ཞང་བོད་ཤེས་རིག་གི་རྩ་བའི་འབྱུང་ཁུངས་གླེང་བ།

ཞང་བོད་ཤེས་རིག་གི་རྩ་བའི་འབྱུང་ཁུངས་གླེང་བ།
འབྲུག་མོ་སྐྱིད།

ཞང་བོད་གནའ་བོའི་ཤེས་རིག་གི་ཁུངས་གང་ཡིན་པ་དང་། ཤེས་རིག་དེ་དག་གི་རྣམ་གྲངས་དང་དགོས་ཆེད། སྤྱི་ཚོགས་ཡོངས་ལ་ཤན་ཞུགས་ཚུལ་ཏེ་དོན་ཚན་གསུམ་དུ་དབྱེ་ནས་བརྗོད་པར་བྱ་སྟེ།

དང་པོ།

     ཞང་བོན་གནའ་བོའི་ཤེས་རིག་མཐའ་དག་གི་ཁུངས་ནི་བོན་ཐེག་པ་རིམ་དགུའི་ནང་གསེས། རྒྱུ་ཡི་ཐེག་པ་བཞི་སྟེ་ཕྱྭ་གཤེན་ཐེག་པ། སྣང་གཤེན་ཐེག་པ། འཕྲུལ་གཤེན་ཐེག་པ། སྲིད་གཤེན་ཐེག་པ། བསྡུས་མིང་ལྷ་བོན་སྒོ་བཞི་ཟེར་བ་འདི་ཡིན་ལ། རྒྱུ་ཡི་ཐེག་པ་ཟེར་བ་ཡང་འཇིག་རྟེན་འདི་ཡི་ཕན་བདེ་བྱ་བ་ཁོ་ནར་སྒྲུབ་པའི་ཐབས་ཡིན་པ་དང་། འབྲས་བུ་ཐེག་པ་བཞི་དང་བླ་མེད་ཡང་རྩེ་དང་ལྔ་ནི། རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་སུ་ཐོབ་པའི་ཐེག་པ་ཡིན་པས་ན་དེ་སྐད་ཟེར། བོན་གྱི་ཡིག་ཚང་ལྟར་ན། བོན་ཐེག་པ་རིམ་དགུ་གསུང་པ་པོ་ནི་རྒྱལ་བ་གཤེན་རབ་ཉིད་ཡིན་ལ། དེ་གསུངས་པའི་བོན་ཐོག་མ་ནི་རིག་གནས་ཆེ་བ་ལྔའི་ནང་གསེས་བཟོ་རིག་པ་ཡིན། འདི་ཐོག་མར་གསུངས་བའི་དགོས་པ་ཡང་རྒྱུ་འབྲས་ཐེག་པའི་བོན་དངོས་མ་གསུང་བའི་སྔོན་དུ་སྣང་སྲིད་དགའ་བདེ་བསྐྱེད་པ་དང་། སངས་རྒྱས་བསྟན་པའི་ཆ་རྐྱེན་དུ་དགོངས་ནས་ཐོག་མར་རིག་པའི་གནས་རྣམས་གསུངས། ཞུ་འཁོར་གྱི་ཐོག་མ་ཡང་རྩ་གསུམ་ཉེ་དབང་ལི་ཕྱྭ་ཧ་རའི་བུ་ཀར་མ་ལི་ཤོ་ཡིན། དེ་ཇི་ལྟར་གསུངས་པའི་ཚུལ་ནི། ཀུན་འབུམ་གོ་འབྱེད་རྩ་བའི་རྒྱུད་ལས། རིག་པའི་གནས་ཆེན་ལྔ་ལ་ཡང་འབྱུང་བའི་ལྷ་ལྔ་དང་གསུངས་པའི་བོན་ལྔ། ཀུན་འབུམ་གོ་འབྱེད་རྩ་བའི་རྒྱུད་ལས། རིག་པའི་གནས་ཆེ་ལྔ་ལ་ཡང་འབྱུང་བའི་ལྷ་ལྔ་དང་གསུངས་པའི་བོན་ལྔ། བསྟན་པའི་དགོས་པ་ལྔ་སོགས་རེ་རེར་ཁྱད་པར་གསུམ་དང་ལྡན་པར་གནས་ཏེ། འབྱུང་བའི་ལྷ་ནི། སྲིད་པའི་མེས་པོ་སྲིད་པ་སངས་པོ་འབུམ་ཁྲིའི་ཐུགས་ཀྱིས་སྤྲུལ་བ་ཡེ་སྲིད་སངས་པོ་འབུམ་ཁྲི། གསུང་གི་སྤྲུལ་བ་ཡེ་མཁྱེན་སྒྲ་བླའི་རྒྱལ་པོ། སྐུ་ཡི་སྤྲུལ་བ་ཡེ་རྗེ་སྨན་ལྷའི་རྒྱལ་པོ། ཡོན་ཏན་གྱིས་སྤྲུལ་བ་ཡེ་དབང་ས་ཡི་རྒྱལ་པོ། འཕྲིན་ལས་ཀྱིས་སྤྲུལ་བ་ཡེ་དབང་མཐུ་སྟོབས་རྒྱལ་པོ་དང་ལྔའོ།། གསུང་བའི་བོན་ལྔ་ནི་བཟོ་རིག་པའི་གནས་དང་། སྒྲ་རིག་པའི་གནས།གསོ་བ་རིག་པའི་གནས། ཕྱི་རིག་པའི་གནས། ནང་དོན་རིག་པའི་གནས་དང་ལྔའོ། ། བསྟན་པའི་དགོས་པ་ལྔ་ནི། སངས་རྒྱས་ཀྱིས་བསྟན་པ་ཆགས་པའི་གཞིར་འགྱུར་ཅིང་། གཞན་རྗེས་སུ་འཛིན་པའི་ཕྱིར་དུ་བཟོ་རིག་པའི་བོན་སྡེ་དང་། མ་རྟོགས་པ་དང་ལོག་པར་རྟོག་པའི་དྲི་མ་རྣམས་ཚར་གཅོད་ཅིང་ངེས་པའི་དོན་ཡང་དག་པར་བསྟན་པའི་ཕྱིར་དུ་སྒྲ་རིག་པའི་བོན་སྡེ་དང་། འགྲོ་བ་ནད་ཀྱི་ཟུག་རྔའི་གདུང་བ་བསལ་བའི་ཕྱིར་དུ་གསོ་བ་རིག་པའི་བོན་སྡེ་དང་འཇིག་རྟེན་གྱི་བདེ་སྡུག་དང་ལེགས་ཉེས་སོ་སོར་སྟོན་ཞིང་སྣང་སྲིད་ཞི་བདེར་བཅོས་པའི་ཕྱིར་དུ་ཕྱི་རིག་པའི་བོན་སྡེ་བགེགས་གདོན་རྣམས་ཐབས་ཀྱིས་བཅོམ་ཞིང་མཆོག་ཐུན་རང་རྒྱུད་ཐོབ་པར་བྱ་བའི་ཆེད་དུ་ནང་དོན་རིག་པའི་བོན་སྡེ་བཅས་སོ། ། སྤྱིར་རིག་པའི་གནས་ལྔའི་ནང་ནས་ནང་དོན་རིག་འདི་ཉིད་གལ་ཆེ་ལ། མདོ་སྔགས་སེམས་གྱི་ལྟ་བ་ཡང་རིག་པ་འདི་ཡི་བསྟན་བྱ་ཡིན་པས་ན་གཅིག་ཤེས་ཀུན་གྲོལ་ནང་དོན་རིག་པ་ཟེར། ལར་བཟོ་རིག་པའི་བོན་སྡེ་རྣམས་ནི། བཟོ་རྒྱལ་ཀར་མ་ལི་ཤོ་ལ་གཉེར་དུ་གཏད་པ་ཡིན་ཏེ། མདོ་དྲི་མེད་ལས། ད་ལྟའི་དུས་འདིར་ཤེས་རབ་ཀྱི་བློ་སྦྱོང་ཞིང་རིག་པའི་གནས་ལྔ་ལ་བསླབ་དགོས་པ་ཡིན་པས། དེ་ཡང་རིག་གནས་གཞན་བཞི་ནི། ད་དུང་བསྟན་པའི་དུས་ལ་མ་བབ་ཅིང་མི་འབྱུང་ལ། བཟོ་རིག་པའི་བོན་སྡེ་འདི་ནི། ལྷ་ཡི་བུ་ཁྱོད་དང་བདག་སྔོན་ནས་སྨོན་ལམ་མཐུན་པས། ཁྱེད་ཀྱི་ཐུགས་སུ་ཆུད་པར་གྱིས་ཤིག་ཞེས་སོ། །བཟོ་རྒྱལ་ལྷ་སྲས་ཀར་མ་ལི་ཤོ་ལ། སློབ་མ་མཁས་པ་མཛེས་པའི་རྒྱན་དྲུག་བྱུང་། བཟོ་ལ་མཁས་པའི་བཟོ་རྗེ་ལྷ་དབང་། དྲུབ་ལ་མཁས་པ་རྫུན་འཕྲུལ་དབང་ཕྱུག། བླུག་ལ་ཁམས་པ་བླུག་ཐོག་པ་ཝ། མགར་ལ་མཁས་པ་མགར་ལྷ་ཡུག་པ། ལྷ་ལ་མཁས་པ་ལྷ་སྲས་པད་མ། བྲིས་ལ་མཁས་པ་ཡེ་གེ་འཕྲུལ་ཆུང་ངོ། །དེ་ཡང་བཟོ་རིག་པའི་འབུམ་སྡེ་གསུམ་ནི། བསྐལ་བ་སྣང་སྲིད་འཁོར་ལོའི་འབུམ། སྲིད་པ་མི་བུ་རྒྱུད་ཀྱིས་འབུམ་འབྱུང་བ་ཆགས་གནས་འཇིག་སྟོང་འབུམ་དང་གསུམ་མོ། ། གཞུང་དེའི་བསྟན་བྱར་གྱུར་པའི་བཟོ་རིག་པའི་སྐོར་ལ་ནང་གསེས་དབྱེ་ན་ལྔ་ཡོད་དེ། མདོ་ལས། དྲ་ཞིང་དྲུབ་དང་། བཞོག་ཅིང་སྦྱར། བཞུ་ཞིང་བླུག་དང་། བསྡུགས་ཞིང་འཐར། བྲི་ཞིང་བཀོད་དང་རྣམ་པ་ལྔ་ཞེས་དང་། ཡང་ཐོག་མར་སྔ་བ་དྲ་ཞིང་དྲུབ་པའི་བཟོ། རྒྱུ་ལུས་ན་བཟའ་མ་བརྒྱན་རོ་ལང་འདྲ་ཞེས་སོ། ། དྲ་ཞིང་དྲུབ་ལ་ཡང་། གདུགས་ཕུབ། གདན་འདིང་། ལུས་ཀྱི་རྒྱན་དང་གསུམ། དེ་ཅུང་གསལ་པོ་བཤད་ན། དར་རས་གོས་འཕྲུལ་ཟ་འོག་སོགས་ཀྱི། ལྷ་ཡི་ན་བཟའ་དང་། སྟེང་ནས་དབུལ་བའི་གདུགས་དང་། གདན་དུ་འདིང་བའི་རིགས་དང་། དགེ་བྱེད་པ་རྣམས་ཀྱིས་འདུལ་བའི་ཆས་གོས་དང་། སྔགས་པའི་ཆས་གོས་ལ་སོགས་ཀྱི་ ཁ་དོག་དང་ཆགས་ཚད་དབྱིབས་གཟུགས་མི་ཡི་གྱོན་ཆས་དང་། ཡོལ་བའི་རིགས་ཀྱི་དར་རས་ཀྱི་ཚོན་མདོག་དང་། འཇའ་ཚོན་གྱི་རྒྱན་རྣམས་ནི་དྲ་དྲུབ་ཀྱི་ཁོངས་སུ་གསུངས་པའོ། ། བཞོག་ཅིང་སྦྱར་ཞེས་པའི་ནང་དུ་གཙོ་བོ། ལྷ་ཡི་གཞལ་ཡས་ཁང་ལ་སོགས་ཐོག་དབུལ་བའི་སྡེ་ལ། ཞི་བ་དང་དྲག་པོའི་ཁྱད་པར་གྱི་བཟོ་དབྱིབས་ཀྱང་སོ་སོར་བཀོད་ཆ་མི་གཅིག་པ་རྣམས་དང་། གཞན་འགྲོ་བ་མི་ཡི་ཁང་བ་ལ་སོགས་གང་མཁོ་སྤྱོད་པ་རྣམས་སྐབས་དང་བསྟུན་ནས་རྒྱ་ཆེར་གསུངས་ཡོད་དོ། ། བཞུ་ཞིང་བླུགས་ནི། གསེརུ་དངུལ་ཟངས་ལྕགས་སོགས་བཞུ་བཏུལ་བྱས་ནས། རྒྱལ་བའི་སྐུ་གདུང་སྐུ་གཟུགས་སོགས་མཆོད་པའི་རྟེན་རྣམས་ཆགས་ཚད་ལེགས་པར་བསྐྲུན་ནས་བཞེངས་པ་སོགས་ཡིན། རྣམ་གྲངས་ལྔ་བོ་གང་ཡིན་རུང་ཚད་ལྡན་ཚུལ་མཐུན་ཞིག་ཡིན་དགོས་པ་དང་། ལྷག་པར་དུ་མཆོད་པའི་རྟེན་རྣམས་ཚད་ལྡན་ཞིག་ཡིན་དགོས་པ་ནི། མདོ་ལས། སྐུ་གཟུགས་ཆགས་ཚད་མེད་པ་དང་། གསུང་རབ་བརྡ་དག་མེད་པ་དང་། མཆོད་རྟེན་ཐིག་རྩ་མེད་པ་རྣམས་རྒྱུ་སོང་འབྲས་བུ་ཙམ་མ་གཏོགས་དོན་གྱི་ཡོན་ཏན་མི་མཐོང་སྟེ། བསྟན་པ་དྲི་མ་རྦག་པ་ཡིན་ཞེས་སོ། ། བསྡུང་ཤིང་འཐར་ལ་མཛེས་དང་བརྗིད་དང་འདོད་ཡོན་རྫས་དང་གསུམ། མཛེས་ལ་ལྷ་རྫས་བརྗིད་ལ་གོ་མཚོན་དང་། འདོད་ཡོན་རྫས་ལ་འགྲོ་བ་གང་མཁོ་རྫས་ཞེས་པའི་མཛེས་ལ་ལྷ་རྫས་ཅེས་པ་ནི། ལྷ་ཡི་རྒྱན་ཆ་དང་། གཞན་སིལ་སྙན། ཏིང་ཤག སྦུབ་ཆ། རྐོང་བུ། ཐེབ་ཙེ་སོགས་མཆོད་པའི་རྫས་མཐའ་དག་གོ། ། བརྗིད་ལ་གོ་མཚོན་ཅེས་པ། མདའ་མདུང་རལ་གྲི་བ་ལ་སོགས་མཚོན་ཆའི་རིགས་སོ།། འདོད་ཡོན་རྫས་ནི་འགྲོ་བ་མིའི་རྒྱན་ཆའི་རིགས་དང་མཁོ་བའི་ཡོ་བྱད་སོགས་ཡིན་ནོ། ། འབྲི་ཞིང་བཀོད་ལ་ཡང་གཉིས། བཀོད་པ་ནི་ལྷ་ཡི་གཞལ་ཡས་ཁང་དང་། དཀྱིལ་འཁོར་སུམ་བརྒྱ་དྲུག་བཅུ། བདེ་ཆེན་གྱི་ཞིང་བཀོད་སོགས། འབྲི་བ་ལ་ལྷ་སྐུ་དང་། ཡིག་འབྲུའམ་ཡིག་གཟུགས། འདོད་ཡོན་སྣ་ཚོགས་ཀྱི་རི་མོ་དང་གསུམ། ལྷ་སྐུ་ལའང་། བོན་སྐུ། ལོངས་སྐུ། སྤྲུལ་སྐུ ཁྲོ་སྐུ་སོགས་ལྷ་ཡི་རིགས། ཡིག་གཟུགས་ལའང་། ངོས་པའི་ཐོ་ཡིག་བཞི་བཅུ་དང་། དག་པ་ལྷ་ཡི་ཡི་གེ་སོགས་ཡིག་རིགས་སྣ་ཚོགས། འདོད་ཡོན་སྣ་ཚོགས་ཀྱི་རི་མོ། འདོད་ཡོན་སྣ་ཚོགས་ཀྱི་རི་མོ། འདབ་ཆགས་དང་རི་ དྭགས་དང་། གཡུང་དྭགས། གཅན་གཟན། ཆུ་གནས་སྐྱས་འགྲོ་གཟུགས་སོགས་དང་སྲིད་པ་རྒྱུ་མཐུན ་གྱི་རི་མོ་སྣ་ཚོགས། དེ་དག་ཀྱང་ཚོན་སྣའི་ཁ་དོག་སོ་སོར་མ་འདྲེས་པར་བཀྱེ་ཚུལ་ཡང་རྒྱ་ཆེར་གསུངས་སོ། ། གོང་གི་བཟོ་རིག་པའི་མདོར་བསྟན་རྣམ་གྲངས་འདི་ལ་དཔྱད་ན། ཆེས་སྔ་བའི་དུས་ནས་བཟུང་ཞང་བོད་ཀྱི་ས་ནས་ལག་ཤེས་བཟོ་ལས་དར་ཡོད་པར་མ་ཟད། དར་ཁྱབ་ཆེ་བ་དང་ཆུ་ཚད་ཀྱང་མཐོ་བར་བཞེངས་པའི་ལག་རྩལ་ནི་ཆེས་མཐོ་བར་སེམས་ཏེ། དེའི་ནང་དུ་ཆགས་ཚུལ་དང་ཐིག་རྩ་མང་དུ་བཤད་པར་མ་ཟད་ཚོན་མདོག་ཀྱང་སོ་སོར་འདྲེས་པར་བཀྱེ་ཚུལ་གསུང་ཡོད་པས་ཤེས་ཐུབ། འདི་ལ་ཁ་ཅིག་གིས་རྒྱལ་པོ་སྲོང་བཙུན་སྒམ་པོའི་སྔོན་དུ་རིག་གནས་ཅི་ཡང་མེད་པའི་མུན་པའི་གླིང་ཡིན་པ་དང་། རྒྱལ་པོ་འདི་དང་འདིའི་རིང་ལ་རྣོ་ལྕགས་བཞུ་བ་དང་ཞིང་ལས་སོགས་འགོ་བརྩམས་པ་ཡིན་ཞེས་འདོད་པ་ནི་རྣལ་འབྱོར་བ་ཞབས་དཀར་བའི་ཞལ་ནས། ཕྱོགས་གཅིག་ཤེས་ནས་གཉིས་མ་མཐོང་། གཡག་ཞར་རྩྭ་ཟན་འདི་རེ་སྡུག་ཞེ་གསུངས་པ་ལས་མ་འདས། 《བོད་གནའ་རབས་ཀྱི་རིག་གནས་དང་ཆོས་ལུགས་མི་རིགས་ཀྱི་འབྱུང་ཁུངས་སྐོར་གླེང་བ》ཞེས་པའི་རྩོམ་ཡིག(1984ལོའི་བོད་ལྗོངས་ཞིབ་འཇུག)ལས། “སྔར་ཡོད་བོད་ཀྱི་ལོ་རྒྱུས་དཔེ་དེབ་མང་པོའི་ནང་། སངས་རྒྱས་ཤཱཀྱ་མུ་ནེ་སྐུ་འཚོ་བཞུགས་སྐབས་བོད་ཀྱི་ས་ཆ་རྣམས་ཆུས་གང་ནས་ཡོད་པ་དང་། ཡང་འགའ་ཞིག་གིས་ནི་ཕ་དམ་པ་སངས་རྒྱས་དགུང་ལོ་ལྔ་བརྒྱ་ལྷག་བཞུགས་པ་དང་། ཁོང་ཐེངས་དང་པོར་བོད་དུ་ཕེབས་སྐབས་བོད་ཀྱི་ས་ཆ་རྣམས་ཆུས་གང་བ་དང་། ཐེངས་གཉིས་པར་བོད་དུ་ཕེབས་དུས་ཡུལ་ལུང་ཆགས་ཟིན་ཀྱང་ནགས་ཚལ་དང་རི་དྭགས་ཐར་ཐོར་ལས་མེད་པ། ཐེངས་བདུན་པ་བོད་དུ་ཕེབས་སྐབས་མི་ལ་རས་པ་དང་མཇལ་བ་སོགས་བཤད་པ་ལྟར་ན། བོད་མི་བྱུང་ནས་ད་བར་ལོ་ཉིས་སྟོང་ཙམ་ལས་སོང་མེད་པས། བཤད་ཚུལ་དེ་འདྲ་ནི་ཚན་རིག་དང་གཏན་ནས་མི་མཐུན་པ་ཞིག་ཡིན་པར་སྙམ། ཡང་མཚོ་སྔོན་གྱི་འབྲི་ཆུའི་ཆུ་འགོའི་ཐོ་ཐོ་ཧུ་གཙང་བོའི་བརྒྱུད་དང་། ཁུ་ཁུ་ཞི་ལི། སྒོར་མོ་སོགས་ས་ཆ་མང་པོ་ཞིག་ནས་ས་འོག་ནས་རིག་རྫས་སམ་གནའ་རྫས་བགྲང་བྱའི་ཡུལ་ལས་འདས་པ་ཞིག་གསར་དུ་རྙེད་པའི་ཐོག་ནས། བོད་འདི་ནི་ལོ་ཁྲི་ཕྲག་གཉིས་སམ་ཡང་ན་ཁྲི་ཕྲག་གསུམ་གྱི་གོང་རོལ་ཏུ་བྱུང་བའི་གནའ་བོའི་མི་རིགས་ཤིག་ཡིན་པར་ཁ་ཚོན་བཅད་ཡོད་ཅིང་། ལོ་སྟོང་ཕྲག་བརྒྱད་དང་ཡང་ན་སྟོང་ཕྲག་ལྔའི་གོང་རོལ་དུ་བོད་ཡུལ་དུ་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ཏེ་འཚོ་བར་བརྟེན་ནས་མི་རྣམས་ཀྱིས་ཉིན་མཚན་འདའ་བ་དང་། ལོ་དྲུག་སྟོང་དྲུག་བརྒྱ་དགུ་བཅུ་དང་། ཡང་ན་ལོ་དྲུག་སྟོང་བརྒྱད་བརྒྱ་ཞེ་གསུམ་གྱི་གོང་དུ་བོད་མི་རྣམས་ཀྱི་ཞིང་ལས་གཙོ་བོར་གཉེར་བའི་སྲིད་འབྱོར་ལ་བརྟེན་ནས་འཚོ་ཞིང་། འབྲོག་ལས་དང་རི་དྭགས་རྔོན་པའང་ཁོ་ཚོའི་འཚོ་བའི་མཐུན་རྐྱེན་གྱི་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རྟོགས་ཐུབ། ‘‘ཞེས་གསལ་བ་དང་། གཟིའི་ཕྲེང་བ་ལས། ‘‘རིན་ཆེན་གཟིའི་རིགས་ནི་ཞང་བོད་ཀྱི་རིག་རྫས་ཆེས་རྙིང་མའི་ཁྲོད་དུ་རིན་ཐང་ཆེ་ལ་ལོ་རྒྱུས་ཀྱི་རང་བཞིན་དང་ལྡན་པའི་གནའ་བོའི་མིས་རིག་རྩལ་གྱིས་བཟོས་པའི་ཡོ་བྱད་ཅིག་ཡིན། དེང་གི་དུས་སུའང་གནའ་མི་ཚོས་བཟོས་པའི་གཟིའི་རིགས་དེ་རྣམས་ཇི་ལྟར་བཟོས་ཡོད་པ་དང་རྫས་སྦྱོར་ཅི་འདྲ་བ་ཞིག་ལ་བརྟེན་ཡོད་པ་སོགས་ཤེས་དཀའ་བ”ཞེས་པའི་དོན་དངོས་འདི་དག་གི་རིན་ཐང་ཆེ་བའི་ཞང་བོད་ཀྱི་གནའ་བོའི་ཤེས་བྱའི་རིག་པའི་སྐོར་ཇི་སྙེད་ཅིག་ཡོད་པ་ལ་བདེན་པ་ར་སྤྲོད་བྱས་ཡོད། གཞན་ཡང་ཚུགས་ལོ་ཞེས་པ། རོང་སྟོན་གྲུབ་མཐའ་ལས། གཤེན་རབ་ནི་ཤིང་ཕོ་བྱི་བ་ལ་སྐུ་འཁྲུངས་ཏེ། དེ་ཡན་ལ་ལོ་རྩེས་མེད་དོ། ། ལོ་འགོ་དེ་ལས་བཟུང་བའི་མཐའ་སྡེ་ད་ལྟ་འདི་མིན། གཏན་ཚིགས་རྣམས་ཀྱིས་ཀླད་དོན་ལས་གསལ་ཞེས་གསུངས་པ་བཞིན་མཁན་ཉི་མའི་བསྟན་རྩིས་དང་གཞུང་མང་པོ་ཞིག་གི་དགོངས་དོན་སོགས་བོན་རང་ལུགས་ལྟར་ན། ལོ་རྩིས་སྐོར་འདི་ནི་ཚེ་ལོ་བརྒྱ་ཡི་སྟོན་ན་པ་འཁྲུངས་པའི་ལོ་ནས་འགོ་ཚུགས་ཤིང་། དེ་ནས་འགོ་ཚུགས་པའི་རྟགས་ནི་རྒྱལ་བ་གཤེན་རབ་ཤིང་ཕོ་བྱི་བའི་ལོར་སྐུ་བལྟམས་པའི་གཏན་ཚིགས་ཀྱིས་འབྱུང་ཁམས་ཀྱི་ཐོག་མ་ཤིང་དང་། ལོ་འཁོར་བཅུ་གཉིས་ཀྱི་ཐོག་མ་བྱི་བ།ཟླ་བ་བཅུ་གཉིས་ཀྱིས་དང་པོ་དཔྱིད་ཟླ་ར་བ། མེ་སྟག་གི་ཟླ་བ། ཞག་སུམ་བཅུའི་སྙིང་པོ་ཚེས་བ་བཅོ་ལྔ། དུས་ཚོད་བཅུ་གཉིས་ཀྱི་ཐོག་མ་ནམ་ལངས་ཡོས། རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་ནས་བདུད་ལྔ་དབང་འདུས་འཇིག་རྟེན་ཟིལ་གནོན་གྱི་སྐར་མའི་དབང་པོ་རྒྱལ། སྤར་ཁ་བརྒྱད་ཀྱི་དང་པོ་ལི་མེ་ཁམས་ལས་གྲུབ་པ། སྨེ་བ་དགུ་ཡི་ཐོག་མ་གཅིག་དཀར་གྱིས་ཟིན་པས་སྨེ་ཕྲེང་དང་པོ་ཤིང་བྱི་ནས་འགོ་བརྩམས་པ་དང་། ཚེས་པ་བཅོ་ལྔའི་ཚེས་ལྔ་སེར་སྨེ་འཁོར་གྱི་ལྟེ་བར་ཡོད་པ་ནི། སྤར་ཁའི་རྒྱ་ཁྱོན་རྣམས་ལ་སྨེ་བ་ དགུས་ཇི་ལྟར་དབང་དུ་བྱེད་པའི་ཚུལ་ཏེ། ཕྱོགས་བཞི་མཚམས་བརྒྱད་སྤར་ཁའི་གནས་སུ་སྨེ་བ་རྣམས་བཀོད་པས་སྲོལ་སོགས་ལུགས་དེ་དག་དེ་ལྟར་བྱུང་བའི་གཏན་ཚིགས་ཤིན་ཏུ་གསལ།

གཉིས་པ།

   རྒྱུ་ཐེག་བཞི་ཡི་ནང་དོན་གཙོ་བོ་མདོར་བསྡུས་ན། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་འབྱུང་ལྔའི་ཁམས་ཀྱི་འཕྲོད་སྦྱོར་བཟང་ངན་མི་གཅིག་པ་དུ་མ་ལ་བརྟེན་། འབྱུང་བ་ཆ་སྙོམས་པ་དང་སྣང་སྲིད་ཡོ་ཁ་བསྙོམས་ཤིང་ལེགས་ཚོགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོ་དཔལ་ཡོན་གཉིས་བསྐྱེད་པའི་ཆེད་ཁོ་ན་ཡིན་པ་དང་། ཐེག་པ་བཞི་པོ་རེ་རེ་ཡང་ནང་གསེས་དབྱེ་བ་རྒྱ་ཆེ་ལ་གྲངས་ཤིན་ཏུ་མང་སྟེ། དེ་དག་ལས་གཙོ་བོ་ཆེ་བོ་ནི་ཐེག་པ་དང་པོ་ཕྱྭ་གཤེན་ཐེག་པ་འདི་ཡིན་ཏེ། རིག་གནས་ཆེས་བ་ལྔའི་ནང་གསེས་ནང་དོན་རིག་པ་ལས་གཞན་བཞི་ནི་ཐེག་པ་འདིའི་ཁོངས་སུ་གཏོགས་པའི་སྟབས་ཀྱི་ཡིན། དེ་ཡང་དང་པོ་གདུལ་བྱ་བློ་དམན་པ་རྣམས་ཡང་དག་པའི་དོན་ལ་རིམ་གྱིས་བཀྲིད་དྲང་གི་ཕྱིར་དུ་ཤས་ཆེར་གནས་སྐབས་ཀྱི་ཕན་བདེ་སྐྱེད་པའི་རྒྱུ་ཡི་ཐེག་པ་བཞི་གསུངས་པ་ལས་ཐོག་མར་ཕྱྭ་གཤེན་གཙུག་ཕུད་ཀྱིས་ཞུས་པ་ལ་བརྟེན་ནས་ཐེག་པ་དང་བོ་ཕྱྭ་གཤེན་ཐེག་པ་གསུངས་པ་སྟེ། ཕྱྭ་གཤེན་ཐེག་པའི་མདོ་ལས། དེ་ནས་རྒྱལ་བུ་སྟོན་པ་གཤེན་རབ་དང་རྨ་ལོ་གཡུ་ལོ་དང་སྐུ་ལ་འཁོར་བའི་འཁོར་རྣམས་ནི་མཁར་བར་བོ་སོ་བརྒྱད་ཀྱི་ནང་ན་ཞུགས་ཏེ། དེའི་ཚེ་རི་རབ་རི་ཡི་ཡང་ཐོག་ནས། ཡུལ་ཕྱྭ་ཡུལ་སྣང་ལྡན་གཡུ་རྩེ་ན། ཕྱྭ་མཁར་སྲེགས་པ་ཡང་ཐོག་ནང་ནས། ཡབ་སྣང་ལྡན་གཡུ་རྩེ་ན། ཕྱྭ་མཁར་སྲེགས་པ་ཡང་ཐོག་ནས་ནང་ནས། ཡབ་ཕྱྭ་རྗེ་རིང་ནམ་གྱི་སྲས་པོ། ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་ཞེས་བྱ་བ་དེ།ཕྱྭ་གསས་ཀྱི་ཁྱེའུ་བརྒྱ་ཐམ་པ་དང་འགྲོགས་ནས། མཁར་བར་སོ་སོ་བརྒྱད་ནང་དུ་ཕེབས་སོ། །དེ་ནས་སྟོན་པ་ལ་བསྐོར་བ་ནི་བྱས། ཕྱག་ནི་འཚལ། མཆོད་པ་ནི་ཕུལ་ནས། ཕྱྭ་གཤེན་གཙུག་ཕུད་ཀྱིས་རིན་པོ་ཆེའི་མ་འདལ་ལ་འབྲུའི་ཚོམ་བུ་བཀོད་པ་གཅིག་ཕུལ་ནས་སྟོན་པ་ལ་གསོལ་བ། སྟོན་པའི་སྒྲོལ་མ་འགྲོ་བའི་དཔལ་དང་མགོན། རྒྱལ་བུ་དམ་པ་ལྷ་མིའི་མཆོད་འོས་ལགས། གཡུང་དྲུང་བོན་ལ་རྒྱ་ཆེར་གྲངས་མང་ཡང་། ཐུགས་ཀྱི་དཀྱིལ་ནས་མན་ངག་བཅུད་ཕྱུངས་ནས། བདག་ཅག་འཁོར་རྣམས་ཀུན་ལ་བསྟན་དུ་གསོལ། ཞེས་གསོལ་ཏོ། ། དེ་ལ་རྒྱལ་བུ་ཞལ་འཛུམ་པར་མཛད་དེ་གསུང་བ། ཉོན་ཅིག་ཕྱྭ་གཤེན་གཙུག་ཕུད་ལ་ སོགས་འཁོར། ཞུས་པའི་དོན་དེ་སྐབས་ལ་རན་གྱིས་ཕོག གཡུང་དྲུང་བོན་ལ་རྒྱ་ཆེ་གྲངས་མང་ཡང་། མདོ་རུ་བསྡུས་ན་ཐེག་པ་རིམ་དགུར་བསྟན་ཞེས་དང་། དང་པོ་ཕྱྭ་གཤེན་ཐེག་པའི་བོན་སྒོ་འཇུག འགྲོ་ལ་ཕན་བདེ་སྣང་སྲིད་དགའ་བདེ་བསྐྱེད། བདག་ཀྱང་བོན་གྱི་རིམ་པ་འཆད་ཚུལ་ལ། མི་ལོ་བརྒྱ་ལ་གཤེན་ལོ་གཅིག་ལོན་ནས། ཐེག་པ་དང་བོ་ཕྱྭ་གཤེན་འཆད་པར་བསྟན། སྐྱོན་ཡོན་པྲ་ལྟས་ལེགས་ཉེས་དྲང་ཤན་འབྱེད། བདེན་རྫུན་ཡོ་དྲང་ཆགས་དང་ཚད་ལ་གཞལ། ན་གསོ་འཆི་སློང་ཚེ་གཡང་དཔལ་གསུམ་བསྐྱེད། འགྲོ་ལ་ཕན་བདེ་རིམ་པ་ཤུགས་ཀྱིས་འབྱུང་། དར་ཙམ་བདེ་ཡང་ཡོན་ཏན་བསམ་ལས་འདས། སེམས་ཅན་དགའ་བ་བོན་གྱི་རབ་མཆོག་ཡིན། དེ་ཕྱིར་གང་ལ་གང་དགེའི་ཕན་ཐོགས་བྱ། ལུས་སྲོག་ཡིན་ཀྱང་དེ་ཡི་ཕྱོགས་སུ་གཏོང་། རང་དོན་མེད་ན་འགྲོ་དོན་དེ་ཡིན་མོད། སེམས་བསྐྱེད་རྩ་བ་ཆ་གཅིག་དེ་ལ་ཐུགས ཕྱྭ་གཤེན་གཙུག་ཕད་ཐུགས་ཀྱི་དཀྱིལ་དུ་ཞོག་ཅེས་དང་ཡང་། ཉོན་ཅིག་ཕྱྭ་གཤེན་གཙུག་ཕུད་ཉོན། ཕྱྭ་གཤེན་ཐེག་པའི་བོན་སྒོ་ལ། སྤྱི་རུ་གཏོ་དཔྱད་གཉིས་ཡིན་ཏེ། སྒོས་སུ་རྣམ་པ་བཞི་རུ་བསྟན། པྲ་ལྟས་མོ་དང་སྣང་མཐོང་རྩིས། ན་གསོ་གཏོང་དང་འཆི་བསླུ་དཔྱད། རྣམ་པ་བཞི་རུ་ཤེས་པར་བྱ། འགྲོ་དྲུག་སེམས་ཅན་མ་རིག་པ། འཁྲུལ་འཁོར་མུན་པའི་སྨག་རུམ་དུ། མ་རིག་ནད་ཀྱིས་གདུངས་བ་ལ། བཟང་ངན་པྲ་ལྟས་མོ་ཡི་ས་བརྟག ལེགས་ཉེས་སྣང་མཐའ་རྩིས་ཀྱིས་གཞལ། ན་བར་གྱུར་ན་གཏོ་ཡིས་གསོ། འཆི་བར་འགྱུར་ན་དཔྱད་ཀྱིས་འཚོ། ལས་ཀྱིས་ཆད་ན་གཉིས་ཀ་རྡུགས། ཀུན་རྫོབ་རེ་ཞིག་བདེ་བ་ཙམ། དུས་ལ་བབས་ཀྱང་གདུང་གསུམ་བདེ། དེར་གྱུར་ཡོན་ཏན་བསམ་ལས་འདས། ཕྱྭ་གཤེན་གཙུག་ཕུད་ཐུགས་ལ་ཞོག ཅེས་སོ། ། སྤྱིར་ཐག་པ་འདིའི་བོན་སྒོ་རྣམ་གྲངས་གཙོ་ཆེ་བ་ནི་མོ་རྩིས་གཏོ་དཔྱད་བཞི་རུ་ངེས་ནའང་ནང་གསེས་དབྱི་བ་ཧ་ཅང་མང། མོ་ལའང་། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག ཡེ་མཁྱེན་སྒྲ་བླའི་མངོན་ཤེས། ཡེ་རྗེ་སྨོན་པའི་རྨི་ལམ། ཡེ་དབང་ལྷ་ཡི་བཀའ་བབས་དང་བཞི། རྩིས་ལའང་། གབ་རྩེ་འཕྲུལ་གྱི་ལེ་ལོང་། སྤར་ཁ་སྨེ་བ་གླིང་སྐོར། ཇུ་ཞག་རྟེན་འབྲེལ་ལས་རྩིས། འབྱུང་བ་དུས་ཀྱི་འཁོར་ལོ་དང་བཞི། གཏོ་ལའང་། འབྱུང་བ་འཁྲུགས་པའི་ཡོ་གཏོ། མདོས་ཆ་རྟེན་འབྲེལ་བརྡོག་གཏོ། བག་གཉེན་བཟློག་པའི་ཐུན་གཏོ། མདོས་ཆ་རྟེན་འབྲེལ་བརྡོག་གཏོ། བག་གཉན་བཟློག་པའི་ཐུན་གཏོ། མཉམ་གཉིས་བསོར་བའི་བརྗེ་གཏོ་དང་བཞི། དཔྱད་པ་ལའང་། རྒྱུ་རྐྱེན་མཐོང་ལ་དཔྱད་པ། ངོས་འཛིན་རྩ་ལ་དཔྱད་པ། ཕན་གནོད་ཆུ་ལ་དཔྱད་པ། འཆི་སོགས་ཁམས་ལ་དཔྱད་པ་ དང་བཞི། དེ་ཡང་སྤྲོས་ན། མོ་ལ་མོ་པྲ་སུམ་བརྒྱ་དྲུག་བཅུ། རྩིས་ལ་གབ་རྩིས་སུམ་བརྒྱ་དྲུག་བཅུ། དཔྱད་ལ་དཔྱད་ཐབས་ཉི་ཁྲི་ཆིག་སྟོང་སོགས་མཐའ་ཡས་པ་ཞིག་ཡོད་པས། དེ་རེ་རེའི་དགོངས་དོན་མ་ལུས་པར་སུས་བརྗོད་ཐུབ་བམ། དཔེར་ན། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་གཅིག་པུ་ལ་མཚོན་ནའང་། ལྐོག་གྱུར་གྱི་གནས་ཚུལ་གསལ་བར་བྱེད་པའི་བོན་མཆོག་ཏུ་བསྔགས་པ་ཞིག་ནི་ཇུ་ཐིག་གི་བོན་འདོ་ཡིན་སྟབས། ཇུ་ཐིག་གི་ཤེས་རིག་ནི་ཤིན་ཏུ་རྒྱ་ཆེ་ལ་རྣམ་པའི་གྲངས་ཀྱང་ཤིན་ཏུ་མང་། རྙིང་མ་བའི་མཁས་མཆོག་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས་ཇུ་ཐིག་གི་བསྟན་བཅོས་སྣང་གསལ་སྒྲོན་མེ་མཛད་པའི་ཚེ། ཇུ་ཐིག་གི་ཡིག་རྙིང་པོད་གྲངས་བཅུ་གཅིག་ཕྱག་ཏུ་སོན་པ་རྣམས་གོ་བསྡུར་གནང་ཚུལ་དང་ཇོ་བོ་མཁན་བློ་བཟང་མདོ་རྒྱད་ཀྱིས་ཞང་ཞུང་གི་མོ་ཡིག་པོད་བཅུ་བདུན་ཙམ་གཟིགས་ཤིང་བཏུས་པ། རྒྱུད་ཆེན་དགོངས་པ་རབ་གསལ་ཞེས་བྱ་བའི་ཇུ་ཐིག་གི་གཞུང་མཛད་ཚུལ་ལས་གསལ་བ་དེ་རྣམས་ཀྱི་ངེས་ཤེས་ཐུབ་པ་ཡིན། ཞེས་ཏི་སེ་འོད་ལས་གསུངས་སོ། མདོར་ན་ལྷ་བོན་སྒོ་བཞི་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱིས་སེམས་ཅན་གཉིས་ཀྱི་ལེགས་པའི་ཚོགས་ཐམས་ཅད་སྒྲུབ་པའི་ཕྱིར་ཡིན་པ་སྟེ། གོང་གི་ལུང་ལས་སེམས་བསྐྱེད་རྩ་བ་ཆ་གཅིག་དེ་ལ་ཐུག་ཞེས་པ་ཡང་། ཐེག་པ་བཞི་པོ་གང་ཡིན་རུང་སེམས་བསྐྱེད་ཀྱི་རྩིས་ཟིན་པ་ཡིན་པས། སྲོག་ཆགས་རྣམས་ལ་གནོད་འཚེ་མི་བྱེད་པ་དང་། གསོད་མི་ཉན་པ། སྲོག་བཅད་ན ་ཉེས་པ་དང་སྡིག་པ་ཆེ་བ། ལེ་ལན་རང་ཐོག་ཏུ་སྨིན་པ་སོགས་གསུང་ཡོད་པ། འགྲོ་བ་རྣམས་ལ་ཡང་ནད་ཀྱི་སྡུག་བསྔལ་སེལ་བའི་ཆེད་དུ། གསོ་རིག་སྨན་དཔྱད་ཀྱི་སྡེ་དང་། ལྐོག་གྱུར་གྱི་གནས་ཚུལ་གསལ་པོར་སྟན་པའི་ཆེད་དུ་ཇུ་ཐིག་སོགས་མོ་པྲའི་རིགས་དང་། གདོན་རིགས་ཀྱི་གཙེ་བའི་བར་ཆོད་ཀྱི་རྐྱེན་རྣམས་ཞི་བའི་ཆེད་དུ། གཏོ་ཐབས་ཀྱི་རིགས་དང་སྣོད་བཅུད་ཀྱི་ལེགས་ཉེས་ཅི་རིགས་གསལ་བོར་སྟོན་པའི་ཆེད་དུ་གབ་རྩིས་འཕྲུལ་གྱི་མེ་ལོང་ལ་སོགས་རྩིས་རིགས་སོགས་བསྟན་པ་ནི་སེམས་ཅན་ཕན་བདེ་སྒྲུ་པའི་ཆེད་ཁོ་ནར་ཡིན་པ་ཤིན་ཏུ་གསལ། སྣོད་ཀྱི་འཇིག་རྟེན་ཟེར་བ་ཡང་། རང་རེ་འཚོ་རྟེན་བྱེད་པའི་རྟེན་གཞི་ས་ཡི་གོ་ལ་འདི་ཡིན་ལ། གོ་ལ་འདི་ཡང་འབྱུང་བ་ལྔ་ལས་གྲུབ་པར་བཤད་ཡོད། འདིར་འབྱུང་བ་ཟེར་བའི་གོ་དོན་དང་འབྱུང་བའི་བྱེད་ལས་འབྱུང་བ་ཆ་སྙོམས་པ་སོགས་ཀྱི་རྒྱུ་མཚན་ནི་བོན་སྒོ་ལས། དེ་ཡང་ཕྱི་རིག་པའི་ལོ་རྒྱུས་ལས་འཕྲོས་པའི་ཡེ་དབང་རིགས་ལྔ་ལས་རིག་པའི་གནས་ལྔ་བྱུང་ཚུལ། ཡེ་རྗེས་སྨན་ལྷའི་རྒྱལ་པོ་ལས་གསོ་བ་རིག་པ་དང་། ཡེ་མཁྱེན་སྒྲ་བླའི་རྒྱལ ་པོལས་སྒྲ་རིག་པ། ཡེ་སྲིད་སངས་པོ་འབུམ་ཁྲི་ལས་བཟོ་རིག་པ། ཡེ་དབང་སའི་རྒྱལ་པོ་ལས་ཕྱི་རིག་པ། ཡེ་དབང་མཐུ་སྟོབས་རྒྱལ་པོ་ལས་ནང་རིག་པ་བཅུ་བྱུང་བས་ལྷ་དེ་ལྔ་ལ་རིག་གནས་འབྱུང་ཁུངས་ཀྱི་ལྷ་མཆོག་ལྔ་ཟེར། དེ་ཡང་ནང་ནས་ཀྱང་ཡེ་དབང་སའི་རྒྱལ་པོ་དེ། སྐུ་སྲིད་པའི་རྒྱལ་པོ་སྤྲུལ་ནས་གསུང་བདེན་པའི་བོན་དུ་སྟོན་ཞིང་། ཐུགས་ཕྱི་རིག་པའི་གནས་ལ་གཟིགས་ཏེ། ཕྱི་སྣོད་ཐམས་ཅད་བརྟག་པས་འབྱུང་བ་ལྔ་ལ་ཐུག་ནས། འབྱུང་བ་ལྔ་ཡི་ལྷ་ལྔ་བྱུང་བ་ཡིན་ཏེ། ཀུན་འབུམ་གོ་འབྱེད་སའི་ལྷ་དང། ཀུན་སྒྲོལ་དྲག་པོ་རླུང་གི་ལྷ། ཀུན་རིག་རྒྱས་པ་མེའི་ལྷ། ཀུན་འདུལ་ཆེན་པོལྕགས་ཀྱི་ལྷ། ཀུན་འཛོམས་རྒྱལ་པོ་ཆུའི་ལྷ་དང་ལྔ་རུ་སྤྲུལ་ནས་འགྲོ་བ་སེམས་ཅན་གྱི་དོན་ལ་བཞུགས། ཞེས་དང་། འབྱུང་ལྔའི་རྒྱུད་སྡེ་ཆེན་པོ་ལྔ་བྱུང་བ་ནི། ཀུན་འབུམ་གོ་འབྱེད་སའི་རྒྱུད། ཀུན་སྒྲོལ་འཁོར་ལོ་ཤིང་གི་རྒྱུད། ཀུན་རིག་རྒྱས་པ་མེའི་རྒྱུད། ཀུན་འདུལ་ཆེན་པོ་ལྕགས་ཀྱི་རྒྱུད། ཀུན་འཛོམས་རྒྱལ་པོ་ཆུའི་རྒྱུད་དང་ལྔའོ། །ཀུན་སྒྲོལ་རྒྱུད་ལས། ཕྱི་རིག་པ་ཞེས་པ་དེ་གཙོ་བོ་རྟེན་ཕྱི་སྣོད་འཇིག་རྟེན་གྱི་བཀོད་པ་གཏན་ལ་འབེབས་པ། ཞེས་དང་། ཀུན་འཛོམས་རྒྱུད་ལས། ཕྱི་རིག་པ་དང་ལྡན་པའི་སྐྱེས་བུ་རྣམས་ནི། ཕྱི་རོལ་གྱི་ཡུལ་ཐམས་ཅད་རིག་པའི་གནས་སུ་བཅད་ནས་སྣང་སྲིད་ཀྱི་བདེ་སྡུག་ལེགས་ཉེས་གསལ་བར་སྟོན་ནུས་སོ་ཞེས་གསུངས་ཡོད་པ་དང་། གཞུང་ལུགས་ཀྱི་ཆ་ནས་འབྱུང་བ་འཇོག་སྟངས་རིགས་གཉིས་ཡོད་དེ། མདོ་འཛོད་ཕལ་ཆེ་བའི་མེ་ཆུ་ས་རླུང་ནམ་མཁའ་ལྔ་བཤད་ལ། ཕྱི་རིག་གཙུག་ལག་རྩིས་ཀྱི་འབུམ་སྡེ་ཁག་ལས་ཤིང་མེ་ས་ལྕགས་ཆུ་ལྔ་བཅས་བཞེད་ཚུལ་གཉིས་བྱུང་ཡང་དོན་འགལ་བ་མེད་དེ། ཤིང་དང་རླུང་གཉིས་བྱེད་ལས་གཅིག་པའི་ཆ་ནས་མཐུན་པར་བཞེད་པ་མ་ཟད། རྒྱུད་ཀྱི་ཆ་ནས་ཀུན་སྒྲོལ་ཤིང་གི་རྒྱུད་དང་། ལྷའི་ཆ་ནས་ཀུན་སྒྲོལ་རླུང་གི་ལྷ་ཞེས་དོན་ལ་རླུང་ཤིང་གཉིས་གཅིག་པར་གསུངས་པ་དང་། ལྕགས་དང་ནམ་མཁའ་གཉིས་ནི། སྤྱིར་ཤ་ཁྱག་དྲོད་དབུགས་ལ་ལྟོས་ཏེ་འབྱུང་བ་བཞི་དང་། དེ་སྟེང་སེམས་ལ་ལྟོས་ཏེ་ནམ་མཁའི་ཁམས་ཡིན་པར་ཀུན་འདུལ་ལྕགས་ལྷའི་རྒྱུད་ལས་གསལ་པོར་གསུངས། གང་ལྟར་ཕྱི་སྣོད་འབྱུང་བ་དང་། ནང་བཅུད་འགྲོ་བ་སེམས་ཅན་གཉིས་རྟེན་དང་བརྟེན་པའི་འབྲེལ་བ་ལ། ཕྱི་ཡི་འབྱུང་བ་ཤིང་མེ་ས་ལྕགས་ཆུ་ལྔ་དང་། ནང་གི་ཤ་ཁྲག་དྲོད་དབུགས་རུས་པ་དང་སེམས་གསང་བའི་སྲོག་ལུས་དབང་ཀླུང་བླ་ལྔ་རྣམས་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ངེས་ཅན་ཞིག་ཡོད་པ་རྒྱ་ཆེར་གསུངས་ཡོད། འཇིག་རྟེན་ཆགས་འཇིག་ཡང་འབྱུང་བ་དེ་དག་གི་ནུས་པ་ལ་རགས་ལས་ཀྱི་འབྲེལ་བ་ཞིག་གིས་གྲུབ་ཡོད་དེ། སྤྱིར་འདུས་བྱས་ཀྱིས་དངོས་པོ་ཐམས་ཅད་དང་བྱེ་བྲག་ཏུ་སྣོད་བཅུད་འཇིག་རྟེན་འདི་ཉིད་གྲུབ་དུས་རྒྱུ་ནི་འབྱུང་བ་ལྔའི་ཁམས་དང་། རྐྱེན་ནི་སེམས་ཅན་གྱི་ལས་དང་བསོད་ནམས་ཆ་མཐུན་པ་ཞིག་སྟེ། འབྱུང་བ་རྣམས་ཀྱི་ནུས་པ་ཆ་མཉམ་པ་དང་སེམས་ཅན་གྱི་ལས་མ་ཟད། བསོད་ནམས་ཀྱི་ཆ་མ་འགྲིབ་པའི་དུས་སུ་འབྱུང་བ་ རྣམས་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་འཇིག་རྟེན་གྱི་རྟེན་གཞི་བྱེད་པ་དང། སེམས་ཅན་གྱི་ལས་དང་བསོད་ནམས་ཟད་དེ་འབྱུང་བ་ཕན་ཚུན་ནུས་པ་འཁྲུགས་ན་འཇིག་རྟེན་ཆགས་འཇིག་བར་བྱེད་པའི་རྐྱེན་དུ་འགྲོ་བའི་ཚུལ་ནི། མདོ་གཟེར་མིག་ལས་སྤྱིར་ན་འབྱུང་བ་ཞེས་བྱ་བ་ནི་གཅིག་ལ་གཅིག་རྟེན་གྱིས་འབྱུང་བས་ན་འབྱུང་བ་ཞེས་བྱའོ་ཞེས་དང་། འབྱུང་བ་ལྔའི་བྱེད་ལས་ནི། སེམས་ཅན་གྱི་ལས་དང་ཆ་མཐུན་ཏེ། སེམས་ཅན་གྱི་ལས་མ་ཟད་བར་དུ་འབྱུང་བ་རླུང་གི་དྭངས་སྙིགས་འབྱེད་ཅིང་ཐམས་ཅད་འདེགས་པ་དང་། མེ་ཡིས་ཐམས་ཅད་སྐྱེད་ཅིང་སྨིན་པར་བྱེད་། ཆུ་ཡིས་ཐམས་ཅད་སྡུད་ཅིང་གསོ་བར་བྱེད། ས་ཡིས་ཐམས་བཅད་འདེགས་ཤིང་བརྟན་པ་བྱེད། ནམ་མཁས་ཀུན་གསལ་གོ་རྣམས་འབྱེད་པར་བྱེད། སེམས་ཅན་གྱི་ལས་དང་བསོད་ནམས་ཟད། འབྱུང་བ་རླུང་གིས་བཤིགས་ཤིང་གཏོར་བ་དང་། དེ་ནས་གསལ་བའི་གོ་འབྱེད་ནམ་མཁར་ཐིམ་ནས་མུན་པར་འགྱུར་བའོ། ཞེས་པ་དེ་ཡིས་འབྱུང་བའི་གོ་དོན་དང་བྱེད་ལས་ཆ་སྙོམས་རྣམས་གསལ་པོར་ཤེས་ཐུབ་པ་ཡིན།

གསུམ་པ།

    རྒྱུ་ཡི་ཐེག་པ་བཞི་ནི་ཚེ་ལོ་བརྒྱ་ཡི་དུས་ནས་བྱུང་བར་བཤད་ཡོད་པ་དང་། འདི་ཆེས་སྔས་བའི་སྟབས་ཀྱི་གནའ་བོའི་དུས་སུ་དར་ཁྱབ་ཧ་ཅང་ཆེ་བའི་བོད་མི་ཡོངས་ཀྱི་འཚོ་བའི་ཕྱོགས་སོ་སོ་ལ་ཤན་མ་ཞུགས་པ་མེད་པ་དང་། བོད་རིགས་མ་ཟད་གཞན་པའི་མི་རིགས་མང་པོ་ཞིག་ལའང་ཤན་ཞུགས་པའི་རྟགས་ད་ལྟ་མཐོང་ཆོས་སུ་གྲུབ་ཡོད་དེ། དཔེར་ན། ཏི་སེའི་འོད་ལས། ནམ་མཁའ་ནི་ཨ་རིའི་མི་རིགས་དམར་པོ་དང་། གཞན་ཡང་ཡེ་ཤ་ཡའི་ཡུལ་ཁག། ཨ་མེ་རི་ཀའི་ཡུལ་འགའི་གནའ་མིའི་ལུགས་རྙིང་རྣམས་སུའང་བེད་སྤྱོད་པའི་སྲོལ་བྱུང་མྱོང་ཡོད་པ་ནི། དེང་དུས་ཀྱི་འགྲེམས་སྟོན་ཁང་འགར་གནའ་མིའི་དངོས་རྫས་ཀྱི་ཁྲོད་མངོན་མཐོང་དུ་ཡོད་པ་དང་། ཁྱད་པར་དུ་ཨ་རིའི་མི་རིགས་དམར་པོ་འགའ་ཤས་ཀྱིས་ཚོན་སྐུད་སྣ་ཚོགས་པས་བཟོས་པའི་ནམ་མཁའི་རིགས་མི་འདྲ་བ་དུ་མ་ཞིག་འགྲུལ་མི་རྣམས་ལ་དྲན་གསོའི་རྟེན་དུའཚོང་སྲོལ་ཡོད་པ་འདི་དག་གིས་འཕེན་ཡུལ་གླུད་ཀྱི་སྒོ་འདི་ཆེས་སྔ་བའི་དུས་ནས་དར་སྲོལ་བྱུང་བའི་བོན་ལུགས་ཤིག་ཡིན་པའང་གསལ་བར་བསྟན་པ་ཡིན། ཞེས་གསུངས་ཡོད་པ་དང་། བོད་དུ་དར་སྲོལ་ཡོད་པའི་ཤེས་རིག་ཇི་རྙེད་པ་དེ་རྣམས་ནི། གཙོ་ཆེར་ལྷ་བོན་སྒོ་བཞི་ལས་བྱུང་བ་དང་། མི་སྡེ་སོ་སོའི་ཆེས་རིང་བའི་དུས་ནས་བསགས་པའི་ཉམས་མྱོང་གི་གཞི་རྩ་ནས་བྱུང་བའི་ཤེས་རིག་མི་ཉུང་བ་ཞིག་བྱུང་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། ལོ་རྒྱུས་ཀྱི་ཡིག་ཆ་རྣམས་སུ་བཀོད་ཡོད་པའི་ཤེས་རིག་གི་རྣམ་པ་གསལ་རྗེན་དུ་ཐོན་པ་ནི། གཉའ་ཁྲི་བཙན་པོའི་ཡར་སྔོན་དུ། སྒམ་ལྷ་བོ་ལྷ་སྲས་དང་། ལྡོང་ལྷ་དབོན་ལ་སོགས་པ་ཤེས་པ་ཅན་བཅུ་གཉིས་བྱ་བ་དེ་ཡིན་ལ། དུས་སྐབས་དེར་ལྷ་བོན་སྒོ་བཞིའི་ནང་གསེས་དམིགས་བསལ་གྱི་བོན་སྒོ་མི་འདྲ་བཅུ་གཉིས་སུ་གྲགས་པའི་ཤེས་རིག་རྣམས་བོད་ཡུལ་དུ་དར་ཁྱབ་བྱུང་ཡོད་པ་མ་ཟད། ད་ལྟའི་བར་དུ་སྲོལ་རྒྱུན་ཞིག་ཏུ་ཆགས་ཡོད་པ། དཔེར་ན་པྲ་ལྟས་མོ་ལ་མཚོན་ནའང་བརྡ་རིས་སྣ་ཚོགས་ལ་བརྟེན་པའི་བརྡ་མོ་དང་། སོག་མོ། ཤྭ་མོ། ཕྲེང་མོ། ཤིང་བྱང་ལ་བརྟེན་པའི་ཆོ་ལོ་སོགས་མོ་ཡི་རིགས་དེ་རྣམས་ཀྱི་རྒྱུན་བན་བོན་གཉིས་ཀའི་ཕྱོགས་སུ་དར་ཁྱབ་ཆེ་བར་ཡོད་པ་འདི་དག་གིས་ཤེས་ཐུབ། ད་ལྟའི་དུས་སུ་ཡང་བོད་རིགས་བྱིངས་གིས། དཔེར་ན། དངོས་པོ་ཞིག་བཟང་ངན་འདེམས་པ་དང་། བོར་སྟོར་བྱུང་བ། འགྲོ་འདུག་བྱེད་པ། བདེ་སྡུག་གི་བྱ་བ་གང་ཞིག་བྱེད་ན་ཡང་མོ་འདེབས་པ་དང་། མཐའ་ན་ནད་པ་ཞིག་སྨན་པ་ལ་སྟོན་ནའང་མོ་འདེབས། མོ་བཏབ་ན་ཤེས་མི་ཤེས་ལ་མི་ལྟ་བར་ཚང་མའི་མོ་འདེབས་པ་ནི། གོམས་གཤིས་སུ་གྱུར་པ་ཞིག་ཀྱང་རེད། རྨི་ལམ་བརྟགས་པ་འདི་ཡང་ཞིབ་དུ་བསམ་ན། མི་རྣམས་ཀྱི་རྨི་ལམ་སྣ་ཚོགས་ཞིག་རྨིས་པ་ནི་ཆོས་ཉིད་ཡིན་ན་ཡང་། རང་གི་ཡིད་དང་མཐུན་པ་ཞིག་རྨིས་ན་བཟང་བར་རྩིས་པ་དང་། ཡིད་དང་མི་མཐུན་པ་ཞིག་རྨིས་ན་ངན་པར་རྩིས་པ། ཅི་ཡིན་མི་ཤེས་པ་ཞིག་རྨིས་ན། ཅི་ཡིན་ནམ་བསམས་ནས་བསམ་བློ་གཏོང་བ་སོགས། རྨི་ལམ་བཟང་ངན་མི་བཤད་པའི་མི་གཅིག་མེད་པ། དེ་ཡང་མོ་པྲའི་ནང་གསེས་ཡེ་རྗེ་སྨོན་པའི་རྨི་ལམ་ཞེས་སུ་གྲགས་པའི་རྐྱེན་ཡིན་ལ། དེ་ནི་རྨི་ལམ་གསལ་པོར་འབྱུང་བ་དང་རྨི་ལམ་རང་ཐོག་ཏུ་ངོ་ཤེས་ཐུབ་པ། རྨི་ལམ་ལ་དབང་བསྒྱུར་བ་སོགས་ཀྱི་ཐབས་ཚུལ་མི་འདྲ་བ་ཅི་རིགས་ཤིག་བྱུང་མྱོང་བའི་དབང་གི་དེའི་ཤན་ཞུགས་ཐེབས་པ་ཤ་སྟག་གོ། ཇི་སྐད་དུ་ཏི་སེའི་འོད་ལས། ཡུ་ཏ་ལི་ཡའི་ཡུལ་གྱི་གཉུག་གནས་མི་རིགས་ལོ་གྲངས་སྟོང་ཕྲག་བཞི་བཅུའི་རིག་རྫས་ཀྱི་ལོ་རྒྱུས་ཡོད་པ་དེ་དག་ལ་དངོས་སུ་གྲགས་པ་ཞིག་ནི་རྨི་ལམ་གྱི་དུས་ཞེས་བྱ་བ་དེ་རེད། ཁོང་ཚོས་རྨི་ལམ་ལ་ཁོང་ཚོས་ཤེས་རིག་གི་རྨང་གཞི་རྩ་བ་ཆེན་པོ་ཞིག་ཏུ་ངོས་འཛིན་སྲོལ་ཡོད་པ་དེ་ལ་དཔྱད་ན། གནའ་བོའི་ཞང་ཞུང་གི་ཤེས་རིག་ཏུ་ཡེ་རྗེས་སྨོན་པའི་རྨི་ལམ་ཞིས་གནད་གལ་ཤིན་ཏུ་ཆེན་པོ་ཞིག་ཏུ་བརྩིས་ཡོད་པ་དེས་ནི་ཞང་ཞུང་གི་ཤེས་རིག་དེ་ནི་ཆེས་ཆེས་རྙིང་མའི་རང་གཤིས་དང་ལྡན་པའི་ཤེས་རིག་ཁྱད་པར་ཅན་ཞིག་ཡིན་ངེས་པའང་ཤུགས་ཀྱི་བསྟན་པ་ཡིན་ཞེས་གསུངས་ཡོད་པ་རང་ལགས། ཡེ་དབང་ལྷའི་བཀའ་བབས་ཞེས་པ་ནི། ཤིན་ཏུ་བཀའ་གཉན་པའི་ལྷ་གང་ཡང་རུང་བ་ཞིག་མིར་བབས་ན་ལེགས་ཉེས་སྟོན་པའི་ལུགས་ཤིག་ཡིན་པར་གསུངས་ལ། དེའི་སྲོལ་ལུགས་རིམ་བཞིན་བོད་དུ་དར་ཡོད་པ་ནི། སྦ་བཞེད་ལས་ལྷ་ཀླུ་མ་རུང་བ་དངོས་སུ་མི་ལ་ཕབ། ཅེས་པ་སློབ་དཔོན་པད་མའི་སྐུ་དུས་སུ་ཇི་ལྟར་མཛད་པའི་ཚུལ་དང་། དེང་དུས་དགོན་པ་ཁ་ཤས་ན་སྐུ་རྟེན་ཕབ་པའི་ལྷ་བ་ཡོད་པ། དེ་འདྲའི་རིགས་གནའ་ནས་ད་ལྟའི་བར་རྒྱུན་མ་ཆད་པའི་ལོ་རྒྱུས་ཤིན་ཏུ་མང་བ་དེ་དག་གི་ཤེས་ཐུབ། གསོ་རིག་སྨན་དཔྱད་ནི་མདོ་དྲི་མེད་ལས་དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ། མདོ་སྡེ་ཆེན་པོ་དགུ། མན་ངག་ཡན་ལག་བརྒྱད་ལྡན། ཉིང་ལག་ཉི་ཁྲི་ཆིག་སྟོང་དུ་གཏན་ལ་ཕབ་ནས་བཤད་པར་མཛད་དེ། རྒྱས་སྲས་དཔྱད་བུ་ཁྲི་ཤེས་དང་། དྲང་སྲོང་ཆེན་པོ་བརྒྱད་ལ་གཉེར་དུ་གཏད་དོ། ཞེས་གསལ་བའི་དེང་དུས་དངོས་ཡོད་ཡིག་ཆ་ནི་བདུད་རྩི་བང་མཛོད་འབུམ་བཞི། རྩ་བ་ཐུགས་འབུམ་མཁའ་སྔོན་དང་། འཚོ་བྱེད་སྨན་འབུམ་དཀར་པོ། འཚོ་ཐབས་དཔྱད་འབུམ་ཁྲ་བོ། གསོ་བྱེད་ནད་འབུམ་ནག་པོ་བཞི་ནི། མདོ་སྡེ་ཆེན་པོ་དགུ་རུ་གྲགས་པའི་ནང་ཚན་གྱི་གྲངས་ཡིན་པ་དང་། དེང་དུས་ཡོངས་གྲགས་ཀྱི་རྒྱུད་བཞི་འདིའང་གཞི་རྩའི་འབྱུང་ཁུངས་དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་ལྔའི་ནང་ཚན་དུ་གྱུར་བ་ཞིག་སྟེ། རྒྱུད་བཞི་རུ་གྲགས་པ་འདི་རྣམས་ལོ་ཆེན་བེ་རོ་ཙ་ནས་བོན་གྱི་སྨན་གཞུང་ལས་བསྒྱུར་བ་ཞིག་ཡིན་པའི་རྟགས་སུ་ཞུ་བ་བོའི་འཁོར་དྲང་སྲོང་དང་། ནད་བཅོས་ཀྱིས་སྔགས་རྣམས་ཞང་ཞུང་གི་སྐད་རང་སོར་བཞག་ཡོད་པ་སོགས་ཀྱི་ཤེས་ཐུབ་པའི་ཚུལ་མཁན་ཉི་བ་བསྟན་འཛིན་གྱིས་མཛད་པའི་བཀའ་འགྱུར་སྒྲིག་བྱང་ནང་དུ་གསལ་བར་གསུངས་ཡོད་པ་དང་། ཏི་སེའི་འོད་ལས་ཀྱང་དུས་ཕྱིས་བོད་དུ་དར་བའི་གསོ་དཔྱད་ཀྱི་རིག་པའི་ཁུངས་དེ་གནའ་བོའི་ཞང་ཞུང་གི་ཤེས་རིག་བྱུང་ཡོད་པའི་ཤེས་བྱེད་ཁྱད་པར་ཅན་ཞིག་ནི་ཏུན་ཧོང་བོད་ཀྱི་ཡིག་རྙིང་དུ་བོད་སྨན་དཔྱད་ཀྱི་སྐོར་དཔེ་ཚན་གཉིས་དང་། མེ་དཔྱད་ཀྱི་སྐོར་དཔེ་ཚན་མི་འདྲ་བ་ཁག་གཉིས་བཅས་ཁྱོན་སྡོམ་གསོ་དཔྱད་ཀྱི་སྐོར་དཔེ་ཚན་བཞི་ཡོད་པ་ལས། མེ་དཔྱད་ཀྱི་སྐོར་དཔེ་ཚན་གཅིག་གི་མཇུག་བྱང་ལས། དཔྱད་ཡིག་འདི་ནི་ཕྱག་སྦལ་ན་ཡང་མེད་དེ། དཔྱད་ཡིག་ཐམས་ཅད་ལས་འདུས་པའི་སྟེང་དུ་ཞང་ཞུང་གི་དཔྱད་ཕུག་པ་དང་སྦྱར་ཏེ་བགྱིས་པ་ལགས་སོ། ཞེས་བདེན་དཔང་བྱེད་དུ་ཡོད་པ་འདི་རེད། ཞེས་གསུངས་ཡོད་པ་དག་གི་ཤེས་ཐུབ། གཙུག་ལག་རྩིས་ནི་ཕྱིས་བྱུང་གི་ལོ་རྒྱུས་ཁག་ནང་འབྱུང་རྩིས་ནི་རྒྱ་ནག་ནས་དར་བ་དང་། སྐར་རྩིས་ནི་རྒྱ་གར་ནས་དར་བར་བཤད་པའི་རྒྱུ་མཚན་ལ་བརྟེན་ནས་རྩིས་ལ་དཀར་ནག་གི་ཐ་སྙད་བྱུང་བར་མངོན། དོན་དངོས་དཀར་ནག་གི་ཁྱད་པར་ཞིག་མིན་པ་ཡོངས་གྲགས་འབྱུང་། རྩིས་དང་སྐར་རྩིས་ཞེས་པ་དེ་མིང་དོན་མཚུངས་པའི་གོ་བ་ཞིག་སྟེ། འབྱུང་རྩིས་ཞེས་པ་བརྩི་བྱ་འབྱུང་བ་ལྔ་ལ་རྩི་བྱེད་རང་བཞིན་གཞིའི་གཙུག་ལག་དང་འབྲེལ་བའི་འགྲོ་བ་མིའི་སྲོག་ལུས་དབང་ཀླུང་དང་། ལོ་ཟླ་ཞག་དུས་ཀྱི་ཁམས་དང་དར་རྒུད། སྤར་ཁ་སྨེ་བ་སོགས་ཀྱིས་བསྡུས་པའི་མ་རིག་འཁྲུལ་སྣང་གི་གབ་རྩེ་འཇིག་རྟེན་བདེ་སྡུག་འཕེལ་འགྲིབ་བརྟག་པའི་སྒོ་ནས་འཆད་པའི་རིག་པ་ལ་འབྱུང་རྩིས་དང་། གནམ་ལ་ཉི་ཟླ་གཟའ་སྐར་འཁོར་བགྲོད་བྱེད་ཚུལ་དང་། ས་ལ་ནམ་ཟླ་དུས་བཞིའི་འགྱུར་བ་སོགས་གནམ་སའི་འགྱུར་ལྡོག་གི་ཁྱད་པར་ས་རིས་སྒོ་ནས་བཟང་ངན་གཏན་ལ་འབེབས་པར་བྱེད་པའི་རིག་པ་ལ་གནམ་རིག་སྐོར་རྩིས་ཞེས་གྲགས་པ་ཡིན་པས་སོ། རྩ་བའི་འབྱུང་རྩིས་དང་སྐར་རྩིས་གཉིས་ལ་རིག་པ་ཕྲ་རགས་ཀྱི་ཁྱད་པར་ཅུང་ཡོད་དེ། འབྱུང་རྩིས་དེ་རྣམ་རྟོག་གི་ཞེན་འཛིན་རགས་པ་ལ་ལྟོས་ཏེ་བྱུང་བའི་རིག་པ་ཏོག་ཙམ་རྩིས་པའི་ཚུལ་དང་། སྐར་རྩིས་ནི་དེ་ལས་རིག་པ་ཕྲ་བ་སྟེ། ཉི་ཟླ་གཟའ་སྐར་སོགས་དུས་གཟེར་རྣམས་དུས་ཐོག་ཏུ་འཁྲུལ་མེད་གཏན་ལ་འབེབས་པའི་དཔྱད་པ་ཕྲ་མོ་ཞིག་ཡིན་པ་སོགས་ནི་བོན་སྒོ་ལས་འདི་ལྟར་གསུངས་ཡོད་པ་རེད། གཙུག་ལག་རྩིས་འདི་ཡང་ཆུ་འགོ་གངས་ལ་ཐུག་པའི་དཔེ་བཞིན། གནའ་བོའི་ཤེས་རིག་ལ་ཐུག་ཡོད་པའི་རྟགས་ནི། གོང་དུ་ཚུགས་ལོ་ཇི་ལྟར་བྱུང་བ་ལ་དཔྱད་ན་ཤེས་སླའོ། ལྷ་བོན་སྒོ་བཞིའི་རྣམ་གྲངས་ཤིན་ཏུ་མང་ན་ཡང་། ལྷག་པར་དུ་སྐུ་རིམ་གྱི་ཆོ་ག་ཞེས་གྲགས་པ་འདི་སྐོར་ནི་དམངས་ཚོགས་ཀྱི་འཚོ་ཁམས་བདེ་ཐང་འབྱུང་བ་དང་། ཕྱི་ནང་སྣོད་བཅུད་ཀྱི་འབྱུང་ཁམས་ཆ་སྙོམས་པ་སོགས་ཀྱི་དགོས་པ་དུ་མ་ཞིག་ལ་བརྟེན་ནས་དམངས་ཚོགས་ཀྱིས་གནའ་རབས་ནས་ད་ལྟའི་བར་མི་རབས་ནས་མི་རབས་སུ་རྒྱུན་མ་ཆད་པར་བེད་སྤྱོད་བྱས་ཡོད་པ་དང་བྱེད་བཞིན་འདུག ད་ལྟ་ཡང་དགའ་སྟོན་གྱི་བྱེད་སྒོ་དང་གཉེན་སྟོན་གྱིས་བྱེད་སྒོ། ཤི་བོའི་ཆོ་གའི་བྱེད་སྒོ་སོགས་གང་ཡིན་ཡང་གནའ་བོའི་སྲོལ་རྒྱུན་ཡོད་པ། བག་མའི་གཉེན་སྟོན་བྱེད་སྒོ་ནང་དུ་ཡང་། ཚེ་བསོད་དཔལ་གསུམ་འཛོམས་པའི་ཕྱྭ་གཡང་སོགས་ལེགས་ཚོགས་རྒྱས་པའི་རྟེན་འབྲེལ་དུ་ཁྲུས་བསང་བྱེད་པ་དང་། གཡང་འབོད་བྱེད་པ། ཟས་སྟོན་སྔོན་དུ་ཟས་ཕུད་མཆོད་པ། རྐྱེན་ངན་ཞི་བའི་ཆེད་དུ་བག་གཏོ་འཕེན་པ་ལ་སོགས་ཡུལ་ཕྱོགས་སོ་སོའི་སྲོལ་རྒྱན་མི་འདྲ་བ་སྣ་ཚོགས་ཞིག་ཡོད་པ་ལ། སྡེ་བ་སོ་སོའི་དུས་ཚིགས་རང་བཞིན་གྱི་དགའ་སྟོན་བྱེད་གསོའི་ནང་དུ་མི་ཆེ་ཆུང་ཚང་མ་ཚོགས་ནས་ལབ་ཙེ་བསྟོད་པ་དང་། དམུ་ཐག་འཐེན་པ། ཀླུང་རྟའི་དར་ཅོག་འཛུགས་པ། བསང་ཕུད་པ། སྐྱེས་པ་རྣམས་རྟ་ཞོན་ཞིང་། རྟ་ཞོན་ཞིག་གི་ཁྱུང་གི་གཟུགས་བརྙན་བཟུང་ཞིང་ཚང་མའི་སྣེ་ཁྲིད་ནས་ལབ་ཙེ་ལ་བསྐོར་བ་བྱེད་པ་དང་། ཀི་བསྭོ་ཆེའོ་ལྷ་རྒྱལ་ལོ་ཟེར་བའི་སྐད་གསེང་མཐོན་པོའི་ཁ་གཡང་འབོད་པ། འདིའི་ནང་དོན་ཀི་བསྭོ་ཆེའོ་ཟེར་བ་ནི་སྐད་ཆེན་པོའི་འབོད་སྒྲའི་དོན་ཡིན་ལ། ལྷ་རྒྱལ་ལོ་ཟེར་བའི་དོན་ནི“ཡེ”ལ་གནས་པའི་སྒྲ་བླ་ཝེར་མའི་ལྷ་ཚོགས་ཡར་ལ་བསྟོད་པ་དང་ལྷ་ཚོགས་དེ་དག་མེད་ཁམས་ལས་རྒྱལ་བའི་དོན་ཡིན་ནོ། དེང་སྐབས་ལྷ་རྒྱལ་ལོ་ཟེར་བ་ལས་ཀི་བསྭོ་ཆེའོ་འབོད་པ་ཤིན་ཏུ་ཉུང་། ཡང་སོ་ཁྲ་ཟེར་བ་སོ་བྱ་ནག་མིའི་གཟུགས་ཤིག་འབེན་དུ་གཙུགས་ཤིང་རྟ་རྒྱུག་ཞོར་དུ་མདའ་བོའུ་གང་ཡིན་གྱི་འབེན་དེ་ལ་བརྒྱག་པ། དེ་ནི་ངམ་ལ་གནས་པའི་གདོན་རིགས་མར་ལ་གནོད་པའི་དོན་ཡིན། དེ་དག་གི་ནང་དོན་བཤད་ན། ཕོ་ལྷའི་དུང་ཁྱུང་དཀར་པོ་ནི་ཡེ་ཡི་མཚོན་བྱེད་དང་། སོ་བྱ་རོགས་མོ་བྱ་འདི་(མཚོ་སྔོན་པོའི་མཐའ་ན་ཡོད)ནི་ངག་གི་མཚོན་བྱེད་ཡིན། ད་ལྟ་འབེན་གང་རུང་ཞིག་འཇོག་པ་ཡིན་པས་འདིའི་དོན་ཤེས་པ་ཉུང་། ཡེ་ངམ་ཟེར་བ་འདི་ནི་རྒྱ་ཡི“阳阴”ཟེར་བ་དེའི་དོན་དང་ཕལ་ཆེར་འདྲ། ཡེ་ནི་ཡོད་ཁམས་སྲིད་པ་དང་། ངམ་ནི་མེད་ཁམས་སྲིད་པའི་དོན་ཡིན་པ་དང་། གཞན་སྣང་བ་དང་མུན་པ། མཐུན་་ཕྱོགས་མི་མཐུན་པའི་ཕྱོགས་སོགས་ལ་ཡང་འཇུག་སྐྱེས་ཕོ་མོ་རྣམས་ཀྱི་གླུ་དབྱང་གར་རྩེ་སོགས་ནི། ཡུལ་ཕྱོགས་སོ་སོའི་ཕྱག་སྲོག་གཅིག་མཚུངས་མིན་ལ། ལྷ་བབ་ནས་ལྷ་རྩེ་བྱེད་པ་དང་། འགྲན་སྡུར་སྣ་ཚོགས་བྱས་ནས་དམག་རྩེ་དང་། གླུ་དབྱངས་གར་རྩེ་སོགས་རྣམ་པ་ཤིན་ཏུ་མང་། རེབ་གོང་ཕྱོགས་ཀྱི་དྲུག་པའི་ཀླུ་རོལ་ལ་ལྟ་ཐུབ་ན། གནའ་བོའི་སྲོལ་རྒྱུན་མི་ཉུང་བ་ཞིག་ད་ལྟའང་རྒྱུན་ཆད་མེད་པའི་ཤེས་ཚོར་ཟབ་མོ་ཞིག་མྱོང་ཐུབ་བོ། ། སྐྱེས་གནས་འཆི་གསུམ་ནི། མི་ཚེ་འདིའི་གནད་ཆེ་ཤོས་གསུམ་ཡིན་ པའི་སྟབས་ཀྱི་ཤི་བོ་ཆོ་གའི་བྱེད་སྒོ་རིགས་མང་ནའང་། ད་ལྟ་གནའ་བོའི་སྲོལ་རྒྱུན་ཡོད་པ་ནི། དུར་འདོན་ཐབས་ཡང་ས་ལ་སྦས་པ་དང་། སྦྱིན་བསྲེགས་བྱེད་པ། བྱ་ལ་གཡེང་བ་སོགས་གང་བྱེད་ནའང་། སྔོན་དུ་དུར་ས་ཐོག་ཏུ་བསང་དང་དཀར་གཏོར་གྱི་ས་བདག་མཆོད་ནས་སའི་དངོས་གྲུབ་ཞུ་བ་དང་། ས་འདུལ་བྱས་རྗེས་དུར་འདོན་བྱེད་པ་དང་བྱེད་སྒོ་རྣམས་རྣམས་ཚར་རྗེས། སེལ་གྱི་རིགས་རྡོ་བ་དཀར་ནག་གཉིས་བསྲེགས་ཤིང་དེའི་སྟེང་དུ་ཐོག་མར་རྡོ་ནག་སྟེང་དུ་ཆུ་ནག་གི་ཁྲུས་བྱེད་པ་དང་དེ་རྗེས་སུ་རྡོ་དཀར་སྟེང་དུ་ཆུ་ཀར(འོ་མ་ཅུང་བསྲེས་པ)གྱི་ཚང་མའི་ཁྲུས་བྱེད་པ་ནི་སྔོན་གྱིས་ལུགས་སྲོལ་ཁོ་ན་ཡིན་ལ། ད་དུང་ཤི་གསོན་གཉིས་ཀ་བདེ་བའི་ཆེད། ཤི་བོ་དེ་གྲི་ཤིར་སོང་བ་ཞིག་ཡིན་ན་གྲི་འདུར་དང་། གཞོན་པ་ཞིག་ཡིན་ན་གཞོན་སྲི་གྱི་འདུར། ལོ་ཆུང་ཞིག་ཡིན་ན་ཆུང་སྲི་གྱི་འདུར་སོགས་ཀྱིས་སྐུ་རིམ་ཀྱང་སྒྲུབ་སྲོལ་ཡོད། གནའ་བོའི་སྲོལ་རྒྱུན་ཡོད་པ་ནི་སོག་རིགས་ཀྱང་བོད་དང་ཕལ་ཆེར་འདྲ་ལ། དེར་མ་ཟད་རྒྱ་རིགས་ཀྱི་ནང་དུ་ཡང་ཚད་མི་གཅིག་པའི་སྲོལ་རྒྱུན་དེ་དག་གནས་ཡོད་པའི་མངོན་རྟགས་ནི། ད་ལྟའང་ལྷ་ཁང་སོ་སའི་ནང་དུ་བྱང་བུ་དཀྲུགས་ནས་མོ་འདེབས་པ་དང་། ཡུལ་ཁག་ཁ་ཤས་ནས་བསང་མཆོད་བྱེད་པ། ལྷ་བའི་རིགས་ཀྱང་ཡོད་པར་བཤད་པ་ལས་ཤེས་ཐུབ། དེང་སྐབས་སྤྱི་ཚོགས་ཀྱི་འཕོ་འགྱུར་དབང་གི་སྲོལ་རྒྱུན་དེ་དག་མཐོང་དཀོན་ནའང་། རྒྱའི་ཆུ་ངོགས་གཏམ་རྒྱུད་དང་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་སོགས་ལ་ལྟོས་ན་གནའ་བོའི་སྲོལ་རྒྱུན་མི་ཉུང་བ་ཞིག་ཡོད་པ་མཐོང་ཐུབ་པའི་ཕྱིར་ན། བོད་རིགས་མ་ཟད་རྒྱ་བོད་སོག་གསུམ་ལའང་སྔོན་ཆད་དར་ཁྱབ་བྱུང་ཡོད་པ་རྟགས་དང་དོན་གྱི་གྲུབ་པ་ཡིན། འདི་ནི་དཔེ་མཚོན་ཙམ་ཞིག་ཡིན་པ་ལས། གཞན་དུ་དེ་ལས་རྒྱུ་ཆེ་བ་དང་རྣམ་གྲངས་མང་བ་ཞིག་རྙེད་དུ་ཡོད་པ་ནི་སྨོས་མ་དགོས་སོ། །བླུན་པོས་ཚིག་གཅིག་མ་སྨྲས་ན། མཁས་པའི་བློ་དེ་རྙེད་པ་དཀོན། ཞེས་པའི་དཔེ་ལྟར། ཁོ་མོས་ཀུན་སློང་རྣམ་པར་དག་པའི་སྒོ་ནས། གནའ་བོའི་རིག་གནས་འབྱུང་ཁུངས་སྐོར་ཆེ་ལོང་ཞིག་འབྲི་ཁུལ་བྱས་པ་འདི་ཕྲན་ལ་བློ་གྲོས་ཀྱི་ཆ་ཤིན་ཏུ་ཕྲ་སྟབས། སྐྱོན་དང་ནོར་འཁྲུལ་ཇི་སྙེད་ཅིག་ཡོད་ངེས་པས། རྒྱ་ཆེའི་མཁྱེན་སྤྱན་ཡངས་པའི་གཟིགས་པ་པོ་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་བཀའ་གནང་ཡོད་པ་ཞུ།

ལུང་འདྲེན་གྱི་དཔེ་ཁུངས།
《ཞང་བོད་ལོ་རྒྱུས་ཏི་སིའི་འོད》རྩོམ་པ་པོ་ནམ་མཁའ་ནོར་བུ།
ཤོག་ ངོས51.62.70.119.125.126.144.145.149. 150.184.186.196ལས་གསལ།
《བོད་གནའ་རབས་ཀྱི་རིག་གནས་དང་ཆོས་ལུགས་མི་རིགས་བཅས་ཀྱི་འབྱུང་ཁུངས་སྐོར་གླེང་བ》རྩོམ་པ་པོ་དུང་དཀར་བློ་བཟང་འཕྲིན་ལས། 1984ལོར《བོད་ལྗོགས་ཞིབ་འཇུག་》དེབ་གཉིས་པ།
《གཟིའི་ཕྲེང་བ》རྩོམ་པ་པོ་ནམ་མཁའ་ནོར་བུ།
《བོན་ཆོས་རྣམ་འབྱེད》མཛད་པ་པོ་རོང་སྟོན་ཤེས་བྱ་ཀུན་རིག
《བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ》མཛད་པ་པོ་མཁན་ཉི་མ་བསྟན་འཛིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།