གཡུང་དྲུང་བོན་གྱི་འཆམ་མཐུན་བསམ་བློའི་སྐོར་གླེང་བ།

གཡུང་དྲུང་བོན་གྱི་རིག་གནས་ཁྲོད་གནས་པའི་འཆམ་མཐུན་བསམ་བློའི་སྐོར་གླེང་བ།
འབྲུག་མོ་སྐྱིད། ནོར་ཚེ།

 ང་ཚོས་འཆམ་མཐུན་ཞེས་མིང་ཚིག་འདི་གླེང་མ་ཐག་མི་མང་པོ་ཞིག་གིས་ད་ལྟའི་དོན་དག་གསར་བ་ཞིག་གམ་སྲིད་གཞུང་གིས་སྤེལ་བའི་དོན་ཞིག་རེད་སྙམ་བཞིན་ཡོད་མོད། ཐ་སྙད་གསར་ཡང་དེའི་མཚོན་དོན་ནི་འཛམ་གླིང་གི་མི་རིགས་སོ་སོའི་ཁྲོད་ན་ཚད་མི་འདྲ་བར་གནའ་ནས་ཡོད་པ་ཞིག་ཡིན་ཏེ། འཆམ་མཐུན་གྱི་སྤྱི་ཚོགས་ནི་མིའི་རིགས་ཐུན་མོང་གིས་སྨོན་ཞིང་བརྩོན་པའི་རིན་ཐང་དམིགས་འབེན་ཞིག་ཡིན་པས་སོ། ། རང་རེ་བོད་ལ་མཚོན་ནའང་ལོ་སྟོང་ཕྲག་འགའི་ལོ་རྒྱུས་ཡོད་པའི་གནའ་བོའི་རིག་གནས་ཁྲོད་དུ་རྒྱ་ཆེར་གནས་ཡོད་པ་རེད། འོ་ན་འཆམ་མཐུན་གྱི་བསམ་བློ་དེ་ཇི་ལྟ་བུ་ཞིག་ལ་ངོས་འཛིན་པ་དང་དེ་བོད་ལ་སུས་བཏོན་པ་དང་ཚུལ་ཇི་ལྟར་གནས་ཡོད་ཅེ་ན།
གཅིག འཆམ་མཐུན་གྱི་གོ་དོན། 
འཆམ་མཐུན་ཟེར་བ་ནི་བྱ་དངོས་ཕན་ཚུན་བར་འགལ་རྐྱེན་མེད་པར་ནང་མཐུན་ཡོང་བ་སྟེ། གཞི་གྲུབ་ཀྱི་ཕྱོགས་གཉིས་ཆ་རྐྱེན་ངེས་ཅན་འོག་འདྲ་མཉམ་ཡོང་བའི་རྣམ་པ་ལ་ཟེར། དེས་མཚོན་དོན་ནི་རང་བྱུང་ཁམས་ཀྱི་ནང་ཁུལ་དང་། ཡང་ན་མི་དང་མི། མི་དང་སྤྱི་ཚོགས། མི་དང་རང་བྱུང་ཁམས་བཅས་བར་གྱི་འབྱུང་བ་ཐམས་ཅད་དོ་མཉམ་ཞིང་བརྟན་ཆགས་ཡིན་པ། གོ་རིམ་ལྡན་ཞིང་ཕན་ཚུན་བར་རྟེན་ཅིང་འབྲེལ་བ། མཉམ་དུ་འཕེལ་རྒྱས་འབྱུང་བ་ལ་ཟེར། འོ་ན་རྒྱལ་ཁབ་ཕྱི་ནང་གི་མཁས་པ་དག་གིས་ཇི་ལྟར་འདོད་ཅེ་ན། མཚན་ཉིད་རིག་པའི་སྟེང་ནས་བལྟས་ན། གནའ་བོའི་ཞི་ལའི་གྲངས་རིག་པ་བ་དང་མཚན་ཉིད་རིག་པ་བ་པུ་ཏ་ཀི་ལ་སུའི(毕达哥拉斯)ལྟ་ཚུལ་ལྟར་ན་བར་སྣང་ཁམས་ཡོངས་རྫོགས་འཆམ་མཐུན་དུ་འདོད་དེ། ཁོང་གིས་འཇིག་རྟེན་ཁམས་ཀྱི་འབྱུང་རྩ་ནི་གྲངས་ཡིན་ཞིང་། གྲངས་ལས་ཚེག་བྱུང་བ་དང་། དེ་ལས་ངོས་བྱུང་བ། ངོས་ལས་གཟུགས་བྱུང་བ། གཟུགས་ལས་ས་ཆུ་མེ་རླུང་འབྱུང་བ་བཞི་བྱུང་ཞིང་། འབྱུང་བ་བཞི་ཕན་ཚུན་འགྱུར་བ་ལས་འཇིག་རྟེན་གྱི་ཁམས་འདི་བྱུང་བར་འདོད་དོ། དེས་ན་གྲངས་དང་གྲངས་བར་དུ་འབྲེལ་བ་དང་བསྡུར་ཚད་ཅིག་ཡོད་པ་དང་། དངོས་པོའི་འཆམ་མཐུན་ཡང་འབྲེལ་བ་དང་བསྡུར་ཚད་དེ་ལས་བྱུང་བའི་རྒྱུ་མཚན་གྱིས་འཇིག་རྟེན་ཁམས་ཐམས་ཅད་ཀྱང་འཆམ་མཐུན་ཡིན་པར་འདོད་དོ། །ཡང་མཚན་ཉིད་སྨྲ་བ་ཧོ་ལ་ཁུ་ལེ་ཐེས (赫拉克利特)འཆམ་མཐུན་ཁྱད་པར་དང་འགལ་ཟླ་ལས་བྱུང་བར་འདོད་ཅིང་། འཇིག་རྟེན་ན་མཐའ་གཅིག་ཏུ་འཆམ་མཐུན་ཡིན་པ་ཞིག་གཏན་ནས་མེད་པས་དངོས་པོ་ཐམས་ཅད་འཆམ་མཐུན་ཡིན་ལ་འཆམ་མཐུན་མིན་པའང་ཡིན། དེས་ན་ཁོང་གིས་འཆམ་མཐུན་གྱི་འབྱུང་རྩ་ནི་དངོས་པོའི་འགལ་ཟླ་དང་ཁྱད་པར་དེ་ཡིན་པར་འདོད་དོ། ། རིག་གནས་བསྐྱར་དར་གྱི་རྗེས་སུ་བསམ་བློ་སྨྲ་བ་ཀུན་གྱིས་འཆམ་མཐུན་ཞེས་པ་དེ་ནི་མཚན་ཉིད་རིག་པས་གཞལ་བྱ་ཞིག་ཡིན་པར་འདོད། ཉེ་རབས་འཇར་མན་གྱི་མཚན་ཉིད་རིག་པ་བ་G.Wལེ་པུ་ཉི་ཙིས(莱布尼兹)འཇིག་རྟེན་ཁམས་ནི “རྐྱང་རྡུལ”རེ་རེས་རང་གཤིས་ལྟར་འཕེལ་འགྱུར་བྱེད་བཞིན་པ་མ་ཟད། “རྐྱང་རྡུལ”གཞན་གྱི་འཕེལ་འགྱུར་ལའང་རང་ཤུགས་སུ་སྙོམ་སྒྲིག་བྱས་ཏེ་འཆམ་མཐུན་གྱི་གོ་རིམ་གྲུབ་པར་འདོད། ཧེ་གུར་གྱིས་དེ་ལ་དགག་པ་བརྒྱབ་ནས་ཁྱད་པར་དང་འགལ་ཟླ་རང་སྟེང་ན་གཅིག་ཏུ་འདུས་པ་སྟེ། “ངོ་བོ་གཅིག་གི་གཅིག་གྱུར”རམ“བྱེ་བྲག་གི་གཅིག་མཐུན”དེ་ནི་ད་གཟོད་འཆམ་མཐུན་འབྱུང་བའི་རྒྱུ་རྐྱེན་ཡིན་ལ། གསལ་བོར་བཤད་ན་འཆམ་མཐུན་ནི་བྱ་དངོས་མི་འདྲ་བས་རྣམ་པ་ངེས་ཅན་ཞིག་བརྒྱུད་ནས་གྲུབ་པར་འདོད་དོ། ། དེ་བཞིན་དུ་རྒྱའི་ལོ་ཙི་སོགས་ཀྱིས་མཚོན་པའི་རོའུ་ལུགས་དང་ཏོ་ལུགས་ཀྱི་གཞུང་དུའང“和”ཞེས་པའི་ཡི་གེ་དེ་སྣོད་བཅུད་སེམས་ཅན་དང་གནམ་ས་བར་སྣང་ཀུན་ཏུ་སྤྱད་དེ་“ལུགས་དང་མཐུན་པ”དེ་ནི་སྟོད་སྨད་བར་གསུམ་དང་གཡས་གཡོན་ཕྱོགས་བཞི་ཀུན་ལ་མ་ཁྱབ་པ་མེད་པར་གནས་ཤིང་ཀུན་གྱིས་དེ་བརྩོན་དགོས་པར་གསུངས་ཡོད་པ་དང་། ཁུང་ཙིས་ཀྱང་«论语»ཞེས་པའི་དཔེ་ཆའི་ནང་དུ“མཐུན་ལ་མི་འདྲ”(和而不同)ཞེས་པ་དང་། ཀྲོང་ཙིའི་“འཇིག་རྟེན་འཆམ་མཐུན”(太和万物)ལ་སོགས་དཔེ་མཚོན་གྱི་ཚིག་དེ་དག་གིས་འཆམ་མཐུན་གྱི་ལྟ་བ་མཚོན་ཡོད།
མདོར་ན། འཆམ་མཐུན་ཟེར་བ་ནི་རང་བྱུང་དང་མིའི་རིགས་སྤྱི་ཚོགས་ཀྱི་འགྱུར་ལྡོག དེའི་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཀྱི་ངེས་རྟོགས་ལ་གོ་ཞིང་། མི་རྣམས་ཀྱིས་སྙེག་པའི་བྱ་དངོས་བཟང་བོ་དང་དོན་དག་གང་ཞིག་ཐག་གཅོད་ཀྱི་རིན་ཐང་ལྟ་ཚུལ་དང་བྱེད་ཐབས་དེ་ད་ལྟ་ཆབ་སྲིད་ཀྱི་ཁོངས་སུ་དྲངས་པས་འཆམ་མཐུན་སྤྱི་ཚོགས་ཞེས་ང་ཚོ་མིའི་རིགས་ཀྱིས་སྨོན་པ་དང་བརྩོན་པའི་ཕུགས་བསམ་ཞིག་ཏུ་གྱུར་ཡོད།

གཉིས། གཡུང་དྲུང་བོན་གྱི་རིག་གནས་ཁྲོད་ཀྱི་འཆམ་མཐུན་བསམ་བློ། 
དེ་ཡང་བོད་རྒྱལ་སྲོང་བཙན་སྒམ་པོས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ཐོག་མར་བོད་དུ་དྲངས་པ་དང་། ཁྲི་སྲོང་གིས་རྒྱ་ཆེར་སྤེལ་བ་ནས་བཟུང་། རྒྱ་གར་གྱི་ཆོས་ལུགས་འདི་བཙན་པོའི་སྲིད་དབང་ལ་བརྟེན་ནས་ཁ་བའི་ལྗོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་དར་ཞིང་། ད་ལྟ་རང་རེ་བོད་ཁམས་ནས་ཆོས་དར་བ་ཙམ་ཞིག་ཁོང་སངས་རྒྱས་འཁྲུངས་ཡུལ་རྒྱ་གར་དང་འཛམ་པོ་གླིང་ནས་ཀྱང་མེད་པ་ལྟར་སྣང་ལ། ཡིན་ནའང་དམ་པའི་ཆོས་དེ་རིན་པོ་ཆེ་གསེར་ལྟ་བུ་ཞིག་རྩ་ཆེ་ཡང་། རིག་གནས་ཀྱི་ཁོངས་ནས་བཤད་ན་དེ་ནི་གནའ་བོའི་རྒྱ་གར་གྱི་ཤེས་རིག་ཅིག་ཡིན་པ་ལས་རང་རེ་ཁ་བ་ཅན་ནི་གཞན་ནོར་ལོངས་སུ་སྤྱོད་པ་ཙམ་ལས་མ་འདས་སོ། ། དམ་ཆོས་དེ་རྒྱ་ནག་གི་ཡུལ་ལའང་བོད་ལས་དར་སྔ་ཞིང་གནམ་གྱིས་ས་བཀབ་པ་ལྟ་བུ་ཞིག་དར་ནའང་ཁོང་ཚོས་རང་མི་རིགས་ཀྱི་ཤེས་རིག་དང་རིག་གནས་སོགས་གཞན་ལ་ངོམ་སྐབས་རང་རིགས་ཀྱིས་དངོས་སུ་གསར་དུ་བཏོད་པའི་ཏོ་ལུགས་དང་རོའུ་ལུགས་དེ་ཟབ་ཟབ་ཏུ་གླེང་གི་ཡོད། དེས་ན་ང་ཚོ་བོད་ལའང་རང་གི་ཤེས་རིག་མཚོན་པའི་རིག་གནས་མེད་པ་མ་ཡིན་ཏེ། གཙོ་བོ་གཞན་ལ་རྩི་ཆེ་དྲགས་ནས་རང་ནོར་རང་གིས་དམའ་ཕབ་པ་ཙམ་ཡིན། དོན་ངོ་མར་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཏེ་གཡུང་དྲུང་བོན་འདི་དང་འདིས་མཚོན་པའི་རིག་གནས་ནི་རང་མི་རིགས་ཀྱི་བློ་གྲོས་ངོ་མ་ཡིན་ལ། འཛམ་གླིང་གི་མི་རིགས་གཞན་ལའང་ངོམ་རིན་དང་གླེང་རིན་ཡོད་པ་ཞིག་ཡིན། དཔེར་ན་སྐབས་སུ་བབས་པའི་གླེང་གཞི་སྟེ་འཆམ་མཐུན་གྱི་བསམ་བློ་འདི་ཡང་ཐོག་མར་བོན་གྱི་སྟོན་པ་གཤེན་རབ་ནས་གཏིང་ཟབ་པའི་གཞུང་ལུགས་ཀྱི་སྟེང་ནས་བཏོན་ཡོད་དེ། ང་ཚོས་གནའ་བོའི་བོད་ཀྱི་ལོ་རྒྱུས་རྣམས་ལ་བལྟས་ན། སྟོན་པ་གཤེན་རབ་མ་བྱོན་པའི་སྔོན་དེར། ཞང་ཞུང་གཞིར་བྱས་པའི་གངས་རིའི་ར་བས་བསྐོར་བའི་ཡུལ་འདིར་ལོག་པའི་ལྟ་བ་དང་རྨུན་པོའི་སྤྱོད་པ་གང་འདྲ་ཞིག་དར་བའི་མཇུག་འབྲས་ལས་མི་རྣམས་ཀླ་ཀློ་དང་སྡིག་པ་ལ་གོམས་ཤིང་། འཁྲུག་པ་དང་མི་བདེ་བ་སྣ་ཚོགས་བྱུང་སྟེ་སྐྱེ་འགྲོ་ཀུན་གྱི་སྲོག་ལ་རྒོལ་བ་ཡ་ང་བྱུང་དང་འབྱུང་བཞིན་པ་དེ་དག་ལ་དམིགས་ཏེ། སྟོན་པ་གཤེན་རབ་ཀྱིས་མུ་སྟེགས་ཀྱི་བོན་པོ་དེ་རིགས་ཆམ་ལ་ཕབ་ཅིང་བཅོས་བསྒྱུར་གནང་སྟེ་ཐེག་པ་རིམ་དགུའི་གཡུང་དྲུང་གི་བོན་གསུངས་ཏེ་སྐྱེ་འགྲོ་ཐམས་ཅད་བདེ་ལ་བཀོད་ཚུལ་ཟིན་བྲིས་སུ་བཀོད་ཡོད། ཐེག་པ་རིམ་དགུ་ཞེས་པ་དེ་མདོར་བསྡུས་ན་རྒྱུ་ཡི་བོན་དང་འབྲས་བུའི་བོན་གཉིས་སུ་འདུས་ཤིང་། དང་པོ་དེ་ནི་ཚེ་ཐོག་འདིའི་ཕན་བདེ་ལ་ཞེན་པའི་འཇིག་རྟེན་པ་རྣམས་ལ་དམིགས་ཏེ་གསུངས་ཤིང་། གཉིས་པ་དེ་ནི་ཚེ་ཕྱི་མ་དོན་དུ་གཉེར་མཁན་རྣམས་ལ་གསུངས་པ་ཡིན། དེ་གཉིས་གང་ཡིན་ཡང་སྟོན་པ་གཤེན་རབ་ཀྱིས་གཞི་སྙིང་རྗེ་ཆེན་པོ་དེ་ཐབས་ཀྱི་གཙོ་བོར་བཞག་ཅིང་། དེ་ནས་བདག་མེད་རྟོགས་པའི་ཤེས་རབ་ལ་གདུལ་བྱའི་བློ་དང་བསྟུན་ནས་བསྟེན་དགོས་ཚུལ་གསུངས་ཡོད། དེས་ན་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱི་བློ་དང་བསྟུན་ནས་ཐེག་པ་རེ་རེའི་ལྟ་ཚུལ་ཡང་མི་འདྲ་བར་གསུངས་ཡོད་པས། རེ་རེ་བཞིན་བཤད་ན་མང་འགྲོ་བས། འདིར་མདོ་སྔགས་རྫོགས་གསུམ་གྱིས་མཚོན་པའི་ཐེག་པ་མི་འདྲ་བ་འགའི་འཆམ་མཐུན་གྱི་བསམ་བློ་ལྟ་ཚུལ་རེ་བཤད་ན།
དེ་ཡང«ཐེག་པ་ཆེན་པོ་ཡུམ་གྱི་སྙིང་པོ་ཞེས་བྱ་བའི་མདོ»ལས། བོན་ཐམས་ཅད་སྲིད་པ་ལས་བྱུང་བ་དང་། རིན་པོ་ཆེ་ལས་བྱུང་བ་དང་། སྣང་བ་ལས་བྱུང་བ་དང་། སྟོང་བ་ལས་བྱུང་བ་དང་། སོ་སོ་གསལ་བ་ལས་བྱུང་བ་དང་། མཉམ་པ་ཉིད་ལས་བྱུང་བ་དང་། དེ་དག་ཐམས་ཅད་སྣང་བའམ། ཡོད་པའམ། མེད་པའམ། རྟག་པའམ། ཆད་པའམ། སྐྱེ་བའམ། འགག་པའང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ཅིར་ཡང་མི་དམིགས་སོ། །རང་བཞིན་ཀྱང་མི་དམིགས་སོ། ། དེ་ལྟ་བས་ན་ཡེ་མ་བྱུང་མ་སྐྱེས་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ལ་མཉམ་པ་ཉིད་དུ་གནས་ཏེ། མ་བཅོས་པའི་ཐིག་ལེ་གཅིག་ལ་རྫོགས་སོ།། ཅེས་སོ། །འདིར་བོན་ཞེས་པ་དེ་ཆོས་ཞེས་པའི་ཐ་སྙད་ཀྱི་གོ་དོན་དང་ཡོངས་སུ་མཐུན་ཏེ། ཡོད་པ་དང་ཤེས་བྱ་སོགས་དོན་དུ་མ་འཇུག་གོ ། དེས་ན་བོན་ཐམས་ཅད་སོ་སོ་ཐ་དད་དུ་སྣང་ཞིང་བྱུང་བའི་ཁུངས་མི་གཅིག་པ་ལྟར་སྣང་བ་དང་། དེ་དག་ལ་ལ་ཞིག་འགུལ་སྐྱོད་དང་འགྱུར་ལྡོག་གི་གཤིས་སུ་གྲུབ་པ་ལྟར་སྣང་ཡང་། བོན་ཐམས་ཅད་ཀྱི་རང་བཞིན་ངོ་མ་ནི་མཐའ་ཐམས་ཅད་ལས་བྲལ་ཏེ་རང་གི་བོ་རྡུལ་ཙམ་ཡང་མ་གྲུབ་པར་སྟོང་བའི་ངང་ལ་མཉམ་པ་ཉིད་དུ་གནས་ཡོད་པར་འདོད་དོ། །དེ་ཡང་སྣང་བ་དང་སྲིད་པའི་ཤེས་བྱ་ཐམས་ཅད་བསྡུས་ན་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་སུ་འདུས་པར་བཤད་དེ། «ཐེག་པ་ཆེན་པོ་དབུ་མ་བདེན་གཉིས»ལས། ཕྱི་ནང་སྣོད་བཅུད་འཁོར་འདས་ཀུན། །འདི་ལྟར་སྣང་བའི་བོན་རྣམས་ཀུན། །བདེན་པ་གཉིས་སུ་རྣམ་པར་སྣང་། །ཤིན་ཏུ་གཅིག་མིན་ཐ་དད་མིན། །ལྡོག་པས་བྱས་མིན་རྟོགས་པ་ཡི། །ཤེས་པ་གཉིས་བལྟོས་རྣམ་པར་དབྱེ། །འཁྲུལ་བ་ཐམས་ཅད་ཀུན་རྫོབ་ལ། །དེ་ཡི་དབེན་པ་དོན་དམ་ཉིད། །ཅེས་སོ། ། དེས་ན་ཐེག་པ་འདིས་དོན་དམ་བདེན་པའི་གནས་ལུགས་འདི་མ་རྟོགས་པའི་ཕྱིན་ཆད་འགྲོ་བ་ཐམས་ཅད་ཀྱི་རྒྱུད་མ་རིག་པས་ཀུན་ནས་བསླངས་ཏེ་དུག་ལྔ་ཉོན་མོངས་ཀྱིས་ཡོངས་སུ་ཁེངས་ཏེ་མི་རང་ཉིད་དང་། ཡང་ན་མི་དང་མིའི་བར། མི་དང་ཁོར་ཡུག་བར། མི་དང་སྤྱི་ཚོགས་བར་འཆམ་མཐུན་ཡོང་མི་སྲིད་པ་དང་། རེ་ཞིག་འགྲིག་འགྲིག་མཐུན་མཐུན་ལྟར་ཡོང་བ་དེ་ཡང་ཀུན་རྫོབ་སྟེ་འཆམ་མཐུན་ལྟར་སྣང་ཙམ་ལས་མ་འདས་ཏེ། རྒྱུ་འཁྲུལ་བ་དང་ཕྱོགས་རེ་བ་དེ་ལས་དངོས་པོ་ཐམས་ཅད་མཉམ་པ་ཉིད་དུ་གནས་པའི་མཐར་མཐུག་གི་འཆམ་མཐུན་དེ་ལྟ་བུ་གཏན་ནས་ཡོང་ཐབས་མེད་པར་འདོད་དོ། ། འོ་ན་ཇི་ལྟར་ཡོང་ཞེ་ན། ཐོག་མར་ཕྱི་སྣང་བའི་བདེན་ཞེན་འདི་དག་སྒྱུ་མར་བསྒོམ་ཞིང་དེ་ནས་ཕ་རོལ་དུ་ཕྱིན་པ་དྲུག་གམ་བཅུ་ལ་སོགས་པའི་སྒོ་ནས་བློ་སྦྱངས་ཏེ་དོན་དམ་བདེན་པ་དེ་རྟོགས་ཐབས་ལ་འབད་ནས་མཐར་མིའི་བྱང་ཚད་མཐོ་ཞིང་ཞི་བདེ་ཀུན་མཐུན་དང་མཉམ་པ་ཉིད་ཀྱི་ཕུགས་བསམ་སྤྱི་ཚོགས་ཤིག་མངོན་འགྱུར་བྱེད་དགོས་པར་འདོད་དོ། ། འདི་ནི་རྒྱུ་མཚན་ཉིད་ཐེག་པའི་ལྟ་ཚུལ་ཡིན།
སྔགས་ཀྱི་ལྟ་ཚུལ་ནི། སྤྱིར་སྔགས་ལའང་རྒྱུད་སྡེ་བཞི་དང་ཕྱི་ནང་གསང་གསུམ། ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་ཅེས་ནང་གསེས་དབྱེ་ཚུལ་མང་ཞིང་བྱེ་བྲག་དེ་རེ་རེའི་ལྟ་ཚུལ་ཡང་མི་འདྲ་ཞིང་། དེ་ལྟར་རེ་རེ་བཞིན་བཤད་ན་མང་དོགས་ནས་འདིར་སྔགས་སྤྱི་ལུགས་ལྟར་བཤད་ན། «མ་རྒྱུད»ལས། ཡི་དམ་གནས་འགྱུར་འཕོ་བ་ཕྱི་སྣོད་འདི། །སངས་རྒྱས་ཞིང་ཁམས་ཡི་དམ་གཞལ་ཡས་ཁང་། །ནང་བཅུད་སེམས་ཅན་ཡི་དམ་རྒྱལ་བའི་འཁོར། །རང་སེམས་སྟོང་གསལ་བདེ་ཆེན་བོན་གྱི་སྐུ། །ཞེས་སྔགས་ལུགས་ཀྱིས་ཕྱི་སྣོད་ཁོར་ཡུག་ཡུལ་ལྗོངས། ཐ་ན་རི་ར་བ་ཁང་ཁྱིམ་འཛུགས་སྐྲུན་སོགས་དེང་རབས་ཀྱི་བཟོ་བཀོད་གང་ཡིན་ཡང་ཐ་མལ་དུ་མི་ལྟ་བར་ལྷའི་གཞལ་ཡས་ཁང་དང་། ནང་བཅུད་སེམས་ཅན་ཏེ་མི་དང་སྲོག་ཆགས་བྱ་བྱེའུ་འབའ་འབུ་གང་ཡིན་ཀྱང་ལྷ་དང་ལྷ་མོར་བལྟ་བ་སྟེ། ཕོ་ཐམས་ཅད་དཔའ་བོ་དང་མོ་ཐམས་ཅད་མཁའ་འགྲོ་མའི་རང་བཞིན་དུ་མཐོང་ངོ་། ། «སྣང་ལྡན་གྱི་ཐེག་པའི་རབ་དབྱེ»ལས། ཕྱིའི་ཡུལ་འཇམ་པ་དང་། རྩུབ་པ་དང་། མཐོ་བའི་རི་དང་། ནང་གི་སེམས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྟེ། ཕྱི་ནང་ལུས་དང་ངག་དང་སེམས་གསུམ་ཀ་དག་པ་གསུམ་གྱི་ལྷའི་གཟུགས་བརྙན་དུ་བལྟ་སྟེ། ཞེས་དང་། «སྡེ་སྣོད་རིན་པོ་ཆེའི་མཛོད»ལས། དེའང་ལུས་ངག་སེམས་ལྷའི་སྐུ་གསུངས་ཐུགས་ཀྱི་གཟུགས་བརྙན་དུ་བལྟ་བ་སྟེ། གཟུགས་སྣང་ཚད་སྐུ། སྒྲ་གྲགས་ཚད་སྔགས། ཡིད་ཀྱི་དྲན་བསམ་བསམ་གཏན་དུ་དག་པས་དག་པ་གསུམ་ཞེས་བྱའོ། ཞེས་སོ།། དེ་ལྟར་དུ་བོན་གྱི་མཁས་གྲུབ་རང་ཤར་རིག་གྲོལ་རྩལ་གྱིས་གསུངས་པའི་ལུས་སྦྱིན་ལས་ཀྱང་། ཨཿ རང་སེམས་མ་རིག་དབང་གིས་སྔོན་ཆད་ཀྱང་། །ཁམས་གསུམ་འཁོར་བའི་སྟོབས་ཀྱིས་ད་ལྟའི་དགྲས། །ཕ་མར་བྱས་པ་འདི་ལ་བྱམས་པ་བསྒོམ། །གནོད་སེམས་མི་རུང་དགྲ་བཟུང་འཁྲུལ་བ་ཡིན། །སེམས་ཅན་ཐམས་ཅད་བདེར་གཤེགས་སྙིང་བོས་ཁྱབ། །ལྷ་དང་ལྷ་མོའི་རང་བཞིན་ཡིན་པ་ལ། །དགྲ་ཞེས་བྱ་བའི་གཟུང་ཡུལ་ག་ལ་ཡོད། །མཉམ་པར་བསམ་ཞིང་སྟོང་ཉིད་ངང་ལ་བཞག །ཅེས་དང་། ཡང་དེ་ཉིད་ལས། མཉམ་ཉིད་ཀློང་དུ་མགྲོན་ལ་བཟང་ངན་མེད། །ཐམས་ཅད་རང་རིག་རྩལ་གྱི་ཡི་དམ་ལྷ། །ཞེས་སོ། །འདིར་འབྱུང་བའི་མགྲོན་ཞེས་པ་དེ་ནི་བོན་པོའི་ཆོས་ལུགས་ལས་སྣང་དང་མི་སྣང་བའི་སེམས་ཅན་ཡོད་དོ་ཅོག་ལ་བྱའོ། ། དེ་ལྟ་བུའི་སྔགས་ཀྱི་དག་པ་གསུམ་དང་སེམས་ཅན་ཐམས་ཅད་འདྲ་མཉམ་དུ་འདོད་པ་ལ་སོགས་ཀྱི་ལྟ་བ་དེ་ནི་མི་དང་མིའི་བར། མི་དང་ཁོར་ཡུག་བར་འཆམ་མཐུན་ཡོང་བའི་གཞི་རྩའི་ལྟ་བ་ཞིག་ལས་མ་འདས་ཏེ། ཕྱི་རོལ་ཡུལ་གྱི་སྣང་ཚུལ་མཐའ་དག་གང་ཟག་རང་གི་འདུ་ཤེས་བསྒྱུར་ཏེ་ཡག་བཙོག་དང་བཟང་ངན། སྤང་བླང་མེད་པར་མཉམ་དུ་བསྲེས་ཤིང་དེའི་ངང་ལས་ཡེ་ཤེས་ཀྱི་རོལ་བ་ལྷའི་དཀྱིལ་འཁོར་རང་སྣང་དུ་རང་ཤར་ཏེ་བོན་ནམ་ཆོས་ཐམས་ཅད་རིས་མེད་མཉམ་པ་ཆེན་པོར་རྟོགས་པ་ཉིད་གཙོ་བོར་བྱེད་པ་ཡིན་ནོ། །
རྫོགས་ཆེན་གྱི་ལྟ་ཚུལ་ནི། «གཏན་ཚུགས་གལ་མདོ་རིག་པའི་ཚད་མ»ལས། རྫོགས་པ་ཆེན་པོས་བོན་ཐམས་ཅད་མཉམ་ལ་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཐིག་ལེ་ཆེན་པོ་འོད་གསལ་བར་རང་རིག་པ་ལ་གང་དུ་ཡང་མི་རྟོག་ཅིང་མ་ལྷུང་བའི་དོན་ཉམས་སུ་མྱོང་བའོ། །ཞེས་སོ། །རྫོགས་ཆེན་གྱི་ལྟ་བ་འདི་རྒྱུ་མཚན་ཉིད་ཐེག་པ་ལྟར་བཅོས་སྒྱུར་མེད་པར་ཡེ་ནས་ཐིག་ལེ་ཉག་གཅིག་གི་ངང་དུ་མཉམ་པ་ཉིད་དུ་གནས་ཡོད་པར་འདོད་དེ། སེམས་ཅན་སུ་ཞིག་ཡིན་ཀྱང་གཞིའི་ངོ་བོ་ཀ་དག་ཏུ་འདོད་ཅིང་་རྣམ་པའི་སྟེང་ནས་ཐམས་ཅད་ལྷུན་གྱིས་གྲུབ་སྟེ་སྐུ་དང་ཞིང་ཁམས་སོགས་རང་མཆིས་སུ་མངའ་བ་འདིས་ཡུལ་དང་ཡུལ་ཅན་སོ་སོར་མ་ཕྱེ་བར་ནམ་ཡང་གསལ་སྟོང་དབྱེར་མེད་བསྒོམ་པའི་ལྟ་བ་འདིས་ལྷག་ཏུའང་མི་དང་མི། མི་དང་སེམས་ཅན་། མི་དང་རང་བྱུང་ཁམས། མི་དང་སྤྱི་ཚོགས་བར་མཐུན་སྦྱོར་དང་ཕན་ཚུན་འདྲ་མཉམ། ཕན་ཚུན་མཆོག་དམན་དང་མཐོ་དམའ། བཟང་ངན་བཅས་མེད་པར་འཆམ་མཐུན་དུ་འདོད་པ་ཡིན་ནོ། ། «སྒྲོན་མ་དྲུག་པ»ལས། དབྱིངས་ཆེན་གཅིག་ན་ཐམས་ཅད་གནས། །མཉམ་པའི་དབྱིངས་ལ་མཐོ་དམའ་མེད། ། ཅེས་དང་། «མུ་གདལ་བའི་རྒྱུད»ལས། གནས་ལུགས་མ་བཅོས་ཀུན་གྱི་གཞི། །ཁྱབ་གསལ་ནམ་མཁའི་ཀློང་བཞིན་ཏེ། །བཟང་ངན་མེད་པར་ཀུན་ལ་ཁྱབ། །ཆེ་ཆུང་མེད་པར་ཡོངས་ལ་སྙོམས། །ཞེས་དང་། ཡང«ཤོག་དྲིལ་བརྒྱད་པ་ཕྲིན་ལས་ཀུན་ཁེབ་དབུ་ཕྱོགས»ལས། ཨེ་མ་ཧོ། རྒྱལ་པོ་བྲམ་ཟེ་ཁྱི་དང་ཕག །འཛིན་རྟོག་ཐ་དད་རབ་སྤངས་ནས། །དབྱེར་མེད་ཆེན་པོར་ཕྱག་འཚལ་ལོ། །ཞེས་སོ། །
གསུམ། གཡུང་དྲུང་བོན་རྣམས་ཀྱིས་ཀུན་ནས་སྨོན་པའི་ཕུགས་བསམ་གྱི་འཆམ་མཐུན་སྤྱི་ཚོགས།
སྟོན་པ་གཤེན་རབ་ཞང་ཞུང་གི་འོལ་མོ་ལུང་རིང་དུ་སྐུ་འཁྲུངས་ཤིང་། སྐབས་དེའི་བདུད་བོན་ལ་སོགས་མུ་སྟེགས་ཀྱི་བོན་རྣམས་ལ་བཅོས་བསྒྱུར་མཛད་ཅིང་དཀར་པོ་དགེ་བའི་གཡུང་དྲུང་གི་བོན་ཏེ། སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ། སྙིང་རྗེ་དང་སེམས་བསྐྱེད། ཚེ་ལ་ཕྱི་མ་ཡོད་པ། ལས་རྒྱུ་འབྲས་བརྩི་དགོས་པ། ཐར་བའི་གོ་འཕང་སྒྲུབ་ཚུལ་སོགས་ཀྱི་བོན་གཏིང་ཟབ་ལ་རྒྱ་ཆེ་བ་རྣམས་གང་ལ་གང་མཐུན་དང་དེ་ལ་དེ་འཚམ་གྱི་སྒོ་ནས་ཐེག་པ་རིམ་དགུར་གསུངས་ཏེ། འགྲོ་རྣམས་ཤེས་རིག་གི་ལམ་ལ་བཀྲི་བ་ཡིན། བོན་པོའི་སྐྱབས་འགྲོའི་ཚིག་བཤད་དུ། མཁའ་མཉམ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་བདེ་སྡུག་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག ཅེས་བཟླ་བ་འདིས་བོན་པོ་རྣམས་ཀྱིས་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཏུ་སྨོན་པའི་སེམས་འདུན་དེ་ཡོངས་སུ་མཚོན་ནོ། ། དེ་ལྟར་དུ་སྐྱེ་བོའི་ཁམས་དང་བསྟུན་ནས་དགེ་བ་ལ་འབད་པ་བྱས་ན་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ངམ་བདེ་བ་ཅན་གྱི་ཞིང་ཁམས་ཏེ་བླ་ན་མཐོ་བའི་ཕུགས་བསམ་གྱི་འབྲས་བུ་ཞིག་ལ་སྙེག་ཐུབ་པར་སྐུལ་འདེབས་བྱས་ཡོད། དོན་དམ་པར་ཐམས་ཅད་མཁྱེན་པའི་གོ་འཕང་ཞེས་པ་དེ་ནི་མི་རང་ཉིད་ཀྱིས་ཤེས་བྱ་ཐམས་ཅད་སྦྱང་ནས་མཐར་ཐུག་གི་འབྲས་བུ་སྟེ་རྟོགས་པའི་ཚད་གཞི་མཐོ་ཤོས་ཤིག་ཡིན་པ་དང་། བདེ་བ་ཅན་གྱི་ཞིང་ཁམས་ཞེས་པ་དེ་ནི་ཐུན་མོང་གིས་བརྩོན་པའི་ཕུགས་བསམ་གྱི་སྤྱི་ཚོགས་ཤིག་ལས་མ་འདས་སོ། ། འོ་ན་དེ་ལྟ་བུའི་ཕུགས་བསམ་གྱི་སྤྱི་ཚོགས་དེ་ཇི་འདྲ་ཞིག་ཡིན་ཞེ་ན། «བདེ་ཆན་ཞིང་གི་སྨོན་ལམ་རྣམ་མཁྱེན་གྲོང་འཇུག»ཅེས་པ་ལས། ཨེ་མ་ཧོ། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་དེ་རུ། །དག་པའི་ཞིང་མཆོག་འོལ་མོ་ལུང་རིང་ཞེས། །ངོ་མཚར་རྨད་བྱུང་ཡིད་འོང་ལྷ་ཡི་གནས། །ས་ནི་པདྨ་འདབ་བརྒྱད་རྣམ་པར་བཀྲ། གནམ་ནི་འཁོར་ལོ་རྩིབས་བརྒྱད་འོད་དུ་གསལ། །གླིང་དང་གླིང་ཆུང་ལྕགས་རི་དང་བཅས་པ། ། དཔག་ཚད་སྟོང་དང་ལྔ་བརྒྱས་བསྐོར་བའི་དབུས། །གཡུང་དྲུང་དགུ་བརྩེགས་རིན་ཆེན་བཞི་བཀྲའི་རི། །དུས་གསུམ་སངས་རྒྱས་ཐམས་ཅད་འབྱོན་པའི་གནས། །ཞེས་དང་། «བདེ་ཆེན་ཞིང་གི་སྨོན་ལམ་ཐུགས་རྗེའི་ཉག་ཐག »ཅེས་པ་ལས། ཨེ་མ་ཧོ། འདི་ནས་ཉི་མ་ནུབ་ཕྱོགས་ཀྱི། །གྲངས་མེད་འཇིག་རྟེན་བརྒལ་བའི་སྟེང༌། །བདེ་བ་ཅན་གྱི་ཞིང་ཁམས་ཡོད། །གནས་དེ་གང་གིས་མ་བཟོས་པར། །རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང༌། །ཕྱོགས་དང་མཐར་ལྷུང་མེད་པའི་གནས། །དེ་ན་ཕོ་བྲང་གྲུ་བཞི་རྒྱས། ། ཐུགས་རྗེ་བཞི་ཡི་སྒོ་བཞི་དོད། །ཐར་ལམ་བརྒྱད་ཀྱི་སྒོ་རྒྱན་མཛེས། །ཡེ་ཤེས་རྩེ་མོ་གཅིག་ཏུ་འཁྱིལ། །ཡོན་ཏན་ཡོངས་རྫོགས་དྲྭ་ཆུན་མཛེས། །ཕྱི་ནང་སྒྲིབ་མེད་གཞལ་ཡས་ནང༌། ། ཞེས་བདེ་བ་ཅན་དང་འོལ་མོ་ལུང་རིང་། ཤམ་བྷ་ལ་སོགས་ཚང་མ་ཞིང་ཁམས་དེའི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་ཤིང་། གནས་དེ་ན་སྲིད་པའི་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ་ཡོད་པར་འདོད་དེ། དེ་ཉིད་ལས། བྱུ་རུའི་ས་གཞི་བདལ་བ་ ལ། །གཡུ་ཡི་གཡུང་དྲུང་མིག་མང་རིས། །མནན་ན་ནེམ་ཞིང་བཏེགས་ན་འཕར། །ངོ་མཚར་གནས་དེར་སྐྱེ་བར་ཤོག །རིན་ཆེན་ལས་གྲུབ་དཔག་བསམ་ཤིང༌། །དགོས་དགུ་ནོར་གྱིས་ཡོངས་ཕྱུག་ཅིང༌། །སྤྲུལ་བའི་བྱ་ཚོགས་བོན་སྒྲ་སྒྲོགས། །བདེ་བའི་གནས་དེར་སྐྱེ་བར་ཤོག །ཡན་ལག་བརྒྱད་ལྡན་ཆུ་བོ་དང༌། །རྙོག་མེད་དྲི་བྲལ་རྫིང་བུ་དག །རིན་ཆེན་ར་བས་ཡོངས་སུ་བསྐོར། །དག་པའི་ཞིང་དེར་སྐྱེ་བར་ཤོག །དོག་ཀུན་རིན་ཆེན་ནེ་རས་གང༌། །དེ་ལ་དེ་སྙེད་འོད་ཟེར་རྩེར། །སྤྲུལ་བའི་སངས་རྒྱས་མངོན་བཞུགས་པ། །དེ་དག་མདུན་དུ་བདག་སྐྱེ་ཤོག །སྣོད་ནི་ཕྱིན་བཅུའི་ཚུལ་དུ་ཆགས། །རིན་པོ་ཆེ་ལས་ས་རྡོ་བྲལ། །དུས་བཞི་ཆ་མཉམ་ཉིན་ མཚན་མེད། །ཞིང་དག་གནས་དེར་སྐྱེ་བར་ཤོག །བཅུད་ནི་ལྷ་དང་ལྷ་མོ་དངོས། །ཀུན་ཀྱང་མཚན་དང་དཔེ་བྱད་ལྡན། །ཉོན་མོངས་མེད་ཅིང་སྡུག་བསྔལ་མེད། །སྐྱེ་འཆི་མེད་པའི་ཞིང་སྐྱེ་ཤོག ། ཅེས་ཞིང་ཁམས་དེ་ནི་འབྱོར་ཕྱུག་ཕུན་སུམ་ཚོགས་ཤིང་ཡོན་ཏན་བསམ་གྱིས་མི་ཁྱབ་པ། ཀུན་གྱིས་སྨོན་པའི་ཡུལ་ཞིག་ཡིན་པ་མ་ཟད། ཞི་བདེ་དང་དྲང་བཞག འདྲ་མཉམ། ཀུན་མཐུན་གྱི་སྤྱི་ཚོགས་ཤིག་ཀྱང་ཡིན་ཏེ། « བོན་སྐུའི་སྨོན་ལམ་གཏི་མུག་གཉིད་སྐྲོག » ཅེས་པ་ལས། འཁོར་དང་མྱང་འདས་དབྱེ་བ་མེད། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །དུག་དང་ཡེ་ཤེས་སྤང་ལེན་མེད། །བདེ་དང་སྡུག་བསྔལ་སོ་སོར་མེད། །ཐམས་ཅད་ང་ཡི་ངང་ལ་མཉམ། ། ཞེས་དང། «ཚེ་དབང་སྨོན་ལམ»ལས། སྐྱབས་གནས་བདེར་གཤེགས་ཕྱི་ནང་ལྷ་ཚོགས་དང་། །བདག་སོགས་མཁའ་མཉམ་འགྲོ་དྲུག་སེམས་ཅན་རྣམས། །དུ་མ་རོ་གཅིག་ངང་ལ་མཉམ་ནས་ཀྱང་། །བརྗོད་མེད་བོན་ཉིད་དབྱིངས་སུ་ཐིམ་པར་ཤོག ། ཅེས་སོ། །

མདོར་ན། དེང་སང་འཆམ་མཐུན་ཞེས་པའི་ཐ་སྙད་འདི་ཚིག་གཡར་མ་ལྟ་བུར་ཀུན་གྱིས་ཆབ་སྲིད་ཀྱི་ལྟ་བ་དང་དེའི་དམིགས་འབེན་ཞིག་ཏུ་མཐོང་ཡང་དེའི་བརྗོད་བྱ་ནི་གོང་དུ་བསྟན་པ་ལྟར་གནའ་ནས་བོད་རང་ལ་ཡོད་པ་མ་ཟད། བོན་གྱི་གཞུང་ལྟར་ཐེག་པ་རེ་རེ་ལ་ལྟ་ཚུལ་རེ་དང་དེའི་རྗེས་འཇུག་མཁས་པ་རྣམས་ལའང་རང་རང་གི་ལྟ་ཚུལ་རེ་ཡོད་ནའང་། འདིར་རྩོམ་ཐུང་ཞིག་གིས་དེ་དག་ཡོངས་སུ་མཚོན་ཐབས་མེད་པ་ནི་སྐར་ཁུང་ནས་མཐོངས་ལ་བལྟ་བའི་དཔེ་ལྟར་གྱུར་ན་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱའོ། །

༢༠༠༩ལོའི«བོད་ཀྱི་སློབ་གསོ»དེབ་༥བ་ལས།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།