བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་ཀྱི་སྐོར།

བྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་ཀྱི་སྐོར། 
ནམ་མཁའི་ནོར་བུ།

༄༅། །ཞང་ཞུང་གི་གྲགས་ཆེ་བའི་རྒྱལ་རབས་བཅོ་བརྒྱད་ཀྱི་ཐོག་མ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་དུ་གྲགས་པ་དེའི་རྒྱལ་ས་ནི། གངས་ཆེན་པོ་ཏི་སེའི་མདུན། རི་སྤོས་ངད་ལྡན་གྱི་རྩ་བ། མཚོ་མུ་ལེ་ཁྱུད་ཀྱི་ཉེ་འགྲམ། ག་ལྗང་གཡུ་ལོ་རྫོང་མཁར་ཞེས་བྱ་བ་དེ་ཡིན་ཞིང་རྒྱལ་པོ་འདི་ནི་གཤེན་རབ་མི་བོ་ཆེའི་དངོས་སློབ་དང་བོན་གྱི་བསྟན་པའི་སྦྱིན་བདག་ཁྱད་པར་ཅན་ཞིག་ཡིན་ལ། ཁོང་གིས་གངས་ཏི་སེའི་མདུན་ཞོལ་དུ་གསས་ཁང་ནོར་བུ་སྤུངས་རྩེགས་ཞེས་བྱ་བ་ཞིག་བཞེངས། དེང་དུས་ཀྱི་དབང་དུ་བྱས་ན༼རྒྱང་གྲགས་དགོན༽ཞེས་པ་འབྲི་གུང་བཀའ་བརྒྱུད་པའི་ཆོས་རྒྱུད་ཀྱིས་ཟིན་པའི་དགོན་གཞིས་ཆུང་ངུ་ཞིག་ཡོད་པ་དེ་ཡིན་ནོ།། 
སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་བྱི་རུ་འོད་ཀྱི་བྱ་རུ་ཅན་དུ་གྲགས་པ་དེ་ནི་ཞང་ཞུང་པུ་མར་ཧྲེང་གི་ཡུལ་ལམ་དེང་དུས་ཀྱི་དབང་དུ་བྱས་ན་པུ་ཧྲེང་ངམ་པུ་རང་ཞེས་བྱ་བའི་ཡུལ་ཁམས་དེའི་སྟག་ཆེན་རྔམ་རྫོང་མཁར་ཞེས་བྱ་བའི་ཕོ་བྲང་དུ་བཞུགས་ནས། ཞང་ཞུང་གི་རྒྱལ་སྲིད་བསྐྱངས་མཛད་པ་དང་གུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན་དུ་གྲགས་པ་དེ་ནི་ཞང་ཞུང་ཙི་ནའི་ཡུལ་ཤོད་དུམ་པ་ཚལ་ཏེ་དེང་དུས་ཀྱི་དབང་དུ་བྱས་ན་གུང་དུམ་དུ་གྲགས་པའི་ཡུལ་གྱི་ཕོ་བྲང་གསེར་གྱི་མཁར་ཞེས་བྱ་བའི་ཁབ་ཏུ་བཞུགས་ནས་ཞང་ཞུང་གི་རྒྱལ་སྲིད་བསྐྱངས་མཛད་པ་དང་སྟག་སྣ་གཟི་བརྗིད་རྒྱལ་པོ་ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན་དུ་གྲགས་པ་དེ་ནི་ཞང་ཞུང་ཙི་ཎའི་ཡུལ་སྤོས་རི་ངད་ལྡན་གྱི་རྩ་བ་གྲོང་ཁྱེར་སྟག་སྣ་གླིང་གི་དབུས། དེང་དུས་ཀྱི་དབང་དུ་བྱས་ན་བོན་རི་སྟག་སྣ་རོང་ཞེས་སུ་གྲགས་པ་དེར་ཡོད་པའི་སྟག་སྣ་དབལ་གྱི་རྫོང་མཁར་དུ་བཞུགས་ཏེ་ཆབ་སྲིད་ཀྱི་མཛད་པ་གནང་བ་དང་སད་ཧྲི་གྱེར་གྱི་རྒྱལ་པོ་ཨུཏྤལ་འོད་ཀྱི་བྱ་རུ་ཅན་དུ་གྲགས་པ་དེ་ནི་ཞང་ཞུང་ཁ་ཡུག་གི་ཡུལ་མུ་རྫོང་ཆེན་པོ་ཁྲོ་ཆུའི་མཁར་ཞེས་པའི་ཕོ་བྲང་དུ་བཞུགས་ཤིང་ཆབ་སྲིད་ཀྱི་མཛད་པ་བསྐྱངས་པ་དང་། སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དུ་གྲགས་པ་དེ་ནི་ཞང་ཞུང་ཁྱུང་ལུང་གི་ཡུལ་དབུས་དངུལ་མཁར་དཀར་པོ་ཁྲོ་ཆུའི་རྨང་རྡོ་ཅན་དུ་གྲགས་པ་དེར་བཞུགས་ནས་ཁབ་ཀྱི་མཛད་པ་བསྐྱངས་པ་དང་མུ་མར་ཐོག་རྒོད་རྒྱལ་པོ་ཨེ་ཎ་འོད་ཀྱི་བྱ་རུ་ཅན་དུ་གྲགས་པ་དེ་ནི་ཞང་ཞུང་རུ་ཐོག་གི་ཡུལ་རུ་ཐོག་གནམ་རྫོང་མཁར་དུ་གནས་བཅོས་ཏེ་ཆབ་སྲིད་མཛད་པའི་ཚུལ་འབེལ་གཏམ་ལུང་གི་སྙིང་བོ〔ཐོབ34ཕ8–ཐོབ་35ཕ11〕ལས་གསལ་བ་ཡིན།
རྒྱལ་པོ་དེ་རྣམས་བྱོན་པའི་སྔ་ཕྱིའི་གོ་རིམ་དང་ལོ་དུས་སོགས་ནི་ཤིན་ཏུ་རྟོགས་དཀའ་བའི་གནས་ཤིག་ཡིན་མོད། གངས་རིའི་དཀར་ཆག་ཏུ་རྒྱངས་རི་གཡུ་ལོ་ལྗོན་པའི་རྫོང་མཁར་གྱི་རྒྱལ་པོ་གསུམ་དང་། ཁྱུང་ལུང་རྒྱལ་བ་མཉེས་ཡུལ་གྱི་རྒྱལ་པོ་གསུམ། པུ་མར་ཧྲེང་གི་ཡུལ་གྱི་རྒྱལ་པོ་གཉིས། ཞང་ཞུང་ཙི་ནའི་ཡུལ་གྱི་རྒྱལ་པོ་གཉིས། ཞང་ཞུང་ཏ་རོག་གི་རྒྱལ་པོ་གཉིས། ཞང་ཞུང་སྟ་སྒོའི་རྒྱལ་པོ་གཉིས། ཞང་ཞུང་ཁ་ཡུག་གི་རྒྱལ་པོ་གཅིག ཞང་ཞུང་ལ་དྭགས་ཀྱི་རྒྱལ་པོ་གཅིག ཞང་ཞུང་རུ་ཐོག་གི་རྒྱལ་པོ་གཅིག་བཅས་དངོས་བསྟན་དུ་རྒྱལ་རབས་བཅུ་བདུན་གྱི་མཚན་འཁོད་ཡོད་འདུགཔ་དེ་རྣམས་ཀྱི་གྲངས་རྒྱལ་པོ་གསུམ་མམ་གཉིས། རེ་རེས་ཡུལ་རེར་རྒྱལ་དས་མཛད་ཡོད་པ་དེ་ལྟར་ན། རྒྱལ་ཐོག་གསུམ་མམ་གཉིས་སོགས་ཀྱི་རིང་ལ་རྒྱལ་རྒྱུད་བར་མ་ཆད་པས་རྒྱལ་སྲིད་བསྐྱངས་པའི་རྒྱུ་མཚན་གྱིས་གོ་རིམ་དེ་བཞིན་དུ་འོངས་ཡོད་པའང་སྲིད། དེ་ལྟར་ཡིན་ན་གངས་རིའི་དཀར་ཆག་ཏུ་འཁོད་པའི་རིམ་པ་དེས་ནི་རྒྱལ་ཐོག་གི་རིམ་པའང་མཚོན་དགོས་པ་ཡིན། ཚུལ་འདི་ཕྱོགས་རེར་དེ་ལུགས་སུ་བྱུང་ཡོད་པ་ནི་ཤིན་ཏུ་ནས་ཀྱང་སྲིད་མོད། ཕྱོགས་ཀུན་ནས་མཚོན་མི་ཐུབ་པ་ནི་སྟག་སྣ་གཟི་བརྗིད་རྒྱལ་པོ་ལྕགས་ཀྱི་བྱ་རུ་ཅན་གྱི་མཚན་ཡོད་པའི་རྒྱལ་ཐོག་གཉིས་དུས་རིམ་མི་འདྲ་བ་གཉིས་ཀྱི་ནང་དུ་བྱུང་ཡོད་པའི་ཚུལ་དུས་རིམ་བར་མའི་ཞང་ཞུང་གི་རྒྱལ་གཤེན་བོན་གྱི་གནས་ཚུལ་བཤད་པའི་སྐབས་སུ་གསལ་བར་སྤྲོས་ཡོད་པ་དེ་རྣམས་ཀྱིས་གོ་རྟོགས་ཐུབ་པ་ཡིན།
གངས་རིའི་དཀར་ཆག་ཏུ་དངོས་བསྟན་རྒྱལ་རབས་བཅུ་བདུན་ལས་མི་གསལ་ཞིང་། སོགས་སྒྲས་རྒྱལ་པོ་གཅིག་གི་མཚན་དང་། དེའི་རྒྱལ་ས་གང་དུ་ཡིན་པ་བཅས་ངེས་དགོས་པ་དེ་ནི་ཁྲོ་འགྲེལ་དུ་ཞང་ཞུང་ཙི་ནའི་ཡུལ་ཤོད་དུམ་པ་ཚལ་གྱི་གསེར་མཁར་དུ་གུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན་གྱིས་ཆབ་སྲིད་མཛད་པར་གསལ་བ་དེ་རང་དུ་ངེས་སམ་སྙམས། རྒྱལ་པོ་དེ་རྣམས་ཀྱི་མཚན་ལ༼བྱ་རུ་ཅན༽ཞེས་པའི་ཐ་སྙད་བྱུང་ཡོད་འདུག་པ་དེའི་དགོངས་དོན་ནི་རྒྱལ་པོ་དེ་རྣམས་ཀྱི་མཚན་དབང་ཆེ་བར་བསྟན་པའི་མཚན་རྟགས་སུ་རིན་པོ་ཆེ་སྣ་ཚོགས་པ་ལས་གྲུབ་པའི་དབུ་ཞྭ་ཕལ་ཆེར་རྨོག་ཞུའི་དབྱིབས་འདྲ་བ་ཞིག་ལ་གཡས་གཡོན་དུ་རྒྱལ་པོ་སོ་སོའི་མཚན་རྟགས་ལྡན་པའི་རིན་པོ་ཆེ་གསེར་དང་། ཤེལ་གྱི་རིགས། བྱི་རུ་ལ་སོགས་པའི་རྭ་ཐུང་ལ་སྦོམ་པ་རེ་ཡོད་པ་དེ་རིགས་ལ་ཟེར་ཞིང་། དབུ་ཞྭའམ་དབུ་རྨོག་འདི་ནི་རྒྱལ་པོ་ཙམ་དུ་མ་ཟད་གནད་ཆེ་བའི་གཤེན་པོ་རྣམས་ལའང་ཡོད་པ་སྟེ། ཞང་ཞུང་མེ་རིའི་བླ་མ་བརྒྱུད་པའི་བྲིས་ཐང་རྣམས་སུ་གསལ་པོར་མཇལ་རྒྱུ་ཡོད། ཚུལ་འདིའི་སྐོར་འབེལ་གཏམ་ལུང་གི་སྙིང་བོ〔ཐོབ36ཕ20〕ལས་འདིར་བཤད་བྱ་རུ་ཞེས་པའི་གོ་གནས་ཀྱི་ཐོབ་ཐང་ལ་བྱུང་བའི་རྟགས་ཏེ་བྱ་ཁྱུང་གི་རྭ་ཡི་དབྱིབས་ལྟ་བུ་དབུ་རྒྱན་བཟོ་བའི་སྲོལ་འདུག་ཅིང་། གཞན་ཡང་མི་ཡི་རྒྱལ་པོ་རྣམས་ཀྱི་ཆེ་རྟགས་ཙམ་དུ་མ་ཟད་མཆོད་པའི་ཞིང་དང་བཀུར་བའི་གནས་ལ་ཡང་བརྒྱན་སྲོལ་ཡོད་དོ། མཆོད་རྟེན་གྱི་རྩེ་ལ་བྱ་རུ་ཁྱུང་རུས་བརྒྱན་པ་དང་། ཡི་དམ་ཁྲོ་བོའི་འཁོར་འགའ་ལ་ཡང་དབུ་ལ་གནམ་ལྕགས་བྱ་རུ་ཁྱུང་རུ་འཁྲུངས་ཞེས་དང་། རྣམ་དག་སྒྲུབ་པ〔ཤ312〕བྱ་རུ་ཐོབ་པའི་གཤེན་བརྒྱད་དེ། འགྱུར་མེད་གསེར་གྱི་བྱ་རུ་ཅན། ཞེས་སོགས་བརྒྱད་བཤད་དོ། བྱ་ཡི་སྤྱི་རྗེ་ཁྱུང་ཡིན་པར་བཤད་ཅིང་། དེ་ཡི་མགོའི་གཡས་གཡོན་དུ་རྭ་ཡི་རྣམ་པ་ཅན་ཕྲ་སྦོམ་དང་རིང་ཐུང་གི་ཚད་དབྱིབས་སོགས་གསལ་བར་བཤད་པ་དཀའ་ཡང་བློ་ཡིས་རགས་ཙམ་དཔྱད་ཚེ་བྱ་རྒྱལ་ཁྱུང་གི་རུ་ལ་བྱ་རུ་ཞེས་དང་། བྱ་ཁྱུང་གི་རུ་དབྱིབས་མཚུངས་པས་ཁྱུང་རུ་ཞེས་བརྗོད་པའི་ཕྱིར། ཞེས་པས་ཀྱང་ཤེས་ཐུབ་པ་ཡིན། བྱ་རུ་ཅན་བཅོ་བརྒྱད་དུ་གྲགས་པའི་རྒྱལ་པོ་འདི་རྣམས་ཀྱིས་ཞང་ཞུང་གི་རྒྱལ་ཁམས་ཇི་ལྟར་དབང་བསྒྱུར་ཡོད་པའི་སྐོར་འདི་ལ་མཁས་པ་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་འགའ་རེ་བྱུང་ཡོད། ཚངས་དབྱངས་ཡིད་འཕྲོག་ལས་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ནས་བཟུང་། རྒྱལ་པོ་རྣམས་ཀྱི་མཚན་རིམ་པར་བཀོད་པ་དེས་རྒྱལ་སྲིད་ཀྱི་རྒྱུད་རིམ་ཡང་ཤུགས་ཀྱིས་མཚོན་པའི་ལུགས་སུ་གནང་ཡོད་ལ། འདུལ་རྒྱུད་ཀྱི་དྲང་སྲོང་གྲགས་ཆེ་བ་རྣམས་ཀྱི་ཡོན་བདག་རྒྱལ་པོ་སུ་ཡིན་པའི་རིམ་པས་ཀྱང་ཅུང་ཟད་ཞལ་གསལ་དུ་བཏང་ཡོད། བཞེད་ཚུལ་མི་འདྲ་བ་གཅིག་ནི་བོན་གྱི་བསྟན་འབྱུང་ཉུང་བསྡུས〔ཐོབ624ཤ36བ3〕ལས་འདི་བྱོན་ཚུལ་ནི་སྐབས་འགར་གཉིས་གསུམ་ཙམ་མཉམ་སྡེབས་དང་། སྐབས་འགར་རེ་རེ་བྱོན་ནོ། ཞེས་གསུངས་སྟངས་འདི་ལ་དཔྱད་ན་རྒྱལ་ས་དང་། མཚན་ཐ་དད་པའི་རྒྱལ་པོ་དེ་རྣམས་ཀྱི་གདུང་རྒྱུད་ཀྱང་མི་འདྲ་བ་ཐ་དད་པ་དང་། བྱུང་དུས་ཀྱང་མཉམ་མི་མཉམ་ཅི་རིགས་ཤིག་བྱུང་ཡོད་པར་བཞེད་པ་འདྲ་ཞིག་སྣང་།
ཞང་ཞུང་གི་ཡུལ་ཐ་དད་དུ་བྱུང་བའི་རྒྱལ་པོ་དེ་རྣམས་གདུང་རྒྱུད་ཐ་དད་པའི་རྒྱལ་རྒྱུད་མི་འདྲ་བ་དག་ཡིན་པ་དང་ཞང་ཞུང་སྲིད་པའི་རྒྱལ་པོ་ཞེས་པའི་མཚན་གྱི་ཆེ་བ་དང་ལྡན་པ་དེ་རྣམས་ཀྱིས་ཞང་ཞུང་གི་མངའ་ཁོངས་ཡོངས་སུ་རྫོགས་པ་དབང་དུ་བསྒྱུར་ཡོད་པ་ནི་ཤིན་ཏུ་ནས་ཀྱང་འཐད་མོད། བྱ་རུ་ཅན་གྱི་རྒྱལ་པོ་དེ་རྣམས་སྲིད་པའི་རྒྱལ་པོའི་མཚན་དབང་ཅན་ཤ་སྟག་ཡིན་སྟབས་དེ་རྣམས་དུས་མཉམ་དུ་བྱུང་ཞིང་ཞང་ཞུང་ཁག་བགོས་ཏེ་རྒྱལ་སྲིད་བསྐྱངས་ཡོད་པ་ནི་མི་འཚམ་པ་ཞིག་སྟེ། དེ་ལྟར་ན་རྒྱལ་པོ་དེ་རིགས་ལ་སྲིད་པའི་རྒྱལ་པོའི་མཚན་འབྱུང་མི་སྲིད་པ་ཡིན། རྒྱལ་པོ་སོ་སོའི་མཚན་གྱི་ཁྱད་ཆོས་སུ་ཡུལ་ཁམས་དང་རྒྱལ་སའི་མིང་གིས་མཚན་པ་དེ་ནི་རྒྱལ་པོ་དེའི་གདུང་རྒྱུད་ཀྱི་ཁུངས་སམ་རྒྱལ་པོའི་བཞུགས་གནས༼རྒྱལ་པོའི་ཁབ༽ཅེས་པ་དེ་གང་དུ་ཡིན་པ་བསྟན་པའི་ཚིག་ཙམ་ཞིག་ཏུ་ངེས་སམ་སྙམ།
ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་དུ་གྲགས་པའི་མངའ་འབངས་དེ་རྣམས་ནི་ཞང་ཞུང་སྲིད་པའི་རྒྱལ་པོའི་མངའ་རིས་ཞང་ཞུང་སྒོ་ཕུག་བར་གསུམ་དུ་གྲགས་པ་དེ་རྣམས་སུ་ངེས་མོད། ཞང་ཞུང་སྒོ་ཕུག་བར་གསུམ་གང་དང་གང་ཞིག་ལ་ངོས་འཛིན་དགོས་པ་འདི་ནི་ཤིན་ཏུ་རྙོག་ཟིང་ཆེ་བའི་གནས་ཤིག་ཡིན། ཞང་ཞུང་སྒོ་ཕུག་བར་གསུམ་དུ་གྲགས་པ་འདི་ཉེར་མཁོའི་སྣང་བའི་དགོངས་པ་ལྟར་བྱས་ན། ཞང་ཞུང་ཕུག་པ་ནི་གངས་ཏི་སེའི་ནུབ་ཕྱོགས་ཟླ་བ་གསུམ་ལྷག་གི་ལམ་ན། མེ་སག་གི་པར་སིག་དང་། བྷ་དག་ཤན། བྷ་ལག་ཅེས་པའི་ཡུལ་ཁམས་འགའ་ཡོད་པ་དེ་རྣམས་ལ་ཐུག་པའི་བར་གྱི་མངའ་སྡེ་རྣམས་ཏེ། ཡུལ་སྡེ་སུམ་ཅུ་རྩ་གཉིས་ཡོད་པར་བསྟན་པ་དེ་རྣམས་ཡིན་པ་དང་། ཞང་ཞུང་བར་བ་ནི་ཉེར་མཁོའི་སྣང་བ〔ཤ7བ2〕ལས་ཏི་སེའི་ནུབ་ཕྱོགས་ཞག་འགའི་ཤུལ་ཙམ་ན། ཚེ་དབང་རིག་འཛིན་གྱི་སྒྲུབ་གནས་བྱ་རུ་གཙུག་ལྡན་ཡོད། ཅེས་པ་དང་། ཡང〔ཤ7བ2〕ལས་ཏི་སེ་ནས་ཞག་ལམ་མཚམས་ཙམ་ན། བླ་ཆེན་དྲན་པའི་སྒྲུབ་གནས་ཁྱུང་ལུང་དངུལ་མཁར་ཡོད། དེང་སང་བོན་སྡེ་ཅི་རིགས་དང་དགོན་པའང་ཡོད། དེ་ནས་གངས་ཏི་སེའི་བར་ལ་གཡུང་དྲུང་རིན་ཆེན་འབར་བའི་བྲག་ཕུག་ཡོད། གངས་རི་ཆེན་པོའི་མདུན་ཕྱོགས་ག་ལྗང་གཡུ་ལོ་རྫོང་ཞེས་པར་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་སོགས་ཡུལ་ཆེན་བཅོ་བརྒྱད་བྱོན་པ་ཡིན་འདུག ཕོ་བྲང་གི་ཤུལ་སོགས་ད་ལྟ་ཅི་རིགས་སུ་ཡོད་ཟེར། ཞེས་པ་དང་། ཡང 〔ཤ7བ5〕ལས་ཏི་སེའི་ལྷོ་ཕྱོགས་སུ་ས་རྡོ་མེ་འབར་གྱི་གནས་དང་། དེའི་ཕྱོགས་སུ་བླ་མ་ཡང་སྟོན་ཆེན་པོ་སོགས་ཞང་ཞུང་སྙན་རྒྱུད་ལ་བརྟེན་ནས་འཇའ་ལུས་པ་མང་པོ་བྱོན་པའི་གདུང་བརྒྱུད་ཀྱང་ཡོད། ཏྲེ་སྟོན་གྱི་གདན་ས་དང་། ཡར་ཚང་གི་གདན་ས་ཡང་དེ་ཕྱོགས་ན་ཡོད། མཚོ་མ་པང་ནས་ཤར་དུ་ཞག་བཅུ་ཙམ་ན་དགྲ་བླ་མོའི་རྟེན་གནས་སྟག་རི་ཁྲ་བོ་ཡོད། ཅེས་པས་གསལ་བའི་བྱ་རི་གཙུག་ལྡན་དང་ཁྱུང་ལུང་དངུལ་མཁར། ག་ལྗང་གཡུ་ལོ་རྫོང་། ས་རྡོ་མེ་འབར་དང་། སྟག་རི་ཁྲ་བོ་དེ་ཀུན་ཞང་ཞུང་བར་བའི་ཁོངས་སུ་ཡོད་པར་བསྟན་པ་དང་། ཞང་ཞུང་སྒོ་པ་ནི་ཉེར་སྣང〔ཤ8ན6〕ལས་སྨད་ཀྱི་ཤེལ་ལེ་རྒྱ་སྐར་ཞེས། ཁྱུང་བོ་རི་རྩེ་དྲུག་ཡིན་ལ། སུམ་པ་གླང་གི་གྱིམ་ཤོད་ཀྱང་ཟེར། ཁྱུང་བོའི་ཁོག་ཏུ་ཁྱུང་བོ་དཀར་ནག་སེར་གསུམ་གྱི་གདན་ས་དང་། བློ་ལྡན་གྱི་གདན་ས་བྱ་ཟེར་སོགས་ཁྱུང་བོ་སྟེང་ཆེན་སོགས་དགོན་སྡེ་མང་། ནང་གསེས་ཚོ་བ་སོ་དགུ་དང་། བྱང་ཕྱོགས་ཀྱི་རྒྱ་སྡེ་ཉེར་ལྔ་སོགས་ཕལ་ཆེར་བོན་སྡེ་ཡིན་ལ། དེའི་ནུས་ཕྱོགས་ཨ་མདོ་སྟོད་པ་ཞེས་རྔུ་རྫ་སྒང་གི་རི་རྒྱུད་ཀྱི་མཚམས་སུ་བྲག་དམར་རི་འདུས་དང་སྤུ་རྒྱལ་གངས་དཀར། རྨ་ཡོ་ཀ་པ་སོགས་ཡོད། ཅེས་སྨད་ཀྱི་ཤེལ་ལེ་རྒྱ་སྐར། ཁྱུང་བོ་དཀར་ནག་སེར་གསུམ་ནས་བྱང་ཕྱོགས་ཀྱི་རྒྱ་སྡེ་ལ་ཐུག་པའི་བར་གྱི་མངའ་ཁོངས་རྣམས་ཞང་ཞུང་སྒོ་པའི་ཁོངས་སུ་གཏོགས་པར་བསྟན་ཡོད།
ཞང་ཞུང་སྒོ་ཕུག་བར་གསུམ་གྱི་སྐོར། གངས་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག〔ISMEOཤ29བ4〕ལས་ཞང་ཞུང་སྒོ་ཕུག་བར་གསུམ་ལའང་གསུམ་མོ། དེ་གང་ཞེ་ནའང་ཞང་ཞུང་གཡས་སྒོ་དང་གཡོན་སྒོ་དབུས་སྒོ་གསུམ་ཡོད་པ་ལ། དེའང་གཡས་ནི་ཕུ་སྟག་རི་ཁྲ་བོ་སྨན་གྱི་རི་དང་བར་ལ་མོ་གངས་ར་ཕྱིའི་རི། སྒོ་མཁའ་འགྲོ་འདུས་གླིང་རྩའི་རི་དང་གསུམ་མོ། དེ་ལྟར་དུའང་གཡོན་སྒོ་ཕུག་ཏི་སེ་དང་མ་ཕམ་གཡུ་མཚོ། བར་ཏ་སྒོ་ཏང་ར་གཡུ་མཚོ། སྒོ་ཐང་ལྷ་དང་གནམ་མཚོ་ཕྱུག་མོ་དང་གསུམ་མོ། དེ་ལྟར་དུའང་དབུས་སྒོ་ནི་ཕུག་ཁྱུང་ཆེན་སྤུངས་རི་དང་། ཁྱུང་ལུང་དངུལ་མཁར། བར་ལྷ་རི་གྱང་མདོ་དང་། རྒྱལ་མཁར་ཕན་གླིང་། སྒོ་ཤེལ་ལེ་རྒྱ་སྐར་དང་ཁྱུང་བོ་གཏིང་རྫོང་སོགས་གསུམ་མོ། ཞེས་པ་འདིའི་གླིང་གཞིར་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་རྣམ་བཞག་མཛད་ཡོད་ནའང་དངོས་དོན་དུ་ཞང་ཞུང་གི་མངའ་རིས་ཚན་གསུམ་དུ་བགོས་པ་དེ་རྣམས་རེ་བཞིན་ལ་སྒོ་རེ་དང་། བར་རེ། ཕུག་རེ་བཅས་སུ་ཕྱེས་པ་དེ་རྣམས་ཀྱི་མིང་ལ༼གཡས་སྒོ༽དང་། ༼གཡོན་སྒོ་དབུས་སྒོ་༽ཞེས་བཤད་གནང་ཡོད་པ་མངོན་གསལ་རེད། གཡུང་དྲུང་བོན་གྱི་བསྟན་འབྱུང་ཉུང་བསྡུས〔ཐོབ620ཤ34བ4〕ལས་ཞང་ཞུང་གི་ཡུལ་དང་རྒྱལ་རབས་ནི་ཡུལ་ལ་སྒོ་ཕུག་བར་གསུམ་དུ་ཡོད་ཅིང་། སྒོ་ཕྱི་མ་དེ་ལའང་སྒོ་ཕུག་བར་གསུམ་དུ་ཡོད་པའི་སྒོ་ཕུག་པའི་ས་སྐོར་དུ་དབུས་ཀྱི་མཁར་ཆེན་བཞི་ཁྱུང་ལུང་དངུལ་མོ་མཁར་ནི་གུ་གེའི་ཤར་རྩེ་ལ་ཡོད། པུ་ཧྲེང་སྟག་ལ་མཁར་ནི་པུ་ཧྲེང་གི་དབུས། མ་པང་སྤོས་མོ་མཁར་ནི་མ་པང་གི་ཤར་དུ་ཡོད། ལ་ཤང་གཡུ་ལོ་མཁར་ནི་གངས་རིའི་བྱང་། ཁ་ཅིག་གིས་གད་ཀྱི་བྱི་བ་བྲག་མཁར་བགྲངས་འདུག་པས་དེ་ནི་གྲོ་ཤོད་ཡུལ་སྟོད་མཚམས་སུ་ཡོད། ཕྱོགས་ཀྱི་རྫོང་ཆེ་བ་དྲུག་ནི་བྱང་སྨད་དང་ར་ཁྱུང་ཆེན་རྫོང་། བྱང་སྟོད་ར་བཞི་སེང་གེའི་རྫོང་༼རུ་ཐོག་གི་བྱང་ས ༽། ལྷོ་སྨད་མང་ཡུལ་སྟག་མོ་རྫོང་༼སྤྱི་རོང་༽། ལྷ་སྟོད་སེབ་རིབ་འབྲུག་མོ་རྫོང་༼གློ་དོལ་པོའི་སྟོད༽། ནུབ་ཕྱོགས་ཀྱི་རྦལ་ཏེ་རྟ་མཆོག་རྫོང་། ཤར་ཕྱོགས་ཀྱི་གྱིམ་རྡུལ་གླང་ཆེན་རྫོང་། དེ་རྣམས་མིང་གྲགས་ཆེ་བ་ཡིན་ཞིང་། གཞན་ཡང་མཁར་དང་རྫོང་མང་པོ་ཡོད། ཞང་ཞུང་ཁ་ཡུག་ཅེས་པའི་ས་ནི་དེང་དུས་གུ་གེའི་བརྒྱུད་ལ་ཟེར། ཞང་ཞུང་ཁ་སྐྱོར་ནི་གངས་རི་མཚོ་གསུམ་གྱི་བརྒྱུད་དུ་ཡིན་ཚོད། ཅེས་པ་ནི་ཉེར་སྣང་དུ་ཞང་ཞུང་བར་པའི་མངའ་ཁོངས་སུ་བཤད་པ་དེ་ཀུན་ཞང་ཞུང་སྒོ་པ་ཡིན་པའི་བཤད་པ་ཞིག་ཏུ་སྣང་ལ། འབེལ་གཏམ་ལུང་གི་སྙིང་པོ〔40ཕ9〕ལས་ཞང་ཞུང་སྒོ་པ་འདི་ལ་ཡང་སྒོ་ཕུག་བར་གསུམ་དུ་ཡོད་དེ། ཕུག་པ་ཁྱུང་ལུང་གི་སྐོར་དང་། བར་པ་དྭངས་ར་རྟ་སྒོའི་སྐོར། ཕྱི་མ་གྱིམ་ཤོད་ཤེ་ལེ་རྫོང་དྲུག་གི་སྐོར་ཞེས་འབོད་སྲོལ་ཡོད། གཞན་ཡང་ཞང་ཞུང་རྒྱལ་པོའི་དམག་གི་རུ་གྲལ་ལ་སུམ་པའི་སྟོང་བུ་ཆུང་ཞེས་སོགས་བཤད་པས་ཁྱུང་ཡུལ་རྩེ་དྲུག་འདི་ཡན་ཆད་ཞང་ཞུང་གི་མངའ་རིས་སུ་བྱ་བར་གྲགས། ཞེས་པ་འདིར་ཡང་སྒོ་ཕུག་བར་གསུམ་གྱི་དབྱེ་བ་ཞིག་བཤད་ཡོད་ནའང་དངོས་དོན་དུ་ཞང་ཞུང་བར་པའི་ས་ཁོངས་དེ་སྒོ་པ་ཡིན་པ་གཞིར་བཅོས་ཐོག་སྒོ་པའི་ནང་ཚན་དུ་ཕུག་པ་དང་བར་པ། ཕྱི་མ་ཞེས་པའི་རྣམ་དབྱེ་གསུམ་དུ་མཛད་ཡོད།
མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་འགྲེལ་བར་ཞང་ཞུང་བར་མའི་ཡུལ་ཞང་ཞུང་བོན་གྱི་རྒྱལ་པོའི་ཞིང་ཁམས་ན། གཡུང་དྲུང་བོན་གྱི་རྒྱལ་པོ་གྱེར་ཝེར་ཐ་ཚན་ཧི་པང་རྐྱ་ཞེས་བྱ་བ་འཛམ་གླིང་ལ་དབང་བསྒྱུར་བ་ཞིག་བྱུང་བར་བཤད་པ་བཞིན་ཞང་ཞུང་གི་ཡུལ་དབུས་དེ་ནི་ཞང་ཞུང་བར་པ་ལ་ངོས་འཛིན་འོས་འགབ་ཆེ་བ་ཞིག་ཏུ་མཐོང་། དུས་ནམ་ཞིག་ཏུ་རང་རེ་ལ་ཞང་ཞུང་གི་གྲགས་ཆེ་བའི་རྒྱལ་པོ་བྱ་རུ་ཅན་དེ་རྣམས་ཀྱི་མཁར་ཤུལ་སོགས་དུས་ད་ལྟའི་དུས་འདིར་ས་འོག་ནས་འཐོན་ཆོག་ཏུ་ཡོད་པ་དེ་རིགས་ཀྱི་རིག་རྫས་རྣམས་འཚོལ་སྒྲུབ་དང་འབྲེལ་བའི་ཞིབ་འཇུག་བྱེད་པའི་གོ་སྐབས་ཤིག་འཐོབ་པ་དེའི་ཚེ། ཞང་ཞུང་གི་གནའ་བོའི་སྣོད་བཅུད་ཀྱི་ལོ་རྒྱུས་ཇི་བཞིན་པ་རྣམས་ཨོབ་ཚོད་ཀྱིས་ཚད་ཐིག་འདེབས་མི་དགོས་པ་ཞིག་དང་། ཞང་ཞུང་སྒོ་ཕུག་བར་གསུམ་སོགས་ཀྱི་རྙོག་ཟིང་རྣམས་ཀྱང་དྭངས་པའི་ཆུ་བཞིན་གསལ་བར་འགྱུར་ངེས་པ་ནི་སྨོས་མ་དགོས་པ་རེད།
གནའ་བོའི་དུས་རིམ་གོང་མའི་ནང་ཞང་ཞུང་གི་རྒྱལ་པོ་དང་དེའི་མངའ་སྡེར་གཏོགས་པའི་ཞང་ཞུང་གི་རྒྱལ་ཁམས་ནི་གྲགས་ཆེ་བ་ཞིག་བྱུང་ཡོད་ལ། དུས་སྐབས་དེར་དངོས་འབྲེལ་བོད་ཀྱི་ཐ་སྙད་བྱུང་ཡོད་དམ་མེད་པ་ནི་དེང་དུས་སུ་དཔྱད་གཞིག་བྱ་བའི་ཡུལ་ཞིག་ཏུ་ཆགས་ཡོད། དུས་རིམ་གོང་མའི་ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་རྣམས་སུ་ཞང་ཞུང་གི་རྒྱལ་པོ་རྣམས་ཀྱི་མཛད་པ་དང་། དེ་དག་བོན་གྱི་གཞི་རྟེན་ཇི་ལྟར་ཡིན་པའི་སྐོར་སོགས་ལོ་རྒྱུས་ཐར་ཐོར་ཅི་རིགས་ཤིག་རྙེད་དུ་ཡོད་པར་བརྟེན། ད་ལྟའི་དུས་འདིར་བློ་གྲོས་དང་ལྡན་པ་སུ་ཞིག་གིས་རྗེས་དཔག་གི་རིག་ལམ་ཅི་རིགས་པ་ལ་བརྟེན་ནས་རྒྱལ་པོ་དེ་རྣམས་ཀྱི་མངའ་ཐང་ཇི་ལྟར་བྱུང་ཡོད་པ་དང་། དེ་རྣམས་ཀྱི་བོན་དང་ཆབ་སྲིད་ཀྱི་མཛད་པ་གང་ཞིག་གནང་ཡོད་པ། དེ་རྣམས་ཀྱིས་དབང་བྱས་པའི་མངའ་རིས་གང་དག་ཡིན་པ་སོགས་ཀྱི་སྐོར་རགས་ཙམ་གཏན་ལ་འབེབས་ཐུབ་པ་ནི་ཤིན་ཏུ་ནས་ཀྱང་སྲིད་པ་ཡིན།
ལོ་རྒྱུས་ཀྱི་དུས་རིམ་གོང་མའི་རིང་བོད་ཀྱི་མི་སྡེ་ཕལ་མོ་ཆེ་ཞང་ཞུང་གི་ཆབ་འོག་ཏུ་གཏོགས་པ་དེ་འདྲ་ཞིག་ཡིན་མོད་ཀྱང་དུས་རིམ་དེར་བོད་འབངས་ཀྱིས་ཞང་ཞུང་གི་རྒྱལ་རབས་སོ་སོར་དཔྱ་ཁྲལ་འབུལ་བ་དང་བོད་ཀྱི་ཡུལ་ཁག་རྣམས་སུ་ཞང་ཞུང་གི་གཞུང་ཚབ་བཏང་བའམ་ལས་སྣེའི་མི་བཏང་བ་སོགས་ཀྱི་སྲོལ་ལུགས་བྱུང་མྱོང་ཡོད་དམ་མེད་པ་འདི་འདྲའི་རིགས་ནི་ཆེས་སྔ་བའི་ལོ་རྒྱུས་ཤིག་ཡིན་སྟབས་ཤེས་དཀའ་བ་དང་བཤད་དཀའ་བ་ཞིག་ཡིན་ནའང་། ནམ་ཞིག་ཏུ་ཞང་ཞུང་གི་རིག་རྫས་སྣ་ཚོགས་པར་བརྟེན་ནས་ཡ་ཐོག་གི་ལོ་རྒྱུས་ལ་ཞིབ་འཇུག་གི་དབུ་ཚུགས་པའི་ཚེ་དཀའ་རྙོག་ཅན་གྱི་གནས་ཚུལ་དེ་དག་འཕོ་འགྱུར་ཅི་རིགས་པ་ཞིག་བྱུང་ནས་གཞི་རྩའི་གནས་ཚུལ་གྱི་ཐོག་ཏུ་གསལ་ཁ་ངེས་ཅན་ཞིག་མི་འཐོན་པའི་ངེས་པ་གཏན་ནས་མེད། ལོ་རྒྱུས་ཀྱི་དུས་རིམ་གོང་མའི་ནང་བོད་ཀྱི་མངའ་སྡེ་ཕལ་མོ་ཆེ་ཞང་ཞུང་གི་ཆབ་འོག་ཏུ་གཏོགས་ཞེས་པ་འདི་གཙོར་ཆེའི་དབང་དུ་བྱས་ནས་དེ་སྐད་དུ་བཤད་པ་ཞིག་ཡིན་པ་ལས་ཞང་ཞུང་ཁོ་ནས་བོད་ཀྱི་མངའ་སྡེ་ཡོངས་རྫོགས་དབང་བསྒྱུར་བའི་དོན་ཞིག་མིན། དུས་སྐབས་དེར་ཡ་ཐོག་གི་མིའུ་མཆེད་བཞིའམ་དྲུག་དང་བདུན་ལས་མཆེད་པའི་མི་རྒྱུད་རྣམས་ཀྱིས་གནས་བཅོས་པའི་ཡུལ་ལྗོངས་གངས་རིའི་ར་བས་བསྐོར་བའི་ཞིང་དེར་ཞང་ཞུང་ལས་མངའ་ཐང་ཆེ་བ་དང་། ལོ་རྒྱུས་དང་ཤེས་རིག་གི་རྨང་གཞི་བཙན་པ་གཞན་གང་ཡང་མེད་ཅིང་། ཞང་ཞུང་གི་རྒྱལ་པོ་རྣམས་ཀྱིས་དབང་བྱས་པའི་མངའ་སྡེ་སྒོ་ཕུག་བར་གསུམ་ཞེས་པ་དེས་གངས་རིའི་ལྗོངས་ཆེན་པོའི་ཡུལ་ཁམས་སྤྱི་ལ་ཁྱབ་པ་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་ཡིན་སྟབས་དེ་སྐད་དུ་གྲགས་པ་ཡིན། བོད་ཀྱི་མངའ་ཁོངས་སོ་སོར་ཆགས་ཡོད་པའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་བཞི་བཅུ་ཞེས་བྱ་བ་དེ་དག་ལའང༼སིལ་མ༽ཞེས་པའི་ཐ་སྙད་འདི་ཡོད་སྟངས་ལ་དཔྱད་ན་རྒྱལ་ཕྲན་མང་པོ་ཞིག་ནི་ཞང་ཞུང་གི་གྲིབ་འོག་ཏུ་ཡོད་པའི་ཡུལ་ཁམས་སུམ་པ་ལྟ་བུ་ཡིན་པ་དང་འགའ་ཞིག་ནི་ཡུལ་ཁམས་བྱེ་བྲག་པ་རེ་ལ་དབང་བྱེད་པའི་རང་ཚོ་ཅན་གྱི་རྒྱལ་ཕྲན་ཡིན་པའང་ཤུགས་ཀྱིས་ཤེས་ཐུབ་པ་ཡིན།

༼ཞང་བོད་ལོ་རྒྱུས་ཏི་སེའི་འོད༽ལས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།