སྟོན་པ་གཤེན་རབ་དང་ཤཱཀྱ་ཐུབ་པའི་བསྟན་པའི་ཁྱད་པར།

སྟོན་པ་གཤེན་རབ་དང་ཤཱཀྱ་ཐུབ་པའི་བསྟན་པའི་ཁྱད་པར།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅། ། བརྒྱ་བའི་མགོན་པོ་སྟོན་པ་གཤེན་རབ་མཆོག་དང་བཅོམ་ལྡན་འདས་མཉམ་མེད་ཤཱཀྱ་ཐུབ་པའི་དབང་པོ་རྣམ་གཉིས་ཀྱི་བསྟན་པ་གཉིས་ལ། མཐུན་པ་དང་མི་མཐུན་པའི་རྣམ་བཞག་དྲང་པོར་སྨྲ་བ་བདེན་གཏམ་གཟུར་ནས་མཁས་པའི་ཞལ་ལུང་ལ་གཉིས། སྟོན་པ་གཉིས་ཀྱི་བསྟན་པའི་སྤྱི་དོན་མདོ་ཙམ་དང་རྗེས་འཇུག་སོ་སོ་བ་རྣམས་ཀྱིས་བསྟན་པ་འཛིན་སྐྱོང་བྱེད་པའི་ཕྱག་སྲོལ་གྱི་ཁྱད་པར་ཅུང་ཙམ་བཤད་པ་གཉིས་ལས། དང་པོ་ནི། བརྒྱ་བའི་སྟོན་པ་གཤེན་རབ་མཆོག་མི་རྣམས་ཀྱི་ཚེ་ལོ་བརྒྱ་དང་བཅུ་དགུའི་དུས་སུ་སྐུ་འཁྲུངས་ནས་ཚེ་ལོ་བརྒྱད་ཅུ་ཁ་རལ་གྱི་བར་བཞུགས་པས། སྐུ་ཚེ་དཀྱིལ་ནི་ཚེ་ལོ་བརྒྱ་བའི་དུས་ཡིན་པ་དཔྲ་སྟོན་པཎྚི་ཏའི་དེ་ཉིད་རྣམ་ངེས་སོགས་སུ་གསལ་བར་གསུངས། འདི་སྔོན་བྱོན་མཁས་པ་རྣམས་རྩོད་མེད་དུ་བཞེད། དེ་ལྟར་སྐུ་ཚེ་ཧྲིལ་བོའི་མཛད་ཆེན་བཅུ་གཉིས་ཀྱི་ནང་དུ་བཀའ་འཁོར་རིམ་པ་གསུམ་བསྐོར་བ་ཡིན། བཀའ་འཁོར་དང་པོའི་ནང་ཐོག་མར་བཟོ་རིག་པ་དང་གསོ་བ་རིག་པ་སོགས་རིག་གནས་ལྔ་དང་དེ་ནས་ཐེག་པ་རིམ་པ་དགུ་གཏན་ལ་ཕབས། དེ་ལ་བརྗོད་བྱ་མདོ་སྔགས་སེམས་གསུམ་ཡོད། བཀའ་འཁོར་བར་བ་སྒོ་བཞི་མཛོད་ལྔ་ལ་ཡང་མདོ་སྔགས་སེམས་གསུམ་དང༌། འཁོར་ལོ་གསུམ་པ་ཕྱི་ནང་གསང་གསུམ་ནི་མདོ་སྔགས་སེམས་གསུམ་ཡིན་པས། བཅོམ་ལྡན་འདས་ཀྱི་ཆོས་འཁོར་གསུམ་དང་མི་འདྲ་བའི་ཁྱད་བྱུང༌། འོ་ན་སྟོན་པ་གཤེན་རབ་ཀྱིས་བཀའ་འཁོར་གསུམ་གྱི་ནང་དུ་སྔགས་སེམས་གསུམ་གསུངས་ན། འཁོར་ལོ་གསུམ་པོ་ཁྱད་མེད་དུ་ཐལ། གསུམ་ཁ་ལ་མདོ་སྔགས་སེམས་གསུམ་ཡོད་པའི་ཕྱིར་ཟེར་ན་ཁྱད་མེད་པ་ཡང་མ་ཡིན་ཏེ། བཀའ་འཁོར་དང་པོའི་དུས་ཐོག་མར་ཐུན་མོང་གི་གི་རིག་གནས་གཏན་ལ་ཕབས། རྒྱུའི་བོན་བཞི་གསུངས། དེ་ཡང་འབྲས་བུའི་གདུལ་བྱ་མེད་ན་དང་པོ་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་བསྟན་ན་དོན་དུ་འགྱུར་དཀའ་བས། འཇིག་རྟེན་གྱི་བདེ་སྡུག་ལེགས་ཉེས་བླང་དོར་གྱི་གནས་རགས་པར་བསྟན་ནས་མཐོང་ཆོས་མངོན་སུམ་པས་ཡིད་ཆེས་སྐྱེ་ཕྱིར།ཕྱྭ་སྣང་འཕྲུལ་སྲིད་བཞིའི་ཐེག་པ་གསུངས་ནས་ཚེ་འདིའི་བདེ་བ་ཙམ་གྱི་དོན་དུ་ཡང་དགེ་སྡིག་བླང་དོར་ལོག་པར་སྒྲུབ་མི་རུང་བ་ཤེས་པར་བྱས་ནས་གདུལ་བྱ་བཀྲི་དྲང་གི་ལམ་ལ་བཅུག དེ་ཡང་བཟོ་རིག་ཐོག་མར་བསྟན་ནས་ཡིག་རིགས་ལྷ་རིས་མཆོད་རྫས་རྒྱན་གོས་ལྷ་མིའི་ཁང་བཟང་སོགས་བསྐྲུན་པ་དང༌། གསོ་རིག་སྨན་ཤེས་ཀྱིས་ནད་རིགས་བཅོས་ཤིང་ཚེ་ཀེགས་སེལ་བ་དང༌། སྒྲ་དང་ཚད་མ་རིག་པས་རྗོད་བྱེད་ཀྱི་བརྡ་དག་ཅིང་བརྗོད་བྱའི་དོན་ཡུལ་དང་ཡུལ་ཅན་གྱི་རྣམ་བཞག་ཤེས་ཐུབ་པ་དང༌། མོ་རྩིས་ས་དཔྱད་སོགས་ཀྱི་རིག་པས་གནས་སྐབས་ཀྱི་བདེ་སྡུག་ལེགས་ཉེས་བྱ་བ་སྤངས་བླངས་ཤེས་པ་དང༌། འཇིག་རྟེན་གྱི་ལྷ་ཀླུ་མཐུ་བོ་ཆེ་རྣམས་ལ་ངོ་དགའ་མཆོད་བསྟོད་བྱེད་ཚུལ་གྱི་ཆོ་ག་བསང་མཆོད་གཏོང་བ་དང༌། ལབ་ཙེ་དང༌། ཅིས་ཏི། དཔའ་མཁར་སོགས་ཡུལ་ས་གཞི་གནས་ཀྱི་བདག་པོ་ལ་གནས་གཞི་ཕོ་བྲང་བརྩིགས། སྒྲ་བླ་ཀླུང་རྟ། གཡང་འབོད་ནོར་སྒྲུབ། དགྲ་སྒྲུབ་སྲི་མནན་འགོང་བཀར་སོགས་ཀྱིས་དཔལ་འབྱོར་སྤེལ་བའི་ཆ་རྐྱེན་སྒྲུབ་ཚུལ་དང་འགལ་སྐྱེན་སེལ་བའི་ཐབས་ཤེས་པ།གླུད་དང་གཏོ་མདོས་དང་གཙང་སེལ་སོགས་ཀྱིས་མིའི་ཚེ་སྲོག་ལུས་དང་ལོངས་སྤྱོད་ལ་འགལ་རྐྱེན་བར་ཆོད་སེལ་ཞིང་སྨེ་མནོལ་རྩོག་གྲིབ་བསལ་ཞིང་ལྷ་མིའི་བར་གྱི་ཉམས་ཆགས་སྐོང་བ།སྲིད་གཤེན་འདུལ་སྦྱོང་གིས། ཚེ་འདིར་གནོད་པའི་སྲོག་གཅོད་པའི་གཤེད་མ་དེས། ཚེ་འདས་ན་ཡང་བླ་བཟུང་ནས་ཐར་ལམ་ལ་གནོད་པ་བྱེད་ཅིང་བར་ཆོད་གཏོང་བ་ལ། གཤེད་མ་འདུལ་སྦྱོང་གལ་ཆེ་བས།ཐོག་མར་ཞི་དྲག་ཐབས་ཀྱིས་གཤེད་མ་འདུལ། དེ་ནས་ཚེ་འདས་དོན་བྱེད་ཀྱི་དུས་ཚིགས་བདུན་ཕྱེ་ནས་རྣམ་ཤེས་བདེ་གནས་སུ་གཏོང་བ་སོགས་ཀྱི་ཚིག་གསུངས། ༼འདི་ཕྱིས་སུ་ཐེག་པ་གོང་མའི་ཆ་ལག་ཏུ་ཡར་བླངས་ནས་ཚེ་འདས་གནས་འདྲེན་གྱི་ཆོ་ག་སྟེ་འདྲེན་སྟོན་རྣམས་ཀྱིས་ལག་ལེན་བྱེད་བཞིན་པ་འདི་ཡིན་ནོ༽དེ་ལྟར་རྒྱུའི་ཐེག་པ་ཕྱྭ་སྣང་འཕྲུལ་སྲིད་བཞི་བོ་འདི་འཁོར་ལོ་བར་བ་དང་མཐའ་མིའི་ནང་དུ་གསུངས་མ་དགོས་པས་ཁྱད་པར་ཆེ་ལ།ཐུབ་པ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་གསུམ་གྱི་ནང་དུ་དེ་དག་མ་གསུངས་པས། དཔྲ་སྟོན་པཎྚི་ཏ་སོགས་མཁས་པ་རྣམས་ཀྱིས་སྟོན་པ་གཤེན་རབ་ཀྱིས་ཐོག་མར་རྒྱུ་བོན་གསུངས། ཐུབ་པས་ཐོག་མར་ཉན་ཐོས་ཀྱི་ཆོས་གསུངས་ཞེས་པ་ལྟར་རོ། །དེ་ཡང་ཐེག་པ་འོག་མ་ཕྱྭ་གཤེན།སྣང་གཤེན། འཕྲུལ་གཤེན།སྲིད་གཤེན་འདི་དུས་ནམ་ཞིག་ཡུལ་གང་དང་གང་དུ་དར་ཞེ་ན། སྟོན་པ་གཤེན་རབ་དགུང་ལོ་བཅུ་གཉིས་བར་གྱི་མཛད་པ་དེ་ལ་ལོ་མཛོད་བཅུ་གཉིས་ཟེར་བའི་དང་པོ་ཞང་ཞུང་ཡུལ་དུ་དར།དེ་ནས་སྟོན་པ་དགུང་ལོ་ཉི་ཤུའི་ནང་བོད་ཀྱི་རྐོང་པོ་བོན་རི་ལ་བྱོན་ནས་བོད་ལ་དར་སྤེལ་མཛད་པས། བོད་ཀྱི་ཤེས་བྱ་ཡོན་ཏན་ཅན་སྐོར་བཅུ་གཉིས་བྱུང་ནས། འབྲས་བུའི་ཐེག་པའི་གདུལ་བྱར་འགྱུར་རུང་གི་རྨང་གཞི་ལེགས་པར་བྱུང་བ་ཡིན་ནོ། །དེ་ནས་གདུལ་བྱ་རྣམས་སྟོན་པའི་གསུང་མི་བསླུ་བ་ཡིན་པར་ཡིད་ཆེས་སྐྱེས། ཐུན་མོང་རིག་གནས་ཀྱིས་བློ་སྒོ་ཕྱེས་ཏེ་བློ་ཁ་ཇེ་མཐོར་སོང་བ་མང་པའི་སྐབས། ཕྱི་མའི་དོན་གཙོ་བོ་མཛད་ནས་འབྲས་བུའི་ཐེག་པ་འོག་མ་དགེ་བསྙེན་ཐེག་པའི་ནང་དུ་ལས་འབྲས་རྩལ་དུ་བཏོན་ནས་གསུངས་པས། འཁོར་བ་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ཤེས་པའི་གདུལ་བྱ་མང་དུ་བྱུང་བ་དང༌། དེ་ནས་ཀྱང་བློ་ཁ་ཇེ་མཐོར་སོང་བ་དབང་པོ་འབྲིང་གི་རིགས་རྣམས་འཁོར་བ་མཐའ་དག་གི་སྡུག་བསྔལ་ལ་འཇིགས་ཤིང་སྲིད་པའི་ཕུན་ཚོགས་རྩྭ་ལྟར་འདོར་བའི་གཤེན་རབ་རྣམ་རྩོད་པ་དང་རང་རྟོགས་གཤེན་རབ་པའི་གང་ཟག་མང་དུ་བྱོན། ཁྱད་པར་རང་དོན་ཡིད་བྱེད་ལ་དམན་པར་འཛིན་པ་དང་གཞན་དོན་ཁོ་ན་གཙོ་བོར་བྱེད་མཁན་ཀྱང་མང་བས་ཐེག་པ་གསུམ་གྱི་རིགས་ཅན་གྱི་གདུལ་བྱ་མཐའ་དག་ལ་དགོངས་ནས་ཐེག་པ་ལྔ་བ་དགེ་བསྙེན་ཐེག་པ་དང༌། དྲུག་པ་དྲང་སྲོང་ཐེག་པ། བདུན་པ་ཨ་དཀར་ཀྱི་ཐེག་པ་རྣམས་གསུངས་པ་ལ། བཅོམ་ལྡན་འདས་ཀྱི་ཐེག་པ་གསུམ་མཐུན་ཤས་ཆེའོ། །དེ་ནས་ཐེག་པ་བརྒྱད་པ་ཡེ་གཤེན་སྔགས་ཀྱི་ཐེག་པ་དང༌། དགུ་བ་བླ་མེད་ཀྱི་ཐེག་པ་ནི། བན་དེ་ཆོས་ལུགས་ཀྱི་སྔགས་བརྗོད་དང་མཐུན་ཤས་ཆེ་ན་ཡང༌། བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས་གསུངས་པ་ཡིན་མིན་ལ་རྒྱ་བོད་དུ་སྔོན་ཀྱི་མཁས་པ་རྣམས་རྩོད་པ་མཛད་མྱོང་བ།མཁས་པ་བུ་སྟོན་དང་སོག་ཟློག་པ་སོགས་ཀྱི་གསུངས་ལས་མཐོང་ན་ཡང་ཁ་ཚོན་གཅོད་མི་ནུས། དཔེར་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་མི་ལོ་བརྒྱ་ཕྲག་དུ་མའི་རྗེས་ནས་ཀླུ་སྒྲུབ་ཀྱིས་ཡུམ་ཀླུ་ཡུལ་ནས་སྤྱན་དྲངས་ཏེ་ཐེག་པ་ཆེན་པོའི་སྲོལ་ཕྱེས་པ་ན། སྐྱེ་བ་ལྔ་བརྒྱར་པཎྚི་ཏའི་སྐྱེ་བ་བཞེས་ཟེར་བའི་སློབ་དཔོན་དབྱིག་གཉེན་གྱིས་ཐེག་ཆེན་ཐུབ་པའི་བཀའ་མིན་ཞེས་བསྐུར་བ་བཏབས་ཚུལ་ནི་ཡོངས་སུ་གྲགས་ལ། ཤམ་བྷ་ལ་དང་དུས་འཁོར་ལ་ཡང་རྩོད་པ་ཡོད་ཚུལ་བུ་སྟོན་ཀྱང་གསུངས་པས་དཔྱད་མི་ནུས་པ་ཤིན་ཏུ་མང་ངོ༌། ༼འདིའི་ཐད་དོགས་དཔྱད་གཞན་དུ་བྲིས་པ་ལས་འདིར་མང་དུ་དོགས༽སྟོན་པ་གཤེན་རབ་ཀྱི་འཁོར་ལོ་བར་བ་བོན་སྒོ་བཞི་མཛོད་ལྔ་ནི། དཔོན་གསས་མན་ངག་ལུང་ལ་བརྟེན་ནས་ལྟ་སྒོམ་གནད་དུ་ཕབས་ནས་ནོར་འཁྲུལ་མེད་པར་རྟོགས་པ་དང༌། ཆབ་ནག་སྲིད་པ་རྒྱུད་ཀྱིས་འགྲོ་དོན་ཕན་བདེ་གནས་སྐབས་དངོས་སུ་མཛད་པ་དང༌། ཆབ་དཀར་དྲག་པོ་སྔགས་ཀྱིས་མཐར་ཐུག་དོན་ལ་བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་བྱེད་ཚུལ་དང༌། འཕན་ཡུལ་རྒྱས་པ་འབུམ་གྱིས་འཁོར་འདས་བོན་ཐམས་ཅད་རང་བཞིན་གཏན་ལ་ཕབས་ནས་ངེས་པར་བྱས་པའི་དོན་སྒོམ་ཚུལ་དང༌། དེ་དག་སྤྱི་ལ་རྒྱུགས་པའི་མཛོད་ཀྱི་བོན་སྒོ་རྣམས་གསུངས་པ། བརྗོད་བྱ་མཐའ་དག་གི་དོན་གྱི་གནས་ལུགས་རྗོད་བྱེད་བཀའ་སྡེ་སྣོད་དུ་མས་གཏན་ལ་ཕབས་པར་མ་ཟད།ཉམས་སུ་ལེན་པ་ལ་ཆོག་འདོན་པ་དང༌། མཆོད་བསྟོད་དང་སྒོམ་སྒྲུབ་སོགས་གསུངས་པ་ཇི་ལྟ་བ་བཞིན་འཁོར་རྣམས་ཀྱིས་ངེས་པར་རྟོགས་ནས་འཛམ་བུའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་དངོས་གང་ཟག་གི་རྒྱུད་ལ་དར་སྤེལ་མཛད་དོ། །དུས་ནི་སྟོན་པ་དགུང་ལོ་བཅུ་དྲུག་ནས་སུམ་ཅུའི་བར་རོ། འཁོར་ལོ་གསུམ་པ་ཕྱི་ནང་གསུམ་ནི། སོ་བྱང་སྔགས་གསུམ་སྟེ། མདོ་སྔགས་སེམས་གསུམ་གཏན་ལ་ཕབས་པར་མ་ཟད། སྟོན་པ་ཉིད་རབ་ཏུ་བྱུང་བའི་ཚུལ་མཛད། དེ་ནས་འཁོར་རྣམས་ལ་སོ་ཐར་གྱི་སྡོམ་པ་གནང་ནས་འདུལ་བ་ཕོ་གླིང་དང་མོ་གླིང་སོ་སོར་ཕྱེ་སྟེ། གནས་གཞི་བསྐྲུན་པར་མཛད་པ་ནི། ཞང་བོད་དུ་དགོན་སྡེ་དར་བའི་ཐོག་མ་ཡིན་ལ། འདུལ་བ་རྒྱུད་དྲུག་གསུངས་ནས་བཅས་ཁྲིམས་ཐམས་ཅད་མཛད། དཀའ་བ་སྤྱད་ནས་ཉམས་སུ་ལེན་ཚུལ་སོགས་ཞིབ་པར་བསྟན། དེ་ནས་རི་བོ་མ་ལ་ཡའི་དབེན་པར་བཞུགས་ནས་ཐེག་པ་ཆེན་པོའི་རིགས་སད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་གནང༌། གཞི་ལམ་འབྲས་གསུམ་གྱི་བོན་རྒྱས་པར་གསུངས། དེ་ནས་ཐེག་ཆེན་དབང་རྣོན་རྣམས་ལ་གསང་བ་སྔགས་ཀྱི་རྩ་བ་ཡན་ལག་གི་རྒྱུད་རྣམས་དང༌། རྩ་རླུང་ཐིག་ལེ་གེགས་སེལ་གྱི་རྒྱུད་རྣམས་གསུངས། དེ་ལས་ཀྱང་རིན་པོ་ཆེ་ལྟ་བུའི་སྐལ་ལྡན་གྱི་གདུལ་བྱ་མཆོག་ཏུ་གྱུར་བ་རྣམས་ལ་ཚེ་གཅིག་ལུས་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་ཐོབ་པའི་གདམས་པ་ཁྱད་པར་ཅན་བླ་མེད་རྫོགས་པ་ཆེན་པོའི་བོན་སྡེ་ཡང་མང་དུ་ཡོད་པ་ནི་སྟོན་པ་གཤེན་རབ་ཀྱི་བསྟན་པ་ཁོ་ན་ཡིན་ཏེ། ཡང་བརྒྱུད་ཚུལ་ནི། དགོངས་བརྒྱུད་སྟོན་པ་དགུ ༼ལྷ་ཀླུ་མི་ཡི་སྟོན་པ་གསུམ་བརྩིས་མེད༽ལས་བརྒྱུད་པ་ཡིན་ཏེ། ཀུན་ཏུ་བཟང་པོའི་དགོངས་པ་མཐར་ཐུག་པ་བརྗོད་བྱ་དོན་གྱི་སྙིང་པོ་རང་བཞིན་རྫོགས་པ་ཆེན་པོའི་བོན་སྡེ་ལ། སེམས་སྡེ་དང་ཀློང་སྡེ་དང༌། མན་ངག་གི་སྡེ་གསུམ་ཡོད་ལ། དེ་དག་གི་རྩ་བའི་རྒྱུད་ནི། བྱང་སེམས་གབ་པ་དགུ་སྐོར་དང༌། རྒྱུད་ཀྱི་རྒྱལ་བོ་གསེར་གྱི་རུས་སྦལ་དང༌། རྩ་བའི་རྒྱུད་དྲུག་དང༌། རྒྱུད་དམར་བྱང། བཀའ་བརྒྱུད་སྐོར་བཞི་སྟེ་ཕྱི་ལྟ་བ་སྤྱི་གཅོད། ནང་མན་ངག་དམར་ཁྲིད། གསང་བ་རིག་པ་གཅེར་མཐོང༌། ཡང་གསང་གནས་ལུགས་ཕུག་ཆོད་སྐོར་སོགས་བཞུགས། ཡན་ལག་གི་རྒྱུད་ལ་ཡང་རྒྱུད་ལུང་མན་ངག་དང་བཅས་པ་མང་དུ་ཡོད་དེ། སེམས་ལུང་སྒྲོན་མ་དགུ་སྐོར། རྒྱུད་བུ་ཆུང་བཅུ་གཉིས། ལུང་དོན་དགུ་སྐོར། ལུང་དྲུག་གི་རྩོལ་བྲལ་ཉག་གཅིགཀུན་བྲལ་ཉག་གཅིགམན་ངག་ཀུན་འདུས། ལ་བཟླ་རྫོགས་ཆེན། སུན་འབྱིན་རྫོགས་ཆེན། རང་བྱུང་ཉག་གཅིག་ལུང་གི་ཡང་ཞུན་བཅས་དང༌། རྫོགས་ཆེན་སྡེ་བཅུ།འགྲེལ་ཆུང་དང་ཐུགས་ཀྱི་བརྣག་པ་སྐོར་གསུམ། སེང་གེ་སྒྲ་བསྒྲགས། འཁོར་བ་དོང་སྤྲུགས། ཉམས་བརྒྱུད་རྒྱས་འབྲིང་བསྡུས་གསུམ་སོགས་སེམས་ཀློང་མན་ངག་གི་སྡེ་མཐའ་དག་ལ་སྔོན་བྱོན་མཁས་པ་རྣམས་ཀྱིས་སྡོམ་ཚིག་ཏུ་བམ་པོ་ཉི་ཁྲི་སུམ་སྟོང་ལེའུ་སུམ་ཁྲི་བདུན་སྟོང་ཡོད་པར་གྲགས། དེ་ལྟར་ཐེག་པ་རིམ་དགུའི་འོག་མ་ཕྱྭ་སྣང་འཕྲུལ་སྲིད་བཞི་དང༌། ཐེག་དགུའི་རྩེ་མོ་བླ་མེད་རྫོགས་པ་ཆེན་པོ་རྣམས་ཐུབ་པས་རྒྱ་གར་དུ་མ་གསུངས་ན་ཐུབ་བསྟན་པའི་སྔགས་རྙིང་མ་བ་ལ་ཡར་བཅོས་མར་གཏོའི་སྐོར་རྒྱུ་བོན་དང་འདྲ་བ་ཡོད་པ་དང༌། རྫོགས་ཆེན་སེམས་ཀློང་མན་ངག་གི་སྐོར་ཡོད་པ་དེ་ཅི་ཡིན་ཞེ་ན་ཐུབ་པས་ཞལ་ནས་མ་གསུངས་ཀྱང་ཐུབ་པའི་དགོངས་པ་མིན་ཅེས་བཤད་མི་ནུས་ཏེ། སངས་རྒྱས་རྣམས་ཐུགས་རོ་གཅིག་ཡིན་པ་དང༌། རྒྱལ་བ་རྡོ་རྗེ་འཆང་དང་ཐུབ་པའི་དབང་པོ་གཉིས་ལོངས་སྐུ་དང་སྤྲུལ་སྐུའི་སྣང་ཚུལ་ཙམ་ལས་ངོ་བོ་གཅིག་ཡིན་པ་བདག་ཅག་གི་བླ་མ་རྣམས་གསུངས། ཡང་ཁྱད་པར་སློབ་དཔོན་པདྨའི་འཕྲིན་ལས་ལ་བརྟེན་ནས་བླ་ཆེན་པོ་དྲན་པ་ནམ་མཁའ་ཉིད་ནན་བན་གྱི་མིང་བཏགས་ནས་རྗེ་འབངས་ཉེར་ལྔའི་གྲས་སུ་བཞུགས།གཙུག་ལག་སྒོ་བཞི་མ་ཉམས་ན་བོན་བསྟན་མི་ནུབ་པར་དགོངས་ནས་རྒྱུ་བོན་ཁྱབ་བདལ་དུ་སྤེལ། ལས་ལྡན་རྣམས་ལ་སྔགས་རྗེས་གསུངས།ཁྱད་པར་གྱེར་སྤུངས་དྲན་པ་ཉིད་ཀྱི་སྲས་བླ་མ་ཚེ་དབང་རིག་འཛིན་དང་སློབ་དཔོན་པདྨ་འབྱུང་གནས་དང༌། ལོ་ཆེན་བེ་རོ་ཙ་ན་རྣམས་ལ་རྫོགས་ཆེན་གསེར་གདམས་དང༌། རྫོགས་ཆེན་གསེར་ཞུན་དང༌། རྫོགས་ཆེན་གསེར་ཐུར། རྫོགས་ཆེན་རིག་པ་གཅེར་མཐོང་རྣམས་གསུངས། ཡང་སློབ་དཔོན་དྲན་པ་ནམ་མཁའ་རྒྱ་གར་དུ་བྱོན་ནས་འཇམ་དཔལ་བཤེས་གཉེན་གྱི་ཟློས་གར་བསྒྱུར་ཏེ་རྒྱ་གར་བི་མ་མི་དྲ་དང་རྒྱ་ནག་ཤྲི་སིངྷ་རྣམས་ལ་རྫོགས་ཆེན་གསུངས། ཡང་བླ་ཆེན་དྲན་པ་དང་སློབ་དཔོན་པདྨ་ཡབ་སྲས་ཀྱིས་རྒྱལ་བོ་ཁྲི་སྲོང་དང་མཁའ་འགྲོ་མཚོ་རྒྱལ་གཉིས་ལ་གསུངས་པར་གྲགས། དེའི་བཀའ་དྲིན་གྱིས་ཕྱིས་སུ་རྫོགས་ཆེན་རྙིང་ཐིག་གི་བསྟན་པ་དར་ཁྱབ་ཆེན་པོ་བྱུང་བ་ཡིན་ལ། དེ་དག་བསྟན་པ་སྔ་དར་གྱི་སྐབས་ཡིན། ཕྱི་དར་སྐབས་སུ་ཡང་བོན་གྱི་མཁས་པ་ཆེན་པོ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང་བླ་མ་གཤེན་རྒྱལ་ལྷ་རྩེ ༼དེབ་སྔོན་དུ་བོན་པོ་ཀེ་ཙེ་བ་ཞེས་བཤད་ཡོད༽དང༌། གྲུབ་ཐོབ་གཤེན་སྒོམ་ཞིག་པོ་སོགས་རྙིང་མ་བ་འགའ་རེས་བསྟེན་ཚུལ་ཡོད་ལ་འགོས་ལོའི་དེབ་སྔོན་སོགས་སུའང ༼ནི་གུ་མའི་སྐབས་དང་ཟུར་གྱི་གདུང་རབས་སྐབས་སུ༽གསལ། དེ་ཕྱིར་བོན་པོ་དང་རྙིང་མའི་ལྟ་སྒོམ་སྤྱོད་འབྲས་ཤིན་ཏུ་མཐུན་པ་རེད་ཅེས་གཟུ་བོར་གནས་པའི་མཁས་པ་འགའ་རེས་གསུངས། དེ་ལྟར་བཀའ་འཁོར་རིམ་པ་གསུམ་གྱི་དགོངས་པ་གཅིག་ཏུ་འདུ་ཚུལ་ཡང་ཡོད་དེ། ཡུལ་ལྷོ་བྱང་དབུས་གསུམ་གྱི་གཏེར་ཁ་སོ་སོའི་ལུགས་ཀྱི་ཐེག་པ་རིམ་དགུའི་མིང་གི་ཐ་སྙད་མི་འདྲ་བ་དགུ་རེ་ཡོད་ཀྱང༌། དེ་ཀུན་འཁོར་ལོ་བར་བ་དང༌། མཐའ་མའི་དགོངས་པ་གཅིག་ཏུ་འདུ་ཚུལ་ནི། ལྷོ་བའི་ལུགས་ཀྱི་རྒྱུའི་ཐེག་པ་བཞི་ལ། ཆབ་ནག་ལས་གྱེས་པའི་ཕྱྭ་སྣང་འཕྲུལ་སྲིད་བཞི། དབུས་ལུགས་ལྷ་མི་གཞན་བརྟེན་གྱི་ཐེག་པར་འདུ་བ་དང༌། ཆབ་དཀར་ལས་གྱེས་པའི་ཕྱྭ་སྣང་འཕྲུལ་སྲིད་བཞི་དབུས་ལུགས་རྣམས་ཀུན་ལྡན་གྱི་ཐེག་པ་དང་དངོས་བསྐྱེད་ཐུགས་རྗེ་རོལ་བའི་ཐེག་པ་ཅི་རིགས་སུ་འདུ་ཞེས་སྒ་སྟོན་སྨྲ་བའི་སེང་གེས་བཞེད་ལུགས་ཤར་རྫ་བས་ལུང་རིགས་མཛོད་དུ་དྲངས་པ་དེའི་དོན་ནི། ཁོ་བོས་དཔྱད་ན་འདི་ལྟར་ཐེག་ཆེན་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱིས་མ་ཟིན་པར་སྐྱེས་བུ་ཆུང་ངུའི་ཀུན་སློང་ལྟ་བུས། ཆབ་སྲིད་པ་རྒྱུད་ཀྱི་བོན་སྒོའི་གཞུང་གི་ཡན་ལག་ཏུ་ཕྱྭ་སྣང་འཕྲུལ་སྲིད་བཞི་ཉམས་ལེན་ནམ་ལག་ལེན་བྱེད་པ་ནི་ལྷ་མི་གཞན་བརྟེན་གྱི་ཐེག་པར་འདུ་བ་དང༌། ཐེག་ཆེན་པས་ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོའི་ཡན་ལག་ཏུ་ཕྱྭ་སྣང་འཕྲུལ་སྲིད་བཞིར་སྤྱད་ན་རྣམ་པ་ཀུན་ལྡན་དང་དངོས་བསྐྱེད་པའི་ཐེག་པར་འདུ་ཞེས་གསུངས་པ་ཡིན་ནམ་སྙམ། དེས་ན་མདོ་ལུགས་དབུ་སེམས་གཉིས་གང་རུང་གི་ཕྱྭ་སྣང་འཕྲུལ་སྲིད་བཞི་ལག་ལེན་བྱས་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པར་འགྱུར་བ་དང༌། གསང་སྔགས་རིག་པ་འཛིན་པའི་རྣལ་འབྱོར་བས་ལག་ལེན་བྱས་ན་སྔགས་ཀྱི་སྤྱོད་པ་རླབས་ཆེན་དུ་འགྱུར་བ་ལྟ་བུའོ།།
ཡང་ལྷོ་བའི་དགེ་བསྙེན་ཐེག་པ་ལ་དབུས་ལུགས་ཀྱི་ལྷ་མི་གཞན་བརྟེན་པ་དང༌། བྱ་བ་གཙང་སྤྱོད་གཉིས་གང་ཡོད་ཅེས་ཀྱང་གསུངས། དབུས་ལུགས་ཀྱི་གཤེན་རབ་རྣམ་རྩོད་པ་དང༌། རང་རྟོགས་གཤེན་རབ་ཀྱི་ཐེག་པ་གཉིས་ནི། ལྷོ་བའི་དྲང་སྲོང་ཐེག་པར་འདུ། དབུས་ལུགས་ཀྱི་ཐུགས་རྗེ་སེམས་དཔའི་ཐེག་པ་དང་གཡུང་དྲུང་སེམས་དཔའི་ཐེག་པ་གཉིས་ནི་ལྷོ་བའི་ལུགས་ཀྱི་ཡེ་གཤེན་ཐེག་པར་འདུ་གསུངས་པ་ནི་ལྟ་བ་མཐུན་པའི་སྒོ་ནས་དེ་ལྟར་བཞེད་ཅེས་གསུངས། ཡང་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་དང་གང་ཟག་གི་ཁྱད་པར་མི་ཕྱེ་བར། སྤྱིར་བཏང་གྲུབ་མཐའི་དབང་དུ་བྱས་ན། འཁོར་ལོའི་དང་པོའི་རྒྱུའི་ཐེག་པའི་ཕྱྭ་སྣང་འཕྲུལ་སྲིད་བཞི་བོ། འཁོར་ལོ་བར་བའི་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོ་ལ་འདུ། དགེ་བསྙེན་དང་དྲང་སྲོང་ཐེག་པ་གཉིས་འཕན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོར་འདུ། ཨ་དཀར་ཐེག་པ་ནི་ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོ་ལ་འདུ། ཡེ་གཤེན་གྱི་ཐེག་པ་ནི་དཔོན་གསས་མན་ངག་ལུང་གི་བོན་སྒོ་ལ་འདུ། དགུ་བ་བླ་མེད་ཐེག་པ་ནི། མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་སྒོ་ལ་འདུ་ཞེས་གསུངས། དེ་དག་ཀུན་འཁོར་ལོ་གསུམ་པ་ཕྱི་ནང་གསང་གསུམ་ལ་འདུ་ཚུལ་ནི། ཆབ་ནག་སྲིད་རྒྱུད་དང་རྒྱས་པ་འབུམ་ནི་ཕྱི་རྒྱུད་བོན། ཆབ་དཀར་སྔགས་ནི་ནང་རྒྱུད་བོན།དཔོན་གསས་མན་ངག་གི་གསང་རྒྱུད་བོན།མཛོད་ནི་དེ་ཀུན་སྤྱི་ལ་རྒྱུགས་པར་བཞེད།ཐེག་པ་ཐམས་ཅད་དོན་ཐིག་ལེ་ཉག་གཅིག་ལ་འདུ་ཞེས་པས།མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་འདོད་དོ། །ཡང་གཤེན་བསྟན་གྱི་ཐེག་དགུའི་རྣམ་དབྱེ་དེ་དག་ཐུབ་བསྟན་པའི་སྔགས་རྙིང་མ་བའི་གཞུང་ལུགས་དང་བསྡུར་ན། རྒྱུད་གསང་སྙིང་དང༌། རྐ་བ་དཔལ་བརྩེགས་ཀྱི་ཐེག་དགུའི་རྣམ་དབྱེ་སོགས་སུ་མཇལ་བས་གསལ་བོར་ཤེས་ཐུབ་པ་ནི་གཤེན་བསྟན་པའི་གཤེན་རབ་རྣམ་རྩོད་པ་དང་ཐུབ་བསྟན་པའི་ཉན་ཐོས་དོན་གཅིགགཤེན་བསྟན་པའི་རང་རྟོགས་གཤེན་རབ་པ་དང་ཐུབ་བསྟན་པའི་རང་རྒྱལ་དོན་གཅིགགཤེན་བསྟན་པའི་ཐུགས་རྗེ་སེམས་དཔའ་དང་ཐུབ་བསྟན་པའི་སེམས་ཙམ་པ་དོན་གཅིགགཤེན་བསྟན་པའི་གཡུང་དྲུང་སེམས་དཔའ་སྤྲོས་མེད་པ་དང་ཐུབ་བསྟན་པའི་དབུ་མ་བ་དོན་གཅིགསྔགས་ཕྱོགས་ལ་ཡང༌། གཤེན་བསྟན་པའི་བྱ་བ་གཙང་སྤྱོད་དམ་བྱ་རྒྱུད་ནི་ཐུབ་བསྟན་པའི་བྱ་རྒྱུད་དོན་གཅིགགཤེན་བསྟན་པའི་རྣམ་པ་ཀུན་ལྡན་གྱི་ཐེག་པའམ་སྤྱོད་རྒྱུད་ནི་ཐུབ་བསྟན་པའི་སྤྱོད་རྒྱུད་དོན་གཅིགགཤེན་བསྟན་པའི་དངོས་བསྐྱེད་ཐུགས་རྗེ་རོལ་བའམ་ཡེ་གཤེན་རྒྱུད་ནི་ཐུབ་བསྟན་པའི་སྤྱོད་རྒྱུད་དང་དོན་གཅིགགཤེན་བསྟན་པའི་ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པའམ་ཡེ་གཤེན་ཆེན་པོའི་རྒྱུད་ནི་ཐུབ་བསྟན་པའི་རྣལ་འབྱོར་བླ་མེད་རྒྱུད་ཅེས་པ་དང་དོན་གཅིག་གོ ། དེ་ལྟར་སྟོན་པ་གཤེན་རབ་དང༌། བཅོམ་ལྡན་འདས་ཀྱི་བསྟན་པ་གཉིས་ལ་དད་གུས་དག་སྣང་ཚད་མེད་བསྐྱེད་བཞིན་པའི་ངང་ནས་གང་མཐུན་གང་དུ་མི་མཐུན་དེ་དག་དབྱེ་འབྱེད་ལ་ལོག་རྟོག་གི་སྐྱོན་གྱིས་མ་བསླད་ཕྱོགས་ཞེན་གྱི་སྒྲོག་ཏུ་མ་ཚུད་པར་འབད་བརྩོན་བསྐྱེད་དེ་ཞིབ་བསྡུར་ཅི་ཙམ་བྱས་ཀྱང་མདོ་སྔགས་ཀྱི་གཞུང་མང་པོར་མཇལ་ན་མི་མཐུན་པ་ཆེན་པོ་མེད་སྙམ། འོན་ཀྱང་བཀའ་ལ་བརྟེན་ནས་བརྩམས་པའི་བསྟན་བཅོས་རྣམས་ལ་མཁས་པ་རྣམས་དགོངས་གཞི་མི་འདྲ་བ་ཡོད་པའི་དབང་གིས་ཡིག་ཆའི་བཞེད་མཚམས་ནི་མི་གཅིག་པ་མང་ན་ཡང༌།དེ་འདྲ་གྲུབ་མཐའ་ཁག་རང་རང་གི་ནང་ན་ཡང་ཡོད་པས་འགལ་བར་མི་སེམས་སོ།། དེས་ན་ཁྱད་པར་ཆེ་བ་ནི། སྟོན་པ་གཤེན་རབ་ཀྱི་ཐེག་དགུའི་འོག་མ་ཕྱྭ་སྣང་འཕྲུལ་སྲིད་བཞི་དང་ཐེག་དགུའི་རྩེ་མོ་རྫོགས་པ་ཆེན་པོ་ནི་ཐུབ་པའི་གསུངས་ལ་བསྡུར་པ་མ་རྙེད། རང་གིས་མ་མཐོང་ན་མེད་ཅེས་ཐག་གཅོད་མི་ནུས་ཀྱང༌། ཐུབ་བསྟན་པའི་མཁས་པ་ཐུགས་གཟུ་བོར་གནས་པ་དག་ལ་དྲི་བ་བྱས་ན་ཡང་དེ་དག་བོན་ལུགས་ཡིན་ཞེས་ཞལ་བཞེས་གནང་འདུག དེས་ན་ཡུལ་གང་དང་ཁྱད་པར་རང་བོད་གངས་ཅན་གྱི་ཡུལ་འདི་སྲིད་པ་རྒྱུད་ཀྱི་བོན་ཕྱྭ་སྣང་འཕྲུལ་སྲིད་ཀྱི་ཐེག་པ་འདི་མི་ལོ་ཁྲི་ཕྲག་གི་ཡར་སྔོན་ནས་དར་ཁྱབ་ཆེ་བས། སྟོན་པ་གང་དང་གྲུབ་མཐའ་གང་གི་རྗེས་འབྲང་ཡིན་ན་ཡང༌། ད་ལྟ་མོ་རྩིས་དང་ས་དཔྱད། བསང་མཆོད་དང་ལབ་ཙེ་བརྩིགས་པ། སྒྲ་བླ་བསྟོད་ཅིང་ཀླུང་རྟ་བསྐྱེད་པ། དགྲ་བྲུབ་དང་གཡང་སྒྲུབ། ཡར་བཅོས་དང་མར་གཏོ། གཤེད་འདུལ་སྲི་མནན། འདུལ་སྦྱོང་སྣེ་འདྲེན་གྱིས་ཚེ་འདས་དོན་བྱེད་པ་སོགས་ལག་ལེན་བྱེད་བཞིན་པ་འདི་དག་གཤེན་བསྟན་པའི་ལུགས་ཁོ་ན་ཡིན་པ་ཐེ་ཚོམ་བྲལ། དེ་ཡིན་ན་ཞང་བོད་དུ་དར་བའི་རིག་གནས་ཀྱི་ཐོག་མ་སྟོན་པ་གཤེན་རབ་ཀྱི་བསྟན་པ་ཁོ་ན་ཡིན་པས་སངས་རྒྱས་ཆོས་ལུགས་ཀྱི་ཐོག་མ་གཤེན་བསྟན་ཡིན་པ་སྨོས་ཅི་དགོས། རྫོགས་ཆེན་ནི་ཐུབ་པས་མ་གསུངས་ཟེར་ན་ཡང་ཁོ་བོས་ཞིབ་ཏུ་དཔྱད་ན། བཅོམ་ལྡན་འདས་ཀྱི་ཐུགས་དགོངས་ན་རྫོགས་ཆེན་མེད་ཅེས་བཤད་མི་ནུས། ཟླ་བ་སྒྲོན་མས་ཞུས་པའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ་ཅེས་གསུངས་པ་དེས། གཞི་རང་འབྱུང་ཡེ་ཤེས་ཡོད་པ་བསྟན་འདུགདེ་ཡིན་ན་རྫོགས་པ་ཆེན་པོའི་བརྗོད་བྱ་དོན་གྱི་སྙིང་པོ་མཐར་ཐུག་པ་ནི། གཞི་རང་འབྱུང་ཡེ་ཤེས་ཡིན་ལ་དེ་གཏན་ལ་ཕབ་ནས་རྟོགས་པར་བྱེད་ཅིང་ཉམས་སུ་ལེན་པའི་ཐབས་ལ་གོང་དུ་བཤད་པའི་རྫོགས་ཆེན་གྱི་རྒྱུད་སྡེ་སྟོང་ཕྲག་དུ་མ་གསུངས། འོ་ན་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་གསུམ་གྱི་ནང་དུ་རྫོགས་ཆེན་མ་གསུངས་པ་ཅི་ཡིན་ཞེ་ན་གདུལ་བྱ་མེད་པས་རེད་སྙམ། བོད་པ་རྣམས་ཀྱིས་བསྔགས་བརྗོད་བྱས་ནས་རྒྱ་གར་འཕགས་པའི་ཡུལ་ཞེས་ཟེར་ན་ཡང་རྒྱ་གར་ན་འཕགས་པ་ལས་ཕྱི་རོལ་བ་མང་བ་ནི་ཐུབ་པ་མ་བྱོན་གོང་ཕྱི་རོལ་བ་མང་ལ་ཐུབ་པ་བཞུགས་དུས་ཀྱང་ཕྱི་རོལ་བ་མང་བས་འགྲན་ཟླ་བྱས་ཚུལ་ཡོད་པ་དང༌།ཐུབ་པ་མྱ་ངན་ལས་འདས་པའི་རྗེས་སུའང་ཕྱི་རོལ་བ་མང་པས་ཐུབ་པའི་བསྟན་ལ་རྩོད་པ་བྱས་པ་དང་གནོད་པ་བྱུང་བ་ཡང་མང༌། དེར་བལྟས་ན་བོད་ན་ཕྱི་རོལ་བའི་གཞུང་ལུགས་འཛིན་པ་དངོས་མེད་ཟེར། ཕྱོགས་གཏོགས་ཙམ་ཡོད་པས་ཞང་བོད་ཀྱི་བསྟན་པའི་གནས་གཞི་ལ་འཚེ་བ་ཐེངས་མང་བྱུང་ཡང༌། ནང་སེམས་ཀྱི་བསྟན་པ་ལ་གནོད་མ་ནུས་པའི་སྐྱེས་བུ་དམ་པ་མང་དུ་ཡོད་པས་རྫོགས་པ་ཆེན་པོའི་བསྟན་པ་མ་ཉམས་པར་གནས། དེ་ཡང་ཞང་ཞུང་གི་བྱ་རུ་ཐོབ་པའི་རྒྱལ་རབས་བཅོ་བརྒྱད་དང༌།བོད་ཀྱི་རྒྱལ་རབས་བཞི་བཅུ་ཙམ་སྟེ་ཞང་བོད་ཀྱི་རྒྱལ་རབས་དྲུག་ཅུ་ཙམ་གྱི་རིང་འཇའ་ལུས་པ་ཉི་ཤུ་རྩ་བཞི་བྱོན། དེ་འདྲ་ཞིག་ཡུལ་གཞན་དུ་བྱོན་མ་མྱོང་ཞེས་བཤད་ཆོགཁྱད་པར་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་པཎ་ཆེན་ལི་ཤུ་སྟག་རིང་དང༌། ཁྱེའུ་དཀར་པོ་འོད་དང་ལྡན་པར་སྤྲུལ་བའི་རྗེ་ཏཱ་པི་ཧྲི་ཙཱ ༼འདི་ལ་གཞན་དུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཟེར༽ བླ་ཆེན་དྲན་པ་ནམ་མཁའ་༼འདི་ལ་རྒྱ་གར་དུ་འཇམ་དཔལ་བཤེས་གཉེན་ཟེར༽བླ་མ་ཚེ་དབང་རིག་འཛིན། སློབ་དཔོན་པདྨ་འབྱུང་གནས་སོགས་ཚེའི་རིག་འཛིན་བརྙེས་ནས་མི་ལོ་སྟོང་ཕྲག་དུ་མར་བཞུགས་པ་ཡང་ཡུལ་ཞང་བོད་དུ་བྱོན་པ་ཡིན་ལ།གྲུབ་མཐའ་ནི་གཤེན་བསྟན་པའི་བླ་མེད་ཐེག་པའི་ལམ་ཉམས་ལེན་བྱས་པས་དེ་ལྟར་བྱུང་བ་ཡིན།
ལོ་རྒྱུས་དེ་ཡང་དོན་དངོས་ཡིན་ཏེ་ལྷ་སྒྲུང་ལྟ་བུའི་བཤད་ཚུལ་མིན། དེའི་མངོན་རྟགས་ནི་དུས་རབས་ཉི་ཤུ་བའི་ནང་འདིར་སྡེ་དགེ་ཕྱོགས་སུ་ཤར་རྫ་ཀུན་མཁྱེན་རིན་པོ་ཆེ་འཇའ་ལུས་བརྙེས་པ་དང༌། ཁོང་གི་ཞལ་སློབ་ཐུགས་ཀྱི་སྲས་ཆེན་སྤྲུལ་སྐུ་ཟླ་བ་གྲགས་པ་འཇའ་ལུས་འཕོ་བ་ཆེན་པོ་བརྙེས་ནས་བཞུགས་གདན་སྟེང་དུ་ཕྱག་ཞབས་ཀྱི་སེན་མོ་མ་གཏོགས་མེད་པ་མི་མང་པོས་མངོན་སུམ་མཇལ་བ་དང༌། མཚོ་སྔོན་ཕྱོགས་འདིར་ཡང་མགར་རྩེ་གྲུབ་དབང་མཚམས་པ་རིན་པོ་ཆེ་དང༌། ཤིང་ཁྲིའི་མཁན་པོ་ཚེ་དབང་རིག་འཛིན་སྐུ་ལུས་མ་བརྗེས་པར་དངོས་སུ་མཁའ་སྤྱོད་ཞིང་དུ་ཕེབས་པ་སོགས་ད་ལྟའི་མི་རབས་འདིའི་ལས་ལྡན་འགའ་ཞིག་མངོན་སུམ་མཇལ་བ་ཡིན་ལ། དེ་དག་རྙིང་མ་དང་བོན་པོའི་སྔགས་རྫོགས་ཀྱི་ནུས་པ་ཡིན་པ་སྨོས་ཅི་དགོས། དེས་སྔར་འདས་ཀྱི་ལོ་རྒྱུས་དང་གྲུབ་པའི་རྣམ་ཐར་གྱི་བདེན་དཔང་བྱེད་ཐུབ་པ་ཡིན།
གཉིས་པ་སྟོན་པའི་རྗེས་འཇུག་སོ་སོས་བསྟན་པ་འཛིན་སྐྱོང་བྱས་ཚུལ་དང༌ཕྱག་སྲོལ་གྱི་ཁྱད་པར་ཅུང་ཙམ་བཤད་པ་ལ། སྟོན་པ་གཤེན་རབ་ཀྱི་མཛད་པ་མཐའ་མའི་སྐབས་འཁོར་རྣམས་ལ་བསྟན་པ་གཏད་གཉེར་དང་ལུང་བསྟན་གྱི་མདོ་གསུངས་ནས་བཀའ་བསྡུ་བྱེད་ཚུལ་ཞལ་ནས་གསུངས་པས་སྐུ་མྱ་ངན་ལས་འདས་རྗེས།བཀའ་ཐམས་ཅད་མི་འཐོར་བའི་ཕྱིར་སྟོན་པའི་གསུང་བཞིན་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ཏེ་བསྡུས་ནས་མདོ་འབུམ་རྒྱུད་མཛོད་བཞིའི་བཀའ་རྣམས་གླེགས་བམ་བཞེངས་ནས། གླེགས་ཤིང་དང་གླེགས་ཐག་གི་རྒྱུ་དང་ཁ་དོག་ཀྱང་ཁྱད་པར་ཡོད་པ་བལྟས་པ་ཙམ་གྱིས་ཚན་པ་བཞི་བོ་གང་ཡིན་པ་ཤེས་ཐུབ་པ་བྱས། དེ་ཕྱིར་འཐོར་བ་བསྡུས་པའི་བཀའ་བསྡུ་ཡང་མ་ཡིན་ལ་ཡི་གེ་མེད་པར་བློ་ལ་འདོན་དགོས་པ་ཡང་མ་བྱུང༌། དེ་རྗེས་མུ་ཆོ་ལྡེམ་དྲུག་སོགས་སྐུ་གསུང་ཐུགས་ཀྱི་སྲས་ཆེན་སྡུད་འཁོར་བཅུ་གསུམ་གྱིས་ལོ་གསུམ་རེར་སྟོན་པའི་བཀའ་ལ་འགྲེལ་བཤད་མཛད་དེ་བོན་འཁོར་བསྐོར་བས། ཕྱིས་སུ་སྟོན་པའི་བཀའ་ཡིན་མིན་ལ་རྩོད་པ་དང་སྒྲོ་སྐུར་ཅི་ཡང་བྱུང་མ་མྱོང་བ་བསྟན་འབྱུང་ཐམས་ཅད་མགྲིན་གཅིག་དབྱངས་གཅིག་ཡིན། ཁྱད་པར་སྡུད་འཁོར་བཅུ་གསུམ་ནང་གི་མུ་ཆོ་ལྡེམ་དྲུག་ནི་སྟོན་པའི་རྒྱལ་ཚབ་མཛད་ནས་བཀའ་འགྲེལ་གྱི་སྲོལ་ཕྱེས་ཏེ་སློབ་མ་བསྐྱངས་པས་འཛམ་གླིང་མཁས་པ་རྒྱན་དྲུག་བྱོན།
སློབ་དཔོན་དྲན་པ་ནམ་མཁའ་སོགས་ཀྱིས་རྒྱན་དྲུག་གི་ཞབས་ཟིན་པས་སྟོན་པ་མཆོག་ནས་བར་མ་ཆད་པར་ད་ལྟའི་བར་དུ་གནས། དེ་ཡང་མདོར་བསྡུས་ཙམ་ཞུ་ན། མདོ་འདུལ་བ་ནི་སྟོན་པའི་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་གི་སློབ་མ་རྟག་གཟིགས་དམུ་ཚ་ཏྲ་ཧེ་ནས། རྟག་གཟིགས་ཞང་ཞུང་གཉིས་ཀྱི་མཁན་རབས་བཅུ་གཅིག་དང་དེ་ནས་བོད་ཀྱི་མཁན་པོའི་ཐོག་མ་མདོ་གམ་དབྱར་མོ་ཐང་དུ་སྐུ་འཁྲུངས་པའི་ཀ་ཆུའི་གཙུག་ཕུད་རྒྱལ་བ་ནས་རིམ་བཞིན་བརྒྱུད་དེ་ད་ལྟ་རྒྱལ་བ་སྨན་རི་བའི་མཁན་རབས་འདི་དག་གི་བར་དུ་བྱོན་པ་འདུལ་བ་བརྒྱུད་པའི་བླ་མ་རིམ་བྱོན་གྱི་རྣམ་ཐར་དུ་གསལ་བ་ལྟར་རོ། །གསང་སྔགས་ནི། སྟོན་པ་ཉིད་ཀྱི་ཞལ་སློབ་ལྷ་ཀླུ་མི་ཡི་གཤེན་པོ་སོགས་སྟོད་ཀྱི་བླ་མ་ཆེ་དྲུག་གི་ཞབས་ཀྱིས་ཟིན་པའི་གཤེན་ནམ་མཁའ་སྣང་བ་མདོག་ཅན་ནས་བར་གྱི་གདུང་བརྒྱུད་བཅུ་གསུམ། སྨད་ཀྱི་མཁས་པ་མི་བཞི། དྲན་པ་ཡབ་སྲས་གསུམ་སོགས་བསྟན་པ་སྔ་དར་གྱི་རིང་རིག་འཛིན་གྲུབ་པ་དགུ་བཅུ་བྱོན། དེ་ནས་ཕྱི་དར་གྱི་རིང་གཤེན་གྱེར་རྨ་དབྱིལ་དང་བྲུ་ཞུ་སྤ་རྨེའུ་གཤེན་ཁྱུང་གི་བརྒྱུད་འཛིན་ཞུ་ཆེན་འཁྲུལ་ཞིག་བཅོ་བརྒྱད། གཡས་རུའི་སྟོན་པ་བཅོ་བརྒྱད་སོགས་མདོ་སྟོད་མདོ་སྨད་མངའ་དབུས་གཙང་གསུམ་སོགས་སུ་བར་མ་ཆད་པར་བྱོན་པས་གསང་སྔགས་ཀྱི་སྒྲུབ་སྡེ་མ་ཉམས་པར་གནས་པ་ཡིན།
སེམས་ཕྱོགས་རྫོགས་པ་ཆེན་པོ་ནི། དགོངས་བརྒྱུད་སྟོན་པ་དགུའི་མན་ཆད་ནས། ལྷ་ཀླུ་མི་གསུམ་གྱི་སྟོན་པ་ནས་ཚེ་སྤུངས་ཟླ་བ་རྒྱལ་མཚན་གྱི་བར་འཇའ་ལུས་པ་ཉེར་བཞི་བྱོན། དེ་ནས་རྗེ་ཏཱ་པི་ཧྲི་ཙ༼སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཡང་ཟེར༽དང་གྱེར་སྤུངས་སྣང་བཞེར་ལོད་པོ་རྣམ་གཉིས་ཀྱིས། ཁྲི་སྲོང་སྐབས་སུའང་ཐབས་དང་ནུས་པ་གང་ལེགས་ཀྱིས་རྫོགས་པ་ཆེན་པོའི་བསྟན་པ་ནུབ་ཏུ་མ་བཅུག་པར་མ་ཟད་སྤྲུལ་བསྒྱུར་མཛད་ནས་སྤེལ་ཅི་ཐུབ་བྱས་པས་རྫོགས་ཆེན་བླ་རྒྱུད་གསོལ་འདེབས་སུ་སྤྲུལ་སྐུ་དྲིན་ཅན་རྣམ་གཉིས་ཞེས་གསུངས་པ་ཡིན། དེ་ཡང་ཞང་བོད་ཙམ་དུ་མ་ཟད་རྒྱ་གར་རྒྱ་ནག་སོགས་ཡུལ་གྲུ་དུ་མར་རྫོགས་ཆེན་སྤེལ་བ་ནི་རྣམ་ཐར་དང་ལོ་རྒྱུས་དུ་མར་བྱུང་བ་བརྗོད་པས་ཤེས་ཐུབ་པོ། །དེ་ཕྱིར་སྟོན་པ་གཤེན་རབ་ནས་ད་ལྟའི་བར་མདོ་སྔགས་སེམས་གསུམ་གྱི་བསྟན་པ་ཉམས་མ་མྱོང་ཞེས་བཤད་ཆོག འོ་ན་གྲི་གུམ་དང་ཁྲི་སྲོང་གི་དུས་བོན་བསྟན་སྣུབས་པར་བརྩམས་པ་དང༌། དར་མ་ཨུ་དུམ་བཙན་གྱིས་བན་བོན་གཉིས་ཀ་ཆོས་ལ་ཕབ་ནས་བསྟན་བསྣུབས་བྱས་པས་ཀྱང་མ་གནོད་པ་ཨེ་ཡིན་ཞེ་ན།ཕྱི་ཡི་གནས་གཞི་དང་སྐུ་གསུང་ཐུགས་རྟེན་ལ་གནོད་པ་བྱུང་ན་ཡང༌། བསྟན་འཛིན་སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་རྒྱུད་ཀྱི་བསྟན་པ་ལ་གནོད་པ་མ་བྱུང༌།བསྟན་པ་འཛིན་པར་སྒྲོ་བཏགས་པའི་བླ་གྲྭ་མང་པོ་དང༌།བསྟན་པ་ཞུགས་ཁུལ་གྱིས་ཕྱི་ཚུལ་གཟབ་ནས་དོན་དུ་བསྟན་བཤིགས་ཁོ་ནར་སོང་བ་མང་དྲག་པ་རྣམས་ཚར་བཅད་པ་ནི་བསྟན་པ་ལ་དག་ཐེར་དུ་སོང༌།བསྟན་ལ་དད་པ་བཅོས་མིན་ཡོད་པ་རྣམས་འདུས་བྱས་མི་རྟག་ཡིན་པ་དང༌།ཟག་བཅས་སྡུག་བསྔལ་ཡིན་པ་ལ་ཡིད་ཆེས་སྐྱེས་ནས་ནང་སེམས་ཀྱི་བསྟན་པ་ལ་ཤུགས་སྣོན་ཐབས་པ་མང་ངོ༌། །དེ་བས་ན་བོད་ཀྱི་རྒྱལ་པོ་དེ་དག་འགའ་རེ་ལ་ཕྱི་ནང་གི་ཤུགས་རྐྱེན་ངན་པ་དང་བོན་བསྟན་ལ་སྡང་བའི་བདུད་བློན་རྣམས་ཀྱི་ངག་ལ་ཉན་ནས།བོན་བསྟན་ལ་དགའ་བའི་བློན་འབངས་མང་པོ་ངན་གསོད་ཡ་ང་བ་བྱས་ཚུལ་ལོ་རྒྱུས་མང་པོ་ཞལ་མཐུན་པར་བཤད་ཡོད། དཔེར་ན་བློན་མ་ཞང་ལྟ་བུ་འགོས་རྒན་གྱིས་ལམ་ཁར་ས་དོང་བརྐོས་ནས་ནང་དུ་ལྷུང་མ་ཐག་གསོན་པོ་ས་འོག་ཏུ་སྦས་པ་དང༌། མིག་བྲུས་པ། ཡན་ལག་བཅད་པ་སོགས་མང་དུ་བྱས།རྐྱེན་དེས་བོན་པོ་རྣམས་ཀྱིས་ཁ་ཉེས་ལོག་འབོད་བྱས་པ་ནི་གླེགས་བམ་མང་པོ་གཏེར་དུ་སྦས་སྐབས།རྒྱལ་བོ་ཁྱོད་ནི་ཚེ་སྲོག་ཐུང་བར་ཤོགརྒྱལ་རྒྱུད་ཆད་ནས་སྤྲང་འཁྱམས་ལྟ་བུར་ཤོག མཐའ་མ་རྒྱ་ཡི་འོག་ཏུ་ཚུད་པར་ཤོག བོན་གྱི་བསྟན་པ་མཐའ་ནས་དར་བར་ཤོག ཅེས་སོགས་ངན་སྨྲས་མང་དུ་བྱས་ཡོད། དེ་རྗེས་བོན་བསྟན་བསྣུབས་པ་ལས་རྒྱལ་འབངས་ཆབ་སྲིད་དང་བཅས་པ་བསྣུབས་པ་ལྟར་གྱུར་བ་རེད་དེ། བསམ་པ་གཞན་ལ་ནག་ན་སྦྱོར་བ་རང་ལ་ངན་ཟེར་བ་ལྟ་བུར་སོང༌།དེའི་རྐྱེན་གྱིས་བོན་བསྟན་འཛིན་སྐྱོང་བྱེད་པ་ཞིག་ཡིན་ན་ཆབ་སྲིད་ལ་ཞུགས་མི་ཆོག སྲིད་པའི་ཕུན་ཚོགས་ལ་ཞེན་པ་ལོག་དགོས་པ་ལས་སྲིད་དབང་དོན་དུ་ཤི་སྤར་འཐམས་ནས་ཕྱོགས་འཛིན་གྱིས་ཆོས་ལུགས་སྐྱོང་བ་ནི་ཆོས་པའི་གྲས་སུ་མི་བརྩི་བར་མ་ཟད་ཆོས་ཀྱི་དགྲ་རུ་གྱུར་བ་ཡིན་ནོ། །
བཅོམ་ལྡན་འདས་ཐུབ་པའི་དབང་པོ་ནི། ཁ་ཅིག་སྟོན་པ་གཤེན་རབ་དང་མཛད་རྣམ་མཐུན་ཞེས་བཤད་ཚུལ་ཡོད་ཀྱང༌། མི་མཐུན་པ་ཡང་མང་སྟེ།ཐུབ་པ་རྒྱ་གར་དུ་མ་བྱོན་གོང་རྒྱལ་བོ་ཀྲི་ཀིའི་དུས་སངས་རྒྱས་འོད་སྲུངས་འཇིག་རྟེན་དུ་བྱོན་པ་ལ་མཇལ་ནས་མ་འོངས་པར་བྱང་ཆུབ་ཐོབ་ཕྱིར་སྨོན་ལམ་བཏབ་ནས། དགའ་ལྡན་ལྷའི་བུར་སྐྱེ་བ་བཞེས་ཚེ་དགའ་ལྡན་པའི་ཚེ་ཚད་ལྟར་མི་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་ས་ཡ་དྲུག་ཏུ་བཞུགས། དེ་ནས་ཟས་གཙང་གི་སྲས་སུ་ཡུམ་སྒྱུ་འཕྲུལ་ཆེན་མོ་ས་ག་ཟླ་བའི་ཚེ་ས་བཅོ་ལྔའི་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་ཞུགས་ནས་ཟླ་བ་བཅུ་ཚང་བའི་དབོ་ཟླ་བའི་ཚེས་བཅོ་ལྔ་ལ་སྐུ་བལྟམས།འགོས་ལོ་གཞོན་ནུ་དཔལ་བས་ཐུབ་པ་བལྟམས་ནས་ཡི་གེ་སློབ་པ་དང་རོལ་རྩེད་སོགས་མཛད། གྲགས་འཛིན་མ་དང་ས་འཚོ་མ་ཁབ་ཏུ་བཞེས། ལོ་ཉི་ཤུ་རྩ་དགུར་ཁབ་ཏུ་བཞུགས་ཞེས་བཤད་པས་ཡི་གེ་སློབ་པ་ལ་སློབ་དཔོན་ཡོད་དམ་མེད། ཡོད་ན་སུ་ཡིན་དྲི་བར་ཞུའོ། དེ་ལྟ་ན་དགུང་ལོ་སུམ་ཅུའི་བར་དུ་ཆོས་འཁོར་མ་བསྐོར་བ་རེད། དེ་ནས་རབ་ཏུ་བྱུང་ནས་ལོ་དྲུག་ཏུ་དཀའ་བ་སྤྱད་མེ་མོ་ཕག་གི་ལོའི་ས་ག་ཟླ་བའི་ཉ་ལ་སངས་རྒྱས་པ་ཡིན་ཞེས་གསུངས། སངས་རྒྱས་ནས་ཞག་ཞེ་དགུ་ལ་ཆོས་མ་གསུངས་ཟེར་དེ་ནས་ལྷ་ཚངས་པས་བསྐུལ་ཏེ་ཡུལ་ཝ་རཎྡྲ་སིར་ཆོས་འཁོར་བསྐོར་བས་འཁོར་ལྔ་སྡེ་དང་ནེ་རཱ་ཉྫ་ནའི་འགྲམ་ན་གནས་པའི་ལྟེང་རྒྱས་འོད་སྲུངས་རལ་བ་ཅན་དང༌། ཆུ་ཀླུང་འོད་སྲུངས་དང་ག་ཡ་འོད་སྲུངས་སོགས་འཁོར་དང་བཅས་པ་དགྲ་བཅོམ་ཐོབ་ཅེས་གྲགས་སོ། །དེ་ཡང་འདུལ་བའི་སྡེ་སྣོད་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་བསྟན་ཏེ་འདུལ་བའི་འདུལ་བ།འདུལ་བའི་མདོ་སྡེ།འདུལ་བའི་མངོན་པ་བཅས་གསུངས་སོ། །
འཁོར་ལོ་བར་བ་ནི། བྱ་རྒོད་ཕུང་པོ་རི་བོ་ལ།ཐུན་མོང་གི་འཁོར་རྣམ་བཞི་དང་ཐུན་མོང་མ་ཡིན་པའི་འཁོར་རྣམས་ལ། མདོ་སྡེའི་སྡེ་སྣོད་གཙོ་བོར་སེམས་ཀྱི་བསླབ་པ་བསྟན། དེ་ཡང་མདོ་སྡེའི་འདུལ་བ་དང༌། མདོ་སྡེའི་མདོ་སྡེ་དང༌།མདོ་སྡེའི་མངོན་པ་བཅས་གསུངས། འཁོར་ལོ་མཐའ་མ་ནི། ཡངས་པ་ཅན་ནམ་གནས་ངེས་མེད་དུའང་བཤད།འཁོར་བྱང་ཆུབ་སེམས་དཔའ་རྣམས་ལ༼མངོན་པའི་སྡེ་སྣོད་ཤེས་རབ་ཀྱི་བསླབ་པ་གཙོ་བོར་བསྟན་ནས༽ ངེས་པ་དོན་གྱི་ཆོས་འཁོར་བསྐོར་བ་ནི། མངོན་པའི་འདུལ་བ་དང༌། མངོན་པའི་མདོ་སྡེ་དང༌། མངོན་པའི་མངོན་པ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་རོ།  །དེ་ལ་དབང་བོའི་ཁྱད་པར་གྱིས་འཁོར་ལོ་གསུམ་པོའི་དོན་ཅིག་ཆར་དུ་ཐོས་པའང་ཡོད་ལ་རིམ་གྱིས་ཐོས་པའང་ཡོད་ཅེས་གསུངས་སོ། ། དེ་ནས་ཐུབ་པ་དགུང་ལོ་གྱ་གཉིས་སུ་བཞུགས་ནས་མཐར་གྱད་ཀྱི་ཡུལ་རྩྭ་མཆོག་གི་གནས་སུ་མྱ་ངན་ལ་འདས་པར་བཞེད་པ་ནི། ཐུན་མོང་སྣང་ཚུལ་ཙམ་དུ་འདོད་དགོས་ཏེ་བོན་ལུགས་ལྟར་ན་ཐུབ་པ་དགུང་ལོ་བརྒྱད་བརྒྱ་ཉི་ཤུར་བཞུགས་ཞེས་སྟོན་པ་གཤེན་རབ་ཀྱིས་ལུང་བསྟན་པ་མདོ་དྲི་མེད་ཀྱི་ཨ་དུམ་པར་གསུངས་པ་ལྟར་བཞེད་ལ།གཙུག་ཕྲེང་གི་ཆོས་འབྱུང་ལས་ཀྱང་དམ་ཚིག་པདྨ་དཀར་པོ་གསུངས་པའི་རིང་། ། བར་གྱི་བསྐལ་བ་ལྔ་བཅུ་འདས་པ་ནི། །དུས་བྱིན་བརླབས་པས་ཕྱི་དྲོ་གཅིག་གོ་སྙམ། །ཞེས་དང༌། སངས་རྒྱས་བྱིས་པའི་ཆོས་སུ་མ་སྡུད་ཅིག དེ་བཞིན་སྐུ་ཚེ་ཚད་ཀྱང་སྣ་ཚོགས་སུ། །སྣང་སྟེ་བསྐལ་ཆེན་གྲངས་མང་བདུན་བརྒྱ་ནི། །ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་ཡིན་ཞེས། །སེང་གེ་སྒྲ་ཆེན་བསྒྲགས་པའི་མདོ་ལས་བཤད། ། ཅེས་གསུངས་པས་སངས་རྒྱས་བྱང་སེམས་ཀྱི་སྐུ་ཚེ་མཛད་པ་མཐའ་དག་སོ་སྐྱེ་བློ་ཡིས་གཞལ་ནུས་མ་ཡིན་ནོ།།
བཅོམ་ལྡན་འདས་མཉམ་མེད་ཐུབ་པའི་དབང་པོའི་རྗེས་འཇུག་རྣམས་སངས་རྒྱས་བསྟན་པ་འཛིན་སྐྱོང་བྱས་ཚུལ་ཀྱང་ཐོག་མར་བཀའ་བསྡུ་གསུམ་རིམ་པར་བྱས་ཟེར་བ་ཡང༌།བཀའ་བསྡུ་དང་པོ་ནི།ཐུབ་པ་མྱ་ངན་ལས་འདས་པའི་ཕྱི་ལོ་དབྱར་གནས་སྐབས་རྒྱལ་བོ་མ་སྐྱེས་དགྲས་སྦྱིན་བདག་བྱས་ཏེ་རྒྱལ་བོའི་ཁབ་ཀྱི་ནྱཱགྲོ་དྷའི་ཕུག་ཏུ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་ཉེ་བར་འཁོར་གྱིས་འདུལ་བ།ཀུན་དགའ་བོས་མདོ་སྡེ།འོད་སྲུངས་ཆེན་པོས་མངོན་པའི་སྡེ་སྣོད་བསྡུས་ཟེར།དེ་ནས་ལོ་བརྒྱ་དང་བཅུ་འདས་པའི་དུས།ཡང་པ་ཅན་དུ་དགེ་སློང་རྣམས་ཀྱིས་མི་རུང་བའི་གཞི་བཅུ་སྨྲ་བ་སོགས་བསལ་བའི་ཕྱིར།བཀའ་བསྡུ་གཉིས་པ་བྱས།དེ་ལ་ཆོས་རྒྱལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ནས་དགྲ་བཅོམ་པ་བདུན་བརྒྱ་འདུས་ནས་སྡེ་སྣོད་གསུམ་ཚར་གཅིག་ཞལ་འདོན་མཛད་ནས་མཐུན་པར་བྱུང༌།བཀྲ་ཤིས་གསོ་སྦྱོང་མཛད།དེ་ཡན་ལ་བཀའ་ཡི་གེར་བྲིས་པ་མེད་ཅེས་བུ་སྟོན་སོགས་མཁས་པ་མང་པོའི་ཞལ་མཐུན།དེས་ན་མི་བརྗེད་པའི་གཟུངས་ཐོབ་པའི་འཁོར་རྣམས་ཀྱིས་བཀའ་བློ་ཐོག་ནས་འདོན་པ་ལ་བཀའ་བསྡུའི་ཐ་སྙད་བཏགས་པ་ཡིན་ནོ།།
བཀའ་བསྡུ་གསུམ་པ་ནི།རྒྱལ་བོ་དགའ་བོ་དང་རྒྱལ་པོ་པད་ཆེན་དུས་སུ་བདུད་སྡིག་ཅན་གྱིས་དགེ་སློང་ཆ་བྱད་བཟུང་ནས་རྫུ་འཕྲུལ་བསྟན་ཏེ་སྐྱེ་བོ་རྣམས་ཀྱིས་ཡིད་བསྒྱུར་ནས་ཐུབ་པའི་བཀའ་དང་དགེ་འདུན་རྣམས་དཀྲུགས།སློབ་མ་བླུ་དང་ཡིད་བརྟན་སོགས་ཀྱིས་དེའི་ལུགས་དར་བར་བྱས་པས་ལྟ་བ་དང་སྤྱོད་པ་མ་མཐུན་པས་ཉན་ཐོས་སྡེ་བ་བཅོ་བརྒྱད་དུ་གྱེས།ཁ་ཅིག་ན་སྟོན་པས་འདུལ་བ་ཡི་གེར་འབྲི་བ་མ་གནང་བས་སོ་ཐར་གྱི་མདོ་འདོན་ཚུལ་མ་མཐུན་པའི་དབང་གིས་སྡེ་བཅོ་བརྒྱད་དུ་གྱེས་ཏེ།གནས་བརྟན་ཀླུས་རྩོད་པ་སྤེལ་བས་རྩ་བའི་སྡེ་བཞིར་གྱེས།དེ་རྗེས་ཡིད་བརྟན་གྱིས་རྩོད་པ་རྒྱ་ཆེར་སྤེལ་བས་སྡེ་བ་བཞི་བོ་ཡང་བཅོ་བརྒྱད་དུ་གྱེས།དུས་ནི་ཐུབ་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ཡང་ཟེར་ལ་བོད་དུ་གྲགས་ཚོད་ལ་ལོ་བཞི་བརྒྱར་ཉེ་བ་ན་བཀའ་བསྡུ་གསུམ་པ་བྱས།དེ་ཡང་སྡེ་བ་བཅོ་བརྒྱད་པོ་བཀའ་ཡིན་པར་བསྒྲུབས།འདུལ་བའི་སྡེ་སྣོད་ཡི་གེར་བྲིས།མདོ་སྡེ་དང་མངོན་པ་ཡང་སྔར་ཡི་གེར་མ་བྲིས་པ་རྣམས་བཀའ་བསྡུ་གསུམ་པའི་དུས་ཡི་གེར་བཀོད་ནས་ཀུན་ལ་དག་ཐེར་བྱས་པ་ལ་བཀའ་བསྡུ་གསུམ་པ་ཞེས་བྱའོ། །བསྟན་པའི་གཏད་རབས་ཀྱི་དབང་དུ་བྱས་ན་ཐུབ་པའི་རྒྱལ་ཚབས་ནི་འཕགས་པ་འོད་སྲུངས་ཡིན།དེས་ཀུན་དགའ་བོ་ལ་གཏད།དེས་ཤ་ནའི་གོས་ཅན་ལ།དེས་འཕགས་པ་ཉེར་སྦས་ལ།དེས་ངྷི་ངྷི་ཉ་ལ།དེས་ནག་པོ་ལ།དེས་ལེགས་མཐོང་ལ་གཏད་པ་ནི་ལུང་ཕྲན་ཚེགས་ལས་བྱུང་བ་ལྟར་ཡིན།ལང་ཀར་གཤེགས་པའི་འགྲེལ་བ་ན་ཐུབ་པའི་དབང་པོ་ནས་ངྷི་ངྷི་ཉའི་བར་སྔར་བཞིན་ལ།དེས་བི་བྷ་ག་ལ་གཏད།དེ་ནས་རིམ་པར་བུངྔྷ་ནནྟི། བུངྔྷ་མི་ཏྲ། དགེ་སློང་རྩིབས་སུ་ན་ཤ་ཏ། རྟ་སྐད། མ་ཤི་བ། ཀླུ་སྒྲུབ། ཨཱཏྻ་དེ་བ། རཱ་ཧུ་ལ། སངྔྷ་ནནྟི། དགེ་སློང་དགྲ་བཅོམ། གྷ་ལ་ཤ། ཀུ་མཱ་ར་ཏ། ཤ་ཡ་ཏ། བ་སུ་བནྔྷུ། མ་ནོ་ཏ། ཧ་ག་ནི་ཀ་ཡ་ན་ཤ། དགེ་སློང་སེངྒེ་སོགས་གཅིག་གིས་གཅིག་ལ་བརྟན་པ་གཏད་ཅེས་པ་འདི་ལུང་ཕྲན་ཚོགས་དང༌། ལང་གཤེགས་འགྲེལ་བོད་དུ་དར་བ་སོགས་ན་མི་གསལ་ཡང༌།གཏད་རབས་ཀྱི་རྒྱ་དཔེ་ཤོག་བྱང་འཁྱར་བ་མགོ་མཇུག་མི་ཚང་བ་ཞིག་འགོས་ལོའི་ཕྱག་ཏུ་འབྱོར་བ་ཞིག་བསྒྱུར་ནས་བྲིས་པ་ཡིན་ཞེས་དེབ་སྔོན་དུ་བཤད་དོ།དེས་ན་ཀླུ་སྒྲུབ་ཀྱི་བར་དུ་གཏད་རབས་བར་མ་ཆད་པ་བྱུང་ན་ཐེག་ཆེན་ནི་ཀླུ་སྒྲུབ་སྔོན་གྱི་ལོ་བརྒྱ་ཕྲག་དུ་མིའི་བར་མ་དར་བ་ཅི་ཡིན་དྲི་བར་ཞུའོ། །ཡང་ལོག་རྟོགས་ཅན་ལ་ལས་བསྟན་པ་འཛིན་སྐྱོང་བྱེད་ཚུལ་ལ་སྐྱོན་རྟོག་གི་བློས་བཤད་པ་མང་སྟེ་ཐུབ་པ་མྱ་ངན་ལས་འདས་རྗེས་འོད་སྲུང་ཆེན་པོས་ཀུན་དགའ་བོ་ལ་འགལ་བའི་སྐྱོན་བརྒྱད་བཀལ་ནས་༼བུ་སྟོན་ཆོས་འབྱུང་དུ༽གཤེ་སྐུར་དྲག་པོ་བྱས་པ་མ་ལེགས།འཁོར་གྱི་ནང་དུ་སེལ་ཞུགས་པ་ཡིན།དེས་རྟེན་འབྲེལ་གནད་ཀྱིས་རྒྱ་གར་དུ་ཐུབ་པའི་བསྟན་པ་ལ་ཕྱི་ནང་གཉིས་ཀ་ནས་རྩོད་པ་མང་པོ་བྱུང་ནས་བསྟན་པ་ཉམས་རྐྱེན་དུ་གྱུར་བ་མང༌།བོད་དུ་དར་ནས་ཡང་ཞང་བོད་ཀྱི་བོན་བསྟན་དང༌།རྒྱ་ནག་གི་ཧྭ་ཤང་སོགས་ལ་རྩོད་པ་བྱུང་མཐར་ཐུབ་བསྟན་ནང་ཁུལ་དུའང་ས་སྐྱ་དང་ཕག་གྲུ།འབྲི་གུང་དང་ས་སྐྱ།ཀརྨ་དང་དགེ་ལུགས་སོགས་བན་བོན་གྱི་གྲུབ་མཐའ་ཐམས་ཅད་ལ་རྩོད་པ་དང་འགལ་ཟླ་མང་པོ་བྱུང་།ཆབ་སྲིད་དབང་སྒྱུར་ནང་དུ་ཞུགས་ནས་མི་སྟོང་ཕྲག་མང་པོ་བསད་པའང་གྲངས་ལས་འདས།དགོན་སྡེ་རྣམས་བཅོམ་སྒྱུར་སྲེག་གསུམ་བྱས་པ་བརྗོད་མི་ཚར། དེ་འདྲའི་བསྟན་པ་འཛིན་སྐྱོང་བྱེད་ཚུལ་དེ་སྟོན་པ་གཤེན་རབ་དང་བཅོམ་ལྡན་འདས་ཀྱི་བསྟན་པ་གཉིས་ཀའི་ལུགས་ན་མེད་ཐག་ཆོད་ཡིན།གྲི་གུམ་དང་དར་མ་བདུད་ཀྱི་རྒྱལ་བོ་རེད་ཟེར་བ་ཡང་བསམ་བློ་བཏང་ན་དེ་དག་གིས་ཀྱང༌།དགོན་སྡེ་བཅོམ་སྲེག་དང་མི་མང་པོ་བསད་པ་དེ་ལས་ལྷག་པ་ཞིག་བྱས་མེད།བསྟན་པ་འཛིན་ན་བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱིས་འཛིན་དགོས་པ་མ་གཏོགས། འདོད་ཆགས་ཞེ་སྡང་དང་ཟ་ཁ་དབང་རྩོད་ཀྱིས་འཛིན་རྒྱུ་གང་ན་ཡོད། བསྟན་འཛིན་གྱི་སྐྱེས་བུ་ཡིན་ཟེར་བ་ཞིག་གིས་ཆགས་སྡང་ཕྲག་དོག་གིས་ཀུན་ནས་བསླངས་ཏེ། རང་བསྟོད་གཞན་སྨོད་ཀྱིས་རང་རྒྱུད་ཀྱི་ཉོན་མོངས་པ་ཕྱིར་མངོན་པར་བྱས་ན་གཞན་རྒྱུད་ཀྱི་དད་པ་ཉམས་རྐྱེན་དུ་འགྲོ་བ་ལས་རང་བསྟན་གྱི་ལ་རྒྱ་འཛིན་ཐུབ་པའི་ནུས་པ་ཅི་ཡང་མེད་དོ། །དེ་ཕྱིར་དུས་སྙིགས་འདིར་བསྟན་པ་འཛིན་སྐྱོང་བྱེད་པའི་ཕྱག་སྲོལ་དང་ལམ་ལུགས་གཞན་ཞིག་ཏུ་འགྱུར་བ་ནི་བསྟན་ལ་འཚེ་བའི་ཉེན་ཁ་རུ་འགྲོ་བར་དོགས་སོ། །
དེས་ན།སྟོན་པ་གཤེན་རབ་ཀྱི་བསྟན་པ་འཛིན་སྐྱོང་བྱེད་ཚུལ་ནི།སྟོན་པའི་རྒྱལ་ཚབས་མུ་ཆོ་ལྡེམ་དྲུག་གིས་སློབ་ཚོགས་བསྐྱངས་ནས་འཛམ་གླིང་མཁས་པ་རྒྱན་དྲུག་སོགས་བྱུང་བ་དང༌།དེའི་སློབ་ཚོགས་བསྐྱངས་ནས་མཁས་པ་མི་བཞི་དང་དྲན་པ་ཡབ་སྲས་སོགས་བྱོན་ནས་ཞང་བོད་དང་རྒྱ་གར་ནག་མེ་ཉག་སུམ་པ་སོགས་ཕྱོགས་སུ་བསྟན་པ་སྤེལ་བ་སྔ་དར་གྱི་རིང་ཡིན་ལ།ཕྱི་དར་རིང་གཤེན་གྱེར་རྨ་དབྱིལ་དང༌།བྲུ་ཞུ་སྤ་རྨེའུ་དང༌།གཤེན་དང་ཁྱུང་གི་གདུང་རྒྱུད་ལ་བྱོན་པའི་མཁས་གྲུབ་དུ་མའི་བཀའ་དྲིན་ལས་མདོ་སྔགས་སེམས་གསུམ་གྱི་བསྟན་པ་སྤེལ་ཞིང་དེ་ཉིད་འཛིན་སྐྱོང་མཛད་པའི་སློབ་ཚོགས་གྲངས་ལས་འདས་པ་བྱོན་པ་ནི།ངེས་པ་དོན་གྱིན་བསྟན་འཛིན་པ་ཡིན་ལ།དེ་རྗེས་བསྟན་པའི་བདག་ཉིད་རྒྱལ་བ་མཉམ་མེད་ཆེན་པོ་དང༌།གཤེན་ཉི་མ་རྒྱལ་མཚན།སྤྲུལ་སྐུ་བློ་ལྡན་སྙིང་པོ་རྣམས་བྱོན། རྒྱལ་བའི་བཀའ་ལ་གསར་རྙིང་གི་དབྱེ་བ་མེད་ཀྱང༌། བཀའ་རྟེན་དགོངས་འགྲེལ་དང་སྒྲུབ་སྐོར་སོགས་དགོས་པ་ཁྱད་པར་བ་དང་དགོངས་གཞི་ཐུན་མོང་མ་ཡིན་པ་རེ་ཡོད་པའི་དབང་གིས་བོན་གསར་མ་ཞེས་སུ་གྲགས་པ་ཚད་མའི་སྐྱེས་བུ་སྤྲུལ་སྐུ་རྣམ་གསུམ་གྱི་རིང་ལུགས་བསྐྱངས་ནས་གཤེན་བསྟན་དར་རྒྱས་མཛད་པ་ནི་བཀའ་དྲིན་བསམ་གྱིས་མི་ཁྱབ།འོན་ཀྱང་ལུང་བ་རེ་ན་བློ་སྒོ་ཀུ་དོགས་པ་རེ་འགས།གྲྭ་ས་སོ་སོའི་ཁྱད་པར་དང༌།ཕྱག་ལེན་མི་འདྲ་བ་ཙམ་དང༌།དོན་འདྲ་ཡང་ཐ་སྙད་ཀྱི་ཚིག་རིས་མི་འདྲ་བ་ཙམ་ལ་བསྙད་བཏགས་ནས་ཕྱོགས་ལྷུང་དབང་གིས་སྒྲོ་འདོགས་སྐུར་འདེབས་ཀྱི་སྣང་ཚུལ་རེ་མཐོང་ཐོས་བྱུང་ན་ཡང་སྲིད་དབང་ལ་འབྲེལ་ནས་འཁྲུགས་རྩོད་བྱུང་བ་ཅི་ཡང་མེད།
ཡང་སྟོན་པ་གཉིས་ཀྱི་རྗེས་འཇུག་སོ་སོའི་ཉམས་ལེན་ཕྱག་སྲོལ་གྱི་ཁྱད་པར་ལ།དགེ་སྡིག་སྤང་བླང་བྱེད་ཚུལ་རྒྱུད་ལ་ངེས་འབྱུང་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ།ཡང་དག་པའི་ལྟ་བ་མ་ནོར་བ་རྟོགས་དགོས་ཚུལ་དང༌།རྟོགས་ནས་སྒོམ་སྒྲུབ་བྱེད་དགོས་ཚུལ་སོགས་སྤྱིར་མཐུན་ཤས་ཆེ།དགོན་སྡེ་ལ་གཤེན་བསྟན་པའི་ལུགས་ལ་འདུལ་བའི་སྡེ་ཡོད་ཀྱང་སྔགས་སེམས་ཉམས་ལེན་མི་བྱེད་པར་འདུལ་བ་རྐྱང་བའི་དགོན་སྡེ་ཡོད་པ་མཐོང་ཐོས་མ་བྱུང༌།སྡོམ་པའི་རྟེན་གཞི་སྐྱབས་སྡོམ་དང་སོ་ཐར་ཡིན་ནའང་སྔགས་སྒྲུབ་རྒྱུད་ཀྱི་བསྟན་པ་གཙོ་བོར་བྱེད་ཅིང་དེ་ཡང་རྒྱུད་སྡེ་གོང་མ་བླ་མེད་རྒྱུད་ལས་ཀྱང་མ་རྒྱུད་ཤེས་རབ་ཀྱི་དགོངས་པ་གཙོ་བོར་བྱེད་པས་ཕྱག་རྒྱ་བཅའ་བསྒྱུར་སོགས་དང༌།བསྐོར་བའང་གཡོན་བསྐོར་རམ་ཤར་ནས་བྱང་དུ་བསྐོར་དགོས་པ་རེད།འོན་ཀྱང་གཡས་བསྐོར་རམ་ཤར་ནས་ལྷོ་རུ་བསྐོར་བ་མེད་པ་མ་ཡིན་ཏེ་རྒྱུད་སྡེ་འོག་མ་དང༌།སྲུང་ཟློག་གི་ཁྱད་པར་སོགས་ཀྱིས་གཡས་བསྐོར་གཡོན་བསྐོར་གཉིས་ཀ་ཡོད།བླུན་པོ་ཁ་ཅིག་བོན་པོའི་བསྐོར་བ་དང་བན་དེ་བསྐོར་བའི་ལུགས་ཟེར་བ་མ་ཤེས་པའི་རྟགས་ཡིན།བན་དེ་ལ་ཡང་མ་རྒྱུད་འཁོར་ལོ་བདེ་མཆོག་ལ་ཤར་ནས་བྱང་དུ་གཡོན་བསྐོར་བྱེད་དགོས་པ་སོགས་ཡོད་པ་སྟེ།དེས་ན་བན་དེ་ལ་ཡང་གཡས་བསྐོར་གཡོན་བསྐོར་གཉིས་ཀའི་ལུགས་ཡོད་དོ། །
དེས་ན་ཞྭ་གོས་ཀྱི་མདོག་དང་ཕྱག་ལེན་གྱི་སྲོལ་མི་གཅིག་པ་ཙམ་གྱིས་གྲུབ་མཐའི་ཁྱད་པར་ཤེས་མི་ཐུབ་བོ། །གང་ལྟར་ཡང༌།བསྟན་པ་འཛིན་སྐྱོང་བྱེད་མཁན་ཞིག་ཡིན་ན་གྲུབ་མཐའ་གང་ལ་ཞུགས་ཀྱང་རྒྱལ་བའི་བསྟན་པ་རང་རྒྱུད་ལ་བླངས་ནས་རང་གི་རྒྱུད་ཞི་ཞིང་དུལ་བར་གནས་ཏེ་གཞན་ལ་ཕན་སེམས་ཁོ་ན་མ་གཏོགས་གནོད་སེམས་སྤུ་ཙམ་མེད་པ་ཞིག་བྱུང་ན།དེའི་བསྟན་པ་ཡང་དག་ཅིག་ཡིན་ལ་གང་ཟག་དེ་བསྟན་འཛིན་གྱི་སྐྱེས་བུ་རྣམ་དག་ཅིག་ཡིན་པ་སྨོས་ཅི་དགོས།དེ་ལས་ལྡོག་སྟེ་རང་ཕྱོགས་བཟང་འདོད་ཀྱིས་རྒྱལ་བར་རེ་བ་དང་གཞན་ཕྱོགས་ལ་དགྲ་རུ་བལྟས་ཏེ་ཕམ་པར་བྱེད་འདོད་ཀྱི་ཆགས་སྡང་དྲག་པོ་ཅན་གྱིས་སངས་རྒྱས་ལ་སངས་རྒྱས་མིན་ཟེར་བ་དང་སངས་རྒྱས་ཀྱི་བསྟན་པ་ལ་རྣམ་དག་མིན་ཚུལ་བཤད་ན།དེ་ལས་ལྷག་པའི་བདུད་དང་བསྟན་དགྲ་ཞིག་གཞན་དུ་བཙལ་ཀྱང་མི་རྙེད་པས་དེ་དག་ལ་འགོ་བའི་ནད་བཞིན་འཛེམས་པར་བྱ་དགོས་གསུངས་པ་ནི་རྒྱུད་ཀྱི་དགོངས་དོན་ཡིན་པ་ལས་རང་བཟོས་བཤད་པ་མིན་ནོ། །དེ་ཕྱིར་རང་བསྟན་རང་གིས་འཛིན་སྐྱོང་བྱེད་ཅི་ཐུབ་བྱ་དགོས་ལ།གཞན་བསྟན་ལ་དག་སྣང་འཇོག་རྒྱུ་མ་གཏོགས་བཅོམ་བསྒྱུར་བསྲེག་གསུམ་བྱེད་པ་སོགས་རང་གིས་བྱེད་མི་ཐུབ་ན་མི་རིགས་གཞན་དང་དམག་གི་སྟོབས་གང་ཆེ་ལ་མགོ་འདོགས་ལུས་སྦྱོར་བྱས་ནས་གནོད་འཚེ་ཅི་ཐུབ་བྱེད་པ་ནི།ཕྱི་རོལ་བ་ལས་ཀྱང་ཐུ་བའི་བསམ་སྦྱོར་ངན་པ་ཅན་ཡིན་པ་སུས་ཀྱང་ཤེས་ལ།ཆོས་ལུགས་མང་པོ་དང་མི་རིགས་མང་པོ་གང་ལ་ཡང་ཕན་ཚུན་མཐུན་པའི་བསམ་པ་རྣམ་དག་ཡོད་ན་ཆོས་དང་མཐུན་ལ་ད་ལྟའི་སྤྱི་ཚོགས་འཆམ་མཐུན་ཟེར་བ་ལ་ཡང་མཐུན་པས་ཆོས་སྲིད་གཉིས་ཀར་མི་འགལ་ལོ། །སྔོན་ཆད་སྟོན་པ་གཅིག་གི་བསྟན་པ་ཡིན་ཟེར་བཞིན་ནང་གསེས་གྲུབ་མཐའ་མང་པོ་བྱུང༌།དེ་དག་རིས་སུ་ཆད་ནས་ཕན་ཚུན་རྩོད་པ་བྱུང༌།རྗེས་འཇུག་སོ་སོས་ཕྱོགས་ཁག་བཟུང་སྟེ་རང་རང་གི་ཕྱོགས་ཁོ་ན་མ་གཏོགས་གཞན་མེད་ན་འདོད་ཅིང་རེ་འདོད་དེ་འགྲུབ་པའི་ཆེད་དུ་ཆབ་སྲིད་ནང་དུ་ཞུགས།དམག་དཔུང་གང་བཙན་དང་སྟོབས་ཤུགས་གང་ཆེ་ལ་མགོ་བཏགས་ནས་འཐབ་རྩོད་འཁྲུག་སློང་མང་པོ་བྱུང་བ་དེས་བོད་མི་རིགས་ལ་གནོད་པ་ཚབས་ཆེན་ཐེབས་ཡོད།ད་ལྟ་ན་གཞོན་ཤེས་ཡོན་ཅན་མི་རིགས་རིག་གནས་ལ་དགའ་ཞེན་ཆེ་བ་རྣམས་ཀྱིས་ཤེས་བཞིན་པ་རེད།དེ་བས་ན་མི་རིགས་སོ་སོ་དང་ཆོས་ལུགས་གྲུབ་མཐའ་སོ་སོའི་མི་སུ་ཡིན་ཡང་ཚད་མེད་རྣམ་བཞིས་ཐུགས་རྒྱུད་ལེགས་པོ་བྱུང་ན་ཆོས་སྲིད་ལུགས་གཉིས་ཀུན་ལ་ཕན་པ་རྒྱ་ཆེན་འབྱུང་བས་སྨོན་པ་དང་བཅས་ཏེ་ཞུ་བ་ལགས་སོ།། །།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།