ཁྱུང་མོ་དགོན་པའི་མཚན་དོན་དང་དེའི་ཁྱད་པར་ལ་དཔྱད་པ།

ཁྱུང་མོ་དགོན་པའི་མཚན་དོན་དང་དེའི་ཁྱད་པར་འགའ་ཞིག་ལ་ཞིབ་མོར་དཔྱད་པ།
མར་ནང་ཚང་གཡུང་དྲུང་བསྟན་འཛིན།

དེ་ཡང་མདོ་སྨད་བྱང་རྒྱུད་ཀྱི་བསྟན་པའི་རྩ་ལག་ཆེན་མོ་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་༡ཞེས་པའི་དགོན་པ་འདིའི་མིང་ལ་ཐོག་མར་ཁྱུང་མོ་དགོན་ཞེས་འབྲི་འབོད་བགྱི་བཞིན་ཡོད་པ་ལྟར། ཁྱུང་མོ་ཞེས་པའི་ཐ་སྙད་འདི་རིགས་རུས་ཀྱི་མིང་ལས་དྲས་ཏེ་ཡུལ་ལ་བཏགས་པའམ། ཡང་ན་ཡུལ་གྱི་མིང་ལས་དྲས་ཏེ་རིགས་རུས་ལ་བཏགས་པ་གང་ཡིན་གསལ་ཐག་ཆོད་པའི་ཡིག་ཆ་ཞིག་དེ་སྔ་ཁོ་བོའི་ལག་ཏུ་མ་རྙེད་སྟབས། འདིར་ཡང་ཁ་གསལ་གྱི་བདེན་བློ་རྙེད་ཐུབ་པའི་གཏན་ཚིགས་ཡང་དག་པ་ཞིག་འགོད་རྒྱུ་དེ་བདག་ལྟ་བུའི་རིག་གནས་ཀྱི་ཆུ་ཚད་ཉུང་ཞིང་ལོ་རྒྱུས་ལ་ཉམས་མྱོང་དང་རྒྱུས་མངའ་མེད་པ་ཞིག་གིས་ཧ་ཅང་ཁག་པོ་འདུག་མོད། ཡིན་ནའང་འདིར་དཔྱད་གཞིའི་ལོ་རྒྱུས་ཀྱི་ཡིག་ཆ་འགའ་ལས་རིགས་འགྲེ་ཏེ། དཔེ་མཚུངས་ཙམ་དུ་རིག་པས་དཔྱད་པ་ཅུང་ཞིབ་མོ་ཞིག་བྱུང་ན་བསམ།

དང་པོ། ཁྱུང་མོ་ཞེས་པའི་མཚན་ཟུར་གྱི་ཁྱུང་གི་གོ་དོན་ལ་དཔྱད་པ། 
སྤྱིར་ཁྱུང་ཞེས་པ་འདབ་ཆགས་ཁྱུང་དང་རུས་ཁྱུང་གཉིས་སུ་གོ་རྒྱུ་ཡོད་སྟེ། མཁས་དབང་ནམ་མཁའི་ནོར་བུའི་《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》ལས། ཞང་ཞུང་གི་མི་རྒྱུད་དེ་དག་གཙོ་ཆེར་ཁྱུང་གི་རུས་ཆེན་ལས་གྱེས་པ་ཡིན་སྟབས། ཡུལ་ལའང་ཁྱུང་སྟེ། ཞང་ཞུང་གི་སྐད་དུ་ཞུང་ཞེས་པའི་ཐ་སྙད་འདི་བྱུང་ཡོད་པ་ནི་གོར་མ་ཆག༢ ཅེས་དང༌། དེ་བཞིན་འཇར་མེ་ནིར་བཞུགས་པའི་ཞང་ཞུང་གི་སྐོར་ལ་དམིགས་བསལ་གྱི་ཞིབ་འཇུག་པ་ཆེན་མོ་བྲག་དཀར་དགེ་བཤེས་རྣམ་རྒྱལ་ཉི་མས་ཉེ་བའི་ལོ་ཤས་སྔོན་དུ་བཏོན་པའི་《ཞང་བོད་དབྱིན་གསུམ་གྱི་ཚིག་མཛོད་ཆེན་མོ་》སྟེ་《Zhangzhung-Tibetan-English Contextual Dictionary》ཞེས་པ་ལས། འདིར་ཞུང་གི་སྐད་དོད་དུ་གྱུར་པའི་ཁྱུང་གི་འཇུག་གཞིར་འདབ་ཆགས་ཁྱུང་དང་རུས་རྒྱུད་ཁྱུང་གཉིས་ཀར་བདོག་པར་སྣང་སྟེ། ཞང་སྐད་དུ་ཞུང་ཁྱུང་དང༌། ཏིང་ཞུང་ཁྱུང་སྔོན་དང༌། ཞུང་ཞག་ཁྱུང་ནག་ལ་གོ་བར་འདུག ཨི་ཏ་ལིའི་མཁས་པ་Giuseppe Tucciམཆོག་ནས་སྟོད་ཞང་ཞུང་ཁྱུང་ལུང་ལ་la valle del Garudaཞེས་འདབ་ཆགས་ཁྱུང་རང་དུ་སྒྲ་བསྒྱུར་མཛད་འདུགTucci 1937: 131, footnote no. 1 དེ་རྗེས་འཇར་མན་གྱི་མཁས་པ་Helmut Hoffmannམཆོག་ནས་ཀྱང་མུ་མཐུད་ཞང་ཞུང་སྟོད་ཀྱི་མཁར་ཆེན་ལྔའི་ནང་ནས་དབུས་ཁྱུང་ལུང་དངུལ་མཁར་ལ་The Silver Castle of the Garuda Valleyཞེས་དེ་བཞིན་སྒྲ་བསྒྱུར་བྱས་ཡོད་པར་སྣང༌།Hoffmann 1967: 377,10 ཡིན་ཡང་འདིར་ཞུང་ཞེས་པའི་ཚིག་གཅིག་ལ་གོ་དོན་མི་འདྲ་བ་གཉིས་ཡོད་ནའང༌། གཙོ་ཆེར་རུས་རྒྱུད་དང་འབྲེལ་ནས་བཤད་དགོས་པ་གལ་ཆེར་མཐོང་སྟེ།༣ ཞེས་གསུངས་པ་བཞིན། ཁྱུང་གི་གོ་དོན་གཙོ་བོ་རུས་རྒྱུད་ལ་གོ་དགོས་པའི་རང་གཞན་གཉིས་ཀའི་ལུང་གི་དགོངས་དོན་གཅིག་མཐུན་ཡིན་ཚུལ་གྱི་སྒྲུབ་བྱེད་ཀྱང་མང་དུ་བཀོད་༤དེ་ཁྱུང་ཞེས་པ་རུས་རྒྱུད་དང་འབྲེལ་ན་ཧ་ཅང་གི་དགེ་མཚན་ལྡན་པར་གསུངས་པ་ངེས་དོན་དང་ལྡན་པར་སྙམ།
རྒྱུན་ལྡན་གྱི་བཤད་ཚུལ་ཞིག་ལ་ཡང་མཁས་པ་དག་གིས་བོད་རང་གི་ཕ་ནོར་རིག་གཞུང་དག་གི་འབྱུང་ཁུངས་ཞང་ཞུང་གི་ལོ་རྒྱུས་འཆད་སྐབས་ཞང་ཞུང་ཞེས་པ་ནི་ཞང་སྐད་སྟེ། བོད་སྐད་ཀྱི་གོ་དོན་ལ་ཞང་ཞེས་པ་ཡུལ་དང༌། ཞུང་ཞེས་པ་བྱ་རྒྱལ་ཁྱུང་གི་དོན་ཡིན། བོད་སྐད་རང་དུ་གཏན་འབེབས་བྱས་ན་བྱ་རྒྱལ་ཁྱུང་ཡུལ་ལམ་བྱ་རྒྱལ་ཁྱུང་གི་ལུང་པ་ཞེས་འགྲེལ་བཤད་གནང་བཞིན་ཡོད་མོད། འོན་ཀྱང༌། བྲག་དཀར་པས་ཞུང་ཞེས་པ་འདབ་ཆགས་ཁྱུང་གཅིག་པུ་ལ་འགྲེལ་ན་མི་འཐད་པར་རུས་རྒྱུད་དང་འགྲེལ་ནས་བཤད་ན་དགོས་པ་གལ་ཆེན་མཐོང་ཚུལ་གསུངས་པ་དེ་ཧ་ཅང་གི་འདྲ་ཆགས་པོ་འདུག་སྙམ།
སྤྱིར་དམ་པ་ཁྱུང་གི་གདུང་རབས་འཆད་སྐབས་སུ་ཡང་སྔོན་འཛམ་གླིང་གི་ལྷ་ཁྲི་ཤེལ་དཀར་པོའི་ཐུགས་ལས་གསས་ཆེན་རིགས་ལྔ་མཁའ་འགྱིང་དང་དྲུག་གི་སྤྲུལ་པ་རྟག་གཟིགས་འོལ་མོའི་གླིང་དུ་གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་༥བྱོན། དེའི་ནང་ནས་མཁའ་འགྱིང་གཉན་ལས་གཉན་ཆེ་ཁྱུང་རུམ་རྒྱལ་བ་དང༌། དེའི་སྲས་གཉན་རྗེ་འོད་གསལ་འོད་ལྡན་སོགས་རིམ་བཞིན་བྱོན་ཏེ་ཚེ་ལོ་བརྒྱ་པའི་ཚེ་དམིགས་སུ་ཀུན་བཟང་རིག་སྣང་རྒྱལ་པོས་རྫུ་འཕྲུལ་གྱི་མཐུ་དང་རྩལ་ལ་བརྟེན་ནས་འགྲོ་བ་སེམས་ཅན་གྱི་དོན་དུ་ཁྱུང་གསུམ་ལ་སྤྲུལ་ཏེ་ཞང་ཞུང་ཁ་ཡུག་གི་ཡུལ་དུ་བབས་ནས་ཁྱུང་སྒོང་དཀར་ནག་སེར་ཁྲ་བཞི་བརྡོལ་བའི་སྦུབས་སུ་ཁྱེའུ་མཚན་དང་ལྡན་པ་གཅེན་གཅུང་བཞི་བྱུང་བའི་མཚན་ལ། ཆེ་བ་ཁྱུང་དཀར་ཐོག་ལ་འབར། འབྲིང་བ་ཁྱུང་སེར་ལྷ་ཁྱུང་དང༌། ཁྱུང་འཕགས་ཁྲ་བོ། ཆུང་བ་མུ་ཁྱུང་རྒྱན་བཅས་ཀྱིས་ཞང་ཞུང་ལ་མངའ་དབང་མཛད་དེ་གདུང་རྒྱུད་ཀྱི་བསྟན་པ་རྒྱ་ཆེར་སྤེལ། དེ་ལས་ཆེ་བ་ཁྱུང་དཀར་ཐོག་ལ་འབར་གྱི་རྒྱུད་པ་ཞང་ཞུང་ནས་སུམ་པ་གླང་གི་གྱིམ་ཤོད་སྟོད་སྨད་དུ་གྲོལ་ཏེ་བར་དུ་ཁྱུང་པོ་དཀར་ནག་སེར་གསུམ་གྱི་མི་རྒྱུད་འདི་གྲོལ་ཚུལ་བཤད་༦པ་བཞིན། ཞུང་ཞེས་པ་འདི་སྐབས་སུ་རུས་རྒྱུད་ཁྱུང་ལ་གོ་དགོས་པ་གལ་ཆེན་ཞིག་ཏུ་མཐོང་བས། བོད་སྐད་དུའང་ཆེས་ཐུན་མོང་མ་ཡིན་པའི་རུས་རྒྱུད་ཁྱུང་ཞེས་པ་ཞང་ཞུང་གི་རུས་རྒྱུད་ཅིག་ཡིན་པར་ཤེས་ཐུབ་པར་སེམས།
ད་དུང་ལྷ་ཡི་མཚན་དང་འབྲེལ་བའི་ཁྱུང་ཞེས་པ་དང༌། མི་ཡི་མིང་དང་འབྲེལ་བའི་ཁྱུང་ཞེས་པ་སོགས་མང་དུ་ཡོད་མོད་ཀྱང༌། འདི་དག་ཚང་མ་རུས་རྒྱུད་དང་འབྲེལ་བའི་ངེས་པ་མེད་སྟེ། དཔེར་ན། ཡེ་གཤེན་ཁྱུང་གི་རུ་མཚོན་ཅན་ཞེས་པ་དང༌། ལྷ་དིང་ཁྱུང་དཀར་པོ། གཉན་ཆེན་ཁྱུང་རུམ་རྒྱལ་བ། རྒྱལ་པོ་བྱ་རུ་ཁྱུང་རུ་ཅན་དབུ་ལ་བྱ་རུ་ཁྱུང་རུ་བཙུགས་ཞེས་པ་ལྟ་བུའང་ཡོད།
རུས་རྒྱུད་དང་འབྲེལ་ནས་ཡོད་པ་ཁྱུང་དཀར་ཐོག་ལ་འབར་དང༌། ཁྱུང་སེར་ལྷ་ཁྱུང༌། ཁྱུང་འཕགས་ཁྲ་བོ། ཁྱུང་ནག་མུ་ཁྱུང་རྒྱན།༧ ཁྱུང་པོ་སྟག་སྒྲ་དོན་གཙུགཁྱུང་རྒྱལ་སྟག་ལས་སྐྱེས་པ།༨ ཁྱུང་པོ་ར་སངས་ཁྲི་ནེ་ཁོད། ཁྱུང་པོ་ར་སངས་ཁོད་རམ། ཁྱུང་པོ་གྱེར་ཆེན་ཟླ་མེད། ཞང་རྒྱལ་གྱི་བློན་པོ་ཁྱུང་པོ་ར་སངས་ཀླུ་རྒྱལ། ཁྱུང་དབུས་རིན་ཆེན།༩ སྲོང་བཙན་གྱི་བློན་པོ་ཁྱུང་པོ་སྤུངས་སད་ཟུ་ཙེ། ཁྱུང་བྱིད་མུ་ཐུར།༡༠ ཁྱུང་སྒོམ་ནག་འབལ། ཁྱུང་འཕགས་སེ་བོ། ཁྱུང་པོ་རས་པ། ཁྱུང་སྒོམ་ཇོ་གཡུང༌། ཁྱུང་སྟོན་གཡང་ཁུད།༡༡ ཁྱུང་པོ་རྣལ་འབྱོར་པ་༡༢དང་བཅས་པ་ནི་རུས་རྒྱུད་ཁྱུང་དང་འབྲེལ་བ་ཡོད་པ་ཡིན་པས་མཚན་ཟུར་ལ་ཡང་ཁྱུང་ཞེས་སྦྱར་བ་ཡིན་པར་གནའ་དེང་གི་ལོ་རྒྱུས་ཡིག་ཆ་དག་ལ་གཟིགས་ན་རྟོགས་ནུས་སོ།།
དེས་ན་འདིར་གླེང་བྱའི་གཙོ་བོ་ཡང་གོང་གི་རྒྱུ་མཚན་དེ་དག་ལ་བརྟེན་ནས་ཁྱུང་མོ་དགོན་ཞེས་པའི་མཚན་ཟུར་གྱི་ཁྱུང་ཞེས་པ་ཡང་ཁྱུང་གི་རུས་རྒྱུད་དང་འབྲེལ་བ་ཟབ་མོ་ཞིག་ཡོད་པར་ཐག་གིས་ཆོད་སྟེ། དགོན་འདི་ཕྱག་འདེབས་མཁན་གྱི་སྟོན་པ་ཡེ་ཤེས་རྒྱལ་མཚན་མཆོག་གི་འཁྲུངས་ཡུལ་ནི་བོད་ཡུལ་ཧོར་སོག་སྡེ་མ་ཞེས་པའི་ལུང་པ་དེ་ཡིན་པས། ཕལ་ཆེར་ཁོང་གི་རུས་རྒྱུད་ཀྱང་ཁྱུང་ཡིན་པ་དང༌། རྒྱུ་མཚན་ཡང་ནག་ཆུ་ས་ཁུལ་ཧོར་སོག་སྡེ་མ་ཞེས་པར་སྔར་བོན་བསྟན་རྒྱ་ཆེར་དར་ཏེ་མི་རྣམས་སྔོན་ཁྱུང་དཀར་ཐོག་ལ་འབར་གྱི་རུས་རྒྱུད་ཡིན་པ་༡༣དང༌། དེ་བཞིན་འདིར་སྟོན་པ་ཁོང་གི་རུས་རྒྱུད་ཀྱང་ཁྱུང་ཡིན་པས་དགོན་པའི་མཚན་ཟུར་གྱི་ཁྱུང་ཞེས་པ་དེ་ཡང་རུས་མཚན་ལས་དྲངས་ཏེ། དེ་ལྟར་དུ་བཏགས་པ་རེད་ཅེས་འདིར་སྤོབས་པ་ཅུང་བསྐྱེད་དེ་བཤད་ན་འགལ་བ་ཆེར་མི་འབྱུང་པར་སེམས་སོ། །
ད་དུང་ཡང་བོད་དུ་《གདུང་རུས་ཞིབ་འཇུག་》ཅེས་པའི་དཔེ་དེབ་ཅིག་ཏུ་བྱབྱཁྱུང་མོ་སྟོབས་ལྡན་དབང་ཕྱུག་མཆོག་གི་རུས་ཁྱུང་མོ་ཡིན། 《བོད་རྒྱ་ཚིག་མཛོད་ཆེན་མོ།》 ཤོག་ངོས་༢༦༦ན། བྱཁྱུང༌། སྔར་བོད་ཀྱི་ཡབ་འབངས་རུས་དྲུག་གི་གྲས་ཤིག་བྱཡིན་འགྲེལ་འདུག བོད་ཀྱི་རུས་རྙིང་ཞིག་ཡིན།༡༤ ཞེས་པ་ཞིག་ཀྱང་འདུག་མོད། འོན་ཀྱང༌། ཁྱུང་མོ་སྟོབས་ལྡན་དབང་ཕྱུག་མཆོག་གི་རུས་ཁྱུང་མོ་ཡིན། ཞེས་པ་འདི་ནི་གོ་རྒྱུ་མེད་པའི་རྨོངས་གཏམ་དུ་ཟད་སྟེ། གཞན་ཡང་རུས་དེབ་དེ་ཉིད་ལས། སྨན་རི་བསྟན་འཛིན་རྣམ་དག་གི་རུས་སྨན་རི་ཡིན། ཞེས་པ་དང་གཅིག་མཚུངས་སུ་སེམས། ཁྱུང་ཞེས་པ་དེ་བོད་ཀྱི་རུས་རྙིང་ཞིག་ཡིན་ཞེས་གསུངས་པ་ནི་ཁོ་བོ་ལ་དཔྱད་གཞི་ཞིག་གི་གྲོས་འགོ་ཙམ་བཏོན་འདུག་པས་རྩོམ་པ་པོ་ཁོང་ལ་བདེན་དོན་གྱི་རྒྱུ་མཚན་གསལ་པོ་ཞིག་ཡོད་ངེས་པར་སེམས་ལ། འདིར་ཁོ་བོས་བཤད་པའི་རིགས་པ་དང་ཡང་ཅུང་མཐུན་པར་སེམས་ཏེ་དྲངས་པ་ཡིན།

གཉིས་པ། ཁྱུང་མོ་ཞེས་པའི་མཚན་ཟུར་གྱི་མོ་ཡི་གོ་དོན་དང་འབྲེལ་ཏེ་དཔྱད་པ།

ཁྱུང་མོ་ཞེས་པའི་མཚན་ཟུར་གྱི་མོ་ཞེས་པ་འདི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་གི་བདག་སྒྲ་མོ་ཡིག་ཅེས་པ་དེ་ཡིན་ཏེ། པ་བ་མ་དང་པུ་བུ་འུ་གསུམ་དང༌། །པོ་བོ་མོ་དང་དགུ།༡༥ ཞེས་པའི་སྐབས་བསྟན་གྱི་མོ་ཞེས་པའི་བདག་སྒྲ་དེ་ཡིན་པའི་ཕྱིར། དོན་དུ་རུས་རྒྱུད་ཁྱུང་ཅན་ལ་རིམ་པ་བཞིན་དུ་གོང་གི་པོ་བོ་མོ་གསུམ་གྱི་བདག་སྒྲ་སྦྱར་ཏེ། ཁྱུང་པོ་དང༌། ཁྱུང་བོ། ཁྱུང་མོ་ཞེས་བྱུང་ཡོད་པ་ལས། འདིར་ཁྱུང་མོ་དགོན་པའི་མཚན་ཟུར་གྱི་ཁྱུང་མོ་ཞེས་པ་འདི་ཡང་རུས་རྒྱུད་ཁྱུང་ཅན་ལ་བདག་སྒྲ་མོ་སྦྱར་བས་ཁྱུང་མོ་ཞེས་གྲུབ་པ་དང༌། རྒྱུ་མཚན་དེའི་ཕྱིར་རུས་རྒྱུད་ཁྱུང་མོ་ཞེས་པ་འདི་ལས་དྲངས་ཏེ་བཏགས་པར་ཀུན་ནས་མཐུན་པར་སེམས་སོ། །
གཞན་ཞིག་ཏུ་ཡང་ཁྱུང་མོ་ཞེས་པའི་མཚན་ཟུར་གྱི་མོ་ཞེས་པ་ཕོ་མོ་གཉིས་སུ་དབྱེ་བའི་མོ་ཙམ་ལ་གོ་ནས་འབྲེལ་སྟངས་ཤིག་ཀྱང་ཡོད་པར་སེམས་ཏེ། དེ་ནི་དོན་དུ་རུས་རྒྱུད་ཁྱུང་ཡིན་པ་ལ་ཕོ་ཞིག་དང༌། རུས་རྒྱུད་ཁྱུང་ཡིན་པ་ལ་མོ་ཡིན་པ་ཞིག་བཅས་རིགས་གཉིས་སུ་ཡོད་པས། རྒྱུ་མཚན་དེའི་ཕྱིར་ན། རུས་རྒྱུད་ཁྱུང་ཕོ་ལས་གྲོལ་བའི་རིགས་ལ་ཁྱུང་ཕོ་༡༦ཞེས་ཟེར། དེ་ནས་རིམ་བཞིན་དུ་འགྱུར་ཏེ་ཁྱུང་པོ་ཞེས་འབྲི་འབོད་བྱེད་བཞིན་ཡོད་པ་ལྟར་ཡིན་ཡང་སྙམ། རུས་རྒྱུད་ཁྱུང་མོ་ལས་གྲོལ་བའི་རིགས་ལ་ཁྱུང་མོ་ཞེས་འབོད་སྲོལ་ཡོད་པ་ལྟར། འདིར་ཁྱུང་མོ་ཞེས་པ་ཡང་རུས་རྒྱུད་ཁྱུང་མོ་ཡིན་པ་ལས་གྲོལ་བའི་རིགས་ཤིག་ཀྱང་ཡིན་པར་སེམས་ཏེ། སྤྱིར་སྲས་མཚན་གྱི་རུས་ཡབ་དང་མཐུན་པར་བྱེད་མོད་ཀྱང༌། སྔོན་བཙན་པོའི་སྐབས་ཤིག་ཏུ་མ་རྒྱུད་ཅེས་པ་ལས་ཕ་རུས་གཙོར་མི་འཛིན་པའི་དུས་རབས་ཤིག་ཀྱང་བྱུང་བར་མངོན།༡༧ དཔེར་ན། གནམ་གྱི་ཁྲི་བདུན་གྱི་རིང་ཡུམ་སྲས་མཚན་འབྲེལ་གྱི་སྲོལ་རྒྱུན་ཞིག་ཀྱང་འདུག་སྟེ། སྲས་ཀྱི་མཚན་དུ་སྒྲའམ་ཡིག་འབྲུ་གཅིག་ཡུམ་གྱི་མཚན་ལས་ཐད་ཀར་བླངས་ནས་བཏགས་ཡོད་སྟེ། དམུ་བཟའ་གཉའ་མཐིང་མའི་སྲས་ཀྱི་མཚན་ལ་གཉའ་ཁྲི་བཙད་པོ་༡༨དང༌། གནམ་མུག་མུག་གམ་ཡུམ་མུ་ཆོ་བཟའ་ཡི་སྲས་ལ་མུ་ཁྲི་བཙད་པོ། ས་དིང་དིང་གི་སྲས་ལ་དིང་ཁྲི་བཙད་པོ། སོ་ཐམ་ཐམ་གྱི་སྲས་ལ་སོ་ཁྲི་བཙད་པོ། དོག་མེར་མེར་གྱི་སྲས་ལ་མེར་ཁྲི་བཙད་པོ། གདགས་ལྷ་དཀར་མོའི་སྲས་ལ་གདགས་ཁྲི་བཙད་པོ། སྲིབ་ཀྱི་ལྷ་མོ་དཀར་མོའི་སྲས་ལ་སྲིབ་ཁྲི་བཙད་པོ་བཅས་ཚང་མར་ཡུམ་གྱི་རུས་མཚན་ཞིག་སྦྱར་ནས་བྱུང་ཡོད་པ་《སྐྱབས་སྟོན་ཁྲོ་འགྲེལ་》༡༩དང༌། 《ཏུན་ཧོང་ཡིག་རྙིང༌།》༢༠ 《ལེགས་བཤད་མཛོད་》༢༡སོགས་ན་གསལ་པོར་གསུངས་ཡོད་པ་ལྟར་འདིར་ཡང་རུས་རྒྱུད་ཁྱུང་ཡིན་པའི་ཡུམ་ཞིག་གི་མཚན་ཟུར་ལས་དྲས་ཏེ་སྲས་མཚན་གྱི་ཐོག་མར་ཁྱུང་མོ་ཞེས་སྦྱར་ཏེ་ཁྱབ་པ་མིན་ནམ་སྙམ་པའི་དོགས་གཞི་ཞིག་ཀྱང་འདུག་མོད། འོན་ཀྱང༌། གོང་དུ་དྲངས་པའི་རྒྱུ་མཚན་གོང་མ་དེ་ཧ་ཅང་བདེན་བློ་སྐྱེ་སླ་བ་ཞིག་འདུག་པས། དེ་ལྟར་དུ་རེད་ཅེས་ཐག་གིས་བཅད་ཀྱང་ལུང་རིག་གང་དང་ཡང་འགལ་མེད་པར་སྙམ་སྟེ་རིག་པའི་ཁྱུ་མཆོག་རྣམས་ཀྱིས་དཔྱད་མཛོད་ཞུ།

གསུམ་པ། ཁྱུང་མོ་ཞེས་པའི་རུས་མཚན་དེ་སྔར་ཡོད་བཀའ་ལུང་ཁག་ལས་དྲངས་ཏེ་བཤད་པ།

འདིར་ཁྱུང་མོ་ཞེས་པའི་རུས་མཚན་དེ་བདག་རྐྱེན་རྫོགས་པའི་སངས་རྒྱས་ལ་བརྟེན་ནས་བྱུང་བའི་བཀའ་དང༌། དེ་འབྲེལ་གྱི་བཀའ་བརྟེན་ཁག་ལས་ཀྱང་གསལ་བར་ཡོད་པ་ལས། འདིར་དཔེ་མཚོན་ཙམ་དུ་ཁ་ཤས་དྲངས་ན་མཛད་མདོ་རྒྱས་པ་《འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་》ལས། ལ་ལ་ཞིག་ནི་ཁྱུང་མོ་ཡི་ལྡིང་གར་བསྒྱུར་རོ། །ལ་ལ་ཞིག་ནི་སེང་གེའི་བརྗིད་གར་བྱེད་དོ།༢༢ །ཞེས་ཁྱུང་མོ་ཞེས་པའི་ཐ་སྙད་སྔར་ནས་ཡོད་པ་དང༌། དེ་བཞིན་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་སྒྲུབ་སྐོར་གྱི་གཞུང་ཆེན་《གསང་བ་གསང་ཆེན་གསང་སྔགས་མ་རྒྱུད་ལྷ་སུམ་བརྒྱ་དྲུག་ཅུའི་སྒྲུབ་གཞུང་》ལས་ཀྱང༌། ཁྱུང་བཟའ་དཀར་མོས་ཁྱུང་མོ་སྐྱོང༌། །འཇང་མོ་དཔལ་སྒྲོན་དངོས་གྲུབ་བསྙེམས།༢༣ །ཞེས་པས་ཁྱུང་མོ་ཞེས་པའི་རུས་མཚན་རྗེན་གཅེར་པ་ཞིག་གསལ་པོར་ཡོད།
ད་དུང་བོན་གསང་སྔགས་ཀྱི་གཞུང་ཆེན་རྒྱལ་རིགས་བྲུ་ཡི་རིང་ལུགས་ཀྱི་ཞི་ཁྲོའི་སྒྲུབ་སྐོར་གྱི་ནང་གསེས་《གསས་མཁར་ཞི་བ་གཡུང་དྲུང་ཡོངས་རྫོགས་》ཞེས་པ་ལས། ཁྱུང་མོ་ལྡིང་སྐོར་གཡུང་དྲུང་བོན་ལ་བསྒྱུར། །རྫུ་འཕྲུལ་རླབས་ཆེན་བོན་གྱི་ཕྱག་རྒྱར་བཞེས།༢༤ །ཞེས་དང༌། 《བོན་སྒོ་གསལ་བྱེད་》ཀྱི་ནང་བརྡ་སྤྲོད་བྱེད་ཀྱི་སྐད་གཅོང་དགུ་ནི། གཡུ་འབྲུག་གི་ངར་སྐད། ཁྱུང་མོའི་འཚེར་སྐད། ངང་མོའི་བུ་སྟོར་གྱི་སྐད། རྨ་བྱའི་སྒྲོ་སྐད། ཁུ་བྱུག་གསུང་སྙན་གྱི་སྐད། ལྕོ་ཀའི་འགྱུར་སྐད། ནེ་ཙོའི་གཅོང་སྐད། ཕོ་རོག་ལྟོ་སྐད། སྟག་སྦྲང་བུའི་སྐད་དང་དགུ་༢༥བཀོད་པའི་སྐབས་ཀྱང་ཁྱུང་མོ་ཞེས་ཡོད་པར་མ་ཟད། བོན་གྱི་འདོན་ཆོག་ཁག་ཏུ་ཡང༌། ལ་ལ་ཁྱུང་མོ་ལྡིང་གར་བྱེད། ། ལ་ལ་གཡུ་འབྲུག་རྔམ་གར་བྱེད། །ཅེས་པ་སོགས་མཐའ་ཡས་སོ། །
གཞན་ཡང་མི་ལོ་ཉིས་བརྒྱའི་སྔོན་དུ་རྩོམ་གནང་མཛད་པའི་གཞན་སྡེ་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་《དེབ་ཐེར་རྒྱ་མཚོ་》ཡོངས་གྲགས་སུ་《མདོ་སྨད་ཆོས་འབྱུང་》ཞེས་པ་ལས་ཀྱང༌། བོན་གྱི་བླ་མ་ཁྱུང་མོས་བཟུང་བའི་བོན་དགོན་ཞིག་ཡོད་པ་བཅས་སྟོང་ཆེ་གྲྭ་ཚང་བཞི་ཟེར།༢༦ ཞེས་པའི་སྐབས་སུ་ཡང་ཁྱུང་མོ་ཞེས་བྲིས་འདུག་པ་བཅས། གོང་ཞུས་གནའ་དེང་རང་གཞན་གྱི་ལུང་ཚིག་དེ་དག་ལ་ཞིབ་མོར་དཔྱད་པས་ཀྱང་ཁྱུང་མོ་ཞེས་པའི་ཐུན་མོང་མ་ཡིན་པའི་ཐ་སྙད་ཅིག་སྔ་རབས་ཀྱི་བོན་གཞུང་ཁག་ཏུ་སྔར་ནས་རྒྱུན་འཇགས་སུ་ཡོད་པར་རྟོགས་ཐུབ། དེ་ལྟར་ན་ཁྱུང་མོ་དགོན་པའི་མཚན་ཟུར་གྱི་ཁྱུང་མོ་ཞེས་པ་ཡང་སྔར་ནས་རྒྱུན་འཇགས་སུ་ཡོད་པའི་ཐ་སྙད་ཅིག་ཡིན་པར་ཐེ་ཚོམ་མེད་པར་མ་ཟད། སྔར་ཡོད་ཀྱི་རུས་རྒྱུད་ཁྱུང་མོ་ཞེས་པའི་ཐ་སྙད་དེ་དང་འབྲེལ་བ་དམ་ཟབ་ཡོད་པར་སྔར་ལན་གྲངས་ཁ་ཤས་ལ་བགྲངས་ཟིན་པ་ལྟར་རོ། །
འདིར་ཡང་བོན་གྱི་ཐུན་མོང་མ་ཡིན་པའི་ཞང་ཞུང་གི་རུས་རྒྱུད་ཁྱུང་མོ་ཞེས་པ་ལས་རིམ་བཞིན་དུ་འགྱུར་ཏེ། མཁས་པ་སོ་སོས་འགྲེལ་ཚུལ་སྣ་ཚོགས་ཤིག་དར་ཁྱབ་ཏུ་བཏང་ཡོད་པ་བཞིན། རྒྱ་ནག་འཕོ་བ་གྲོང་འཇུག་གི་ཡང་སྤྲུལ་ཉེར་གསུམ་པ་ཁོང་གི་སྐུ་རིང་ནས་ཀྱང་ཁྱུང་མོང་ཞེས་པའི་འབྲི་སྲོལ་འདི་ཧ་ཅང་ཁྱབ་རྒྱ་ཅན་ཞིག་ཏུ་སྤེལ་བ་བཞིན། དེང་སང་ཕལ་ཆེར་ཁྱུང་མོང་ཞེས་པའི་འབྲི་སྲོལ་འདི་བེད་སྤྱོད་སྤྱི་རྒྱུགས་སུ་གཏོང་བཞིན་ཡོད་པ་འདྲ། མཁས་དབང་བོན་བརྒྱ་རིན་པོ་ཆེ་ཚང་གིས་ཀྱང་ལན་རེར་སྟོང་ཆེ་ཁྱུང་མོང་གྲྭ་ཚང་༢༧ཞེས་གསུངས་འདུག་པ་དང༌། དེ་མིན་ད་རུང་མཁས་པ་ལ་ལས་ཁྱུང་སྨན་དང༌། ལ་ལས་ཁྱུང་སྨོན་ཞེས་ཀྱང་འབྲི་བཞིན་ཡོད་རུང༌། དེ་དག་ད་དུང་ཁྱབ་རྒྱ་ཧ་ཅང་ཆུང༌། མདོར་ན་ཁྱུང་མོང་དང༌། ཁྱུང་སྨན། ཁྱུང་སྨོན་ཞེས་པའི་ཐ་སྙད་གསར་པ་འདི་དག་གི་གོ་དོན་ཡང་ཁོང་རྣམ་པ་རང་རང་ལ་བདེན་དོན་གསལ་ཐག་ཆོད་པ་རེ་ཕལ་ཆེར་ཡོད་ངེས་པས། འདིར་ཁོ་བོས་ཇི་བཞིན་དུ་འགྲེལ་པར་ཆ་འཇོག་མ་ཤེས་པ་དང༌། ཁུངས་མེད་ཨུ་ཚུགས་ཀྱིས་འགྲེལ་མ་སྤོབས་པ་བཅས་ལ་ཉེས་འགལ་གང་ཡང་མེད་པར་ཞུ།

བཞི་པ། རིམ་བཞིན་དགོན་པའི་མཚན་དེ་འཕོ་འགྱུར་དུ་ཕྱིན་པའི་སྐོར།

སྔོན་རྩེ་དབུས་ཨ་ལགས་ཤེས་རབ་ཀྱིས་དགོན་གནས་སྤར་ཏེ་རྒྱབ་རི་གདུགས་ཆེན་ཕྱར་འདྲའི་ཡུ་བའི་སྟེང་དུ་བླ་བྲང་བཞེངས་ཤིང༌། དགོན་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་ཐམས་ཅད་ལེགས་བསྐྲུན་མཛད་དེ་དགོན་པའི་མཚན་ལ་གཡུང་དྲུང་ཕུན་ཚོགས་གླིང་༢༨ཞེས་གསོལ། དེ་ནས་རིམ་བཞིན་རྒྱ་ཇེ་ཁྱབ་ཏུ་སོང་སྟེ། སྟོང་ཆེ་གཡུང་དྲུང་ཕུན་ཚོགས་གླིང་ཞེས་ས་གནས་ཀྱི་མིང་མགོ་ལ་སྦྱར་བ་དང༌། ད་དུང་གོང་ཞུས་བཞིན་སྟོང་ཆེ་སྟོན་པའི་རུས་རྒྱུད་ཁྱུང་མོ་ཡིན་པས། ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་ཞེས་སོགས་བྲིས་ཏེ་ཕྱི་མ་འདི་ཁྱབ་རྒྱ་ཧ་ཅང་ཆེ་བར་གྱུར།
ཕྱིས་སུ་ཁྱུང་མོ་སྐུ་ཕྲེང་ཉེར་གསུམ་པ་སྟོབས་ལྡན་དབང་ཕྱུག་རིན་པོ་ཆེ་མཆོག་གསེར་ཁྲི་ལ་མངའ་གསོལ་ཏེ། དགོན་པ་བདག་གིར་བཞེས་པ་ནས་བཟུང་ཁྱུང་མོ་དགོན་པ་འདི་ཕལ་ཆེར་འདུལ་གཙང་ལ་བསྒྱུར་ནས་དགོན་པའི་མཚན་ཡང་ཁྱུང་མོ་བཤད་སྒྲུབ་དར་རྒྱས་གླིང་ཞེས་མཚན་ཞིག་ཀྱང་རྟེན་འབྲེལ་གྱིས་གསོལ། དེ་ལྟར་དགོན་པ་འདི་ལ་མཚན་མང་པོ་ཞིག་ཡོད་ཀྱང༌། ཡོངས་གྲགས་སུ་ཁྱུང་མོ་དགོན་ནམ་ཁྱུང་མོང་དགོན་ཞེས་འབོད་བཞིན་ཡོད་པ་ལྟར་ཕྱི་མ་འདི་ཕལ་ཆེར་ཡུལ་སྐད་ཅིག་དང་ཡང་ན་ལུང་སྐད་ཅིག་ཡིན་ཡང་སྲིད་དོ། །
གང་ལྟར་གོང་མའི་གོ་དོན་ཁོ་བོས་རུས་རྒྱུད་དང་འབྲེལ་ནས་བཤད་པའི་རྒྱུ་མཚན་སྔ་མ་དེ་ཅུང་ལེགས་པར་སེམས་ཏེ། དེ་བཞིན་ཁོ་བོས་བྲིས་པའི་《ཁྱུང་མོ་དགོན་པའི་གདན་རབས་》ནང་དུ་ཡང་དེ་བཞིན་བཀོད་ཡོད་པ་ལགས་ན་རྒྱ་ཆེ་བློ་ལྡན་རྣམས་ཀྱི་རིག་པའི་སྲང་ཁ་ལ་བཏེགས་ཏེ་རིག་པ་ཞིབ་མོའི་ལམ་ནས་ཐུགས་དཔྱད་གནང་སྟེ་ལམ་སྟོན་གྱི་བཀའ་སློབ་ལྷུག་པོར་བསྩལ་གནང་ཡོད་པར་ཞུའོ།། །།

ལུང་ཁུངས་མཆན་འགྲེལ།
1 ཁྱུང་མོང་དགོན། བོན་དགོན་འདི་ནི་མདོ་སྨད་ཁྲི་གཤོག་རྒྱལ་མོའི་ལྷོ་རྒྱུད་དུ་ཆགས་ཡོད། རབ་བྱུང་བཅུ་དྲུག་པའི་ནང་དུ་སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་གྱིས་ཆགས་བཏབ་གནང་བའི་འདུལ་དགོན་ཞིག་ཡིན། དགོན་འདིའི་ལོ་རྒྱུས་ཅུང་རྒྱས་པར་གཟིགས་འདོད་ན་ཁོ་བོས་བྲིས་པའི་《ཁྱུང་མོང་དགོན་པའི་གདན་རབས་》ལ་གཟིགས་གནང་ཡོད་པར་འཚལ།
2 《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང༌།》 ནམ་མཁའི་ནོར་བུས་བརྩམས། ༡༩༩༠ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས། ཤོག་ངོས་༢༦ལས་གསལ།
3 《Zhangzhung-Tibetan-English Contextual Dictionary》 བྲག་དཀར་རྣམ་རྒྱལ་ཉི་མ། 《ཞང་བོད་དབྱིན་གསུམ་གྱི་ཚིག་མཛོད་ཆེན་མོ།》 ༢༠༠༣ལོར་འཇར་མེ་ནི་(Germany)ཡི་རྒྱལ་ས་རྙིང་པ་བྷོན་(Bonn)ནས་དཔར་དུ་བསྐྲུན་པའི་དེབ་གཟུགས། ཤོག་ངོས་༤༨ལས་གསལ་བ་ལྟར་བཀོད་པ་ཡིན།
4 《ཞང་བོད་དབྱིན་གསུམ་གྱི་ཚིག་མཛོད་ཆེན་མོ།》 གོང་མཚུངས། ཤོག་ངོས་༤༨ལས། རྣམ་བཤད་གསལ་སྒྲོན་ལྡེབ་༥༦།༡ལས། ཞང་ཞུང་སྟོད་ཀྱི་ས་འགྲེལ་སྐབས་དེའི་མཐོ་བ་ནི་སྔོན་ཁྱུང་པོས་བཟུང་པའི་ལུང་པ་ཞེས་དང༌། གོང་དུ་དྲང་དོན་མུན་སེལ་སྒྲོན་མ་ལས། ཞང་ཞུང་གི་ཡུལ་ཁྱུང་པོའི་ལུང་པ་ཞེས་དང༌། ཡང་ཆོས་ཕྱོགས་སུ་གྲགས་པའི་རླངས་ཀྱི་སྐྱེ་རྒྱུད་ལྡེབ་༩།༡༠ལས། བྱས་མཁར་ཞང་ཞུང་ཁྱུང་པོས་བཟུང་བྱཞེས་པས་མཚོན་རུས་ཁྱུང་གིས་དབང་བསྒྱུར་བྱས་པའི་ཡུལ་ཞིག་ཡིན་པར་བན་བོན་གཉིས་ཀའི་དཔེ་གཞུང་ལས་གསུངས་ཚུལ་མཐུན་པར་སྣང༌། ཞེས་གསུངས་པ་ལྟར་རོ།།
5 《སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ།》 བྲ་བོ་སྒོམ་ཉག་གིས་གཏེར་ནས་བཏོན། ཐོབ་གསར་དཔར་མའི་དཔེ་གཟུགས། ཤོག་ངོས་༧༩ལས། ཁྲི་ཤེས་དཀར་པོ་ཐུགས་ཀྱི་སྤྲུལ་པ་ལས། གདུང་རྒྱུད་འཛིན་པའི་རྒྱལ་པོ་དྲུག་ཏུ་སྤྲུལ་ཏེ། དམུ་གཤེན་ལྷའི་གདུང་རྒྱུད་དང༌། ཤཱཀ་རིགས་གར་གསས་ཀྱི་གདུང་རྒྱུད། ཧོས་རིགས་གནམ་གསས་ཀྱི་གདུང་རྒྱུད། དཔོ་རིགས་གསས་རྗེའི་གདུང༌། རྒྱ་ཧ་ཤང་རྒོད་གསས་ཀྱི་གདུང་རྒྱུད། གཉན་མཁའ་འགྱིང་གི་གདུང་རྒྱུད་དང་དྲུག་གོ། །ཞེས་གསུངས་པ་ལྟར་རོ།
6 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།》 མཁས་དབང་དཔལ་ལྡན་ཚུལ་ཁྲིམས། ༡༩༨༨ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ཤོག་ངོས་༣༧༦ལས་འགྲེལ་བཤད་གསལ་བར་གནང་ཡོད།
7 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།》 གོང་མཚུངས། ཤོག་ངོས་༣༧༥ལས། སྒོ་ང་དཀར་ནག་སེར་ཁྲ་བཞི་འདྲིལ་ལ། །དེ་བརྡོལ་ཁྱེའུ་རེ་བྱུང་ཁྱུང་པོར་བཏགས། །ཆེ་རིམ་ཁྱུང་དཀར་ཐོག་ལ་འབར་ཉིད་དང༌། །ཁྱུང་སེར་ལྷ་ཁྱུང་ཁྱུང་འཕགས་ཁྲ་བོ་དང༌། །ཆུང་བ་ཁྱུང་ནག་མུ་ཁྱུང་རྒྱན་ཞེས་གྲགས། །ཞེས་གསུངས་པ་ལྟར་རོ། །
8 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》 གོང་མཚུངས། ཤོག་ངོས་༣༧༥ལས། བསྟན་པ་ཆེར་སྤེལ་མུ་ཁྱུང་རྒྱན་ཉིད་ལ། །སྲས་གཉིས་འཁྲུངས་ཏེ་སྟག་སྒྲ་དོན་གཙུག་དང༌། །དཔལ་གྱི་གིར་ཏི་སྟག་སྒྲ་དོན་གཙུག་ནི། །སྟག་གཟིག་ཏུ་ཕྱིན་བོན་སྡེ་མང་པོ་དྲངས། །ཞང་ཞུང་བོད་དུ་སྒྲ་བསྒྱུར་བསྟན་པ་སྤེལ། །ཁྲི་སྲོང་གཡོ་སྒྱུས་ཞང་ཞུང་རྒྱལ་བཀྲོང་རྗེས། །ཁྱུང་པོ་སྟག་སྒྲས་ཞང་ཞུང་རྒྱལ་ས་བསྐྱངས། །དེ་སྲས་བཙན་སྒྲ་དོན་གཙུག་དེ་ཡི་སྲས། །གྱེར་ནམ་ཟུར་རྩེ་དེ་སྲས་སྟོང་རྒྱུང་རིང༌། །དེ་སྲས་ཁྱུང་རྒྱལ་སྟག་ལས་སྐྱེས་པའོ། །ཞེས་གསུངས་པ་ལྟར་རོ། །
9 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།》 གོང་མཚུངས། ཤོག་ངོས་༣༧༦ལས། དཔལ་གྱི་གིར་ཏིའི་སྲས་མཆོག་དཔུང་སྒྲ་ཟུར། །དེ་སྲས་བཀྲ་རྒྱལ་དེ་སྲས་ལེགས་མགོན་དང༌། །དེ་ཡི་སྲས་གཉིས་ར་སངས་ཁྲི་ནེ་དང༌། །ར་སངས་ཁོད་རམ་དེ་སྲས་གྱེར་ཟླ་མེད། །དེ་མཆེད་ར་སངས་ཀླུ་རྒྱལ་ཉིད་ཡིན་ནོ། །དེ་རྣམས་ཁྱུང་ནག་མུ་ཁྱུང་རྒྱན་རྒྱུད་པའོ། །འདི་རྒྱུད་ཁྱུང་པོ་རྣལ་འབྱོར་མི་ལ་སོགས།ཡིན་སྐད། །ཁྱུང་སེར་ལྷ་ཁྱུང་རྒྱུད་པ་བོད་རྒྱལ་གྱི། །སྐུ་གསུང་གཤེན་དང་བློན་རབས་རིམ་བྱོན་པ། །ཟུར་གྱི་རྒྱལ་རབས་སོགས་ལ་གསལ་ལྟར་རོ། །ཞེས་གསུངས་པ་དང༌། 《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ།》མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མཛད། ༢༠༠༨ལོར་ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས། ཤོག་ངོས་༡༢༣ལས། རང་སྡེའི་གྲུབ་མཐའ་འཛིན་པར་གྱེར་ཆེན་ཟླ་མེད། ཁྱུང་དབུས་རིན་ཆེན། སྤྲུལ་སྐུ་བློ་ལྡན་སྙིང་པོ། མཁས་གྲུབ་བློ་གྲོས་རྒྱལ་མཚན་སོགས་དམ་པ་དུ་མར་བྱོན་ཅིང༌། གཞན་སྡེའི་གྲུབ་མཐའ་འཛིན་པ་མི་ལ་རས་པ་དང༌། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་སོགས་སྐྱེས་བུ་དམ་པ་མང་དུ་བྱོན་པའོ། །ཞེས་ཀྱང་གསུངས་པ་ལྟར་རོ། །
10 《རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་རྒྱུད་པའི་བླ་མའི་རྣམ་ཐར།》 སྤ་བསྟན་རྒྱལ་བཟང་པོས་མཛད། ༢༠༠༦ལོར་རྒྱལ་གཤེན་གསུང་རབ་ཉམས་ཞིབ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་《རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་》ཤོག་ངོས་༣༡ལས། ཁྱུང་བྱིད་མུ་ཐུར་གྱི་ལོ་རྒྱུས་ལ་ལྔ། དང་པོ་གཙང་མ་མི་ལུས་ཐོབ་ཅིང༌། ཡུལ་གྲོ་ཤོད་པ་ཞིག་ཡིན། གདུང་རུས་ཁྱུང་པོ། ཞེས་གསལ།
11 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།》 གོང་མཚུངས། ཤོག་ངོས་༣༧༦ལས། ཁྱུང་རིགས་སྐྱེས་བུ་མང་པོ་རིམ་བྱོན་ལས། །གྲགས་ཆེ་འགའ་ཤས་མཚན་ཙམ་འདིར་བརྗོད་ན། །ཞང་ཞུང་སྙན་རྒྱུད་ཕྱིས་བྱོན་གྲུབ་ཐོབ་གྲས། །ལྷུན་གྲུབ་མུ་ཐུར་ཁྱུང་བྱིད་མུ་ཐུར་དང༌། །དེ་མཚུངས་ཕྱི་དར་སྔ་ཕྱིའི་ལུང་གསལ་གྱི། །ཁྱུང་སྒོམ་ནག་འབལ་ཁྱུང་འཕགས་སེ་བོ་དང༌། །ཁྱུང་པོ་རས་པ་ཁྱུང་པོ་དར་སེང་གེ། །ཁྱུང་སྒོམ་ཇོ་གཡུང་ཁྱུང་སྟོན་གཡང་ཁུད་སོགས། ཞེས་གསུངས་པ་ལྟར་རོ། །
12 ཁྱུང་པོ་རྣལ་འབྱོར་པ་ནི། 《བོད་རྒྱ་ཚིག་མཛོད་ཆེན་མོ།》 ༡༩༨༤ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས། ཤོག་ངོས་༢༨༣༣ལས། ཤངས་པ་བཀའ་བརྒྱུད། མཁས་གྲུབ་ཁྱུང་པོ་ནས་བརྒྱུད་དེ་བྱུང་བའི་བཀའ་བརྒྱུད་པའི་གྲུབ་མཐའི་ནང་གསེས་ཤིག སྲོལ་གཏོད་མཁན་ཁྱུང་པོ་རྣལ་འབྱོར་པ། ཞེས་གསུངས་པས། ཁོང་གི་རུས་ཁྱུང་པོ་ཡིན་ཚུལ་ནི། 《ཐུའུ་བཀྭན་གྲུབ་མཐའ།》 ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་བརྩམས། ༡༩༨༡ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས། ཤོག་ངོས་༡༠༩ལས། ཤངས་པ་བཀའ་བརྒྱུད། སྔ་མ་གོང་ལ་ཟེར་ནི་མཁས་གྲུབ་ཁྱུང་པོ་ལས་བརྒྱུད་པ་སྟེ། དེ་ནི་རུས་ཁྱུང་པོ། གཞོན་ནུའི་དུས་བོན་ལ་ཞུགས་པས་ཐུགས་ལམ་འཐད་པ་རྫོགས་ཆེན་བསླབས། ཞེས་གསུངས་པ་ལྟར་རོ། །
13 《དུང་དཀར་ཚིག་མཛོད་ཆེན་མོ།》 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། ༢༠༠༢ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས། ཤོག་ངོས་༣༣༥ལས། རྒན་རབས་ཀྱི་ངག་རྒྱུན་ལ། བོད་ཀྱི་རུས་རྒྱུད་ཁྱུང་པོའི་རིགས་རྣམས་ཀྱི་མི་རྒྱུད་དང་པོ་ཁྱུང་གི་སྒོ་ང་དཀར་པོ་དང༌། ནག་པོ། སེར་པོ་གསུམ་བྱུང་བ་ལས། དཀར་པོ་མངའ་རིས་སུ་ཆགས་པ་ལས་མངའ་རིས་ཀྱི་ཁྱུང་པོ། ནག་པོ་གཙང་དུ་འཕུར་པ་ལས་གཙང་སྟོད་ཀྱི་ཁྱུང་པོ། སེར་པོ་ཁམས་སུ་འཕུར་པ་ལས་ཁྱུང་པོ་སེར་ཚ་ཞེས་བར་ཁམས་སོགས་ཁུལ་གྱི་ཡུལ་མི་རྣམས་བྱུང་ཞེས་བཤད་སྲོལ་ཐོས་པ་ལས་ཡིག་ཆ་བདག་གིས་མ་མཐོང་ལགས། གཞན་ཡང་ནག་ཆུ་ས་ཁུལ་ཁོངས་སོག་རྫོང་དང་ཉེ་བའི་སར་སྔར་བོན་ཆོས་དར་ས་གཙོ་བོའི་གྲས་ཏེ་ཁྱུང་པོ་དཀར་ནག་སེར་གསུམ་ཟེར་བ་ཞིག་ཡོད། ཅེས་ཀྱང་གསུངས་པས་བརྟག་བྱའི་གནད་དུ་མཐོང་ངོ༌། །
14 《བོད་ཀྱི་གདུང་རུས་ཞིབ་འཇུག》 ལྡོང་ཀ་ཚང་དགེ་ཤིས་ཆོས་གྲགས་དང༌། ལྡོང་ཀ་ཚང་སྐལ་བཟང་སྒྲོན་མ། ལྡོང་ཀ་ཚང་བསོད་ནམས་ལྷ་མོ་གསུམ་གྱིས་བརྩམས། ༢༠༠༡ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས། ཤོག་ངོས་༡༦༢ལས་གསལ།
15 《གངས་ཅན་བོད་ཀྱི་བརྡ་ཡང་དག་པར་སྦྱོར་བ་མིང་གི་བསྟན་བཅོས་ལེགས་པར་བཤད་པ་བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམ།》 ཁྲི་ཀ་བ་སྦྲ་གསར་ཀུན་བཟང་རྒྱལ་མཚན་གྱིས་མཛད། ༡༩༩༦ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན་པའི་《བོན་གྱི་ཐ་སྙང་རིག་གནས་བསྟན་བཅོས་ཕྱོགས་བསྒྲིགས།》 གངས་ཅན་རིག་མཛོད་དེབ་འཕྲེང་ཉེར་དགུ་པ། ཤོག་ངོས་༡༧༢ལས། ལྡན་པའི་དོན་ཅན་བདག་སྒྲའི་ཕྲད་ལ་ནི། །པ་བ་མ་དང་པུ་བུ་མུ་གསུམ་དང༌། །པོ་བོ་མོ་དང་དགུ་སྟེ་མིང་གང་མཐར། །སྦྱོར་ཚུལ་ག་ད་ན་བ་མ་སར་པ།བྱབྱ །ཞེས་སོགས་གསུངས་པས། བྱབྱམོ་ཞེས་པ་དེ་བདག་སྒྲ་ཡིན་པ་དང༌། དེའི་དཔེར་བརྗོད་ལ་ཡང་གཞུང་རང་དུ་གྱད་མོ་དང་འཕྱོར་མོ་ལྟ་བུ་བཞག་འདུག་པས། འདིར་ཁོ་བོ་ལྟར་ན་ཁྱུང་མོ་ཞེས་པ་འདི་ཡང་དེའི་དཔེར་བརྗོད་དུ་བཞག་ན་སྐྱོན་ཅི་ཡང་མི་འབྱུང་བར་སྙམ།
16 《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ།》 གོང་མཚུངས། ཤོག་ངོས་༡༢༢ལས། དེ་ཡང་ཁྱུང་པོའི་བྱུང་ཁུངས་ནི། སྟེང་ཕྱོགས་ཀྱི་སྟོན་པ་ཀུན་བཟང་འོད་ཀྱི་རྒྱལ་པོ་དེ་ཉིད་འགྲོ་བའི་དོན་དུ་ཁྱུ༷ང་ཕོ་ཆེན་པོ་ཞིག་སྤྲུལ་ནས་གྱིམ་ཤོད་ཤེལ་ལེ་རྫོང་དྲུག་གི་རྩེ་མོར་བབས། དེའི་སྤར་མོའི་ཤུལ་དུ་སྒོ་ང་དཀར་སེར་ནག་གསུམ་ཁྲ་བོ་དང་བཞི་བརྡོལ་བས་མཚན་དང་ལྡན་པའི་ཁྱུང་སྲས་བཞི་བྱུང༌། །ཞེས་པའི་སྐབས་སུ་ཁྱུང་ཕོ་ཞེས་གསལ་ཡོད་པས་སོ། །17 《བོད་བཙན་པོའི་སྐབས་ཀྱི་བཙུན་མོ་རིམ་བྱོན་གྱི་བྱུང་བ་ཆེ་ལོང་ཙམ་བརྗོད་པ།》 དཔལ་ཞིས་བརྩམས། བན་དེ་སྒོམ་གྱིས་བསྒྱུར། 《ཀྲུང་གོའི་བོད་ཀྱི་ཤེས་རིག》 ༡༩༩༡ལོའི་དུས་དེབ་གཉིས་པ། ཤོག་ངོས་༡༤༢ལས། གནམ་གྱི་ཁྲི་བདུན་རིང་ཡུམ་སྲས་མཚན་འབྲེལ་གྱི་ཆོས་ཉིད་འདུག་སྟེ། སྲས་ཀྱི་མཚན་དུ་སྒྲའམ་ཡིག་འབྲུ་གཅིག་ཡུམ་གྱི་མཚན་ལས་ཐད་ཀར་བླངས་ནས་བཏགས་ཡོད་ལ། དེའི་གོ་དོན་གསལ་འགྲེལ་བགྱིས་པ་དཔེར་ན་《བོད་ཀྱི་ལོ་རྒྱུས་མདོར་བསྡུས་》ཞེས་པར་གཉའ་ཁྲི་བཙན་པོའི་འོག་གི་བཙན་པོ་དྲུག་པོའི་མཚན་གྱི་ཐོག་མར་མུག་དང༌། དིང༌། སོ། གདགས། སྲིབ་བཅས་ཚང་མར་ཡུམ་གྱི་རུས་སྦྱར་འདུག་པ་རེད། གཞན་ཡང་གཏམ་རྒྱུད་ཅིག་ཏུ་རྒྱལ་སྲས་རྣམས་ཀྱིས་རིམ་པ་བཞིན་ཆིབས་ཁ་ཐུབ་ཙ་ན། ཡབ་རྣམས་རིམ་པ་བཞིན་དུ་དམུ་སྐས་དམུ་ཐག་ལ་འཇུས་ནས་ནམ་མཁར་འཇའ་ལྟར་ཡལ་འགྲོ་བས་བང་སོ་གནམ་ལ་བཏབ་ཅིང་ལྷ་ལུས་རོ་མེད་དུ་གྱུར་པར་འཆད། འདི་ནི་གནས་བབ་དེ་དུས་སུ་བོད་དུ་མ་རྒྱུད་རུས་རྒྱུད་ཅེས་པ་ལས་ཕ་རྒྱུད་མི་ཤེས་པའི་དུས་རབས་སུ་འདུག་པ་གསལ་ལེར་མཚོན་ཡོད་པ་རེད་ཅེས་གསུངས། ཞེས་གསུངས་པ་ནི་བརྟག་བྱའི་གནད་དུ་འཁུམས།
18 《ཡར་ཀླུང་རྒྱལ་པོའི་མཚན་གནས་དང་འབྲེལ་བའི་ཞང་ཚིག》 ཆོས་འཁོར་ཚང་ཉི་མ་འོད་ཟེར་གྱིས་བརྩམས། ༢༠༠༢ལོའི་བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་《བོན་སྒོ་》འདོན་ཐེངས་བཅོ་ལྔ་པ། ཤོག་ངོས་༧༢ལས། འདིར་གཉའ་ཁྲི་བཙན་པོ་ཞེས་པའི་གཉའ་ནི་ཡུམ་གྱི་མཚན་དམུ་བཟའ་གཉ༷འ་མཐིང་མ་ཞེས་པའི་གཉའ་ལས་དྲངས་ཤིང་གསོལ་བར་ངེས་ཏེ། གནའ་བོའི་བོད་ཀྱི་རྒྱལ་བུ་རྣམས་ལ་རང་རང་གི་མའི་མིང་ནས་གྲས་པའི་མིང་འདོགས་ཚུལ་ཡོད་པ་ཞང་བོད་གཉིས་ཀའི་རྒྱལ་རབས་ཙམ་དུ་མ་ཟད་ཐང་ཧྲུའུ་ལེའུ་བརྒྱ་དང་ཉེར་གཉིས་པ་དང༌། ཟུའི་གུར་གྱི་རྒྱལ་རབས་ལེའུ་གྱ་གསུམ་པའི་ནང་འཁོད་པའི་བོད་ཀྱི་ལོ་རྒྱུས་སུའང་གསལ་བས་སོ། །ཞེས་གསུངས་པ་ལྟར་རོ། །
19 《ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མེ།》 སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད་པས་ཡོངས་གྲགས་སུ་《སྐྱབས་སྟོན་ཁྲོ་འགྲེལ་》ཟེར། ༢༠༠༨ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས། ཤོག་ངོས་༥༥ལས། རྒྱལ་པོ་དེ་ཡང་ཡུམ་མུ་ཚོ་ཆོ་ཟ་དང་ཡབ་གཉའ་ཁྲིའི་སྲས་ཡིན་པས་མུ་ཁྲི། ཞེས་གསུངས་སོ། །
20 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།》 མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ཤོག་ངོས་༦༩ལས་གསལ།
21 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།》 ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། ༡༩༨༥མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། ཤོག་ངོས་༡༣༠ལས། གཉའ་ཁྲི་དང་གནམ་ཟ་མུག་མུག་གི་སྲས་མུ་ཁྲི་བཙན་པོ། ཞེས་དང་དེ་བཞིན། མུ་ཁྲི་དང་ས་སླན་ཏིང་ཏིང་མའི་སྲས་དིང་ཁྲི་བཙན་པོ། ཞེས་དང༌། དིང་ཁྲི་དང་སེ་སོ་ཟ་སྨན་གྱི་སྲས་སོ་ཁྲི་བཙན་པོ། ཞེས་དང༌། སོ་ཁྲི་དང་དར་ཟ་ཞང་ཞུང་མའི་སྲས་དར་ཁྲི་བཙན་པོ། ཞེས་དང༌། དར་ཁྲི་དང་དྭགས་ཀྱི་ལྷ་མོའི་སྲས་དྭགས་ཁྲི་བཙན་པོ། ཞེས་དང༌། དྭགས་ཁྲི་དང་སྲིབ་ཀྱི་ལྷ་མོ་དཀར་མོའི་སྲས་སྲིབ་ཁྲི་བཙན་པོ། ཞེས་སོགས་རིམ་པར་གསུངས་པས་སོ། །
22 《འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ།》 སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད། པོད་ལྔ་པ། ༢༠༠༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས། ཤོག་ངོས་༧ལས་གསལ།
23 《གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་སྒྲུབ་གཞུང༌།》 བླ་མ་གུ་རུ་རྣོན་རྩེའི་གཏེར་མ། དཔེ་གཟུགས། རྨ་ཚ་རིན་ཆེན་རྒྱལ་མཚན་གྱིས་ལྡི་ལི་ནས་དཔར་དུ་བསྐྲུན་པའི་དཔེ་གཟུགས། ཤོག་ངོས་༤༣༤ལས་གསལ།
24 《རྒྱལ་རིགས་བྲུ་ཡི་རིང་ལུགས་ཀྱི་ཞི་ཁྲོའི་སྒྲུབ་སྐོར།》 གཏེར་མ། དཔེ་གཟུགས་གསུང་པོད་དང་པོ། གྲྭ་ཡོན་ཏན་རྒྱ་མཚོས་ལྡི་ལི་གསར་པ་ནས་དཔར་དུ་བསྐྲུན། ཤོག་ངོས་༣༡༧ལས་གསལ།
25 《བཀའ་ལུང་སྤྱི་ཡི་འགྲེལ་པ་བོན་སྒོ་གསལ་བྱེད།》 ཏྲེ་སྟོན་རྒྱལ་མཚན་དཔལ་གྱིས་མཛད། ༡༩༩༧ལོར་ཉི་ཧོང་Toyo Bunkoནས་དཔར་བའི་དེབ་གཟུགས། ཤོག་ངོས་༨༥ལས། སྐད་གཅོང་དགུ་ནི། གསོལ་བ་ལྷ་ལ་སྐད་གཅོང་གཉིས་ཏེ། གཡུ་འབྲུག་གི་ངར་སྐད་ཀྱིས་ལྷ་གསས་ཀྱི་དཔུང་བསྡུ། ཁྱུང་མོའི་འཚེར་སྐད་ཀྱིས་དྲག་པོའི་ལྷ་བདར། སྐྱོབས་པ་ཕྱྭ་ལ་སྐད་གཅོང་གཉིས་ཏེ། ངང་མོ་བུ་སྟོར་སྐད་ཀྱིས་མི་ཡི་ཕྱྭ་བླན། རྨ་བྱའི་སྒྲོ་སྐད་ཀྱིས་ཕྱུགས་ཀྱི་གཡང་བཀུག གཉན་པོ་སྤྱི་ལ་སྐད་གཅོང་གསུམ་སྟེ། ཁུ་བྱུག་གསུང་སྙན་གྱིས་ལྷ་སྲིན་སྤྲོ་བ་བསྐྱེད། ལྕོ་གའི་འགྱུར་སྐད་ཀྱིས་གླུད་ལམ་བསྟན། ནེ་ཙོའི་གཅོང་སྐད་ཀྱིས་ལྷ་སྲིན་བརྡ་སྤྲད། གནོན་པ་སྲི་ལ་སྐད་གཅོང་གཉིས་ཏེ། ཕོ་རོག་ལྟོ་སྐད་ཀྱིས་སྲིའི་བྱུང་གདབ། སྟག་སྦྲང་བུའི་སྐད་ཀྱིས་སྲི་ཁམས་མནན། ཞེས་གསུངས་པ་ལྟར་རོ། །
26 《མདོ་སྨད་ཆོས་འབྱུང༌།》 བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། ༡༩༨༢ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས། ཤོག་ངོས་༢༩༧ལས་གསལ།
27 《མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས།》 ༢༠༠༨ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས། ཤོག་ངོས་༣༣༩ལས། མེ་ལུང་བྲག་དཀར་དང་ལྷ་དཀར་པོ། བོན་པོའི་གདོང་སྣ་རྣམས་ཀྱི་ཚབ་ཏུ་སྟོང་ཆེ་ཁྱུང་མོང་གྲྭ་ཚང་དང༌། ཞེས་གསལ།
28 《གཤེན་གྱི་དགེ་སྦྱོང་ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར།》 ལག་བྲིས་གསར་མ་དཔེ་གཟུགས། ཁྱུང་མོང་དགོན། ཤོག་ངོས་༢༨ལས། འདུས་སྡེ་གཡུང་དྲུང་ཕུན་ཚོགས་གླིང་ཞེས་བཏབ། ཅེས་གསལ་བ་ལྟར་རོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།