གཉའ་ཁྲི་བཙན་པོའི་འབྱུང་ཁུངས་དང་འཁྲུངས་ལོར་དཔྱད་པ།

བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་དང་འཁྲུངས་ལོར་དཔྱད་པ།
མཁའ་མོ་འཚོ།

དང་པོ། རྗེ་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་ཀྱི་སྐོར།
ཇི་སྐད་དུ་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ། གཤེན་ལ་སྔ་བ་ནམ་མཁའ་སྣང་བ་མདོག་ཅན། བོན་ལ་སྔ་བ་གསང་སྔགས་སྤྱི་སྤུངས་སྐོར་གསུམ། མཁར་ལ་སྔ་བ་གསས་མཁར་ཕྱིང་བ་སྟག་རྩེ་ཞེས་སྔ་རབས་བོད་ཀྱི་གཏམ་དུ་གྲགས་པ་ལྟར། བོད་གངས་ཅན་གྱི་ཐོག་མའི་རྒྱལ་པོ་ནི་གཉའ་ཁྲི་བཙན་པོ་ཡིན་པ་ཀུན་གྱིས་མགྲིན་གཅིག་དབྱངས་གཅིག་གིས་ཁས་བླངས་ཡོད་མོད། འོན་ཀྱང་ཁོང་གི་འབྱུང་ཁུངས་ཐད་མི་མཐུན་པ་བཞི་ཙམ་ཞིག་བྱུང་ཡོད།
༡ 《རྒྱལ་པོའི་བཀའ་ཐེམས་ཤོག་གྲིལ་ལས་ངོས་བཤུས་པ》ཟེར་བའི་ནང་“བུ་རམ་ཤིང་བའི་རྒྱུད་ནི་རྒྱལ་རིགས་ཞེས་བྱ་སྟེ། དེའི་རིགས་མང་དུ་གནས་སོ།། དེ་ཡང་རྒྱལ་པོ་དོན་གྲུབ་ཀྱི་དུས་སུ་རབ་ཏུ་གྲགས་པའི་རྒྱལ་པོ། རྒྱལ་བོའི་ཁབ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ། ཀོ་ས་ལ་ན་གསལ་རྒྱལ། པདྨ་ཅན་ན་པདྨ་ཆེན་པོ །པདྨ་ས་ལ་ན་ཆར་འབེབས། འཆར་བྱེད་ཀྱི་བུ་ཤར་བ། ཤར་བའི་བུ་དམག་རྒྱལ། དེའི་བུ་ཡངས་པ་ཅན་དུ་སྤྱུགས་པས། དེ་གངས་ཀྱི་ནང་ནས་མར་བྲོས་ནས། ལྷ་རི་གྱང་ཐོར་བྱོན••••••••གཉའ་ཁྲི་བཙན་པོ་བྱ་བར་གྲགས་སོ།། བོད་ཀྱི་བཙན་པོ་ལ་སྔ་བ་དེ་ཡིན་ནོ།།”ཞེས་བཀོད་ཡོད་པ་དང༌།
ཡང་《རྒྱལ་པོའི་བཀའ་ཐེམས་བཀའ་བཀོལ་མ》ཟེར་བའི་ནང”རྒྱལ་པོ་འཆར་བྱེད་ཀྱི་སྲས་ཤར་པ། ཤར་པ་ལ་སྲས་གཉིས་ཏེ། སྐྱབས་སེང་དང་དམག་བརྒྱ་པའོ།། རྒྱལ་པོ་དམག་བརྒྱ་པ་ལ་སྲས་གཅིག་སྐྱེས་པ་མིག་བྱ་མིག་ལྟར་དུ་མས་འགེབས་པ། གཡུའི་སྨིན་མ་ཅན་དུང་སོ་འཁོར་བ་ཡོད་པ། ལག་པ་བྱ་ངང་པ་ལྟར་དྲ་བས་འབྲེལ་བ་གཅིག་བྱུང་ངོ༌།།ཡབ་ཀྱིས་མཐོང་བས། འདི་ལྟས་ངན་ཡིན་པས། འདི་གསོས་ན་རྒྱལ་ཁམས་བཤིག་ངེས་སོད་ཅིག་ཟེར་རོ།། དེར་བློན་པོ་རྣམས་ཀྱིས་གསོད་མ་ཕོད་ནས། ཟངས་ཁ་སྦྱར་དུ་བཅུག་ནས་ཆུ་བོ་གངྒྰ་ལ་བསྐྱུར་རོ།། དེ་གྲོང་ཁྱེར་ཡངས་པ་ཅན་གྱི་ཆུ་ཁའི་ཞིང་བས་རྙེད་ནས་(འདིའི་ཆུ་ལ་བསྐྱུར་ཚུལ་དང་རྙེད་ཚུལ་ནི་སྲིན་པོ་ལངྐ་མགྲིན་བཅུས་རང་གི་བུ་མོ་སི་ཏ་ཆུ་ལ་བསྐྱུར་ཚུལ་དང་མཐར་ཞིང་པ་རྣམས་ཀྱིས་ཞིང་གི་རོལ་ནང་ནས་རྙེད་ཚུལ་དང་ཕྱོགས་ཧ་ཅང་འདྲ་བས། ཆུ་ལ་བསྐྱུར་ཚད་ཞིང་བས་རྙེད་དགོས་པའི་གཏམ་རྒྱུད་དེར་ཤིན་ཏུ་ངོ་མཚར་མི་སྐྱེས་སམ།)ནགས་ཁུང་དུ་གསོས་སོ།། དེར་རྒྱལ་བུ་ན་རེ། ངའི་ཕ་མེས་ཇི་ལྟ་བུ་ཡིན་ཟེར་བ་ལ། རྒྱལ་པོ་དམག་བརྒྱ་བས་ཆུ་ལ་བསྐྱུར་བའི་ལོ་རྒྱུས་བཤད་པས་དེར་རྒྱལ་པོ་རི་ལ་བྲོས་བས། ལྷ་རི་རྒྱང་མཐོའི་ཁར་སླེབས། དེ་ནས་བྱང་ཕྱོགས་ཁ་བ་ཅན་དུ་བལྟས་འོངས་བས། ལྷ་རི་རོལ་པོའི་རྩེར་བྱོན། དེ་ནས་དམུ་སྐས་ཐེམས་དགུ་ལ་འབབ། བཙན་ཐང་སྒོ་བཞིར་བྱོན།”ཞེས་ནང་དོན་སྔོན་མ་དང་འདྲ་ཡང་ཅུང་རྒྱས་པའི་ཚུལ་གྱིས་བཤད་ཡོད་པ་དང༌།《བཀའ་ཆེམས་བཀའ་ཁོལ་མ》ལ་ཡང་ནང་དོན་གོང་དང་ཕལ་ཆེར་འདྲ་བར་བཤད་ཡོད།
ཡང་《མ་ཎི་བཀའ་འབུམ》དུ”དེ་ཚེ་བོད་ལ་རྗེ་འབངས་ཀྱི་རྣམ་དབྱེ་མེད་པ་ལས། ཤཱཀྱའི་རིགས་ལ་ཤཱཀྱ་ཆེན་པོ་དང་། ཤཱཀྱ་ལི་ཙ་བྱི། ཤཱཀྱ་རི་བྲག་པ་གསུམ་ལས་ཐ་མ་ལ། རྒྱལ་པོ་སྐྱབས་སེང་ཞེས་བྱ་བའི་བུ་ཆུང་བ་ཅིག དཔུང་གི་ཚོགས་དང་བཅས་གངས་ཅན་གྱི་ཕྱོགས་སུ་བྲོས་བ་ལས། བོད་ཡུལ་དུ་སླེབས་ནས། ཡར་ལུང་ལྷ་རི་རོལ་བའི་རྩེ་ནས། ལྷ་སྐས་ལས་བཙན་ཐང་སྒོ་བཞིར་བབས་པ་དང༌། གནམ་ནས་འོངས་པའི་བཙན་པོ་གཅིག་འདུག་པས། རང་ཅག་རྣམས་ཀྱི་རྗེར་ཞུའོ་ཟེར་ནས། གཉའ་བར་ཁྲི་ལ་བཏེགས་ནས་རྒྱལ་པོར་བཀུར་བས། རྗེ་གཉའ་ཁྲི་བཙན་པོ་ཞེས་གྲགས་སོ།།”ཞེས་བཀོད་ཡོད། རྗེས་སུ་ལུང་དེ་དག་ལ་རྒྱབ་སྐྱོར་དང་ལུང་དེ་ཁུངས་བཙན་དུ་འཛིན་མཁན་ཡང་མཁས་བ་མི་ཉུང་བ་ཞིག་བྱུང་སྟེ། རང་རང་གིས་བརྩམས་པའི་ལོ་རྒྱུས་དེབ་ཐེར་ནང་དུ་དྲིལ་སྒྲོག་གི་ཚུལ་གྱིས་གཉའ་ཁྲི་བཙན་པོ་ནི་རྒྱ་གར་གྱི་རྒྱལ་རྒྱུད་དང་དེ་ལས་ཤཱཀྱའི་རྒྱལ་རྒྱུད་དུ་ཁུངས་བསྟུན་ཅི་ཐུབ་བྱས་ཡོད་པ་ནི་རིམ་བཞིན《ཆོས་འབྱུང་བསྟན་པའི་རྒྱལ་མཚན》དང་།《བུ་སྟོན་ཆོས་འབྱུང》《ཚལ་བའི་དེབ་དམར》《རྒྱལ་རབས་གསལ་བའི་མེ་ལོང》《ཡིག་ཚང་མཁས་པ་དགའ་བྱེད》《དེབ་ཐེར་སྔོན་པོ》《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སོགས་མང་པོ་བྱུང༌། གོང་གི་བཤད་ཚུལ་དེ་རིགས་ནི་སངས་རྒྱས་ཆོས་ལུགས་ཀྱི་ལུང་དང་ཡང་མི་མཐུན་ཞིང་ལོ་ཚིགས་ཀྱང་ནང་འགལ་མང་པོ་བྱུང་ཡོད་པའི་ཐད། ལོ་རྒྱུས་སྨྲ་བའི་དབང་ཕྱུག་དཔའ་བོ་གཙུག་ལག་ཕྲེང་བས་ལུང་རིགས་དུ་མས་དགག་པ་དང་དོགས་སློང་མང་པོ་མཛད་ཡོད་པ་དང༌། ཁྱད་པར་དུ་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་ཀྱང་རང་གི་རིགས་པས་དགག་བཞག་མང་པོ་མཛད་ཡོད་པ་ནི། “བཤད་ཚུལ་དེ་ནི་མངོན་སུམ་རྒྱུན་ཤེས་ཀྱི་རིག་པའི་ཐོག་ནས་དཔྱད་ན་ཡང་ཁུངས་ལྡན་དུ་མ་མཐོང་སྟེ། གནའ་དུས་རྒྱ་གར་ནས་བོད་དུ་འོང་བའི་ལམ་ཐད་ཀར་བགྲོད་བདེ་ཞིག་རྩ་བ་ནས་མེད་པ་མ་ཟད། ཐ་ན་སྤྱི་ལོའི་དུས་རབས་བཅུ་གཅིག་པ་ཡས་མས་སུའང་རྒྱ་གར་གྱི་མཁས་པ་བོད་དུ་ཚུར་བྱོན་པའམ། བོད་ཀྱི་ལོ་ཙཱ་བ་རྒྱ་གར་དུ་ཕེབས་པ་གང་ཞིག་ཡིན་རུང༌། ཐམས་ཅད་ལ་སྟོད་མང་ཡུལ་བསྐོར་ནས་བལ་བོ་རྒྱལ་ཁམས་བརྒྱུད་དགོས་པའམ། ཡང་ན་དེ་བས་ཐག་རིང་མངའ་རིས་ལ་དྭགས་བརྒྱུད་དགོས་པ་རྣམ་ཐར་ལམ་ཡིག་སོགས་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་རིགས་འབོར་ཆེན་ནང་གསལ་ཐག་ཆོད་འཁོད་ཡོད། དེས་ན་བོད་ཀྱི་ཁ་ཕྱོགས་ཙམ་ཡང་ཆ་རྒྱུས་མེད་པར་རྒྱ་གར་གྱི་རྒྱལ་སྲས་གཞོན་ནུ་ཞིག་གིས་གཅིག་པུར་གངས་རི་ཆེན་པོའི་ཕྲེང་བ་མི་བཟད་པ་རྐང་བགྲོད་གྱིས་བརྒལ་ནས། ཐག་གིས་བསྐལ་བའི་མི་མེད་ལུང་སྟོང་ཟས་གོས་གནས་མལ་སོགས་མ་མཐའི་སྲོག་འཚོའི་བརྟེན་ཡུལ་ཙམ་མེད་པར་གློ་བུར་ཡར་ལུང་དུ་ཅི་འདྲ་བྱས་ནས་སླེབས་ཐུབ་བམ། ཁ་ཅིག་དཔུང་གི་ཚོགས་ཡོད་པའི་ལོ་འཕྲོས་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་གང་དུའང་གསལ་མེད།”ཅེས་གསུངས་ཡོད་པས། དངོས་གནས་རྒྱལ་སྲས་གཞོན་ནུ་དེ་རྫུ་འཕྲུལ་གྱི་རྐང་བ་ཐོགས་པ་ཞིག་ཡིན་ན་མ་གཏོགས། བགྲོད་དཀའ་བ་ནགས་རི་དང་གངས་རི་ཁྲི་ཕྲག་དུ་མར་བརྒལ་རྒྱུ་དང་། ཐར་དཀའ་བ་གཅན་འཕྲང་དང་གདུག་པ་ཅན་གྱི་ཁ་ནས་ཇི་ལྟར་ཐར་སྲིད་དམ།
༢ གཡུང་དྲུང་བོན་རྣམས་ཀྱི་བསྟན་འབྱུང་ལོ་རྒྱུས་དང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་རྣམས་ཀྱི་བཤད་ཚུལ་ལྟར་ན། གནམ་རིམ་པ་བཅུ་གསུམ་གྱི་སྟེང་ནས་ཡབ་བླ་བདལ་དྲུག་གི་སྲས་རྒྱུད་ཁྲི་བར་བདུན་ཚིགས་ཀྱི་སྲས་གཉའ་ཁྲི་བཙན་པོ་མི་ཡུལ་དུ་སྤྱན་དྲངས་ཤིང༌། ཐོག་མར་ལྷ་རི་གྱང་དོའི་རྩེར(ཀོང་པོ་བོན་རི)བབས་པ་དང་། རིམ་བཞིན་རྨུ་ཐག་རྨུ་སྐས་ལ་བརྟེན་ཏེ་ཡར་ལུང་བཙན་ཐང་སྒོ་བཞིར་ཕེབས་ཏེ་བོད་ཀྱི་རྗེ་བོ་མཛད་ཚུལ་བཤད་ཡོད། མཐོང་མ་ཐག་ཏུ་གནམ་གྱི་ལྷ་མིའི་རྒྱལ་པོར་གཤེགས་པའི་བཤད་ཚུལ་དེ་རིགས་ནི་ལྷ་སྒྲུང་ལྟ་བུའི་ཤན་ཞུགས་ཡོད་པར་སྙམ་ཡང༌། འོན་ཀྱང་འདི་ལ་བསམ་གཞིགས་བྱེད་རྒྱུ་ཡོད་དེ། དེང་སང་ཡང་འཕུར་སྡེར་ལ་བརྟེན་ནས་འཇིག་རྟེན་གཞན་གྱི་མི་བར་སྣང་ནས་ས་གཞིའི་སྟེང་དུ་ཕེབས་པ་མཐོང་ཐོས་མྱོང་གསུམ་ཅི་རིགས་བཤད་རྒྱུ་ཡོད་པས། རྒྱལ་པོ་གཉའ་ཁྲིའང་དེའི་རིགས་སུ་མིན་ནམ་སྙམ་པའི་དོགས་པ་ཞིག་ངང་ངམ་ཤུགས་ཀྱིས་མི་སྐྱེས་སམ། ཡང་གནམ་གྱི་ཁྲི་བདུན་བང་སོ་གནམ་ལ་བཏབ་ཅེས་པ་དེའང་དེང་སེང་གི་གནས་བབས་དང་བསྡུར་ན་ཧ་ཅང་བློར་མི་འཚམ་ཞིང་ཡིད་རྟོན་འཕེར་དཀའ་བ་ཞིག་ཏུ་མཐོང་ནས། ཁ་ཅིག་གིས་སྐུ་ཕུང་མེར་བསྲེགས་ནས་དུ་བ་ནམ་མཁར་གཏོང་བའི་སྲོལ་ཞིག་དར་བས་དེ་སྐད་ཟེར་བར་དཔྱད་ཀྱང་། དུ་བ་འགྲོ་ས་ནི་ནམ་མཁའ་བར་སྣང་སྟོང་བ་ཡིན་པ་ལས་ས་འོག་ཏུ་དྲངས་འགྲོ་ཟེར་བའི་དཔེ་ཞིག་མི་སྲིད་པས་ཅི་འདྲའི་དགོད་བྲོ་བ་ཨང༌། ཡང་སངས་རྒྱས་བྱང་ཆུབ་སེམས་ཀྱི་གདུང་དང༌། རང་བྱོན་ལྔ་ལྡན་སོགས་ཀྱང་མཇལ་རྒྱུ་ཡོད་ན་གནམ་གྱི་ཁྲི་བདུན་གྱི་གདུང་ལ་མཇལ་རྒྱུ་མེད་ཅེས་པ་ལ་དཔྱད་རྒྱུ་ཡོད་ཅེས་ཟེར་བའང་ཡོད། དེ་ལའང་བསམ་གཞིགས་དགོས་པ་ཡོད་དེ། བོན་འབྱུང་རྣམས་སུ་གཉའ་ཁྲིའི་དུས་ནས་ཀྱང་སྟོན་པ་གཤེན་རབ་ཀྱི་ཐེག་པ་ཆེན་པོའི་བོན་གསང་སྔགས་བསྒྲགས་པ་སྐོར་གསུམ་དར་ཡོད་པས། རྒྱལ་པོ་གནམ་གྱི་ཁྲི་བདུན་གྱིས་གཤེན་ནམ་མཁའ་སྣང་བ་མདོག་ཅན་སོགས་བླ་མར་བསྟེན་ཏེ། རྒྱལ་བོ་རེ་དང་སྐུ་གཤེན་རེ་བྱས་ནས་གསང་སྔགས་ཀྱི་བོན་ཉམས་སུ་བླངས་ཤིང་། ཕུང་བོ་ལྷག་མེད་དུ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བརྙེས་པ་ཤ་སྟག་ཡིན་པས། འདས་དུས་སུ་ཕུང་བོ་ལྷག་རྒྱུ་མེད་པ་དེའི་རྐྱེན་ཡིན་པ་དང༌། ཁྱད་པར་དུ་གཉའ་ཁྲིའི་སྲས་མུ་ཁྲི་བཙན་པོ་ནི་བོན་གྱི་ཐེག་ཆེན་ཉམས་བརྒྱུད་ཀྱི་བླ་མ་སྟེ་བར་གྱི་གདུང་རྒྱུད་བཅུ་གསུམ་གྱི་གྲས་སུ་བགྲང་བཞིན་ཡོད་པ་སོགས་ཁུངས་ལྡན་ལོ་རྒྱུས་ལུ་གུ་རྒྱུད་དུ་བཤད་རྒྱུ་ཡོད་པས། ཐེག་པ་གོང་མ་གསང་སྔགས་ཀྱི་ལོ་རྒྱུས་མཐོང་ཐོས་ཡོད་པའི་གང་ཟག་ཅིག་ཡིན་ན་ཡིད་ཆེས་མི་རྙེད་མི་སྲིད་དོ།
༣ གཉའ་ཁྲི་བཙན་པོའི་གདུང་རྒྱུད་དེ་འཕན་མྱི་རེད་ཅེས་བཤད་ཚུལ་ཡོད་ཀྱང་། དེ་ནི་བོད་རང་གི་ལོ་རྒྱུས་དེབ་ཐེར་དུ་གྲགས་མ་མྱོང་ཡང་། རྒྱའི་《ཐང་དེབ་རྙིང་མ》ལས་བཤད་སྲོལ་ཡོད་པ་དེ་མཆེད་པ་རེད། 《ཐང་དེབ་རྙིང་མའི》ནང་འཁོད་པ་ལྟར་ན། བོད་ཀྱི་མཆེད་ཁུངས་འཇང་ཡིན་པ་དང༌། བོད་ཀྱི་མིང་ལ་ཐུ་བྷོད་ཅེས་པའང་རྒྱལ་བོ་འཕན་མྱིས་བཟུང་བའི་རྒྱལ་ཁབ་ཀྱི་མིང་ལ་ཐུ་ཕྷ་ཞེས་བརྗོད་པའི་སྒྲ་འགྱུར་བ་ཡིན་པ་སོགས་བཤད་ཡོད་ཀྱང༌། དེ་ནི་ཁུངས་ལུང་ཅི་ཡང་མེད་ཅིང་སྤུ་རྒྱལ་གྱི་གདུང་རྒྱུད་འཕན་མྱི་མིན་པའི་ཐད་ལོ་རྒྱུས་སྨྲ་བའི་དབང་བོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་འདི་ལྟར་མཛད་ཡོད་དེ། “བཤད་ཚུལ་འདི་ཡང་གཉའ་ཁྲིའི་འབྱུང་ཁུངས་དང་འབྲེལ་བ་གཏན་ནས་མེད་པར་མཐོང་། དེ་ཡང་ས་གནས་ཀྱི་ཆ་ནས་བཤད་ན། འཕན་མྱི་བྲོས་ནས་རང་ཉིད་ཀྱིས་ས་བཟུང་བའི་ཡུལ་ནི། གནའ་དུས་ཆང་བ་རྣམས་གནས་བའི་ས་ཁུལ་རྨ་ཆུ་དང་། ཙོང་ཆུ་སོགས་འབབ་པའི་རྒྱུད་དུ་ཡིན་པ་ཐང་དེབ་གསར་མའི་ནང་འཁོད་པ་ལྟར་དང་། གཉའ་ཁྲི་གདན་དྲངས་ནས་སྤུ་རྒྱལ་གྱི་གདུང་རབས་བྱུང་ཞིང་དར་བའི་ཡུལ་ནི། བོད་ཀྱི་ཡར་ཆབ་གཙང་པོའི་ལྷོ་ངོས་ཡར་ལུང་གི་ལྟེ་བར་ཡིན་པ་ཀུན་ཤེས་ཡོངས་གྲགས་དང་གཅིག གཉའ་ཁྲི་ནི་གཅིག་པུར་ཡར་ལུང་དུ་བྱོན་ཞིང་། འཕན་མྱི་གཉེན་འཁོར་དང་བཅས་ཏེ་བྲོས་པ་ཡིན་པས་ནོར་ཐབས་མེད་པ་དང་གཉིས། ལྷག་པར་དུ་ཐག་གཅོད་རང་བཞིན་ལྡན་པའི་གཏན་ཚིགས་ནི་དུས་ཚོད་ཀྱི་ཧེ་བག་ཆེན་པོ་དེ་ཡིན་ཏེ། འཕན་མྱི་ནུབ་ཕྱོགས་སུ་བྲོས་པའི་ལོ་དུས་ནི་སྤྱི་ལོ༤༡༤ལོར་ཡིན་པ་རང་རྒྱལ་གྱི་ཚད་ལྡན་ཡིག་ཆར་གསལ་ཡོད་ཅིང་། གཉའ་ཁྲི་བཙན་པོ་ཡར་ལུང་དུ་བྱོན་པའི་ལོ་ཚད་ནི་བརྩི་ཚུལ་ཉུང་ཤོས་ལའང་སྤྱི་ལོ་འགོ་མ་ཚུགས་གོང་གི་ལོ་གྲངས་བརྒྱ་དང་ཉི་ཤུ་རྩ་དྲུག་པ་སྟེ་བོད་ཤིང་སྟག་ལོར་བརྩི་བ་ཡིན་པས་མ་མཐར་ཡང་ཧེ་བག་ཆེན་པོ་མི་ལོ་ལྔ་བརྒྱ་ལྷག་ཙམ་ཤོར་ཡོད། འཕན་མྱི་ནུབ་བསྐྱོད་ཀྱི་དུས་དེ་ནི་ཧ་ལམ་སྤུ་རྒྱལ་གྱི་བཙན་པོའི་གདུང་རབས་ཉི་ཤུ་རྩ་བརྒྱད་པ་འབྲོ་མཉེན་ལྡེ་རུ་ཡས་མས་ཀྱི་སྐབས་ཡིན་པས་རྒྱུ་མཚན་འདི་གཅིག་པུའི་ཐོག་ནས་ཀྱང་བཤད་ཚུལ་འདི་དང་། གཉའ་ཁྲི་བཙན་པོའི་འབྱུང་ཁུངས་ཀྱི་དབར་འབྲེལ་བ་སྤུ་ཙམ་ཡང་མེད་པ་གསལ་བཤད་གང་ལེགས་བྱེད་ཐུབ་པས་བགྲོ་གླེང་མང་པོ་བྱེད་དགོས་དོན་མ་མཆིས་སོ།” ཞེས་མཐའ་དཔྱོད་གནད་དུ་ཐིངས་པ་མཛད་ཡོད་པ་ནི་དངོས་གནས་དོན་ལ་གནས་པའི་མི་འགྱུར་གཡུང་དྲུང་ལྟ་བུའི་གཏམ་དུ་འཁུམས་སོ།།
༤ 《ལྡེའུ་ཆོས་འབྱུང》ལས “དེ་ནས་གཉའ་ཁྲི་བཙན་པོ་བྱོན་པ་ལ་གླེང་ལུགས་མི་མཐུན་གསང་བསྒྲགས་ཡང་གསང་ཟེར། གང་ལྟར་འཐེན་ཀྱང་གཉའ་ཁྲིར་མཐུན་པ་སྟེ། ཡང་གསང་ཐེ་བྲང་ལས་ཆད་གཉའ་ཁྲིར་བཏགས་སྐད། ཡུལ་སྤོ་བོའི་ཡུལ་ནས་སྤུའི་མི་མོ་མོ་བཙུན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་ཐེ་རང་མ་སྙ་ཨུ་བེར་བྱ་བ། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཕྱག་སོར་དྲ་བར་འབྲེལ་བ། ཤིན་ཏུ་གདུག་རྩུབ་དང་ནུས་མཐུ་ཆེ་བ་གཅིག་བྱུང་བས། འདི་ཐུ་དྲགས་བཤུག་དགོས་ཟེར་ནས། སྤུ་བོའི་ཡུལ་གྱི་བན་བོན་ནུས་མཐུ་ཅན་རྣམས་ཀྱིས་ཐེ་བྲང་སྐྱས་འདེབས་བྱས་ནས་བོད་དུ་བཤུགས་པ་ལ། དེར་བོད་ཀྱི་མི་རྗེ་འཚོལ་བ་དང་འཕྲད་ནས། ཁྱོད་ཅི་འདྲ་ཞིག་ཡིན་བྱས་པས། ང་སྤུ་བོའི་ཡུལ་གྱི་མི་གཅིག་ཡིན་ཟེར་བས། འོ་ན་ཕྱག་སོར་དང་ལྕེ་ངོ་མཚར་ཆེ་བ་གཅིག་འདུག་པ། ཁྱོད་ནུས་མཐུ་འདྲ་བ་ཅི་ཡོད་བྱས་པས། ཁོ་ན་རེ་ནུས་མཐུ་དང་རྫུ་འཕྲུལ་ཆེ་དྲགས་པས་བཤུགས་པ་ཡིན་ཟེར། འོ་ན་ངེད་ཀྱི་རྗེ་བཅོལ་ལོ་བྱས་ནས། གཉའ་བའི་ཁྲི་ལ་བླངས། འདི་རྗེ་གཉའ་ཁྲི་བཙན་པོ་ཡིན་བྱས་ནས་རྗེ་བཅོལ་བའི་ལོ་རྒྱུས་གདའ་སྟེ། དེ་ནི་རྗེའི་སྔན་ནམ་མཚང་ལགས་སོ།།” ཞེས་བཀོད་ཡོད་པ་དང༌། དེ་བཞིན་ལྕང་གླང་པ་རོལ་བའི་རྡོ་རྗེས་བརྩམས་པའི་《ཡུམ་བུ་བླ་སྒང་གི་དཀར་ཆག་འབྲིང་བོ》ཞེས་པར་ཡང་གོང་གི་ནང་དོན་འདྲ་མཚུངས་སུ་བཀོད་ཡོད། འདིའི་ཐད་དབུས་གཙང་མཁས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས“མདོར་ན་སྐབས་དེའི་རྩོད་གཞི་ནི་གཉའ་ཁྲི་བཙན་པོ་མི་ཡིན་དང་ལྷ་ཡིན་ཟེར་བ་དེར་ཐུག་པས། གལ་ཏེ་ལྷ་མིན་ན་བོད་རང་གི་མི་ཞིག་ཡིན་པར་ཀླན་ཀ་ཅི་ཡང་མེད་དོ།།”ཅེས་ཀྱང་གསུངས་ཡོད་པས། གཉའ་ཁྲི་ནི་རྒྱ་གར་གྱི་རྒྱལ་རྒྱུད་མིན་པ་ཐག་གིས་བཅད་པ་མ་ཟད། སྟེང་ལྷ་ཡུལ་ནས་བབས་པའང་མིན་པར་འདོད་དེ། བོད་རང་ས་ནས་འཁྲུངས་བ་འཁྲུལ་མེད་དུ་ཐག་གིས་བཅད་ཡོད་ལ། དངོས་གཙོ་རྩོད་སྒྲུབ་སྨྲ་བའི་ལྟ་བས་གཞུང་བསྲིངས་པའི་དེང་གི་ཞིབ་འཇུག་པ་རྣམས་ལ་བཤད་ཚུལ་འདི་ཧ་ཅང་བློར་བདེ་བར་སེམས་སོ།། གཞན་ཡང་སྐབས་འདིའི་བཤད་ཚུལ་ལས་བོད་རྗེ་གཉའ་ཁྲི་ནི་ཐེ་རང་སྤུན་དགུའི་ཐ་ཆུང་དུ་བཤད་པ་ནི་ཧ་ཅང་མི་འོས་པའི་གཏམ་ཞིག་སྟེ། དེ་ནི་བན་དེ་རྣམས་ཀྱིས་བཏགས་པའི་སྨ་འབེབས་ཀྱི་བཤད་ཡམས་ཤིག་ཏུ་འདོད། རྒྱུ་མཚན་ནི་རྗེ་གཉའ་ཁྲི་ནས་བཟུང་གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་རྒྱས་པ་དང་། ཁོང་ནི་བོན་གྱི་རྒྱལ་བོ་ཐོག་མ་ཡིན་པ་ལ་ཡི་མ་རངས་ནས་དེ་འདྲར་བཏགས་པ་གདོན་མི་ཟ། དེ་བཞིན་དུ་བོན་པོ་རྣམས་ཀྱིས་ཀྱང་རྒྱལ་པོ་གྲི་གུམ་བཙན་པོས་བོན་ཐེངས་ཤིག་བསྣུབས་པ་རྒྱུ་མཚན་དུ་བྱས་ཏེ་རྒྱལ་པོ་གྲི་གུམ་བཙན་པོ་ནི་ཐེའུ་རང་མང་སྙ་ཨུ་ཝེར་གྱི་སྤྲུལ་བ་ཞུགས་དང་། སྐྲ་རྩ་དམར་བ། མིག་རྩ་ཟླུམ་པ། ལག་མཐིལ་གཡས་ན་སྨེ་བ་ནག་པོ་ཡོད་པ། ཁ་ནས་བསད་བཅད་དུ་སྨྲ་བ། སྡིག་པ་ལ་མོས་ཤིང་གོ་མཚོན་ལ་དགའ་བ་ཞིག་བྱུང་སྟེ། མའི་རུམ་ནས་གྲི་རྟགས་ཚང་བ་ཞིག་བྱུང་། མཚན་ཡང་གྲི་རུམ་བཙན་པོར་བཏགས་པ་སོགས་བཤད་ཡོད་པ་ལ་བསམ་གཞིགས་བྱས་ཚེ་དགའ་སྐྱོ་ཆགས་སྡང་གིི་དབང་གིས་རང་ཕྱོགས་ལ་ཉེ་བའམ་དགའ་བའི་རྒྱལ་པོ་རྣམས་ལ་ལྷ་དང་ཆོས་ཀྱི་རྒྱལ་པོ་ཞེས་འུད་བསྟོད་གནམ་འོག་ཏུ་མི་ཤོང་བ་འདྲར་བྱེད་ཅིིིིིང་། རང་ཕྱོགས་ལ་འབྲེལ་བ་མེད་ཅིང་མི་འདོད་པའིི་རྒྱལ་པོ་རྣམས་ལ་ཐེ་རང་གི་སྤུན་དང་བུ་རུ་བཤད་དེ་སྨ་འབེབས་བྱེད་པ་སོགས་ནི་སྔ་རབས་རྣམས་ཀྱི་ལུགས་སྲོལ་ཞིག་ཏུ་ཆགས་ཡོད་པ་ཤེས་ཐུབ།

གཉིས་པ། རྗེ་གཉའ་ཁྲི་བཙན་པོའི་འཁྲུངས་ལོའི་སྐོར།

བཙན་པོ་འདི་ཉིད་འཁྲུངས་ལོར་བཞེད་པ་མང་དུ་མཆིས་ཀྱང་། བོན་ལུགས་ལ་འཁྲུངས་ལོ་བཞེད་པ་གཅིག་ལས་མེད་དེ། སྤྱི་ལོའི་སྔོན་གྱི་ལོ་༡༡༣༦ཤིང་བྱི་ལ་འཁྲུངས་པར་འདོད་པ་དང༌། བན་དེ་ལུགས་ལ་བཞེད་པ་མི་མཐུན་པ་དགུ་ཙམ་ཡོད་དེ། ༡ སྤྱི་ལོ་སྔོན་གྱི་ལོ་༥༣༩ཆུ་ཁྱི་ལ་འཁྲུངས་པར་འདོད་པ་ནི་སྟག་ཚང་བ་དཔལ་འབྱོར་བཟང་བོའི་ལུགས་ཡིན། ༢ སྤྱི་ལོ་སྔོན་གྱི་ལོ་༤༡༧ཤིང་བྱི་ལ་འཁྲུངས་པར་འདོད་པ་ནི་སུམ་པ་མཁན་པོའི་ལུགས་ཡིན། ༣ སྤྱི་ལོའི་སྔོན་གྱི་ལོ་༣༡༣ས་སྤྲེལ་ལ་འཁྲུངས་བར་འདོད་པ་ནི་ས་སྐྱའི་ཡིག་རྙིང་དུས་གསལ་སྒྲོན་མེ་དང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་ལུགས་ཡིན། ༤ སྤྱི་ལོ་སྔོན་གྱི་ལོ་༢༣༧ཤིང་བྱི་ལ་འཁྲུངས་པར་འདོད་པ་ནི་སྡེ་སྲིད་ཀྱི་བཻ་དཀར་དང་འཇམ་དབྱངས་བཞད་པའི་བསྟན་རྩིས།བླ་བྲང་གདན་རབས། མདོ་སྨད་ཆོས་འབྱུང་སོགས་ཀྱི་ལུགས་ཡིན། ༥ སྤྱི་ལོ་སྔོན་གྱི་ལོ་༢༠༠ལྕགས་གླང་ལ་འཁྲུངས་པར་འདོད་པ་ནི་ས་ཆེན་གྲགས་པ་རྒྱལ་མཚན་གྱི་ལུགས་ཡིན། ༦ སྤྱི་ལོ་སྔོན་གྱི་ལོ་༡༩༥མེ་རྟ་ལ་འཁྲུངས་པར་འདོད་པ་ནི་དཔའ་བོ་གཙུག་ལག་ཕྲེང་བའི་བཞེད་ལུགས་དང་པོ་ཡིན། ༧ སྤྱི་ལོ་སྔོན་གྱི་ལོ་༡༣༤མེ་ལུག་ལ་འཁྲུངས་པར་འདོད་པ་ནི་ས་སྐྱ་འགྲོ་མགོན་འཕགས་པའི་ལུགས་ཡིན། ༨ སྤྱི་ལོ་སྔོན་གྱི་ལོ་༡༢༧ཤིང་སྟག་ལ་འཁྲུངས་པར་འདོད་པ་ནི་རྒྱལ་བའི་མཛད་རྣམ་དང་ཕུག་པ་ལྷུན་གྲུབ་རྒྱ་མཚོ། རྫ་དཔལ་སྤྲུལ་སོགས་ཀྱི་ལུགས་ཡིན། ༩ སྤྱི་ལོ་སྔོན་གྱི་ལོ་༡༡༥མེ་སྟག་ལ་འཁྲུངས་པར་འདོད་པ་ནི་བཀའ་ཆེམས་བཀའ་ཁོལ་མ་དང་དཔའ་བོ་གཙུག་ལག་ཕྲེང་བའི་བཞེད་ལུགས་གཉིས་པ་ཡིན།
དེ་ལྟར་བན་དེའི་ལུགས་ལ་བཞེད་པ་མི་མཐུན་པ་དགུ་ཙམ་དང་བོན་གྱི་བཞེད་ལུགས་གཅིག་བཅས་བསྡོམས་པས་བཞེད་ལུགས་བཅུ་ཙམ་ཡོད་པ་རྣམས་ལ་གཟུར་གནས་ཞིབ་འཇུག་པ་རྣམས་ཀྱིས་དཔྱད་པ་གཏོང་རན་ཡོད་ཅིང་། འཁྲུངས་ལོ་གཅིག་མ་གཏོགས་ཐམས་ཅད་ཡིན་པར་འགྱུར་བ་ཞིག་གཏན་ནས་མེད་པ་དང་། བོད་རྒྱལ་འཁྲུངས་ལོ་མགོ་ནས་འཕྱུགས་ན་རྒྱལ་རབས་རྗེས་མ་རྣམས་ཀྱང་ངང་གིས་འཕྱུགས་ཡོད་པ་གདོན་མི་ཟ་བས། རང་ལ་རྒྱལ་པོའི་འཁྲུངས་ལོ་ཡིད་རྟོན་འཕེར་བ་ཞིག་མེད་ཚེ། རྒྱལ་བོ་དང་འབྲེལ་བའི་ལོ་རྒྱུས་རྣལ་མ་ཞིག་བརྗོད་ཐབས་བྲལ་བ་དང་། །གཞན་ལ་ངོམ་དུ་རེ་བའི་ལོ་རྒྱུས་རྣལ་མ་ཞིག་དེ་བས་ཀྱང་བརྗོད་ཐབས་བྲལ་བ་སྨོས་ཅི་དགོས། འཁྲུངས་ལོ་བཞེད་པ་མི་མཐུན་པ་རྣམས་ལས་ལ་ལ་ཞིག་རྨོངས་བའི་དབང་གིས་གཏད་སོ་མེད་པར་གྱུར་པའི་ལུགས་སུ་སོང་ཡོད་པ་དང༌། ལ་ལ་ཞིག་ཆགས་སྡང་རྨོངས་གསུམ་གྱི་དབང་གིས་བསམ་བཞིན་རྙོག་དྲ་བཟོས་ཡོད་པ་སོགས་འདྲ་མིན་སྣ་ཚོགས་ཤིག་མཐོང་རྒྱུ་ཡོད་པས། ངས་འདིར་དཀར་བསལ་ནག་འདེད་དང་གཟུར་གནསབདེན་སྐྱོང་གིས་དཔྱད་པ་རགས་ཙམ་བྱས་ན།
1 བན་དེའི་ལུགས་ཀྱི་ཆེས་རིང་མཐའི་གཉའ་ཁྲི་བྱོན་ལོ་ཡང་ཅུང་འཕྱི་དྲགས་པའི་སྐྱོན་ཡོད་དེ། རྒྱུ་མཚན་ནི་རང་རེའི་ཀྲུང་གོའི་ལོ་རྒྱུས་སུ་སྤྱི་ལོ་སྔོན་གྱི་དུས་རབས་ཉེར་གཅིག་པ་སྟེ་སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་ཙམ་ནས་རྒྱ་ནག་གི་ཞ་རྒྱལ་རབས་ཚུགས་ཡོད་ས་ན་རང་རེའི་བོད་དུ་སྤྱི་ལོ་སྔོན་གྱི་ལོ་ལྔ་བརྒྱའི་དཀྱིལ་ཙམ་ནས་མ་གཏོགས་སྤྱི་ལ་དབང་བའི་རྒྱལ་བོ་མེད་པ་དང་། སྤྱི་ལོ་སྔོན་གྱི་ལོ་ལྔ་བརྒྱའི་དཀྱིལ་ཙམ་དུ་རྒྱ་ནག་ཏུ་ཁྲུན་ཆིའུ་དུས་སྐབས་ཀྱི་དཀྱིལ་ཙམ་སྟེ་རིག་གནས་དང་ཆབ་སྲིད། དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་ཧ་ཅང་དར་རྒྱས་ཆེ་ཞིང་། རྒྱལ་ཁབ་གཞན་གྱི་བར་དང་བཙན་དབང་འཕྲོག་རེས་བྱེད་པ་དང་། མངའ་ཐང་ཤིན་ཏུ་དར་ཡོད་དུས། རང་རེའི་བོད་ན་ད་དུང་རྒྱལ་རབས་ཚུགས་མེད་པ་འདི་ཧ་ཅང་བློ་ལ་འབྱོར་དཀའ་མོ་ཞིག་རེད་སྙམ། དེ་བས་ངས་འདིར་བོན་ཀྱི་བཞེད་པ་དང་དུ་བླངས་ཏེ་ཞིབ་འཇུག་བྱས་ཚེ་རྒྱ་ནག་རྒྱལ་རབས་རྣམས་དང་བསྡུར་ན། ཆབ་སྲིད་དང་རིག་གནས་དཔལ་འབྱོར་སོགས་གང་གི་ཐད་ནས་ཀྱང་ཧེ་བག་ཆེན་པོ་འབྱུང་མི་སྲིད།
2 བན་དེའི་ལུགས་ཀྱིས་གཉའ་ཁྲི་བྱོན་ལོ་ཅུང་འཕྱི་ན་བཟང་བ་ལ་རྒྱུ་མཚན་ངེས་ཅན་ཡོད་པར་སྙམ་སྟེ།བོན་ཀྱི་མཁས་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས“གཉའ་ཁྲིའི་འཁྲུངས་ལོ་མར་འདེད་མ་བྱས་ན། ཤཱཀྱ་ཐུབ་པའི་སྔོན་ལ་གཉའ་ཁྲི་བྱོན་ན། དེའི་དབུ་བླར་གཤེན་ནམ་མཁའ་སྣང་བ་མདོག་ཅན་བྱོན་ནས་གསང་སྔགས་སྤེལ་བས། ཐུབ་པ་མ་བྱོན་གོང་བོད་ན་ནང་བ་སངས་རྒྱས་བའི་བསྟན་པ་ཡོད་པ་ཁས་ལེན་མི་འདོད་པ་དང་། རྒྱུ་བོན་ལ་མཁས་པའི་ཤེས་པ་ཅན་བཅུ་གཉིས་སོགས་ཀྱིས་གཉའ་ཁྲི་རྒྱལ་པོར་བཀུར་བས། ཐུབ་པ་མ་བྱོན་གོང་བོད་ན་རིག་གནས་ཡོད་པ་ཁས་ལེན་དགོས་པར་འགྱུར་བས་དེ་ལྟར་བཤད་མ་འདོད་པ་ཡིན་ཏེ། སྟོན་པ་གཤེན་རབ་མཆོག་གི་བསྟན་པ་ནི་ཐུབ་པ་མ་བྱོན་གོང་ནས་ཡོད་པ་བཤད་མ་འདོད་པར། སྟོན་པ་གཤེན་རབ་དང་ལོའུ་ཀྱུན་གཅིག་རེད་ཟེར་བ་དང་། དེ་གཉའ་ཁྲི་མན་ཆད་ནས་བྱོན་པར་བཤད་པ་སོགས་ཀྱི་དམིགས་ཡུལ་རྟོགས་ཐུབ་བོ།། དེས་ན་སྲོང་བཙན་ཚུན་ཆད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཆོས་ལུགས་ཕྱོགས་ཞེན་དབང་གིས་བཤད་ཚུལ་དུ་མ་བྱུང་བ་ཤ་སྟག་གོ།” ཞེས་གསུངས་ཡོད་པས་དངོས་གནས་དོན་ལ་གནས་བའི་གཏམ་མོ།། རང་ཉིད་གྲུབ་མཐའ་གང་དུ་ཞུགས་ཀྱང་རུང་། རང་ཉིད་སྡོད་ཡུལ་རོང་འབྲོག་གང་དུ་བྱས་ཀྱང་རུང་། མི་རིགས་རང་གི་ལོ་རྒྱུས་རྣམས་བློ་གཟུར་བོ་དང་རང་ཕན་ཤེས་ཀྱི་སྒོ་ནས། རང་རིགས་ཀྱི་ལོ་རྒྱུས་རྣལ་མ་ལ་གཅེས་སྤྲས་དང་སྲུང་སྐྱོབ་གང་ལེགས་བྱེད་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་འཆོལ་མི་རུང་བའི་ལོ་རྒྱུས་པ་རྣམས་ཀྱི་འོས་འགན་རེད་སྙམ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།