འགྱན་སངས་ཀྱི་དོགས་ལན་བསྡུས་པའི་སྐོར།

བོན་གྱི་རིག་གནས་ཉམས་ཞིབ་ལས་འགྱན་སངས་ཀྱི་དོགས་ལན་བསྡུས་པའི་སྐོར།
བན་ཤུལ་དཔལ་མཁར་རྒྱལ།

ཕྲན་དབུས་གཙང་ནས་སློབ་གཉེར་བྱེད་པའི་དུས་མཚམས་ཤིག་ཏུ་མཆེད་གྲོགས་ཤིག་གིས་བླ་དཔེ་ཚོགས་ཞེས་པའི་དེབ་སྐོར་ཞིག་སྐྱེས་འཚམས་སུ་བསྩལ་ཀྱང་དཔེ་ཀློག་ཉམས་ཞིབ་ཀྱི་བྲེལ་བས་གང་མཚམས་ཤིག་ལ་བཀླག་མ་ཐུབ། རེ་ཞིག་ངལ་གསོའི་དུས་ཚོད་ཐུང་ངུ་ཞིག་བེད་སྤྱད་ནས་ཁོ་ཚོའི་དེབ་ཕྲེང་དག་བམ་ཀློག་ཙམ་བྱས་ཀྱང་དགོས་པ་ཆེར་མ་མཐོང་བས་རེ་ཞིག་སྣང་མེད་དུ་བཞག་ཀྱང་། གྲོགས་ཡོན་ཏན་ཅན་ཞིག་གི་གླེང་མོལ་ཞོར་འཕྲོས་ལས་འགྱན་སངས་རྒྱས་དོན་གྲུབ་ཀྱིས་བྲིས་པའི་དཔྱད་རྩོམ་ཀྱི་དེབ་གཟུགས་དེ་ཡང་བསྐྱར་བཀླག་འདོད་བྱུང་བས་གང་མགྱོགས་སྒོས་ཚར་གཅིག་བཀླགས་པ་ཡིན་ལ། དཔྱད་རྩོམ་འདིར་མཚོན་ན་ད་ལྟའི་དུས་སུ་དཔེ་ཀློག་སློབ་སྦྱོང་ལ་ཐུགས་མཉེས་མེད་ཅིང་སེམས་ལ་ཅི་དྲན་ཡིག་ཐོག་ཏུ་འཁོད་པའི་མི་རབས་གསར་བའི་བག་མེད་ཀྱི་བྱ་སྤྱོད་དག་ལས་རིང་དུ་འདས་ཤིང་ཤ་ཟིན་སྤུ་ཟིན་གྱི་དཔྱད་གཞིའི་ཡིག་རིགས་གང་རྙེད་དང་རང་ཚོད་ཀྱིས་དེ་དག་ལ་དབྱེ་ཞིབ་བྱས་པར་དཔྱད་ན་ཤེས་རིག་ཉམས་ཞིབ་ལ་བློ་མོས་ཡོད་མཁན་ཞིག་ཡིན་པ་རྟོགས་ནུས་ཀྱང་དཔྱད་རྩོམ་ཡོངས་རྫོགས་མཐར་ཆགས་སུ་བཀླག་ནས་འབྲུ་ནག་གདོང་འདེད་ཀྱིས་ཞིབ་མོ་རྣམ་པར་འཐག་ན་དཔྱད་བཟོད་ཚུགས་ཐུབ་ཏུ་འགྲེང་མི་ནུས་པའི་ཆ་མང་ཡང་འདིར་རེ་རེ་བཞིན་ཞིབ་པ་མི་བྲི། ད་ལྟའི་དུས་མཚམས་སུ་བྱིས་པ་བསམ་མེད་ཀྱི་བབ་ཅོལ་སྨྲ་བར་ཞུགས་ལྟའི་དོན་ལ་གནས་མིན་གྱི་ཡིག་སྙིག་གིས་ས་ཁ་བརྟོལ་ཡང་དགག་ཡུལ་དུ་མི་ལོངས་པས་བློ་ཕམ་ལ་འདིར་དཔྱོད་པའི་བློ་གྲོས་ཀྱི་མིག་དབང་ཅུང་ཟད་ཕྱེ་བར་སྣང་བའི་འགྱན་སངས་ཀྱི་དཔྱད་རྩོམ་དེའི་རབ་བྱེད་དང་པོའི་སྐབས་ཤིག་ཏུ་བོན་གྱི་ཤེས་རིག་གི་སྐོར་ལས་འཕྲོས་ཏེ་ཁོ་བོའི་རང་ལུགས་ཀྱི་དོགས་པ་ཁ་ཤས་བཀོད་ཡོད་པར་རེ་རེ་བཞིན་དོགས་ལན་བསྐྱོན་པར་སྤྲོ་བ་དང་བཅས།
འགྱན་སངས་ན་རེ། བོད་ཀྱི་དཔྱད་གཞིའི་ཡིག་ཆ་སྔ་ཤོས་སུ་བརྩི་བའི་ཏུན་ཧོང་གཏེར་ཡིག་དང་བཙན་པོའི་དུས་སྐབས་ཀྱི་རྡོ་རིང་དང་དྲིལ་བུའི་ཁ་བྱང༌། སྦ་བཞེད་སོགས་ན་ཕ་གཤེན་རབ་ཀྱི་མྱི་བོ་ཞེས་པ་ཆོ་ག་གཏོང་མཁན་གྱི་དུར་བོན་ཞིག་ཡོད་པ་ལས་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་ཅེས་པའི་མིང་འདི་མཐོང་རྒྱུ་མེད་ཟེར། ལན། ད་ལྟ་རྒྱལ་སྤྱིའི་དཔྱད་ཡིག་གི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་པའི་ཏུན་ ཧོང་ཡིག་རྙིང་འདི་བོད་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་པར་མེད་དུ་མི་རུང་བའི་ཡིག་ཆ་གལ་ཆེན་ཞིག་ཡིན་པ་ནི་ཐུན་མོང་གིས་འདོད་ཀྱང་ཏུན་ཧོང་ཡིག་ཆ་ཡིན་ན་ཚད་མ་ཡིན་མི་དགོས་ལ་མཁས་དབང་ཚེ་ཏན་པས་ཏུན་ཧོང་ལྡོམ་ཡིག་དང་མཁར་རྨེའུ་བསམ་གཏན་པས་བཅོས་བསྒྱུར་ཐེངས་གཅིག་བརྒྱུད་མྱོང་བར་འཛིན་པའང་དཔྱད་པའི་གནས་ཡིན་ལ་ཏུན་ཧོང་ཡིག་ཆར་བཀོད་ཡོད་ན་བདེན་པ་དང་མེད་ན་རྫུན་  པར་བསམ་པ་ནི་བྱིས་པའི་བསམ་ཚུལ་འབའ་ཞིག་གོ ཏུན་ཧོང་ཡིག་ཆ་ནི་བོད་ཀྱི་ལོ་རྒྱུས་ཀྱི་སྤྱི་དོན་འཆར་བའི་མེ་ལོང་ཞིག་མ་ཡིན་ཏེ་ཡིན་ན་བོད་ཀྱི་ཡི་གེ་གསར་སྒྲིག་གནང་མཁན་ཐོན་མིའི་མཚན་དང་མཛད་འཕྲིན་སོགས་གསལ་བོར་འགོད་དགོས་ཀྱང་མི་སྣང་བས་སོ།། བཙན་པོའི་དུས་སྐབས་ཀྱི་རྡོ་རིང་དང་ཅོང་ཡིག་སོགས་ཀྱང་སངས་རྒྱས་ཆོས་ལུགས་དར་ཤུགས་ཆེ་བའི་དུས་སྐབས་ཀྱི་ཆོས་སྲིད་ལ་འབྲེལ་བའི་སྲིད་གཞུང་གི་ཡིག་ཆ་ཤ་སྟག་ཡིན་པས་བོན་ལུགས་ཀྱི་ལྟ་བ་འགོད་པའི་ཐབས་མེད་ལ་སྦ་བཞེད་ཀྱང་འདྲ་མིན་ཅི་རིགས་ཤིག་ཡོད་ཀྱང་ཕྱིས་སུ་བཅོས་བསྒྱུར་མཁན་པོའི་སྨྱུག་རྩེ་རེག་པ་ཤ་སྟག་ཡིན་པས་དཔྱད་གཞིར་རུང་ཡང་ཚད་མར་འཛིན་མི་རིགས་། དཔྱད་གཞི་འདི་རིགས་ཀྱི་ཁ་ཤས་ཁྲོད་ན་ཕ་གཤེན་རབ་མི་བོ་ཆེ་ཞེས་པའི་མཚན་དང་ཆོ་གའི་ཕྱག་ལེན་གྱི་གནས་ཚུལ་བཀོད་ཡོད་པ་ནི་བདེན་པ་ཤ་སྟག་ཡིན་ལ་འདི་ནི་གཤེན་རབ་མི་བོ་ཁོང་གིས་བོད་ཀྱི་རྒྱུའི་བོན་པོའི་ལྟ་ཚུལ་དང་ཆོ་གའི་ཕྱག་ལེན་སོགས་ལ་རྒྱུས་ལོན་དང་སློབ་སྦྱོང་མཛད་ནས་དེ་དག་གི་བསམ་བློ་བཅོས་བསྒྱུར་དང་རྒྱུའི་ཐེག་པའི་ཁོངས་སུ་བསྡུ་ཕྱིར་ཡིན་ལ་ཡིག་ཆ་འདི་དག་ཀྱང་དེའི་སྐབས་ཀྱི་གནས་ཚུལ་ཕྱིས་སུ་ངག་སྒྲོས་སུ་བཀོད་པ་ཤ་སྟག་ཡིན་ཤས་ཆེ་བས་དགོས་མེད་ཀྱི་དོགས་པ་བསྟེན་མི་དགོས་སོ།། སྟོན་པ་གཤེན་རབ་མི་བོས་བོད་ཀྱི་རྒྱུའི་བོན་པོ་ལ་སློབ་སྦྱོང་དང་དེ་དག་གི་ལྟ་ཚུལ་བསྒྱུར་བའི་གནས་ཚུལ་དྲན་པའི་ཞྭ་བཤད་དང་མཛད་མདོ་གཟེར་མིག་སོགས་ལ་མཇལ་ན་ཤེས་ཐུབ་ལ་རྒྱུའི་བོན་པོར་སློབ་སྦྱོང་བྱས་ན་རྒྱུ་བོན་གྱི་ཆོ་ག་ཁོ་ན་སྒྲུབ་པའི་བོན་པོར་འགྱུར་ན་མུ་སྟེགས་པའི་ལྟ་གྲུབ་ལ་སློབ་སྦྱོང་མཛད་མྱོང་བའི་སློབ་དཔོན་ཐོགས་མེད་ཀྱང་མུ་སྟེགས་པའི་བྱ་བྱེད་འབའ་ཞིག་སྒྲུབ་པའི་མུ་སྟེགས་པར་ཅིའི་ཕྱིར་མི་འགྱུར་བར་སོམས་ཤིག ཕ་གཤེན་རབ་མི་བོ་ཞེས་འབྱུང་བའི་ཕ་ནི་ཞེ་སའི་ཚིག་ཡིན་པར་གོ་སྟེ་ཕ་དམ་པ་དང་ཕ་རྒོད་བླ་མ་སོགས་དང་ཆ་འདྲ་ལ་ཕ་ཞེས་འབྱུང་དུས་འཇིག་རྟེན་གྱི་ཕ་རྒན་གོག་པོ་ཞིག་ཡིད་ལ་འཆར་བ་ནི་རང་གི་རྣམ་རྟོག་འཁྲིགས་པ་ཁོ་ནའོ།། ཕ་གཤེན་རབ་མི་བོ་ཆེ་ཞེས་འབྱུང་མི་ཆོག་པར་ངེས་པར་དུ་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་ཞེས་འབྱུང་དགོས་ན་ཤཱཀྱ་ཐུབ་པ་ཞེས་འབྱུང་མི་ཆོག་པར་སངས་རྒྱས་ཆོས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ཞེས་འབྱུང་དགོས་པར་ཐལ་བ་ནི་བཞད་གད་སློང་བའི་རྒྱུ་རུ་ངེས་སོ།། ངེས་པར་དུ་ཡིག་ཚངས་ཞིག་ལས་དེ་ལྟར་དུ་མ་བྱུང་བར་ཡིད་མི་ཆེས་ན་རྒྱལ་རབས་གསལ་མེ་དང་ རྒྱལ་རབས་གསེར་ཕྲེང་སོགས་ན་མང་དུ་བཀོད་ཡོད་པས་དེར་གཟིགས་རོགས་ཞུ་ལ་འདིར་མང་བོ་བྲི་བར་མི་འདོད་དོ།།
ཡང་འགྱན་སངས་ན་རེ། ཉི་ཟླ་རྒྱུ་སྐར་ལ་དད་མོས་བྱེད་ཚུལ་དང་སྲོག་ཆགས་བསད་ནས་མནའ་བོར་ཚུལ། བཙན་པོ་གནམ་ནས་བབ་རྗེས་ཕྱིར་གནམ་དུ་གཤེགས་ཚུལ་སོགས་སྲིད་པའི་བོན་ལ་གཏོགས་པའི་དད་མོས་ཀྱི་སྣང་ཚུལ་མང་པོ་དང༌། བོན་གྱི་ཁ་འཛིན་དུ་བཤད་པའི་བློན་པོ་ངན་ལམ་སྟག་ར་ཀླུ་གོང་ལ་དཀུ་རྒྱལ་གཙིགས་གནང་བའི་མདོ་སོགས་ཡོད་ཀྱང་གཡུང་དྲུང་གི་བོན་ཞེས་པའི་མིང་འདི་མཐོང་རྒྱུ་མེད་ཟེར། ལན། དོགས་པ་གཉིས་པ་འདིར་བརྗོད་སྙིང་གཙོ་བོ་གང་ཡིན་ཡང་གསལ་བོར་མི་སྣང་ཡང་ཚིག་གི་བབ་ལ་བརྟགས་ན་རྡོ་རིང་སོགས་ཡིག་རྙིང་དག་ན་སྲིད་པའི་བོན་གྱི་གནས་ཚུལ་བཀོད་ཡོད་ཀྱང་གཡུང་དྲུང་གི་བོན་ཞེས་པའི་མིང་ཙམ་ཡང་མཐོང་རྒྱུ་མེད་ཟེར་བ་འདྲ། གང་ལྟར་ཉི་ཟླ་གཟའ་སྐར་གྱི་དད་མོས་དང་སྲོག་ཆགས་བསད་ནས་མནའ་བོར་ཚུལ་གྱི་ཆབ་སྲིད་གནས་ཚུལ་སོགས་ཡུལ་ལུགས་སྣ་ཚོགས་ཆོས་ལུགས་དང་མཉམ་བསྲེས་བྱ་མི་རུང་བའི་གནད་དེ་ཉིད་རྟོགས་པར་བྱ་དགོས་ལ་ཡུལ་ལུགས་ཡོད་ཚད་ཆོས་ལུགས་སུ་སྨྲ་བའི་འདོད་པ་དེ་རེ་ཞིག་བཞག་ནས་ཞིབ་པར་དཔྱད་ན་གོ་རྒྱུ་ཆེན་པོ་ཡོད་སྙམ་སྟེ་འདིའི་སྐོར་དོགས་པ་ལྔ་བའི་སྐབས་སུ་འབྱུང་རྒྱུ་ཡིན་པས་བཞག་ལ་བོད་ཀྱི་མཛངས་བློན་སྟག་ར་ཀླུ་གོང་གི་བྱས་རྗེས་ལ་གཟེངས་སུ་བསྟོད་པའི་བཀའ་གཙིགས་རྡོ་རིང་འཛམ་གླིང་ལ་སྐད་གྲགས་ཆེ་བ་ཞིག་སྤྱི་ལོ་བདུན་བརྒྱ་རེ་གསུམ་ལོར་ལྷ་སའི་གཙུག་ལག་ཁང་གི་མདུན་ཕྱོགས་སུ་བཙུགས་ཡོད། དེའི་ནང་དོན་སྟག་ར་ཀླུ་གོང་གིས་བོད་དམག་ཁྲི་ཉི་ཤུ་དང་བཅས་རྒྱ་ནག་རྒྱལ་བོའི་ཕོ་བྲང་ཁྲང་ཨན་བཅོམ་པ་སོགས་ཆབ་སྲིད་ཀྱི་གནས་ཚུལ་ཤ་སྟག་ཡིན་པས་དེའི་ཐད་ནས་གཡུང་དྲུང་བོན་གྱི་ཆོས་ལུགས་ཀྱི་མིང་དང་གནས་ཚུལ་སོགས་སྐབས་དང་མ་འབྲེལ་བས་མདོ་དེར་རེ་ཞིག་དེའི་གནས་ཚུལ་མ་ཐོན་པ་ནི་གསལ་བོར་མཐོང་བས་རྒྱུས་ལོན་ན་ལོག་རྟོགས་རང་འགགས་སུ་འགྱུར་བས་མང་བོ་མི་སྨྲ།
འགྱན་སངས་ན་རེ། སྟོན་པ་གཤེན་རབ་མི་རིགས་གང་ལ་གཏོགས་པ་དང་ཡུལ་དུས་གང་དུ་འཁྲུངས་པ་ད་དུང་ཐག་ཆོད་མེད་པས་ཁོང་ཉིད་དངོས་སུ་བྱོན་མྱོང་བའི་ལོ་རྒྱུས་མི་སྣ་ཞིག་ཡིན་མིན་ལ་དོགས་གཞི་ཡོད་ཟེར། ལན། ལོ་རྒྱུས་ཀྱི་དུས་རིམ་མང་བོ་བརྒྱུད་མཐར་སྔར་བྱུང་ཐམས་ཅད་གཏམ་རྒྱུད་ཀྱི་འགྲོས་སུ་ཞུགས་ནས་བཤད་སྟངས་སྣ་ཚོགས་འབྱུང་བ་དང་ལ་ལ་ཉམས་བརྗེད་ཀྱི་གནས་སུ་འགྱུར་བ་ནི་ཆོས་  ཉིད་ཅིག་ཡིན་ཡང་རིགས་རུས་དང་ཡུལ་དུས་གང་འཁྲུངས་སོགས་ཐག་མ་ཆོད་ན་དངོས་སུ་བྱོན་མིན་ལ་དོགས་པ་ཡོད་ན་སངས་རྒྱས་འོད་སྲུང་སོགས་ཀྱང་དངོས་སུ་བྱོན་མིན་ལ་དོགས་པ་ཡོད་དགོས་ཏེ་རིགས་རུས་གང་འཁྲུངས་སོགས་ལ་ཐག་གཅོད་མེད་པའི་ཕྱིར་རོ།། བོད་ཀྱི་རྒྱལ་བོ་ཐོག་མ་གཉའ་ཁྲི་སོགས་ཀྱང་དེར་ཐལ་བས་བློ་ཞིབ་ཕྲས་དཔྱད་པ་བསྟེན་ནས་དོགས་པ་འགོད་རྒྱུ་ལས་དགོས་མེད་ཀྱི་དོགས་པ་སྣ་ ཚོགས་ཀྱིས་དྲ་ཕུད་བཟོས་ནས་རང་གཞན་གཉིས་ཀ་དོགས་པའི་དྲ་བར་བཙུད་ན་ཆེས་མི་ལེགས་སྙམ་ལ། ང་ཚོས་དོགས་པ་འགོད་པ་ནི་དོགས་པ་ཐག་གཅོད་པའི་ཕྱིར་དུ་ཡིན་པ་ཤེས་པར་གྱིས། ཡིན་ནའང་སྟོན་པ་གཤེན་རབ་ལོ་རྒྱུས་སྟེང་དངོས་སུ་བྱོན་མྱོང་བའི་མི་སྣ་ཞིག་ཡིན་པ་ཐུབ་བསྟན་པས་བྲིས་པའི་ལོ་རྒྱུས་ཡིག་ཚངས་སྣ་ཚོགས་ལས་ཀྱང་ཤེས་ཐུབ་པ་མ་ཟད་བོན་གྱི་ཡིག་ཚངས་དག་ན་དེ་ལས་ཀྱང་གསལ་བོར་ཡོད་དེ། དཔེར་ན་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་ན་ཁོང་གི་འཁྲུངས་ཡུལ་ནི་གངས་ཏི་སེའི་མདུན་མཚོ་མ་ཕམ་གྱི་འགྲམ། ཆུ་བོ་ཆེན་པོ་བཞིའི་འགོ་ཁུངས་སུ་འཁྲུངས་པ་ཞལ་མཐུན་པས་ས་སྐོར་དག་ལ་ཞིབ་རྒྱས་སུ་དཔྱད་ན་བོད་ཡུལ་ནས་འཁྲུངས་པ་ཐག་ཆོད་ཅིང་བོན་པོ་ཆགས་སྡང་ཅན་མང་པོས་སྟོན་པ་ཤཱཀྱ་ཐུབ་པ་ནང་བཞིན་རྒྱལ་ཁབ་གཞན་ཞིག་ནས་འཁྲུངས་པར་སྨྲ་བ་སོགས་དགོས་མེད་ཀྱི་ཅོལ་གཏམ་མང་དུ་སྣང་ཡང་དགོས་པ་ཆེར་མི་སྣང་ལ། སྟག་གཟིག་བོད་ཀྱི་མངའ་སྡེ་ཞིག་ཡིན་པ་ཡིག་ཚངས་ཁུངས་མ་དག་ལ་བརྟེན་ནས་སྒྲུབ་ཐུབ་ཀྱང་འདིར་སྐབས་བབས་མིན་པས་བཞག་ལ། སྟོན་པ་གཤེན་རབ་ཀྱི་འཁྲུངས་འདས་ལོ་ཚིགས་སོགས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འདོད་ཚུལ་སྣ་ཚོགས་ཡོད་ཀྱང་ཐུན་མོང་གི་ངོར་ལུང་རིག་དཔེ་གསུམ་གྱིས་སྒྲུབ་པ་རྫོགས་ཆེན་ནམ་མཁའ་ནོར་བུའི་གསུང་ལ་བལྟས་ན་གསལ་བོར་གོ་ཐུབ་ལ། འཁྲུངས་འདས་ལོ་ཚིགས་ལ་བཞེད་པ་སྣ་ཚོགས་ཡོད་པ་ནི་ལོ་རྒྱུས་སྨྲ་བའི་ཆོས་ཉིད་ཅིག་ཏེ་སྟོན་པ་བཅོམ་ལྡན་འདས་ཀྱི་འཁྲུངས་འདས་ལོ་ཚིགས་ལའང་གནས་བརྟན་སྡེ་བའི་ལུགས་སོགས་བཞེད་པ་མི་མཐུན་པ་ཤིན་ཏུ་མང་བ་དེ་བཞིན་ཡིན་ལ་འཁྲུངས་འདས་ལོ་ཚིགས་ལ་བཞེད་པ་སྣ་ཚོགས་ཡོད་ན་དངོས་སུ་བྱོན་མ་བྱོན་ལ་དོགས་པ་ཟ་བའི་ཁུར་དེ་ཉིད་རང་ཉིད་ངལ་བའི་རྒྱུ་རུ་ཟད་དོ།།
འགྱན་སངས་ན་རེ། སྟོན་པ་གཉིས་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པ། ཐ་མར་མངོན་པར་རྫོགས་པར་སངས་རྒྱས་པའི་བར་ལ་ཁྱད་པར་ཅི་ཡང་མེད་པར་སྨྲ། ལན། ཁྱད་པར་ཅི་ཡང་མེད་ཆོག་སྟེ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དགོངས་གཅིག་ཡིན་པའི་ཕྱིར། དཔེར་ན་ཆུ་སྣོད་དུ་ཟླ་བ་སྟོང་ཕྲག་ཤར་ཡང་མི་འགལ་བ་བཞིན་ནོ་ཞེས་སྨྲས་ན་ལན་ཅི་འདེབས། སྟོན་པ་གཤེན་རབ་སངས་རྒྱས་དང་སྟོན་པ་མ་ཡིན་པར་སྨྲའམ། སངས་རྒྱས་དང་སྟོན་པ་མ་ཡིན་པར་འདོད་ན་མ་ཡིན་པའི་སྒྲུབ་བྱེད་སྨྲོས་ཤིག་དང་ཉན་པར་སྤྲོའོ།། འགྲོ་འདྲེན་སྟོན་པ་ཐམས་ཅད་ཐུགས་རོ་གཅིག་པའི་སྒྲུབ་བྱེད་མང་དུ་སྨྲ་རྒྱུ་འདུག་ཀྱང་དངོས་པོ་གཙོ་ཆེ་བའི་ངོར་དངོས་སྨྲའི་ལུགས་བཞིན་བཤད་ན་བློ་ངོར་ཧ་ཅང་བདེ་བས་བཞག་ལ་གོང་ལྟར་དོགས་པ་ཟ་ན་གངས་ཅན་མཁས་པའི་ཁྱུ་མཆོག་རྣམས་ཀྱང་དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ་བ་ནས་བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བ། ཐ་མར་ཉིན་མཚན་ཀུན་དུ་ཉམས་སུ་བླངས་པའི་བར་ལ་ཁྱད་པར་ཅི་ཡང་མེད་པས་དོགས་པ་ཟ་བར་རིགས་སོ།། འདི་ལྟར་དོགས་པ་ཟ་བར་དགེ་མཚན་ཅང་མེད་དེ་དོགས་པ་མང་དུ་ཟ་བ་ལས་དོགས་གཅོད་ཀྱི་ཐབས་ལ་འབད་དུ་མེད་ལ་ཡོད་ཚད་རང་གི་བློ་ངོར་གང་ཤར་གྱིས་ཐག་གཅོད་ལ་འབད་ན་ནམ་ཞིག་དོགས་པའི་དྲ་བར་ཚུད་ནས་དོགས་ནད་ཀྱིས་འཆི་བར་ཡང་ཉེན་ཤིན་ཏུ་ནས་ཆེའོ།།
ཡང་འགྱན་སངས་ན་རེ། བོན་ལུགས་ལ་སྟོན་པ་གཤེན་རབ་སྤྱི་རྩིས་སྔོན་ལ་བྱོན་ནས་དམར་མཆོད་དང་སེམས་ཅན་གླུད་དུ་གཏོང་བ་སོགས་འཚེ་བ་ཆོས་སུ་སྨྲ་བའི་ལུགས་ཡང་དག་པར་བཅོས་ནས་སྲོག་བཅད་སྡིག་གསོག་ཏུ་མཐོང་བའི་ལས་དགེ་སྡིག་དང་བྱམས་སྙིང་རྗེའི་སྲོལ་བཏོད་པར་བཤད་པ་དང༌། ཏུན་ཧོང་གཏེར་ཡིག་ལས་འབྱུང་བའི་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་དཀོན་མཆོག་གསུམ་དང་འཕགས་པའི་  རྣམས་དང་ཉི་ཟླ་དང་གཟའ་སྐར་ལ་ཡང་དཔང་དུ་གསོལ་ཏེ། ཐ་ཚིག་གི་རྣམ་པས་ཀྱང་བཤད། སྲོག་ཆགས་བསད་དེ་མནའ་ཡང་བོར་ནས། གཙིགས་བཅས་སོ་ཞེས་བོན་ལུགས་སུ་བཤད་པའི་དམར་མཆོད་ཀྱི་ཆོ་ག་སྐབས་དེར་བོད་ན་ད་དུང་དར་ཡོད་ལུགས་གཉིས་འགལ་ཡོད་པར་ཟེར། ལན། བོན་གྱི་ཡི་གེ་རྙིང་བ་སྲིད་པ་སྤྱི་མདོས་སོགས་ལས་སྟོན་པ་གཤེན་རབ་མི་བོས་དམར་མཆོད་སོགས་བཅད་ནས་བཅོས་བསྒྱུར་བྱས་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས་ཡོད་པ་འགྱན་སངས་རང་ནས་བཤད་པས་དེའི་སྐོར་ཞིབ་པ་འདིར་མི་སྨྲ་ལ་དོགས་པ་འདིའི་ཁྲོད་དུ་དབོན་ཞང་མོལ་བའི་རྡོ་རིང་ལས་དམར་མཆོད་སྐོར་གྱི་ཚིག་དུམ་ཞིག་དྲངས་ནས་སྟོན་པ་གཤེན་རབ་ཀྱི་དགོངས་བ་དང་འགལ་བར་སྨྲ་ལ་ལུགས་སྲོལ་དེ་བོན་ལུགས་ཡིན་པར་ཞེ་ཐག་ཆོད་པས་སྨྲས་འདུག་ཀྱང་དེ་ནི་ཆབ་སྲིད་དང་འབྲེལ་བའི་ཡུལ་ལུགས་ཁྱད་པར་བ་ཞིག་ལས་བོན་ལུགས་ཤིག་མིན་པར་སེམས། རྒྱུ་མཚན་གང་ཡིན་ཞེ་ན་དེ་ནི་ཐུབ་བསྟན་དར་ཆེ་བའི་ཁྲི་གཙུག་ལྡེ་བཙན་གྱི་དུས་སྐབས་ཡིན་པ་དང་གཅིག དཀོན་མཆོག་གསུམ་དང་འཕགས་པའི་ལྷ་རྣམས་མནའི་དཔང་དུ་བཀོད་པ་དང་གཉིས། ཆབ་སྲིད་དང་འབྲེལ་བའི་ཡིག་ཆ་གཞན་ཞིག་ན་དམར་མཆོད་དང་འབྲེལ་བའི་ཆོ་ག་ལས་བན་དེ་ཞེས་མིང་དངོས་བྱུང་བ་དང་གསུམ་གྱི་ཆ་ནས་དེ་དག་བོན་ལུགས་ཀྱི་དམར་མཆོད་མ་ཡིན་པར་ཡུལ་ལུགས་ཤིག་ཡིན་པར་སྒྲུབ་ཐུབ་པ་བཅས་སོ།། སྟོན་པ་ཤཱཀྱ་ཐུབ་པ་ཞལ་བཞུགས་པའི་དུས་སམ་དེའི་ཕྱིས་སུའང་བྱམས་སྙིང་རྗེ་ཡི་རྣམ་གཞག་སོགས་གསལ་བོར་གསུངས་ཡོད་ཀྱང་ཡུལ་ལུགས་ཀྱི་དམར་མཆོད་སོགས་གང་སར་སྣང་ཡང་དེ་དག་སྟོན་པའི་གསུང་དུ་སྒྲུབ་མི་ནུས་ལ་སྟོན་པའི་བསྟན་པ་དར་ན་དེ་དག་རྩ་བ་ཉིད་ནས་འཇོམས་དགོས་པའི་ངེས་པའང་མེད་པ་དེ་བཞིན་ནོ།། འགྱན་སངས་ནས་བོད་བཙན་པོའི་དུས་སྐབས་ཀྱི་རྡོ་རིང་སོགས་ཀྱང་ཏུན་ཧོང་གཏེར་ཡིག་གི་ཁུངས་སུ་བསྡུ་ཡང་དེ་ནི་འཁྲུལ་བ་ཤ་སྟག་སྟེ་ཏུན་ཧོང་གཏེར་ཡིག་ནི་ཀན་སུའུ་ཏུན་ཧོང་བྲག་ཕུག་ནས་ཐོན་པའི་གནའ་བོའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ཡི་གེ་དེ་དག་ལ་བྱ་རྒྱུ་ལས་ལྷ་སའི་གཙུག་ལག་ཁང་སོགས་ཀྱི་མདུན་ངོས་སུ་བཙུགས་པའི་རྡོ་རིང་སོགས་དེའི་ཁུངས་སུ་བསྡུ་བར་མི་ནུས་ལ་དཔྱད་རྩོམ་འདིར་ཡང་དབོན་ཞང་མོལ་བའི་རྡོ་རིང་གི་ཚིག་དུམ་དེ་ཡང་ཏུན་ཧོང་གཏེར་ཡིག་ཏུ་འཁྲུལ་བ་ལ་ཕྱིས་སུ་ཐུགས་མཉམ་འཇོག་དགོས་པར་སྣང་ངོ་།། སྲིད་པའི་ཡུལ་ལུགས་དང་སྲིད་པའི་བོན་ལུགས་ལ་འབྲེལ་བ་ཡོད་པ་སྨྲ་མི་དགོས་ཀྱང་སྲིད་པའི་ཡུལ་ལུགས་ཡིན་ན་སྲིད་པའི་བོན་ལུགས་ཡིན་མི་དགོས་པ་ནི་དཔྱད་པའི་གནས་ཡིན་ལ་དེ་བཞིན་རྡོ་རིང་སོགས་ཀྱི་ངོས་ལ་བཀོད་པའི་ཆབ་སྲིད་དང་འབྲེལ་བའི་ཡུལ་ལུགས་ཀྱི་དམར་མཆོད་འདི་ཆོས་ལུགས་ཀྱི་དམར་མཆོད་དུ་སྒྲུབ་ན་ཐུབ་བསྟན་པའི་དམར་མཆོད་ཁོ་ནར་ངེས་པས་རང་གི་དོགས་པར་རང་ཉིད་ཀྱང་ཡིད་མི་ཆེས་པའི་གནས་སུ་གྱར་རོ།། ཡང་འགྱན་སངས་ན་རེ། ལྷག་པར་དུ་གཡུང་དྲུང་བོན་གྱི་ལྟ་སྒོམ་སྤྱོད་འབྲས་རྣམས་ཐུབ་བསྟན་དང་འདྲ་ཞིང་གཉིས་ཀས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་ཁས་ལེན་པའི་ཆ་ནས་ནང་བ་སངས་རྒྱས་པ་ཡིན་པར་འདོད་པ་འདྲ་བ་བཅས་ལ་བརྟག་ན།གཡུང་དྲུང་གི་བོན་འདི་སྟོན་པ་གཤེན་རབ་ཀྱིས་བསྟན་པར་བཤད་པ་ཐེ་ཚོམ་གྱི་གནས་སོ་ཟེར། ལན། གཡུང་དྲུང་བོན་དང་ཐུབ་བསྟན་གྱི་ལྟ་སྒོམ་སྤྱོད་གསུམ་དང་གཞི་ལམ་འབྲས་གསུམ་སོགས་ཀུ་ཤའི་རྩེ་ལྟར་མ་འདྲེས་པར་ཡོངས་སུ་འདྲ་མིན་ལ་དཔྱད་དགོས་ན་མ་མཐའ་ཡང་གཞུང་ཆེན་མོ་བརྒྱ་ཕྲག་དུ་མར་གོ་བ་ངེས་ཅན་དང་དཔྱད་བསྡུར་ཟབ་མོ་ཡོད་དགོས་པ་ནི་སྨྲ་མི་དགོས་ལ་ཚིག་ཟུར་ཁ་ཤས་དང་ནང་དོན་འདྲ་བ་ཁ་ཤས་བསྡུར་ནས་ལྟ་སྒོམ་སྤྱོད་གསུམ་དང་གཞི་ལམ་འབྲས་གསུམ་སོགས་འདྲ་བར་སྨྲ་མི་ནུས་ལ་གྲུབ་མཐའ་ཆེ་ཁག་འདི་གཉིས་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྩལ་སྤྲུག་བྱས་ནས་འདོན་རྒྱུ་ཡོད་ངེས་སོ།། བན་བོན་གང་ཡིན་ཀྱང་སངས་རྒྱས་ཆོས་ལུགས་ཡིན་པ་ནི་མཁས་མཆོག་བོན་བརྒྱའི་དཔྱད་རྩོམ་ན་གསལ་བོར་སྒྲུབ་ཡོད་ལ་དེའི་རྒྱུ་མཚན་གྱིས་འདྲ་བའི་ཆའང་མང་བ་ནི་དཔྱད་པའི་གནས་ཏེ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དང་རྒྱ་ནག་གི་སངས་རྒྱས་ཆོས་ལུགས། དེ་བཞིན་བོད་ཀྱི་སངས་རྒྱས་ཆོས་ལུགས་སོགས་སངས་རྒྱས་ཆོས་ལུགས་གང་ཡིན་ཀྱང་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་པ་མེད་པའི་ཆ་ནས་འདྲ་ལ་ཡོད་ཚད་ནང་བ་སངས་རྒྱས་པའི་ཆོས་ལུགས་ཡིན་པའི་ཆ་ནས་ཀྱང་འདྲ་བ་ཡིན་ནོ།། བོན་པོས་ཀྱང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པས་ནང་བ་ཡིན་ལ་སྟག་ཚང་སོགས་མཁས་པ་ཆེན་པོ་དག་གིས་ཀྱང་ནང་བ་ཡིན་པར་ཞལ་གྱིས་བཞེས་ཤིང་མིན་ཕྱོགས་སྒྲུབ་པའི་ཆའང་མཐོང་རྒྱུ་ཡོད་མོད། དེ་དག་གི་དགོངས་པ་བཞེས་ཕྱོགས་ནི་སྲིད་པའི་བོན་པོ་དང་བཅས་པའི་བོན་པོ་ཡོད་ཚད་ལ་དགོངས་པ་ཤས་ཆེ་བར་སྣང་བས་དེ་ནི་སྲིད་པའི་བོན་དང་གཡུང་དྲུང་བོན་གཉིས་སུ་ཕྱེ་བའི་ཕྱི་མའི་སྐབས་ཁོ་ནར་དམིགས་མེད་པར་སྣང་བས་འདིའི་སྐབས་སུ་ངེས་པར་དུ་ཞིབ་ཆ་ཕྱེ་དགོས་པར་སྣང་ངོ་།། བོན་དང་ཆོས་ཞེས་དབྱེ་བ་ག་ལ་ཡོད་ཅེས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསུངས་པ་ལྟར་མཐའ་ཕུག་བོད་ཡུལ་ཕུང་བའི་གཞི་རུ་འགྲོ་བའི་ཕྲག་དོག་ཅན་གྱི་རྩོད་པ་འདི་རང་སར་འཇོག་རྒྱུ་ལས་ཡིན་མིན་གསལ་ཁ་བཏོད་ནས་ཞིབ་པར་ཞུ་བར་མི་སྤྲོའོ།།

 བན་ཤུལ་དཔལ་མཁར་རྒྱལ། ནོར་ཝེའི་རྒྱལ་སྤྱིའི་བོན་པོའི་རིག་གཞུང་ཞིབ་འཇུག་ལྷན་ཚོགས་ཀྱི་ཞིབ་འཇུག་པ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་བོན་པོའི་རིག་གཞུང་གི་རབ་འབྱམས་ཞིབ་འཇུག་སློབ་མ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།