བྱ་བ་ཐོབ་པ་ལགས་སོ། །ད་ནི་ཤེས་བྱའི་སྒྲིབ་པ་བྱང་བས་སོ། །ཞེས་དང་། སྟོན་པ་འོད་གསལ་ལྷ་ལས་བབ་པའི་མདོ་ལས། ཚེ་ལོ་བརྒྱ་པའི་དུས་ན། སྟོན་པ་དྲི་༼འཆི་༽མེད་གཙུག་ཕུད་ཅན་གྱི་འདུལ་བའི་དུས་ལ་བབ་སྟེ། དེ་ལ་སྟོན་པ་དེས་ནི་སྔོན་གྱི་བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས། གྲངས་མེད་གསུམ་ལ་སྒྲིབ་པ་སྦྱངས་པས། ཚོགས་རྫོགས་སྒྲིབ་པ་སྦྱངས་བའི་མཐུས། ཚོགས་རྫོགས་སྦྱངས་ནས། བོན་གྱི་སྐུ་ལ་ལོངས་སྤྱོད་རྫོགས་པའི་སྐུར། རང་བཞིན་གྱིས་རྫོགས་ཤིང་ཅིར་ཡང་སྤྲུལ་པའི་སྐུ། མ་འོངས་པའི་དུས་ན་འགྲོ་བ་ཁ་ལོ་བསྒྱུར་བར་དགོངས་ནས། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། ལན་གཅིག་ཕྱིར་འོང་བའི་ཐབས་ལ་བསྟེན་ཏེ། སྲིད་པ་ཡེ་སངས་ཀྱི་ཡུལ། བར་ལྷ་འོད་གསལ་གྱི་གནས། མགོན་བཙུན་ཕྱྭ་ཡི་གྲོང་ཁྱེར་ཆེན་པོར། རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ཀྱང་། འགྲོ་བ་འདྲེན་པའི་ཐབས་ལ། ཤེས་རབ་བསྐྱེད་ཅིང་བློ་རྩལ་སྦྱངས་བའི་ཚུལ་མཛད་དེ་བཞུགས་ན། ཞེས་དང་། ཉོན་ཅིག་ཁྱེའུ་གསལ་བ་ཉོན། །བློ་གསལ་འཆི་མེད་གཙུག་ཕུད་ཁྱོད། །ཨུ་དུ་འབར་བ་གཙུག་སྐྱེས་དྲི་མ་མེད། །བསྐལ་བཟང་འགྲོ་བ་འདྲེན་པའི་གཤེན། །ཚེ་རབས་གོང་ནས་སྒྲིབ་སྦྱངས་ཤིང་། །བསྐལ་སྲིད་གོང་ནས་ཚོགས་བསགས་པས། །ཚོགས་རྫོགས་སྒྲིབ་བྱང་ནུས་མཐུ་ཡིས། །བསྐལ་བཟང་སངས་རྒྱས་ས་རུ་སླེབས། །ཞེས་དང་། དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་ལས། ༼འཆི་མེད་གཙུག་ཕུད་འཁྲུངས་ནས་ཞག་དགུ་པའི་དུས་སུ་འཆི་མེད་གཙུག་ཕུད་ཀྱིས། ལྷ་ཡི་དབང་པོ་རྒྱལ་བྱིན་ལ་གསུངས་པ།༽བདག་ནི་ཚེ་རབས་ཐོག་མ་ནས། །ཉོན་མོངས་འཁྲུལ་པའི་སྒྲིབ་བྱང་ཞིང་། །བསོད་ནམས་ཚོགས་གཉིས་རབ་རྫོགས་པས། །འབུམ་ཁྲི་གློག་གི་ལྕེ་ཅན་ལས། །འགྲོ་འདུལ་བོན་གྱི་ལུང་ཐོབ་པས། །མ་འོངས་ཚེ་ལོ་བརྒྱ་པའི་དུས། །སྟོང་གསུམ་འདུལ་བའི་གཉེན་པོ་འབྱུང་། །ཞེས་དང་། ཨུད་འབར་གཙུག་སྐྱེས་འཆི་མེད་གཙུག །སྲོག་མེད་བདུད་བྲལ་གཡུང་དྲུང་འཆང་། །སྤྲུལ་པའི་རྒྱལ་པོ་ཁྱོད་ལ་བསྟོད། །ཅེས་དང་། དེ་ལ་སྐུ་གསུམ་དོན་ལྡན་གྱི་རྟགས་སུ། །ཨུད་དུ་འབར་བའི་རྭ་གསུམ་སྐྱེས་པ། ཞེས་གསུངས་པའི་ལུང་མཆོག་འདི་རྣམས་ཀྱིས་གྲུབ་པའི་ཕྱིར་རོ། །འགའ་ཞིག་གིས་དེ་ལྟར་ཡིན་ན། །དེ་ནི་མདོ་འདུས་ཀྱི་ལུང་དང་ཤིན་ཏུ་འགལ་བའི་ཕྱིར་ཏེ། མདོ་འདུས་ལས། བློ་གསལ་འཆི་མེད་གཙུག་ཕུད་ཁྱོད། །ས་བཅུའི་ཤེས་བྱའི་སྒྲིབ་པ་བྱང་། །ཡེ་ཤེས་མཆོག་གི་ཕ་རོལ་ཕྱིན། །ས་བཅུ་གཡུང་དྲུང་སེམས་དཔའ་ཁྱོད། །སྐྱེ་བ་གཅིག་ལ་མི་ཐོགས་ཏེ། །འོད་ཀྱི་ལྷ་རི་སྤོས་མཐོན་རུ། གཤེན་རབ་མི་བོ་མངོན་སངས་རྒྱས། །ཞེས་གསུངས་པའི་དོན་ལ་འགལ་ཕྱིར་སྙམ་ན། དེ་ལྟར་སྐྱོན་མེད་དེ། དེའི་དོན་ནི་གདུལ་བྱ་གཞན་ངོར་བྱང་སེམས་ཀྱི་ཚུལ་བཟུང་ནས་ས་ལམ་བསྒྲོད་ཚུལ་དང་། སྒྲིབ་པ་སྦྱོང་ཚུལ་སོགས་མཛད་དེ། མ་འོངས་ཚེ་ལོ་བརྒྱ་པའི་དུས་སུ་སྟོང་གསུམ་འདུལ་བའི་སྟོན་པ་ཆེན་པོ་མཆོག་གི་སྤྲུལ་སྐུ་སྟོན་པ་གཤེན་རབ་མི་བོའི་སྐུར་བཞེངས་པ་ལ་དགོངས་ནས་དེ་ལྟར་གསུངས་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་མདོ་འདིའི་ལུང་ཚིག་ཇི་བཞིན་ཁས་ལེན་པར་ཤིན་ཏུ་དཀའ་བར་སྣང་ངོ་། །རྒྱུ་མཚན་ནི། འདིའི་ནང་དྲང་ངེས་གང་གི་ཕྱོགས་སུ་འགྲེལ་བར་དཀའ་བའི་ལུང་ཚིག་ཤིན་ཏུ་མང་། །དཔེར་ན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེས་ཚེ་ལོ་འབུམ་ཐུབ་པའི་དུས་སུ། སྟོན་པ་རང་འབྱུང་ཐུགས་རྗེ་ཅན་ལ་མེ་ཏོག་ཨུད་དུ་བྷ་ར་ཕུལ་བས། ཚོགས་ལམ་དང་པོ་རྫོགས་ཏེ། སྦྱིན་པས་ཚོགས་རྫོགས་ནས་སེར་སྣའི་དྲི་མ་དང་བྲལ་བས། ས་དང་པོ་རབ་ཏུ་རྒ་༼དགའ་༽བ་ཐོབ་པར་བསྟན་པ་འདི་ལ་བསམ་ན། གྲངས་མེད་ཚོགས་བསགས་གྲངས་མེད་སྒྲིབ་སྦྱངས་ནས། ཞེས་པའི་ལུང་ལ་འགྲེལ་བ་ཇི་ལྟར་བྱེད། ཡང་ཚེ་ལོ་ཁྲི་པའི་དུས་སུ་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱིས། སྟོན་པ་ཚད་མེད་ཐུགས་རྗེ་ཅན་ལ། མུ་ལེ་དྲུམ་ཤིང་ཉག་རེ་ཕུལ་བས། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་ཐོབ་པ་དང་། སྦྱོར་ལམ་ཀུན་བཟང་ཡེ་ཤེས་ཐོབ་པ་དང་། ས་བཞི་པ་འོད་འཕྲོ་ཐོབ་པར་འགྱུར། ཞེས་པའི་ལུང་དོན་ལ་བསམ་ན། གོང་གི་ལུང་ལས་མི་རྣམས་ཚེ་ལོ་འབུམ་ཐུབ་པའི་དུས་སུ་སྦྱིན་པའི་ཚོགས་རྫོགས་ནས། སེར་སྣའི་དྲི་མ་དང་བྲལ་བས། ས་དང་པོ་རབ་ཏུ་རྒ༼དགའ་༽བ་ཐོབ་ཅེས་པའི་ལུང་ཚིག་དང་མི་འགལ་བ་རིགས་པས་ཅི་ལྟར་བསྒྲུབ། ཡང་བདག་ཅག་གི་སྟོན་པས། སྟོན་པ་གཏོ་རྒྱལ་ཡེ་མཁྱེན་ལ་རིན་ཆེན་གཏེར་གྱི་བུམ་པ་ཕུལ་བས། མཐོང་ལམ་མངོན་དུ་གྱུར་པ་བསྟན་པ་འདི་ལ་བསམ་ན། གོང་གི་ལུང་དོན་རྣམས་དང་མི་འགལ་བར་རིགས་པས་ཅི་ལྟར་འགྲེལ། ཡང་། ཚེ་འཕོས་བར་ལྷ་འོད་གསལ་ཏུ། གཤེན་འཆི་མེད་གཙུག་ཕུད་བྱ་བ་འཁྲུངས། ཕ་ནི་འཕྲུལ་གཤེན་སྣང་ལྡན་དང་། མ་ནི་བཟང་ཟ་རིང་བཙུན་ནོ། །ཞེས་པའི་ལུང་དོན་བསམ་ན། སྟོན་པ་འཆི་མེད་གཙུག་ཕུད་དེ་ཉིད་སུམ་ཅུ་རྩ་གསུམ་གྱི་གནས་སུ། ཡབ་འཕྲུལ་གཤེན་སྣང་ལྡན་དང་། ཡུམ་བཟང་ཟ་རིང་བཙུན་གཉིས་ཀྱི་སྲས་སུ་སྐུ་སྐྱེ་བ་བཞེས་པར་གསུངས་པའི་ལུང་དོན་རྣམས་དང་མི་འགལ་བ་དགོངས་པ་ཅི་ལྟར་འགྲེལ་བར་ནུས། དེས་ན་མཐོང་ཐོས་བོན་དུ་མི་གྱེར་བ་གཞུང་དོན་ལ་བརྟག་དགོས་པར་སྣང་ངོ་།།

སླར་སྨྲས་པ།
རབ་བརྒྱད་སྟོན་པ་དམུ་རྒྱལ་སྲས་པོ་ཡིས། ། སྔོན་བསགས་ལས་དང་སྒྲིབ་པ་སྦྱངས་པའི་ཚུལ། ། དཔྱད་གསུམ་འཕྲུལ་གྱིས་དྲངས་པའི་ལེགས་བཤད་འདི། ། གཟུར་གནས་མཁྱེན་ལྡན་དགྱེས་པའི་མཆོད་སྤྲིན་ཆེ། ། གྲུབ་དབང་གོང་མའི་དཔྱད་གསུམ་ལེགས་བཤད་ལ། ། འཐད་མིན་རིགས་པས་རྣམ་བཞག་མི་ཕྱེད་པར། ། ཡིད་ཆེས་བསྐྱར་བཟློས་གཅིག་པུས་འགྲིག་གྱུར་ན། ། རྒྱལ་བས་འཆད་རྩོད་ལམ་བཟང་བཞག་འདིས་ཅི། ། གནས་ལྔ་འུབ་ཆུད་རྒྱལ་སྲས་སྨྲ་དབང་ཚོས། ། ཞལ་གསུང་དཔྱད་གསུམ་འཕྲུལ་གྱི་ལེགས་བཤད་ལ། ། འཐད་མིན་རིགས་པས་མཆོད་འབུལ་མི་རིགས་ན། ། རྒྱལ་བས་བཀའ་ལ་བརྟག་བྱ་གསུངས་དོན་ཅི། ། སྔོན་བྱོན་དམ་པ་ཡིད་ཆེས་རྗེས་སུ་བསྙེགས། ། རྗེས་འཛིན་ཕལ་ཆེར་འཆིང་འཛིན་སྒྲོག་གིས་བཅིངས། ། དྲང་ངེས་དོན་རྨོངས་བཀའ་ལ་ལོག་འགྲེལ་བྱེད། ། ཚུལ་འདི་བསམ་ན་སྙིང་ནས་སྐྱོ་བ་སྐྱེ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།