བོད་ཀྱི་ཚད་མ་རིག་པའི་འབྱུང་ཁུངས་ལ་དཔྱད་པ།

གཡུང་དྲུང་བོན་ལུགས་དང་འབྲེལ་བོད་ཀྱི་ཚད་མ་རིག་པའི་འབྱུང་ཁུངས་ལ་དཔྱད་པ།
ཁྲི་གཡུང་དྲུང་།

 བརྩེ་བ་སྙིང་རྗེ་དང་ཤ་ཚ་ཀུན་སློང་གིས་ཡེ་ནས་ཁྱབ་པའི་རང་རེའི་བོད་མི་རིགས་འདི་ལ། ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ནས་རིག་གཞུང་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིང་མོ་རིན་ཐང་བྲལ་བ་ཞིག་ཡོད། དེ་ལ་འཛམ་གླིང་ཤར་ནུབ་ཀུན་ནས་མཐོང་ཆེན་དང་ཞིབ་འཇུག་གི་ཉིང་དགོས་སུ་བཟུང་སྟེ་དགའ་གུས་ཡི་རངས་བྱེད་ཀྱིན་ཡོད་མོད། འོན་ཀྱང༌། རང་རེ་རྣམས་འདི་ཙམ་གྱིས་ཡིད་ཚིམས་ཏེ་མཐོ་དམན་རྒྱལ་བློན་ཀུན་ཆོས་དང་ཆོལ་ཁའི་ཕྱོགས་འཁྱེར་ཆགས་སྡང་གིས་བཟི་ནས། དུས་རབས་བདུན་པའི་ནང་སྟེ། བཙན་པོ་སྲོང་བཙན་ཡན་ཆོད་ཀྱི་དུས་ལ་བོད་གངས་ཅན་གྱི་ཡུལ་དུ་ནང་པའི་བསྟན་པ་དང༌། དེའི་རིག་པའི་གཞུང་ལུགས་སོགས་གང་ཡང་མེད་ཅེས་ཨུ་ཚུགས་མཐར་སྐྱེལ་གྱིས་འཆལ་གཏམ་སྣ་ཚོགས་གང་བྱུང་དུ་སྤེལ་ནས་བསྡད་ན་མི་རིགས་གཞན་གྱི་མདུན་དུའང་ཧ་ཅང་ངོ་ཚ་ཞིང་ཡིད་སྐྱོ་བ་ལས། མཐར་ཐུག་གི་རྒྱལ་ཁ་དང་ཕན་འབྲས་ཅི་ཡང་མེད་པར་མ་ཟད། བོད་རྒྱལ་ཐོག་མ་ནས་རྒྱལ་རབས་སོ་གཉིས་ཀྱི་རིང་བོད་ལ་སྐད་ཡིག་མེད་པར་འདོད་པའི་ཆབ་སྲིད་ཀྱི་ལྟ་བ་དེར་རྒྱལ་ཁབ་ཕྱི་ནང་གི་གཟུར་གནས་མཁས་པ་མང་པོས་དག་ཐེར་བྱེད་བཞིན་པ་ལྟར་རེད།
དེས་ན་དུས་རབས་དང་པོ་དབུ་མ་ཚུགས་པའི་སྔོན་ནས་བོད་རང་ལ་སྐད་ཡིག་དང་རིག་གཞུང་རང་རྐྱ་ཐུབ་པ་ཡིད་བཞིན་ནོར་བུའི་བང་མཛོད་ལྟ་བུ་ཡོད་ཅེས་བཤད་ན་ཁ་ཅིག་གི་ཁས་ལེན་གྱོང་པོ་དེའི་རང་མཚང་བརྡོལ་འགྲོ་བ་ལས། བོད་རྒྱལ་སོ་གཉིས་ཀྱི་རིང་བོད་ལ་སྐད་ཡིག་ཡོད་པར་འདོད་པའི་དྲང་བདེན་གྱི་ཁས་ལེན་དེར་རྒྱལ་བའི་བཀའ་ལུང་དང་ཚུལ་གསུམ་གྱི་རིགས་པ་གང་གིས་ཀྱང་སྐྱོན་ཅི་ཡང་མི་འབྱུང་བ་ཐག་གིས་ཆོད་དེ། ཕྱི་ལོའི་སྔོན་གྱི་མི་ལོ་ཆིག་ཁྲི་དྲུག་སྟོང་བརྒྱ་མེད་བཅུ་བདུན་༡༦༠༡༧ཏེ། ཤིང་ཕོ་བྱི་བའི་ལོ་ལ་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་སྐུའི་སྐྱེ་བ་མི་རུ་བཞེས་ནས་གདུལ་བྱའི་བློ་རབ་འབྲིང་ཐ་གསུམ་ལ་ལྟོས་ཏེ་བཀའ་འཁོར་ཐོག་མཐའ་བར་གསུམ་བསྐོར་ཞིང༌། བོན་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་གསུངས་པ་ལུང་རིག་བརྒྱ་ཕྲག་དུ་མས་གྲུབ་པའི་ཕྱིར།
དེ་བཞིན་བོད་མི་ཡིན་ནོ་ཅོག་གི་ཁས་ལེན་གཅིག་མཐུན་དུ་སོང་ན། བོད་ཀྱི་རིག་གཞུང་ལོ་རྒྱུས་ལ་འཛིང་འཁྲུག་གི་རྙོག་དྲ་ཅི་ཡང་མེད་ལ། དོན་སྙིང་ཇེ་ལྡན་དང་གཟི་བརྗིད་ཇེ་ཆེར་འགྲོ་བ་མ་ཟད། འཛམ་གླིང་མཁས་མང་འདུས་པའི་མདུན་སར་ཡང་ངོ་གནོང་མི་དགོས་པར་བཤད་རིན་དང་ངོམ་རིན་ཅན་ཞིག་ཀྱང་ཡོད་པར་གདོན་མི་ཟ་ཞེས་ཟོལ་མེད་ཀྱི་སེམས་གཏམ་འགའ་སྔོན་དུ་བཏང་སྟེ། འདིར་ཆེད་དུ་གླེང་བར་བྱ་བའི་གཞི་ནི། བོད་རང་གི་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཆེན་ལྔའི་ཡ་གྱལ་སྒྲ་རིག་པའི་ཁོངས་གཏོགས་ཚད་མ་རིག་པའི་འབྱུང་ཁུངས་རགས་ཙམ་གླེང་བའི་རོ་འཛིན་ནམ་སྨྲ་བའི་འབབ་སྟེགས་གཡོ་བ་ལ་བློ་ཁ་ཕྱོགས་མོད་ཀྱི་ཁོ་བོ་རིག་པའི་གནས་ལ་ཐོས་བསམ་གྱི་ཤེས་རབ་ཧ་ཅང་དམན་པས། རང་གཞན་ཀུན་གྱི་འདོད་བློ་སྐོང་ཐུབ་པའི་དཔྱད་རྩོམ་ཕུལ་དུ་བྱུང་བ་ཞིག་ཁོ་བོ་ཙམ་གྱི་བློ་ལས་ནམ་ཡང་འབྱུང་མི་སྲིད་ན་ཡང༌། ད་རེས་ཚད་མ་རིག་པ་ལ་ཐོས་བསམ་ཅུང་ཟད་བྱས་པའི་སྐལ་བཟང་འདི་དང་བསྟུན་ནས་འདི་ཉིད་ཀྱི་འབྱུང་ཁུངས་ལོ་རྒྱུས་ཀྱང་མདོར་བསྡུས་ཙམ་ཞིག་གླེང་བར་ཀུན་ནས་སྤྲོའོ། །
དེ་ཡང་རྒྱལ་ཁབ་ཕྱི་ནང་ཀུན་ན་ཧ་ཅང་གྲགས་ཁྱབ་ཆེ་བའི་ནང་བསྟན་ཚད་མ་རིག་པ་འདི་ནི། རྣམ་མཁྱེན་གཤེན་རབ་མི་བོ་གཤེན་ལོ་བཅུ་པར་རི་གཡུང་དྲུང་དགུ་རྩེགས་སུ་ཕེབས་ཏེ། ཡེ་མཁྱེན་སྒྲ་བླའི་རྒྱལ་པོའི་དགོངས་པ་བཞིན་ཐུགས་སྲས་རྨ་ལོ་རབ་ཏུ་དྭངས་པ་དང༌། གཡུ་ལོ་གཡུ་ཡི་ཟུར་ཕུད་ཅན་ཟུང་ལ་སྒྲ་རིག་པའི་སྐད་འགྱུར་སོ་སོའི་བོན་དང༌། ཚད་མ་རིག་པ་ལ་ཚད་མ་སྡེ་བདུན་དྲི་བ་རྟགས་གསལ་སྒྲོན་མེའི་སྡེ་དང༌། རྩོད་པ་རྫུ་འཕྲུལ་དྲྭ་བའི་སྡེ། སྤོང་པ་རྒོལ་བ་ཚར་གཅོད་ཀྱི་སྡེ། བླང་པ་ཀུན་འབྱུང་ཡངས་པའི་སྡེ། འགལ་བ་མི་མཐུན་སྤངས་པའི་སྡེ། མཐུན་པ་རང་ལུགས་བཞག་པའི་སྡེ། མཐར་ཕྱིན་བོན་ཉིད་གདར་གཅོད་ཀྱི་སྡེ། བཅས་གསུངས་ནས། སྒྲ་དང་ཚད་མ་རིག་པའི་སྲོལ་ཐོག་མར་གཏོད། ཅེས་སྟོན་པ་གཤེན་རབ་ཀྱིས་སྲས་ལུང་འདྲེན་གསལ་བ་ལ་གསུངས་པའི་སྐབས་སུ་སྟེ། 《འགྲོ་འདུལ་སྲས་སྤྲུལ་གྱི་མདོ་》ལས་གསུངས་ཤིང༌། 《རྣམ་རྒྱལ་གཟུངས་སྡེ་》ལས་ཀྱང༌། སྒྲ་རིག་པའི་བོན་སྡེ་གསུམ་ནི། ལྷ་སྲིན་གྱི་འཁྲུགས་འབུམ་ནག་པོ། སྒྲ་ཚད་ཀྱི་རྩོད་འབུམ་ཁྲ་བོ། དག་པའི་ལྷ་འབུམ་དཀར་པོ་དང་གསུམ་ལྷ་སྲིན་གྱི་བར་དུ་གཏན་ལ་ཕབས་ཏེ། སྣོད་ནི་རྨ་ལོ་དང་གཡུ་ལོ་གཉིས་ལ་བསྟན། དེ་ཡང་སྒྲ་ཚད་གཉིས་སུ་བྱུང་བས་སྣོད་ཀྱང་གཉིས་ཡིན་ནོ། །ཞེས་དང༌། རྒྱལ་བའི་བཀའ་དྲི་མ་མེད་པ་《ཀུན་འབུམ་གོ་འབྱེད་རྩ་བའི་རྒྱུད་》ལས། ཡེ་མཁྱེན་རྒྱལ་པོ་ལས་བྱུང་ཁྲིམས། །སྒྲ་ཡིས་གནས་བརྒྱད་འཕྲུལ་བཞིན་བསྒྱུར། །མཚན་ཉིད་སྡེ་ལྔ་ཟབ་མོ་སྟོན་པ་འབུམ་གྱི་སྡེ་དང༌། ཚུལ་ཁྲིམས་རྣམ་དག་འདུལ་བའི་སྡེ། ལས་འབྲས་སྟོན་པ་མདོ་ཡི་སྡེ། ཆགས་འཇིག་སྟོན་པ་མཛོད་ཀྱི་སྡེ། གཞལ་བྱ་དབུ་ཚད་རིག་པའི་སྡེ།མཐར་ཕྱུང་ཞིང༌། །སྒྲ་ཡི་རིག་པས་རྒོལ་བ་ཟློག །ཡེ་མཁྱེན་རིག་ལྔ་མཆོད་ཅིང་བསྙེན། །མི་འཇིགས་སྟོབས་བཅུ་ལྡན་པར་བྱ། །ཞེས་མདོ་ལུང་དུ་མ་ནས་ཞལ་མཐུན་དུ་གསུངས་པ་མངོན་སུམ་གྱིས་གྲུབ་པས་ཧ་ཅང་ཡིད་ཆེས་པའི་གནས་སུ་འཁུམས་པར་སེམས་སོ། །
དེང་ཕྱོགས་རིས་ཁོ་ནས་རང་རྒྱུད་བརླམས་པའི་རིག་པ་ཐན་ཐུན་དུ་སྨྲ་བ་ཁ་ཅིག་གིས། ནང་བསྟན་ཚད་མ་རིག་པ་ནི། འོ་སྐོལ་གྱི་རྣམ་འདྲེན་བཞི་པ་བཅོམ་ལྡན་འདས་ཀྱི་བཀའ་གཙོར་བཟུང་སྟེ་ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་ཚད་མ་དག་ལས་ཤེས། །ཞེས་སོགས་གསུངས་པ་འདིས་མཚོན་པའི་ནང་བསྟན་ཚད་མ་རིག་པའི་བསྟན་བཅོས་ཆ་ལག་འཐུས་ཚང་གི་རྣམ་པ་ཐོག་མར་སྲོལ་འབྱེད་མཁན་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡིན། ཁོང་ནི་དུས་རབས་དྲུག་པའི་སྨད་དང་བདུན་པའི་འགོ་ཙམ་ལ་རྒྱ་གར་ལྷོ་ཕྱོགས་སུ་བྱོན་པ་ཡིན། ཞེས་སྨྲ་བ་ནི་ནང་བསྟན་ཚད་མ་རིག་པའི་འབྱུང་ཁུངས་ཀྱི་ཕྱོགས་ཙམ་ཡང་མ་ཤེས་པར་དོན་མེད་འོལ་ཚོད་ཙམ་དུ་སྨྲ་བར་ཟད་དེ། རྣམ་འདྲེན་བཞི་པ་སྟོན་པ་ཤཱཀྱ་ཐུབ་པའམ་བཅོམས་ལྡན་འདས་ནི། ཕྱི་ལོའི་སྔོན་གྱི་ལོ་གྲངས་དགུ་བརྒྱ་རེ་བདུན་༩༦༧ཏེ་ཆུ་གླང་ལ་སྐུ་འཁྲུངས་པ་གང་ཞིག གནས་བརྟན་སྡེ་པའི་ལུགས་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཕྱི་ལོའི་སྔོན་གྱི་ལོ་གྲངས་དྲུག་བརྒྱ་ཉི་ཤུ་རྩ་ལྔ་༦༢༥སྟེ་མེ་སྤྲེལ་ལ་སྐུ་འཁྲུངས་པར་བཞེད། སྟོན་པ་གཤེན་རབ་ཀྱིས་དུས་རབས་དང་པོ་དབུ་མ་ཚུགས་པའི་ཡར་སྔོན་ཕྱི་ལོའི་སྔོན་གྱི་ལོ་གྲངས་ཆིག་ཁྲི་བཞི་སྟོང་བདུན་བརྒྱ་བཅུ་དྲུག་༡༤༧༡༦སྟེ་ཤིང་འབྲུག་ལོ་ལ་《ཚད་མ་སྡེ་བདུན་》དང༌། 《སྒྲ་རིག་པའི་བོན་སྡེ་》སོགས་གསུངས་པའི་ཕྱིར། དེར་མ་ཟད་《གཞི་ཡེ་སངས་རྒྱས་པའི་རྒྱུད་》ལས་ཀྱང༌། རྗེས་དཔག་ཚད་མས་མཛོད་ལ་རྣམ་དཔྱོད་ན། །ཞུགས་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས། །ཞུགས་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང༌། །འཇུག་པ་དཔེ་ལ་གོམས་པས་རྗེས་སུ་ངེས། །ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན། །ཞེས་གསུངས་པའི་གཞུང་གི་རྟགས་ཀྱིས་ཚུལ་གསུམ་བསྟན་ཏེ། ཞུགས་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང༌། །ཞེས་པས་ཕྱོགས་བོན་བསྟན་པ་དང༌། འཇུག་པ་དཔེ་ལ་གོམས་པས་རྗེས་སུ་ངེས། །ཞེས་པས་རྗེས་ཁྱབ་བསྟན། ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན། །ཞེས་པས་ལྡོག་ཁྱབ་བསྟན་ཡོད་པར་གསལ་བ་དང༌། གཞན་ཡང་སྟོན་པ་གཤེན་ལྷ་འོད་དཀར་གྱི་བཀའ་《ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་》ལས། དོན་ལྔ་རྣམ་པར་བཞག་པའི་ཚད་མ་ཡིས། །དོན་དམ་ཀུན་རྫོབ་གཉིས་འཇལ་ཤེས་པ་དེས། །བོན་རྣམས་བདག་མེད་སྤྲོས་དང་བྲལ་བར་བལྟ། །ཞེས་དང༌། རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་དེའི་འགྲེལ་《མེ་ལོང་དགུ་སྐོར་》ལས། དོན་ལྔའི་ཁྱད་པར་རྣམ་པར་བཞག་པའི་ཚད་མས་མཚན་མའི་སྤྲོས་པ་ཐམས་ཅད་ཡོངས་སུ་བཅད་ནས། དོན་དམ་བདེན་པ་གཏན་ལ་འབེབས་ཏེ། ལྔ་གང་ཞེ་ན། བོན་ཅན་གྱི་དོན་དང༌། དགག་བྱའི་དོན་དང༌། བསྒྲུབ་བྱའི་དོན་དང༌། གཏན་ཚིགས་ཀྱི་དོན་དང༌། དཔེའི་དོན་ཡིན་ནོ། །ཞེས་གསུངས་ཤིང༌། ད་དུང་《རྫོགས་ཆེན་ཡོངས་རྩེ་ཀློང་ཆེན་》ལས། དེ་ལ་རིགས་འགྲེས་ཀྱི་ངོ་སྤྲད་དེ། དམ་བཅའ་གསུམ། གཏན་ཚིགས་བདུན། དགོས་དགོངས་དགུའོ། །ཞེས་པའི་གཞུང་གིས་ཀྱང་རྟགས་ཀྱི་ཚུལ་གསུམ་བསྟན་པར་མཁས་གྲུབ་ཆེན་པོ་བླ་མ་སྙ་ཆེན་ལི་ཤུ་སྟག་རིང་༼ཕྱི་ལོའི་སྔོན་གྱི་ལོ་གྲངས་ཆིག་སྟོང་བདུན་བརྒྱ་ལྔ་བཅུ་རྩ་གཅིག་༡༧༥༡སྟེ་ས་བྱི་ལོ་ལ་སྐུ་འཁྲུངས།༽གིས་གཞུང་རྣམས་ལས་གསལ་བར་བཀྲལ་ཡོད་པར་དཔྱད་ན། ཚད་མ་རིག་པ་འདི་དར་ནས་ལོ་གྲངས་ཆིག་ཁྲི་དྲུག་སྟོང་བདུན་བརྒྱ་ལྷག་འགྲོ་བཞིན་ཡོད་པ་ཡང་གནའ་རབས་ཁུངས་བཙུན་གྱི་ཡིག་ཆ་འདི་དག་ལ་མཇལ་བས་ཤེས་ཐུབ་མོད། འོན་ཀྱང་དུས་རབས་ཉི་ཤུ་པའི་ནང་སྤེལ་བའི་ཆེད་ཁུངས་མེད་རྩོམ་ཁ་ཤས་སུ་ཡང༌། བོད་རང་གི་མཁས་པ་དག་གིས་མཛད་པའི་ཚད་མའི་གཞུང་ཐམས་ཅད་ཀྱི་ཐོག་མ་ནི། སྨྲ་བའི་དབང་ཕྱུག་ཕྱྭ་པ་ཆོས་ཀྱི་སེང་གེ་༡༡༠༩།༡༡༦༩ མཆོག་གི་《ཚད་མ་བསྡུས་པ་ཡིད་ཀྱི་མུན་སེལ་》དང༌། 《ཚད་བསྡུས་ཡིད་ཀྱི་མུན་སེལ་རྐྱང་པ་》དེ་གཉིས་ཡིན་ལ། ཁོང་གིས་བོད་ཀྱི་རྩོད་པའི་རིག་པ་དར་རྒྱས་སུ་བྱུང་བ་ལ་མཛད་རྗེས་བླ་ན་མེད་པ་ཞིག་བཞག་ཡོད། དེ་ནས་བོད་ལ་ཚད་མ་རིག་པ་འདི་གཞན་དང་ཐུན་མོང་མ་ཡིན་ཞིང༌། བོད་རང་གི་རིག་གནས་ཀྱི་ཁྱད་ཆོས་དང་ལྡན་པའི་རིག་གཞུང་གསར་པ་ཞིག་ཏུ་གྱུར། ཞེས་གཞན་གྱི་ཟེར་སྒྲོས་སུ་འབྲངས་ནས་ཁུངས་མེད་ཀྱི་རྩོམ་ཡིག་ཅིག་སྤེལ་ཁུལ་བྱས་འདུག་མོད། དེ་ནི་བོད་རང་གི་ལོ་རྒྱུས་རྣལ་མ་དག་ལ་སློབ་སྦྱོང་དང་མཇལ་མྱོང་མེད་པའི་ནང་རྟགས་ཕྱི་རུ་མངོན་པ་གཟུར་གནས་ཀུན་གྱིས་མཁྱེན་རྟོགས་བྱུང་ཡོད་པ་ལྟར་རེད། ཡང་དེར་བསྟུན་ཏེ་དེང་རབས་ཀྱི་མཁས་རློམ་ཁ་ཅིག་གིས། ད་རུང་ཚད་མ་རིག་པ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་གནའ་བོའི་རྟོག་གེའི་རིགས་པར་སྙིགས་དོར་བཅུད་ལེན་གྱི་དབྱེ་ཞིབ་འབོར་ཆེན་གནང་བའི་ཐོག་རང་གི་རྣམ་དཔྱོད་ཀྱིས་ཀྱང་གསར་གཏོད་མཛད་པ་ལས་གསར་དུ་འབུས་འགོ་བརྩམས་ཤིང༌། དེ་རྗེས་སློབ་དཔོན་ཆོས་ཀྱི་གྲགས་པས་《ཀུན་བཏུས་འགྲེལ་པ་ཚད་མ་སྡེ་བདུན་》སོགས་མཛད་ནས་འཕགས་ཡུལ་གྱི་ཤར་ནུབ་ཡོངས་ལ་ས་ཁྱབ་རྡོ་ཁྱབ་ཏུ་བཏང་བའི་སྙན་པ་ཆེ། དུས་རབས་བརྒྱད་པའི་ནང་ཚད་མའི་གཞུང་འགའ་ཞིག་བོད་སྐད་དུ་བསྒྱུར། ཞེས་སྨྲ་བ་ལ་སོགས་ལ་གཞིགས་ནས། རྗེ་བཙུན་ཞབས་དཀར་པའི་ཞལ་ནས། ཕྱོགས་གཅིག་ཤེས་ནས་གཉིས་མ་མཐོང༌། །གཡག་ཞར་རྩྭ་ཟན་འདི་རེ་སྡུག །གྲུབ་མཐའི་གསང་དོན་མ་རྟོགས་པར། །སྐུར་བ་འདེབས་པ་འདི་རེ་སྡུག །ཅེས་པའི་དཔེ་ལས་མ་མཆིས་ཏེ། དུས་རབས་དང་པོའི་སྔོན་དུ་སྟོན་པ་གཤེན་རབ་ཀྱིས་《མུ་སྟེགས་གྲུབ་མཐའ་ཚར་གཅོད་གཏན་ཚིགས་རིག་པའི་ཐིགས་མདོ་》ཞེས་པའི་གཞུང་འདི་ཡང་མུ་སྟེགས་པའི་སྟོན་པ་བཅུ་གཉིས་ཀྱིས། རྟག་ཆད་ཀྱི་གྲུབ་པའི་མཐའ་རང་རང་གི་འདོད་པ་བཞིན་བཤད་པ་དགག་པའི་ཕྱིར་དུ་བོད་དང་ཞང་ཞུང་གི་ས་མཚམས་བྱེ་མ་ལ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་འགོར་ནང་པ་གཤེན་རབ་དང་ཕྱི་པ་མུ་སྟེགས་པ་ལ་རྩོད་པ་ཆེས་ཆེ་བར་བྱུང་བའི་ཚེ། གཤེན་རབ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་ཆ་མཐུན་གྱི་འདུལ་བའི་དགོས་ཆེད་དུ། མུ་སྟེགས་ཀྱི་སྟོན་པ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་གྱི་ཤ་རི་ར་ཙ་ཞེས་བྱ་བར་སྤྲུལ་ནས་མུ་སྟེགས་ཀྱི་གྲུབ་མཐའ་གཏན་ལ་ཕབས་ནས་གསུངས་ཤིང༌། དེ་རྗེས་སུ་སྒ་རིགས་ཀྱི་སྟོན་པ་ཤེས་རབ་འོད་ཟེར་གྱིས་《གཏན་ཚིགས་ཐིགས་མདོ》འི་འགྲེལ་པ་《མུ་སྟེགས་གྲུབ་མཐའ་ཚར་གཅོད་གཏན་ཚིགས་ཐིགས་མདོའི་འགྲེལ་པ་རྣོ་ངར་རིག་པའི་ཐོག་ཆེན་》ཞེས་པ་མཛད་ནས་བོད་ཕྱི་ནང་ཀུན་ཏུ་དར་ཁྱབ་ཧ་ཅང་ཆེ་བའི་ཕྱིར་རོ། །
ཡང་ཕྱི་ལོའི་སྔོན་གྱི་ལོ་གྲངས་དགུ་བརྒྱ་བཅུ་བཞི་༩༡༤སྟེ་མེ་རྟ་ལོར་སྐུ་འཁྲུངས་པའི་བླ་ཆེན་དྲན་པ་ནམ་མཁའི་རང་རྐྱ་འཕེར་བའི་ཚད་མ་རིག་པའི་གཞུང་ཆེན་《ཚད་མ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་》དང༌། སེ་བོན་ཤ་རི་དབུ་ཆེན་ནམ་དཔལ་ལྡན་གསང་ཆེན་གྱིས་མཛད་པའི་《ཚད་མའི་རྒྱུད་གཞུང་ཆེན་མོ།》 སྙ་ཆེན་ལི་ཤུ་སྟག་རིང་གིས་མཛད་པའི་《གཏན་ཚིགས་རིག་པའི་གལ་མདོ་》སོགས་ཀྱང་བྱུང་ནས། རྩོད་པའི་རིག་པ་ཞང་བོད་ཀུན་ཏུ་དར་ཡོད་པ་མ་ཟད། ད་དུང་དེའི་སྔོན་ནས་གདུང་འཚོབ་མུ་ཆོ་ལྡེམ་དྲུག་གིས་《སྒྲ་ཚད་ཀྱི་འབུམ་སྡེ་》སོགས་ལོ་ཙཱ་བ་དྲུག་ལ་བརྒྱུད་དེ་ཞང་ཞུང་དང༌། བོད། སུམ་པ། རྒྱ་དཀར་ནག བྲུ་ཤ་ལ་སོགས་ལ་རིམ་བཞིན། མཁས་པ་མི་བཞི་དང༌། སྙ་ཆེན་ལི་ཤུ་སྟག་རིང༌། རྒྱུང་ཡར་བླ་ཆེན་ཁོད་སྤུངས་སོགས་རིག་འཛིན་ལོ་པཎ་རྣམས་ཀྱིས་རང་རང་གི་སྐད་དུ་བསྒྱུར་ནས་དར་ཁྱབ་ཧ་ཅང་ཆེ་སྟེ། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས། གསེར་ཐོག་ལྕེ་འབྱམས་ཀྱིས་གེ་སར་རྔམ་པ་ལྕེ་རིང༌། སུམ་པ་མུ་སྤུངས་གསལ་ཏང༌། བོད་ཤ་རི་དབུ་ཆེན། མེ་ཉག་ལྕེ་ཚ་མཁར་བུ་རྣམས་ལ་བརྒྱུད་དེ་རང་རང་གི་སྐད་དུ་བསྒྱུར་ནས་དར་རོ།། ཞེས་སོགས་ལུང་རིག་དུ་མས་གྲུབ་ཡོད་པས་སོ། །
བསྟན་པ་ཕྱི་དར་གྱི་རིང་ལ་ཡང་ཕྱི་ལོ་ཆིག་སྟོང་ཆིག་བརྒྱ་གོ་བརྒྱད་༡༡༩༨སྟེ་ས་རྟ་ལོར་སྐུ་བལྟམས་པའི་གཡས་རུ་གཙང་གི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་《ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་》ཅེས་བོད་རང་གི་ཐུན་མོང་མ་ཡིན་པའི་ཚད་མ་རིག་པའི་གཞུང་ལུགས་ཕུན་སུམ་ཚོགས་པ་འདིར་དངོས་བསྟན་དུ་ལེའུ་བརྒྱད་ཀྱིས་བསྟན་ཏེ། ལེའུ་དང་པོ་ཡུལ་གསུམ་གྱི་རང་བཞིན་བསྟན་ཞིང༌། ཤེས་བྱེད་བློ་ཡི་རང་བཞིན་གཏན་ལ་དབབ་པ་དང༌། ལེའུ་གཉིས་པ་ཚད་མ་སྤྱིའི་རང་བཞིན་བསྟན་ཞིང༌། དགག་སྒྲུབ་རྫས་ལྡོག་སོགས་བཤད་པ། ལེའུ་གསུམ་པ་བཀའ་ལུང་ཚད་མ་བཤད་པ། ལེའུ་བཞི་པ་རིག་པ་ཚད་མ་དང་མངོན་སུམ་ཚད་མ་བཤད་པ། ལེའུ་ལྔ་པ་རྗེས་དཔག་སྤྱིའི་དོན་བསྟན་ཞིང༌། རྟགས་ཡང་དག་ལྟར་སྣང་སོགས་བཤད་པ། ལེའུ་དྲུག་པ་རང་དོན་རྗེས་དཔག ལེའུ་བདུན་པ་གཞན་དོན་རྗེས་དཔག ལེའུ་བརྒྱད་པ་མཚན་མཚོན་གཞི་གསུམ་གྱིས་གཏན་ལ་དབབ་ཡོད་པས་དང༌། ཚད་མ་རིག་པའི་གཞུང་ལུགས་དེ་ཉིད་ཀྱིས་གཙོས་པའི་ཕྱི་ལོ་ཆིག་སྟོང་སུམ་བརྒྱ་ང་དྲུག་༡༣༥༦སྟེ་མེ་སྤྲེལ་ལོར་སྙིགས་དུས་འགྲོ་བའི་མགོན་དུ་བྱོན་པའི་ྋརྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་《འཕྲུལ་སྒྲོན་རྣམ་ལྔ》འི་ནང་ཚན་《བསྟན་བཅོས་ཆེན་མོ་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རྩ་འགྲེལ་》གཉིས་གསུངས་པའི་གཞུང་འདི་ལ་ལེའུ་གསུམ་གྱིས་སྒོ་ནས་བསྟན་ཡོད་ལ། ལེའུ་དང་པོ་ཡུལ་བསྟན་པ་དང༌། ལེའུ་གཉིས་པ་ཡུལ་ཅན། ལེའུ་གསུམ་པ་མངོན་སུམ་དང་རྗེས་དཔག་སོགས་བསྟན་པའི་གཞུང་འདི་དང༌། 《ཚད་མ་ཀུན་བཏུས་》གཉིས་གཡུང་དྲུང་བོན་གྱི་གདན་ས་ཁྱད་པར་ཅན་གྲྭ་ས་གོང་འོག་བར་གསུམ་དུ་གནའ་ནས་ཡིག་ཆའི་གཙོ་བོར་བཟུང་ནས་སློབ་གཉེར་བྱས་དང་བྱེད་བཞིན་ཡོད་པ་ལྟར་རོ། །

ཡང་རྗེ་དེ་ཉིད་ཀྱི་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་《ཚད་མའི་ཐལ་འཕྲེང་རིག་ལམ་ནོར་བུའི་འཕྲེང་མཛེས་》དང༌། སྨན་རིའི་མཁན་རབས་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་《ཐུན་མོང་སྡུད་གྲྭའི་རྣམ་བཤད་རིག་པའི་བློ་སྒོ་འབྱེད་པའི་ལྡེ་མིག་ཕས་རྒོལ་ལོག་ལྟ་འཇོམས་པའི་ཐོག་མདའ་གཤེན་བསྟན་པད་ཚལ་རྒྱས་པའི་ཉི་མ།》 གཡས་རུའི་དཔོན་སློབ་ཡོན་ཏན་རྒྱ་མཚོའི་《བསྟན་བཅོས་ཆེན་པོ་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རྟགས་རིགས་ཀྱི་དགོངས་དོན་གསལ་བར་བྱེད་པ་གཏན་ཚིགས་རིགས་པའི་རྣམ་བཞག》 སྒང་རུའི་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཀུན་མཁྱེན་ཉི་མའི་སྡུད་གྲྭའི་ཟུར་འདེགས་སུ་མཛད་པའི་རིག་ལམ་བསྡུས་གྲྭའི་རྣམ་བཞག་《ངོས་འཛིན་པད་དཀར་འཕྲེང་བ་》དང༌། 《རིག་ལམ་ཆེ་བའི་རྣམ་བཞག》 ཚ་རོང་དཔོན་སློབ་ག་ཤེལ་ཤེས་རབ་ཡེ་ཤེས་ཀྱི་《བོན་ཅན་ཟུར་བཀོལ།》 སྤ་ཚང་བསྟན་པ་འབྲུག་གྲགས་ཀྱི་《གཏན་ཚིགས་གཞུང་དོན་སྒོ་འབྱེད་བསྡུས་གྲྭའི་རྣམ་བཞག་འཇིགས་མེད་སྨྲ་བའི་སེང་གེའི་གད་རྒྱངས་ལྟ་ངན་གཉིས་འཐུང་གཞོམ་པའི་ང་རོ་》དང༌། 《གཏན་ཚིགས་གཞུང་དོན་སྒོ་འབྱེད་བསྡུས་གྲྭའི་སྙིང་པོ་རིག་ལམ་ནོར་བུའི་འཕྲེང་བ།》 ཡོངས་འཛིན་བསྟན་འཛིན་རྣམ་དག་གིས་མཛད་པའི་《རིག་ལམ་བསྡུས་གྲྭའི་རྣམ་བཤད་ངོས་འཛིན་བློ་གསལ་འཇུག་སྒོ་》དང༌། 《རྟགས་ཀྱི་རིགས་པའི་རྣམ་བཤད་ཚད་མའི་གཞུང་ལ་འཇུག་པ།》 ལྷ་རམས་པ་བརྩོན་འགྲུས་གོང་འཕེལ་ལམ་དགེ་བཤེས་གཡུང་དྲུང་རྣམ་རྒྱལ་གྱིས་མཛད་པའི་《བློ་རིག་གི་རྣམ་བཞག་ཉུང་གསལ་ལེགས་བཤད་དགའ་སྟོན་གཤེན་བསྟན་པད་ཚལ་》སོགས་གཡུང་དྲུང་བོན་གྱི་ཚད་མའི་བསྟན་བཅོས་དང་འབྲེལ་ཡོད་ཕྱག་དཔེ་འགའི་མཚན་ཙམ་བགྲངས་པའི་གཞུང་ལུགས་འདི་རྣམས། གཞན་ཡང་གཡུང་དྲུང་གླིང་གི་དཔོན་སློབ་རིམ་བྱོན་ནང་བྱ་འཕུར་དཔོན་སློབ་ཤེས་རབ་བློ་གྲོས་དང༌། སྡེ་དགེ་དཔོན་སློབ་མཁས་གྲུབ་ལུང་རྟོགས་རྒྱ་མཚོ། དཔོན་སློབ་ཤེས་རབ་གྲགས་པ། ཧོར་པ་དཔོན་སློབ་བློ་གྲོས་རྒྱ་མཚོ་བཅས་ཀྱིས་རིག་ལམ་སྡུད་གྲྭའི་ངོས་འཛིན་དང་སྒྲུབ་བྱེད་སོགས་ཚད་མ་རིག་པའི་གཞུང་ལུགས་སྣ་ཚོགས་ཤིག་མཛད་སྐད་འདུག་ཀྱང༌། ད་ལྟ་དཔེ་དཀོན་དུ་གྱུར་པ་སོགས་ཀྱིས་རེ་ཞིག་མཇལ་སྐལ་དུ་མ་གྱུར་སྟབས་འདིར་མཚན་བྱང་དངོས་འགོད་ཐབས་མ་བྱུང་ངོ། ། དེང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དར་ཁྱབ་ཤིན་ཏུ་ཆེ་བ་སྤྱན་གྱིས་གཟིགས་ན་མཇལ་བ་དང༌། སྙན་གྱིས་གསན་ན་ཐོས་པ་ལ་ད་རུང་བོན་པོ་ལ་ཚད་མ་རིག་པའི་གཞུང་ལུགས་མེད་ཅེས་སྐུར་བ་བཏབ་ན་མི་རིགས་ནང་ཁུལ་མཐུན་སྒྲིལ་ལའང་གནོད་པ་འབྱུང་མི་སྲིད་པ་མ་ཡིན་ཞིང༌། དེས་མ་ཚད་བོད་རང་གི་ལོ་རྒྱུས་གཙང་མ་ལ་རྨ་བཏོད་ནས་དབུ་མེད་པར་བཏང་བ་ཁོ་ན་ཡིན་པས། དེས་ན་ཁོ་བོས་ཕྱོགས་ལྷུང་བྲལ་བའི་སྒོ་ནས་ཚད་མ་རིག་པའི་འབྱུང་ཁུངས་རགས་ཙམ་བརྗོད་པ་འདིར། གཟུར་གནས་བློ་ལྡན་ཡོངས་ཀྱིས་ལེགས་སྤེལ་ཉེས་འགོག་གི་ཞིབ་འཇུག་ཡང་དག་རེ་གནང་རྒྱུ་ཐུགས་རྗེས་གཟིགས་ཞེས་ལྷག་བསམ་ཟོལ་མེད་ཀྱིས་སྦྱར་བ་དགེའོ།། །།

 

དཔྱད་གཞིའི་ཡིག་ཆ་ཁག
༡《མདོ་དྲི་མེད་གཟི་བརྗིད།》 དེབ་གཟུགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌།
༢《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།》 དེབ་གཟུགས། མི་རིགས་དཔེ་སྐྲུན་ཁང༌།
༣《གཞི་ཡེ་སངས་རྒྱས་པའི་རྒྱུད།》 དཔེ་གཟུགས། ཐོབ་རྒྱལ་གསར་པ།
༤《མུ་སྟེགས་གྲུབ་མཐའ་ཚར་གཅོད་གཏན་ཚིགས་རིག་པའི་ཐིགས་མདོ།》གོང་མཚུངས།
༥《ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད།》 དེབ་གཟུགས། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།
༦《ཐེག་འགྲེལ་མེ་ལོང་དགུ་སྐོར།》 དེབ་གཟུགས། གོང་མཚུངས།
༧《རྣམ་འབྱེད་འཕྲུལ་ལྡེ།》 དེབ་གཟུགས། ཝ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང༌།
༨《ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད།》 གོང་མཚུངས།
༩《ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ།》 དེབ་གཟུགས། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།
༡༠《སུམ་ལྡན་སྡུད་གྲྭའི་རྣམ་བཞག》 དེབ་གཟུགས། གོང་མཚུངས།
༡༡《བརྡ་སྤྲོད་ཉི་ཤུ་བདུན་པ།》 དེབ་གཟུགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌།
༡༢《བོད་ཀྱི་རིག་གནས་ཀྱི་ཐོག་མའི་འབྱུང་ཁུངས་ལ་དཔྱད་པ།》བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།
༡༣《བསྡུས་གྲྭའི་གོ་དོན་བློ་གསལ་འཇུག་སྒོ།》 དེབ་གཟུགས། བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌།
༡༤《བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་དེབ་དང་པོ།》 གོང་མཚུངས་དཔེ་སྐྲུན་ཁང༌།
༡༥《བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་དེབ་གསུམ་པ།》 གོང་མཚུངས་དཔེ་སྐྲུན་ཁང༌།
༡༦《ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་འཕྲེང་བ།》 དེབ་གཟུགས། མི་རིགས་དཔེ་སྐྲུན་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།