བོན་ཆོས་ཀྱི་ཐ་སྙད་ལས་འཕྲོས་ཏེ་དཔྱད་པ་ཕྲན་ཙམ་གླེང་བ།

བོན་ཆོས་ཀྱི་ཐ་སྙད་ལས་འཕྲོས་ཏེ་དཔྱད་པ་ཕྲན་ཙམ་གླེང་བ།
བྱ་འཕུར་བ་ནམ་མཁའ་རྒྱལ་མཚན།

དེ་ཡང་རྒྱ་ཆེ་བའི་རིག་གནས་དང་ཤེས་རིགས་ལ་སོགས་པའི་གཏེར་གྱི་སྒོ་རྒྱ་ཡངས་པོར་ཕྱེས་ཤིང་། རྒྱལ་ཁབ་ཕྱི་ནང་ཁག་གི་གཟུར་གནས་རྣམས་ཀྱི་མཁྱེན་རྩལ་ཤིང་རྟའི་རྩིབས་སྟོང་རྣམ་པར་བསྒྱུར་བའི་ཉེ་ཆར། འོ་སྐོལ་ནང་བ་སངས་རྒྱས་པས་བསྡུས་པའི་བན་བོན་གྱི་གྲུབ་མཐས་བློ་ཁ་བསྒྱུར་དང་མ་བསྒྱུར་བའི་སྐྱེ་བོ་དག་གིས། བོན་དང་ཆོས་ཞེས་སྒྲའི་ཟུར་གྱི་ཐ་སྙད་ཙམ་ལ་བརྟགས་ནས་བོན་དང་ཆོས་གཉིས་ཕན་ཚུན་འབྲེལ་བ་མེད་པར། ཁ་ཕྱི་བལྟས་དང་ནང་འཁོར་ལྟ་བུའི་གཤིས་སུ་གྲུབ་འདུག་པར་དགོངས། གནད་དོན་དེ་དག་ལ་བློ་གཟུ་བོར་གནས་ཏེ་ཚད་གསུམ་ཡང་དག་གིས་དཔྱད་པ་ཅི་རིགས་བཏངས་ན། གནད་ཀྱི་སྡོམ་དེ་འགག་རྩ་འདི་འདྲ་བ་ཞིག་ལ་ཐུག་པ་སྟེ། གཤེན་བསྟན་པ་རྣམས་ཀྱི་འདོད་ལུགས་སམ་བློ་ལ་འཐད་ལྡན་དུ་མི་སྨྲ་བའི་བཤད་ཚུལ་ཞིག་ཏུ། བན་དེ་རྣམས་ཀྱིས་སྟོན་པ་ཤཱཀྱ་ཐུབ་པ་དང་། བསྟན་པ་ལ་ཐུབ་བསྟན་དང་། ཡང་ན་ཆོས་ཞེས་པར་འདོད་ཚུལ་དང་། ཐུབ་བསྟན་པ་རྣམས་ཀྱི་བློ་ངོར་ཡང་བོན་པོ་རྣམས་ཀྱིས་སྟོན་པ་ལ་གཤེན་རབ་མི་བོ་དང་། བསྟན་པ་ལ་གཤེན་བསྟན་དང་། ཡང་ན་བོན་ཞེས་ཆོས་ཀྱི་སྒྲ་དང་མི་འདྲ་བའི་ཚིག་གཞན་དག་ཅིག་ལ་ངོས་འཛིན་པར་དགོངས་ཏེ་སོ་སོ་དོན་གྱི་གནད་ལ་མི་དཔྱོད་པར། བོན་དང་ཆོས་ཞེས་པ་ལ་བཅད་ཀྱི་ལུང་བ་གཉིས་ལྟ་བུའི་རྟོག་འཛིན་དྲ་བས་བཅིངས་འདུག སྤྱིར་གཡུང་དྲུང་བོན་ཞེས་པ་དང་དམ་པའི་ཆོས། ཐུབ་བསྟན་དང་གཤེན་བསྟན། བོན་དང་ཆོས། ངྷརྨ་དང་གྱེར། བན་དེ་དང་བོན་པོ། བརྡོལ་བོན་སོགས་དང་ར་རྫི་སྐལ་རྒྱལ་སོགས་ཆོས་ལོག་སྨྲ་མཁན་དག་གིས་མཛད་པའི་ཆོས་རྣམས་སྒྲ་དང་ཚིག་མི་འདྲ་བ་ཙམ་ལས་སྐབས་སྐབས་སུ་སྦྱོར་མཚམས་དང་བྱེད་ལས་སོགས་ཀྱང་མི་འདྲ་ས་ཅི་ཡང་མེད་མོད། དེའང་མང་བཀུར་ནས་བུ་རམ་ཤིང་བ་ཡན་ཆད་ཀྱི་རུས་རྒྱུད་གཅིག་ཏུ་སྣང་ལ། དེའི་ཚུན་དུ་མིང་སྲིང་འདུས་པའི་རྒྱུད་ལ་ཤཱཀྱ་ཐོགས་པ་ཡིན་ཞེས་རུས་རྒྱུད་ལ་སྨོད་པ་དང་། སངས་རྒྱས་ཡིན་ན་མི་འཇིགས་པའི་ཁྱད་ཆོས་ལྡན་པའི་ཞིང་ཤམ་བྷ་ལར་འཁྲུངས་ནས་ཆོས་གསུངས་ཏེ། དེ་ནས་ཕྱོགས་ཀུན་ཏུ་སྤེལ་དགོས་པ་ལ། བདུད་ང་མིན་ཆོས་པོ་འདུལ་བའི་ཆེད་དུ་རྒྱ་གར་རྡོ་རྗེ་གདན་དུ་འཁྲུངས་ནས། དེར་སངས་རྒྱས་པའི་ཚུལ་བསྟན་ཅེས་དང་། ཚེ་ལོ་བརྒྱ་བའི་སྟོན་པ་མ་ཡིན་པར་བརྒྱད་ཅུའི་དུས་སུ་བྱོན་པ་ཡིན་ཟེར་བ་དང་། སྟོན་པ་ཡིན་ན་སྐུ་ཚད་དང་སྐུ་ཚེ་ཡང་ཕལ་བའི་མི་དང་མི་མཚུངས་པར་མཛད་པ། ཐུབ་པ་སྐུ་ཚད་ཁྲུ་བཞི་དང་དགུང་ལོ་བརྒྱད་ཅུའི་ནང་དུ་འདས་པས། བསྟན་རྩིས་ལ་ལར། འཕགས་པའི་སྐུ་ཚེ་ཐུང་སྐྱོན་འཇུག་ཅེས་སོགས་བཤད་འདུག་པ་དང་། (བོན་གྱི་མཁས་པ་འགའ་ཞིག་ནས་དགུང་ལོ་བརྒྱད་བརྒྱ་དང་ཉི་ཤུར་བཞུགས་ཟེར་བའང་ཡོད)གཞན་ཡང་ཀླུ་ཐོགས་གཉིས་ཀྱི་ལོ་ཚད་དང་། པད་འབྱུང་འཁྲུངས་ནས་བོད་ལ་བྱོན་པའི་བར་དུ་མི་ལོ་ཆིག་སྟོང་དྲུག་བརྒྱ་ལྷག་སོང་བ་ལ་གཞིགས་ནས། ཐུབ་པའི་མཛད་པ་ལ་བལྟས་ན་ལོ་བརྒྱད་ཅུའི་ནང་དུ་མི་ཤོང་ཟེར་བར་ཐེ་ཚོམ་སྐྱེས་པ། འདི་རྣམས་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་སོགས་ཚད་མར་མི་འཛིན་པའི་བོན་པོ་རྣམས་ཀྱི་ལུགས་ཡིན་ལ། ཡང་བན་དེ་ལུགས་ལ། ཐུབ་པ་འཁྲུངས་དུས་སངས་རྒྱས་ཡིན་ཟེར་བ་དང་། མི་ཟེར་བ་དང་། རྡོ་རྗེ་གདན་ནས་སངས་རྒྱས་པར་འདོད་པ་དང་། དེ་ཚུལ་བསྟན་དུ་འདོད་པ་དང་། སངས་རྒྱས་པ་ན་བདུད་བཞི་བཅོམ་དགོས་པར་བཤད་པ་དང་། འདས་རྐྱེན་ཞབས་སེང་ལྡིང་གི་ཚེར་མས་བསྣད་པར་བཤད་པ་དང་། མྱ་ངན་ལས་འདས་རྗེས་བཀའ་རྣམས་ལྷ་ཀླུ་སོགས་ཀྱིས་འཕྲོག་རེས་བྱས་ནས་ཁྱེར་སོང་སྐད། དེ་ཡང་ལོ་བཞི་བརྒྱའི་བར་ཐེག་ཆེན་མེད་ཚུལ་བཤད་ནས། ཀླུ་སྒྲུབ་ཀྱིས་ཡུམ་ཀླུ་ཡུལ་ནས་ཁྱེར་འོངས་ནས་ཐེག་ཆེན་དར་ཚུལ་བཤད་པ་ནི་ཁུངས་འགེབས་པའི་ཚིག་རེད་དེ། བོན་འབུམ་ཁམས་ཆེན་སྟོང་ཕྲག་བརྒྱ་བ་ལས་བསྒྱུར་བ་བདེན་སྙམ་པ་དང་། བན་དེས་ལུགས་ལྟར་ན། ཡང་ཀླུ་སྒྲུབ་ལ་ཞག་བདུན་གྱི་ཚེ་ལས་མེད་ཀྱང་ཚེ་བསྲིངས་ནས་ལོ་དྲུག་བརྒྱར་བཞུགས་ཚུལ། རྒྱལ་བོ་བདེ་སྤྱོད་བཟང་བོའི་བུ་གཞོན་ནུ་ནུས་ལྡན་གྱིས་ཀླུ་སྒྲུབ་ཀྱི་དབུ་རལ་གྲིས་མ་ཆོད་པར་རྩྭ་ཀུ་ཤས་བཅད་ནས་ཁྱེར་བ་ལ། གནོད་སྦྱིན་མས་འཕྲོག་ནས་དཔག་ཚད་དུ་དོར་བས་ན། དབུ་དང་ལུས་གཉིས་ཀྱི་བར་ན་དཔག་ཚད་གཅིག་ཡོད་ཀྱང་། ཡུན་རིང་པོ་ལོན་པ་ན་ཐག་ཇེ་ཉེ་ནས་ཇེ་ཉེར་སོང་ནས་དབུ་ལུས་འབྱར་ཚུལ་དང་། འབྱར་ནས་སླར་བསྟན་འགྲོའི་དོན་མཛད་ཚུལ་སོགས་བཤད་པ་ལ། གཤེན་བསྟན་པ་རྣམས་ཡིད་མི་ཆེས་པའི་བཤད་ཚུལ་མང་དུ་སྣང་ཡང་བརྗོད་པར་མི་སྤྲོ།
ད་ལྟ་གཤེན་བསྟན་པའི་གསུང་རབ་དང་ལོ་རྒྱུས་ལ་ཆ་རྒྱུས་མེད་པའི་ཕྱི་རབས་ཀྱི་བསྟན་བཅོས་མི་ཉུང་བ་ཞིག་གི་ནང་དུ། བརྡོལ་བོན་དང་བདུད་བོན་སོགས་ནི་གཡུང་དྲུང་བོན་དང་ཁྱད་པར་མེད་པའི་ལྟ་བ་མང་པོ་ཞིག་བཀོད་ཡོད། དེ་ལུགས་ཀྱི་འདོད་པ་ལྟར་ན། བརྡོལ་བོན་སོགས་རེ་རེ་ནས་བོན་ཅན། སངས་རྒྱས་ཀྱི་བསྟན་པ་ཡིན་པར་ཐལ། གཡུང་དྲུང་གི་བོན་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། ཁྱབ་པ་ཡོད་པར་ཐལ། སྨྲ་བའི་དབང་པོ་ཉི་རི་ཤེལ་བཞིན་སོགས་མཁས་གྲུབ་གོང་མ་དག་གིས་གཡུང་དྲུང་གི་བོན་དང་སངས་རྒྱས་ཀྱི་བསྟན་པ་གཉིས་དོན་གཅིག་མིང་གི་རྣམས་གྲངས་སུ་བཞེད་པའི་ཕྱིར། དེས་ན་རྩར་འདོད་མི་ནུས་པས་རྟགས་ཁྱབ་གཉིས་རིམ་བཞིན་ཁས་བླངས་དང་ཚད་མས་གྲུབ་ཅིང་དམ་བཅའ་ལ་ཚད་མས་བསལ་བ་འབབ་པའི་ཨ་ལན་མི་ཐེབས་པར་འགྱུར་རོ། ། དེ་བཞིན་དུ་མུ་སྟེགས་པའི་ཆོས་དང་ར་རྫི་སྐལ་རྒྱལ་སོགས་ཆོས་ལོག་སྨྲ་མཁན་དག་གིས་མཛད་པའི་ཆོས་ཆོས་ཅན། དམ་པའི་ཆོས་ཡིན་པར་ཐལ། ཆོས་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཡོད་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་དང་ཡོད་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། རྩར་འདོད་མི་ནུས་ཏེ། དེ་སངས་རྒྱས་ཀྱི་བསྟན་པ་མ་ཡིན་པའི་ཕྱིར། དེ་ལྟར་རིགས་པ་བརྒྱ་ཕྲག་གི་ལམ་ནས་རྣམ་དཔྱོད་ཀྱི་རྟ་ཕོའི་བང་ཁ་འགྲན་པར་ཡིད་སེམས་རྩལ་གྱིས་ཕྱོགས་མོད་ཀྱང་། སྐབས་བབ་དང་བསྟུན་ཏེ་བཏང་སྙོམས་སུ་བསྐྱུར་རོ།།
སྤྱིར་བོན་ཞེས་པའི་ཐ་སྙད་ནི། ཤེས་བྱ་ལ་འཇུག་སྟེ། བོན་ཐམས་ཅད་བདེན་པ་གཉིས་སུ་འདུས་ཞེས་དང་། རྣམ་ཤེས་ཚོགས་དྲུག་ཡིད་ཀྱི་མ་པར་ཤེས་པ་ལ་འཇུག་སྟེ། འཁོར་འདས་ཀྱི་བོན་ཞེས་དང་། བསོད་ནམས་ལ་འཇུག་སྟེ། སྤྱོད་པའི་སྒྲ་ཐོས་པར་དགའ་བ་གཡུང་དྲུང་གི་བོན་ལ་སྤྱད་ཅེས་དང་། དོན་ལ་འཇུག་སྟེ། གནས་ལུགས་དོན་གྱི་བོན་ཞེས་དང་། ལམ་ལ་འཇུག་སྟེ། ལམ་གྱི་བོན་ཞེས་དང་། གསུང་རབ་ལ་འཇུག་སྟེ། སྟོན་པས་བོན་སྒོ་བཞི་མཛོད་ལྔ་གསུངས་པ་དང་། ཐེག་ལ་འཇུག་སྟེ། ཐེག་པ་བླ་ན་མེད་པ་གཡུང་དྲུང་གི་བོན་ཞེས་དང་། བོན་དང་ཡོད་པ་ཞེས་པ་དོན་ཡང་གཅིག་པས་ཕྱིར་ན། བོན་གྱི་ཐ་སྙད་ཙམ་གྱིས་གཡུང་དྲུང་གི་བོན་ཡིན་དགོས་པའི་ངེས་པའམ་ཁྱབ་པ་མེད་པ་དེ་དག་ལ་དཔྱད་ན་ངེས་ཤེས་འདྲོངས་སླ་བ་ཞིག་ཡིན་པ་མཁྱེན་གསལ་ལྟར་རེད། དེ་བཞིན་ཆོས་ཞེས་པ་འདི་ཡང་འཇུག་ཡུལ་ཤེས་བྱ་ལ་འཇུག་པ་འདུས་བྱས་སུ་གྱུར་བའི་ཆོས་ཞེས་དང་། མྱང་འདས་ལ་འཇུག་པ་ཆོས་ལ་སྐྱབས་སུ་མཆོག་ཞེས་དང་། ཡིད་ཀྱི་ཡུལ་ལ་འཇུག་པ་ཆོས་ཀྱི་སྐྱེ་མཆེད་ཅེས་དང་། བསོད་ནམས་ལ་འཇུག་པ་བཙུན་མོ་འཁོར་དང་ལྷན་གཅིག་ཏུ་ཆོས་སྤྱོད་ཅེས་དང་། ཚེ་ལ་འཇུག་པ་བྱིས་པར་མཐོང་བའི་ཆོས་གཅེས་པར་འཛིན་ཞེས་དང་། གསུང་རབ་ལ་འཇུག་པ་ཆོས་མདོ་སྡེ་ཞེས་དང་། འབྱུང་འགྱུར་ལ་འཇུག་པ་ལུས་འདི་རྒ་བའི་ཆོས་ཅན་ཞེས་དང་། ངེས་འབྱུང་ལ་འཇུག་པ་དགེ་སྦྱོང་གི་ཆོས་ཞེས་དང་། ཆོས་ལུགས་འཇུག་པ་རིགས་ཀྱི་ཆོས་སོགས་དུ་མ་ལ་ཆོས་ཀྱི་ཐ་སྙད་འཇུག་པའི་ཕྱིར། བོན་ཡིན་ན་གཡུང་དྲུང་གི་བོན་ཡིན་པས་མ་ཁྱབ་པ་དང་ཆོས་ཡིན་ན་དམ་པའི་ཆོས་ཡིན་པས་མ་ཁྱབ་བོ། །
སྟོན་པ་ཤཱཀྱའི་དབང་བོ་མཆོག་གིས་གསུངས་པའི་བཀའ་དང་། དེ་ལ་བརྟེན་ནས་གསུངས་པའི་བསྟན་འགྱུར་དང་གསུང་འབུམ་སོགས་དང་། སྟོན་པ་གཤེན་རབ་མཆོག་གིས་གསུངས་པའི་བཀའ་འགྱུར་གྱི་པོད་ཏི་ཉིས་བརྒྱ་ལྷག་ཙམ་བཞུགས་པ་དེ་དང་། བསྟན་འགྱུར་གྱི་པོད་སུམ་བརྒྱ་ལོང་ཙམ་བཞུགགས་པ། གཞན་ཡང་ཕྱི་རབས་ཀྱི་མཁས་པ་མང་པོས་མཛད་པའི་གསུང་འབུམ་དག་ལ་ཞིབ་མོར་གཟིགས་མ་ཐུབ་ཀྱང་། ཚིག་ཉུང་ལ་དོན་འདུས་པའི་གསུང་རབ་འགའ་རེར་ཞིབ་ཅིང་ཕྲ་བས་གཟིགས་མོར་མ་མཛད་པར་བོན་དང་ཆོས་ཞེས་རྣམ་དབྱེ་འབྱེད་པར་རློམ་པ་ནི། ལག་རྡུམ་བྲག་ལ་འཇུས་པ་ལས་ཁྱད་པར་ཅི། འོན་ཀྱང་ལོག་པའི་ཆོས་དང་དམ་པའི་ཆོས། བརྡོལ་བོན་སོགས་དང་གཡུང་དྲུང་གི་བོན་ལ་དབྱེ་བ་མི་འབྱེད་པའི་དཔྱད་རྩོམ་མི་ཉུང་བ་ཞིག་ས་ཁྱབ་རྡོ་གདལ་དུ་སྤེལ། དེ་དང་མཉམ་དུ་རྒྱལ་ཁབ་ཕྱི་ནང་ཁག་གི་གཟུར་གནས་བློ་གྲོས་ཀྱི་སྤོབས་པ་མཆོག་ཏུ་ཡངས་པའི་ཞིབ་འཇུག་པ་རྣམས་ཀྱིས། ས་རྐོ་རྡོ་སློག་བཞིན་དུ་གངས་ཅན་བོད་ཀྱི་ཤེས་རིག་ཕུན་སུམ་ཚོགས་པའི་འབྱུང་གཞི་ཁོངས་སུ་འཚོལ་ཏེ། སྙིགས་དོར་བཅུད་ལེན་གྱི་བྱ་བའི་ལམ་ལ་ཞུགས་ཤིང་ཕྱོགས་གང་ལ་ཞིབ་འཇུག་དང་དཔྱད་པ་ཡང་དག་གི་ཐམས་ཕྱིན་ཅི་མ་ལོག་པ་ལ་བརྟེན་པ་དང་། གནས་རྣམས་ཚུལ་བཞིན་བྱས་ཤིང་ལོ་རྒྱུས་སོགས་དོན་འགེངས་ཤིན་ཏུ་ཆེ་བའི་ངེས་ཤེས་ཡང་དག་རྙེད་པའི་མཐུན་རྐྱེན་ནི། གོང་སྨྲས་ཀྱི་བརྡོལ་བོན་སོགས་དང་གཡུང་དྲུང་གི་བོན་གཉིས་མ་འབྱེད་པར་རྣམ་པར་རླུང་བཞིན་ཁྱབ་པར་སྤེལ་བ་ཡང་། དེང་དུས་འཛམ་གླིང་ཐོག་གི་བོད་རིག་པའི་ཞིབ་འཇུག་མཁས་པ་སྐད་གྲགས་ཅན་རྣམས་ཀྱི་་གསུང་སྒྲོས་དག་ལས་ར་སྤྲོད་བྱེད་ནུས། ཚང་མས་བོད་མི་རིགས་ཀྱི་ཤེས་རིག་རིག་གཞུང་གི་ལོ་རྒྱུས་སྲ་ཞིང་ཕུབ་ཕེར་ཞིག་གདེང་འཇོག་མཛད་པའི་དབང་དུ་བཏང་ན་། གྲུབ་མཐའི་ཕྱོགས་ལྷུང་དང་། ཀླད་རྙིང་མཁྲེགས་བཟུང་གི་བཤད་ཚུལ་རྣམས་དང་། རྨོངས་དད་དབང་གིས་བག་ཆགས་རྙིང་པའི་རྗེས་ཟློས་རྣམས་ལ་ཡོལ་ཅི་ཐུབ་ཐོག ལུང་རིགས་ཟུང་འབྲེལ་གྱི་སྒོ་ནས་དངོས་ཐོག་བདེན་འཚོ་དང་ཁ་གསལ་དྲང་བདེན་དོན་དངོས་དང་མཐུན་པའི་ལོ་རྒྱུས་དྲང་ཐིག་གི་ལམ་ནས་བོད་ཀྱི་ལོ་རྒྱུས་སྨྲ་བའི་དབང་བོ་རྣམས་ཀྱི་དཔྱད་གཞིའི་ཡིག་ཆ་དང་ལུང་རྣམས་གང་མང་འཚོལ་ཞིབ་དཔྱད་བསྡུར་བགྱི་ཞིང་། ལོ་རྒྱུས་ཀྱི་དོན་དངོས་དེ་དག་རྩ་བརླག་རུ་མི་འགྱུར་བའི་ཆེད་དུ་དངོས་ཤུགས་བརྒྱུད་པའི་སྒོ་ནས། དེ་སྔོན་གྱི་མེས་པོའི་ཡིག་སྲོལ་རྙིང་པའི་ལོ་རྒྱུས་དེ་དག་རིགས་དཔྱད་ཁུངས་སྐྱེལ་ཞིག་དགོས་པར་བརྟེན། བོན་གྱི་ལོ་རྒྱུས་རྙིང་པ་དག་འཚོལ་ཞིབ་བྱས་ཏེ་གནའ་བོའི་བོད་ཀྱི་རིག་གནས་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་སོགས་གང་མང་མང་ཞིག་གི་དོན་སྙིང་འདྲོངས་ལ། དཔྱོད་པ་དང་ལྡན་པ་ཞིག་ཡིན་ཕྱིན་ལོ་རྒྱུས་ལ་སོགས་པའི་རྩོམ་བྲིས་གང་ལ་མིག་གཡས་ལོང་བ་དང་རྣ་གཡས་འོན་པ་མི་བྱེད་པ་ནི་མཁས་པའི་རང་གཤིས་ཡིན་མོད། དེས་ན་སྐབས་འདིར་ཆོས་ལུགས་སོ་སོའི་རྒྱུད་འཛིན་གྱི་བལྟ་བའི་མིག་དཔེར་འོས་པ་དག་གི་བཞེད་ལུགས་ལྟར་ན། ཆོས་ལུགས་འཇམ་དཔལ་རྩ་བརྒྱུད་ལས། འཇམ་དཔལ་བརྒྱད་ཁྲིའི་དུས་སུ་བྱོན་ནས། ཞལ་ལྷོ་རུ་གཟིགས་ཏེ་རྒྱ་གར་ཆོས་ཀྱིས་འདུལ་བར་དགོངས་ནས་ཤཱཀྱ་ཐུབ་པར་སྤྲུལ། ནུབ་ཏུ་གཟིགས་ཏེ་སྟག་གཟིག་དང་ཞང་ཞུང་བོན་གྱིས་འདུལ་བར་དགོངས་ནས་སྟོན་པ་གཤེན་རབ་ཏུ་སྤྲུལ་བར་བཤད་པ་དང་། ཡང་རྩིས་གཞུང་བེེ་ཊཱུརྱ་དཀར་པོ་ལས། ཞང་ཞུང་ཡུལ་ནི་བོན་གྱིས་འདུལ་བར་དགོངས་ནས་གཤེན་རབ་མི་བོར་སྤྲུལ། བོན་གྱི་མཛད་པ་བཅུ་གཉིས་བསྐྱངས།། ཐེག་པ་རིམ་པ་དགུ་རུ་བསྟན། འགྲོ་རྣམས་གཡུང་དྲུང་ལམ་ལ་བཀོད། ། ཅེས་གསུངས་པ་འདིས་ཐེག་པ་རིམ་དགུའི་བོན་གྱི་མྱང་འདས་མངོན་དུ་བྱེད་པའི་ལམ་ཡོད་པར་ཡང་བསྟན་ཏོ། ། ཞེས་ལུང་སྔ་མ་དེས་སེམས་གཙོ་སྨྲ་བའི་གསུང་སྒྲོས་བཞིན་དུ་སྤྲུལ་གཞིའི་ངོ་བོ་གཅིག་ལས། ཐབས་གང་ལ་གང་འདུལ་གྱི་སྤྲུལ་པ་སྣ་ཚོགས་སྟོན་པའི་གཉིས་སྣང་དུ་སྤྲུལ་པར་སྟོན་པ་དང་། ལུང་ཚིག་ཕྱི་མས་ཞང་ཞུང་ངམ་བོད་ཀྱིས་གནས་འདི་ཉིད་བོན་གྱིས་འདུལ་བར་དགོངས་ཏེ། སྟོན་པ་གཤེན་རབ་ཀྱི་ངོ་བོ་ཉིད་ལས་མཛད་པ་རྣམ་པ་བཅུ་གཉིས་ཀྱིས་འགྲོ་བའི་མོས་ཁམས་ལྟར་བསྐྱངས་པ་དང་། ཐེག་པ་རིམ་པ་དགུ་རུ་བསྟན་ཞེས་པ། ཕྱ་གཤེན། འཕྲུལ་གཤེན། སྣང་གཤེན། སྲིད་གཤེན་ཏེ་རྒྱུའི་ཐེག་པ་བཞི་དང་། དགེ་བསྙེན། དྲང་སྲོང་། ཨ་དཀར། ཡེ་གཤེན། ཁྱད་པར་བླ་མེད་ཀྱི་ཐེག་པ་སྟེ་འབྲས་བུའི་ཐེག་པ་ལྔ་དང་དགུ་བཅས་བསྟན་པ་ཡིན་ནོ། །
བོད་འདི་ནི་གཞན་ཡང་མཚོ་བོད་མཐོ་སྒང་སྟེང་ལོ་ཁྲི་ཕྲག་གཉིས་སམ་ཁྲི་ཕྲག་གསུམ་གྱི་གོང་རོལ་དུ་བྱུང་བའི་གནའ་བོའི་མི་རིགས་ཤིག་ཡིན་ལ་རིག་རྫས་ཀྱིས་སྒྲུབ་སྟེ་ཁ་ཚོན་བཅད་ཡོད་པ་དེས་དེ་ལུགས་ཀྱི་ཐེ་ཚོམ་ཡོངས་སུ་བསལ་ནུས་པ་མ་ཟད། བོད་ཀྱི་ལོ་རྒྱུས་ཆེས་རིང་བ་དང་བོད་ཀྱི་ཞིང་ཁམས་དེ་ཉིད་རྒྱ་ཆེ་བ་ཡང་དངོས་སུ་རྟོགས་ནུས། ཡང་མཁས་བའི་དབང་པོ་ནམ་མཁའ་ནོར་བུས་མཛད་པའི་ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་ལས་གསུངས་པར། བོད་དུ་དམ་པའི་ཆོས་དབུ་བརྙེས་བ་ནས་བཟུང་། བོད་ཀྱི་མཁས་བ་ཚོས་ཡོངས་གྲགས་སུ་གསུང་སྲོལ་ལ། བོད་གངས་ཅན་གྱི་ལྗོངས་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཡིན་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཐུན་མོང་མ་ཡིན་དང་། རྒྱལ་བློན་བྱང་་ཆུབ་སེམས་དཔའ་དེ་དག་གིས་ཐུགས་རྗེ་ལ་བརྟེན་ནས་བོད་འདིར་དམ་ཆོས་ཀྱི་ཉི་མ་གསར་དུ་ཤར་བར་མཛད་པ་དང་། རྒྱལ་བློན་དེ་དག་མ་བྱོན་པའི་གོང་དུ་བོད་ཀྱི་ཡུལ་འདི་མཐའ་འཁོབ་མུན་པའི་གླིང་ཡིན་པ་དང་། སྔོན་གྱི་བོད་མི་རྣམས་བླུན་པོ་དང་། ལྐུགས་པ་ཡིན་པ་སོགས་མདོར་ན་ཆོས་ཀྱི་བསྟན་པ་བྱུང་ནས་བོད་དུ་ལེགས་ཆ་གང་མང་མང་ཞིག་འཕེལ་ཡོད་པ་དང་། དེ་སྔོན་ཉེས་ཆ་ཅི་མང་མང་ཞིག་བྱུང་ཚུལ་འདི་གཉིས་ཀྱི་འགལ་ཆ་སྟོན་ཅི་ཐུབ་གང་ཐུབ་ཅིག་གནང་སྲོལ་བྱུང་ཡོད། གནའ་ལུགས་ལ་སྨད་ར་ཇི་ཙམ་གཏོང་ཐུབ་པ་ཡིན་ན་གསར་ལུགས་ཀྱི་དགེ་མཚན་ཡང་དེ་ཙམ་དུ་སྟོན་ཐུབ་པའི་ལྟ་སྟངས་འདི་འདྲ་ཞིག་གཞི་རྩ་བཟུང་བའི་ཐོག་ནས་གསར་དུ་འབྲི་རྩོམ་གང་བའི་ལོ་རྒྱུས་ཀྱི་གཞུང་ཆེ་ཕྲ་དུ་མ་ཞིག་ཀྱང་ཡར་རྒྱས་སུ་ཕྱིན་པ་ཡིན་སྟབས། གནའ་རབས་ལ་ཆ་རྒྱུས་མེད་པའི་མི་ཕལ་མོ་ཆེ་དག་ལོ་རྒྱུས་དེ་རིགས་ཀྱིས་བློ་ཁ་བསྒྱུར་བ་མེད་པ་འདྲ་ཞིག་ཆགས་ཡོད། དམ་པ་ཆོས་ཀྱི་ལྟ་སྟངས་ཁོ་ནའི་ལུགས་སུ་བྱས་པ་ཡིན་ན། རྒྱ་གར་འཕགས་པའི་ཡུལ་ནས་དམ་ཆོས་བྱོན་པ་ཡིན་སྟབས། འཕགས་པའི་ཡུལ་དེ་ཆོས་ཀྱི་འབྱུང་གནས་ཡིན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐུགས་རྗེ་དང་འཕྲིན་ལས་ནི་ཆོས་མཐའ་དང་བྲལ་བ་ཞིག་ཡིན་སྟབས། བོད་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱ་ཡིན་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཡིན་པ་རྣམས་ལ་འགལ་བ་རྡུལ་ཞིག་མེད་པར་ངེས་ནའང་། རང་རེའི་ལོ་རྒྱུས་བཤད་པའི་ཚེ། ལོ་རྒྱུས་ཀྱི་གནས་ཚུལ་དེ་དངོས་ཀྱི་གནས་ལུགས་དང་བསྟུན་ཏེ་དཔྱད་གསུམ་རིགས་པས་གཏན་ལ་འབེབ་པ་ཞིག་ཡིན་པ་ལས། དད་པ་དང་། མོས་པ་དང་། ཡིད་ཆེས་ཙམ་ལ་བརྟེན་པས་འགྲིག་ཐབས་མེད་ཅིང་། དེ་འདྲས་ལོ་རྒྱུས་གཏན་ལ་ཕབ་ནའང་། ཐུན་མོང་གིས་ཁས་ལེན་དུ་རུང་བའི་ལོ་རྒྱུས་ཤིག་ཏུ་འགྱུར་ཐབས་མེད་པ་དེང་དུས་རང་རེའི་དབང་པོར་མངོན་སུམ་དུ་འགྱུར་བཞིན་པ་འདི་རེད། སྤྱི་ཚོགས་ཀྱི་འཕོ་འགྱུར་དང་དཔྱོད་ལྡན་དག་གི་བློ་གྲོས་ཀྱི་སྤོབས་པའི་མཁྱེན་རྩལ་འགྲན་པའི་གོ་སྐབས་འདིར། མི་རིགས་རང་གི་རིག་གནས་རླབས་པོ་ཆེའི་གནས་རྣམས་འགྲེམ་སྤེལ་བྱེད་དང་བྱེད་བཞིན་པའི་གནས་ལུགས་དེ་རེད། མཁས་མཆོག་མི་ཕམ་གྱི་ཞལ་སྔ་ལས་ཀྱང་། གཤེན་ཡུལ་འོལ་མོའི་གླིང་ཆེན་དུ། སྟོན་པ་གཤེན་རབ་མི་བོ་བསྟན། ཞེས་དང་། བོན་གྱི་ཐེག་པ་རིམ་དགུ་གསུངས།། སྐྱེ་འགྲོ་སེམས་ཅན་བདེ་ལ་བཀོད།། ཅེས་དང་། བན་གྱི་ཐེག་དགུ་བསྟན་པའི་ཕྱིར།། སྟོན་པ་ཤཱཀྱ་ཐུབ་པ་བྱོན། ཞེས་དང་། ཕན་བདེ་མཛད་པའི་སྤྲུལ་སྐུ་ལ།། སོ་སོའི་སྟོན་པ་ཉིད་དུ་བཟུང་།། བན་དང་བོན་ཞེས་སོ་སོར་དབྱེ།། ཞེས་དང་། མི་འགལ་ཕྱིར་ན་དགོངས་པ་གཅིག ། ཅེས་དང་། བན་གྱི་ཐེག་དགུ་བསྟན་པའི་ཕྱིར།། སྟོན་པ་ཤཱཀྱའི་རིགས་སུ་འཁྲུངས་ནས་ཆོས་སུ་བསྟན་པ་དང་། བོན་གྱི་ཐེག་དགུ་བསྟན་པའི་ཕྱིར་ཞེས་གསུངས་པ་སྔར་བད་དང་མཐུན་ནོ།།
སྒྲོན་མ་དགུ་སྐོར་ལས། གཤེན་རབ་དང་མཐུན་པའི་བསྟན་པ་རྣམ་གཉིས་གཅིག་སྟེང་དུ་གཅིག་དར་ཚུལ་གྱིས་འགྲོ་དོན་མཛད་པའོ།། ལྔ་བརྒྱའི་ཐ་མ་ལ། ལ་ལས་གཡུང་དྲུང་གི་བསྟན་པ་མི་བདེན་ཟེར། ལ་ལས་དམ་པའི་ཆོས་མི་བདེན་ཟེར། འཁྲུལ་བའོ།། ངོ་བོ་དབྱེ་བ་མེད་པའོ། སྤྱོད་ཚུལ་སོ་སོར་སྤྱོད་པས་དོན་གྲུབ་བོ།། ཞེས་སོགས་གསུངས་པ་དག་ལས་སེར་སྐྱ་ཕོ་མོ་ཀུན་གྱི་བློ་གཟུ་བོར་གནས་པ་ལ་བསྐུལ་སློང་དང་། མཐུན་སྒྲིལ་ཟབ་མོའི་མདུན་ལམ་གྱི་དཀྱུས་རིང་དུ་ཕྱེས་པ་དང་ཆབས་ཅིག་དངོས་སེམས་གང་རུང་སྨྲ་བའི་སེམས་ཀྱི་འཆར་སྒོར་མྱོང་བ་ཕུན་སུམ་ཚོགས་པ་རེ་སྟེར་ནུས། མདོར་ན་བོད་རིག་པའི་ཞིབ་འཇུག་གི་མཁས་པ་རྣམས་དང་བོད་རིགས་སྤུན་ཟླ་རྣམས་ཀྱིས། ཀུན་ལ་མཐུན་པའི་སྒོ་ནས་མི་རིགས་ལ་ཕན་པ། ཞིབ་འཇུག་ཡང་དག་པའི་སྒོ་ནས་ལོ་རྒྱུས་ལ་ཕན་པ། རྩོམ་རིག་མང་སྤེལ་གྱི་སྒོ་ནས་རིག་གནས་ལ་ཕན་པ་སྟེ་གསུམ་པོ་འདི། ལྷག་བསམ་རྣམ་དག་གིས་ཕུགས་བསམ་བློ་གཏད་བྱས་ཏེ་གོམ་གང་མདུན་སྤོས་ཀྱི་བྱ་བར་འབད་འབུངས་དོན་ཁུར་ཞིག་ཏུ་བརྩིས་ནས། ལེཊ་བཤད་ཀྱི་ཉམས་མྱོང་ལེགས་སྐྱེས་སུ་འབུལ་བར་བརྗོད་ལས་འདས་པའི་དགའ་བ་ཚད་མེད་འཕེལ་ཞེས་ཞུ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།