《བོན་གྱི་བསྟན་བཅོས་ཁག་ཅིག་ལ་དཔྱད་པ》ཞེས་པར་དཔྱད་པ།

《བོན་གྱི་བསྟན་བཅོས་ཁག་ཅིག་ལ་དཔྱད་པ》ཞེས་པའི་ལྟ་ཚུལ་ལ་དཔྱད་པ།
ལུང་རྟོགས་རྒྱ་མཚོ།

༄༅། ། དེ་ཡང་། ཉེ་སྔོན་འཇིགས་མེད་བསམ་གྲུབ་ལགས་ཀྱིས་《བོད་ཞང་ཤེས་རིག་གི་དྲིས་ལན་ལས་བརྩམས་པའི་བོན་གྱི་བསྟན་བཅོས་ཁག་གཅིག་ལ་དཔྱད་པ》ཞེས་བན་བོན་གྱི་ལུང་གང་ལའང་མི་མཐུན་པ་ཞིག་བྲིས་འདུག་པ་ལ། ཇི་སྐད་དུ་ལུང་ལས། མ་རྟོགས་སེམས་ཅན་ཚིག་གིས་མ་ཁྲིད་ན།། མུན་པའི་མཛུབ་ཡུག་དེས་ཀྱང་བརྡ་མི་འཕྲོད་ཅེས་པ་ལྟར། མུན་པའི་མཛུབ་ཡུག་ཙམ་མ་ཡིན་པར། ལུང་རིགས་ཟུང་འབྲེལ་གྱི་སྒོ་ནས་ལན་ཞིག་འབུལ་བ་ལ། ཐོག་མར། འཇིགས་མེད་བསམ་གྲུབ་ན་རེ། ཁྱོད་ཀྱིས་ང་ཚོའི་གྲུབ་མཐའ་ཞིག་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཞེས་པ་ནས་སྡང་དགོས་དོན་ཀྱང་མེད་ཅེས་པའི་བར་གྱི་ལན། དེ་ལྟར་ན་ཁྱོད་ཀྱིས་ནང་བ་སངས་རྒྱས་པ་དང་ཕྱི་རོལ་མུ་སྟེགས་པའི་ཁྱད་པར་འབྱེད་བྱེད་ཀྱི་ཆོས་སྣ་གཅིག་ཀྱང་མ་ཤེས་པར་ཁྱོད་རང་བླུན་པོའི་རང་མཚང་རང་གིས་སྟོན་འདུག་པའི་ཕྱིར་ཏེ། ཕྱི་ནང་གི་ཁྱད་པར་འབྱེད་བྱེད་ཀྱི་ཆོས་སྣ་གཅིག་ཀྱང་མ་ཤེས་པར་ཁྱོད་རང་བླུན་པོའི་རང་མཚང་གིས་སྟོན་འཇུག་པའི་ཕྱིར་ཏེ། ཕྱི་ནང་གི་ཁྱད་པར་འབྱེད་བྱེད་ཀྱི་ཆོས་ལ། སྐྱབས་འགྲོ་དང་། བཀའ་རྟགས་ཀྱི་ཕྱག་རྒྱའི་མདོ་བཞི་དང་། སྐྱབས་གནས་སྟོན་པ་ལྟ་བ་སྤྱོད་པ་འབྲས་བུ་སོགས་དུ་མ་ཞིག་ཡོད་པ་གང་ཞིག་དེ་རྣམས་རེ་རེ་ནས་བོན་གྱིས་ཁས་ལེན་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དེར་ཐལ། བོན་ཀྱི་ལམ་རིམ་ལས། ཕྱི་རོལ་ནང་བའི་ཁྱད་པར་སྐྱབས་འགྲོས་བྱེད་ཅེས་དང་། བོན་གཞུང་དབུས་གཏེར་ཚད་མ་སྨྲ་བའི་སེང་གེ་ལས། བཀའ་རྟགས་ཀྱི་ཕྱག་རྒྱའི་མདོ་བཞི་ཁས་ལེན་པ་ནི་ནང་བ་དང་། དེ་ཁས་མི་ལེན་པ་ནི་ཕྱི་རོལ་བའོ་ཞེས་དང་། བོན་གྱི་མཁས་དབང་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་བཀའ་རྟེན་སྡེ་ལྔའི་ནང་ཚན་ལམ་རིམ་སུམ་བརྒྱ་བ་ལས། སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས། ཕྱི་རོལ་ནང་བའི་ཁྱད་པར་འབྱེད་པར་བྱེད། ཅེས་གསུངས་པའི་ཕྱིར། གལ་ཏེ་ལོག་ལྟ་ཅན་འགའ་རེས། དེ་དག་ཆོས་ལས་བསྒྱུར་བ་ཡིན་ཟེར་ན། མ་ཡིན་ཏེ་ཆོས་པའི་ལྟ་སྤྱོད་ཐམས་ཅད་བོན་ནས་བསྒྱུར་བ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཆོས་ཀྱི་འབྱུང་ཁུངས་བོན་ལ་ཐུག་པའི་ཕྱིར། དེར་ཐལ། རྡོ་རྗེ་གླིང་བའི་གཏེར་མ་བཀའ་ཐང་ལས།“པད་མ་ང་ཡང་སྔོན་གྱི་ལས་དབང་གིསཿ ཞང་ཞུང་ཡུལ་དུ་དྲན་པའི་སྲས་སུ་འཁྲུངསཿ ཕ་ནི་ཞང་ཞུང་མ་ནི་རྒྱ་གར་ཟཿ ཡུལ་ནི་ཁྱུང་ལུང་དངུལ་མཁར་ཞེས་བའོཿ ”ཞེས་དང་། “བོན་དང་ཆོས་གཉིས་བོན་སྔ་བསཿ ཆོས་ཀྱི་འབྱུང་ཁུངས་བོན་ལ་ཐུགཿ ཆོས་པས་བོན་གཤེ་དམ་ཚིག་ཉམསཿ རྐྱེན་དེས་རང་བསྟན་རང་གིས་བཤིགསཿ ”ཞེས་གསུངས་པའི་ཕྱིར། འཁོར་གསུམ། དམ་ལོག་འགའ་ལ་དགོངས་ཏེ་གསུངས་པ་མ་ཡིན་ནམ། ཡང་འཇིགས་མེད་བསམ་གྲུབ་ན་རེ། དེ་ཡང་ཁྱུང་དཀར་འགྱུར་མེད་ཀྱིས་བྲིས་པ་ཞེས་པ་ནས། ཉམས་མྱོང་བརྗེ་རེས་ཀྱི་ཚུལ་དུ་ལན་ཞིག་འབུལ་བ་ཞེས་པའི་བར་གྱི་ལན། དེ་ཡང་ཁྱོད་ལ་ཁྱུང་དཀར་འགྱུར་མེད་ལ་ཉམས་མྱོང་ཞིག་འབུལ་རྒྱུ་མེད་པ་མངོན་དུ་གྲུབ་སྟེ། ཁྱུང་དཀར་ནང་དོན་གྱི་ཆ་ལ་ནོར་འཁྲུལ་མི་འདུག་ཅིང་། འཇིགས་མེད་ཞིབ་འཇུག་པ་ཁྱོད་རང་ཁྱུང་དཀར་གྱིས་དྲངས་བའི་ལུང་དང་དཔེ་གང་ལ་ཡང་གོ་ཐོབ་རི་བོང་གི་རྭ་ལྟར་གྱུར་འདུག་པས། འཁྲུལ་བ་ཐམས་ཅད་ཁྱོད་རང་འཁྲུལ་བ་ཡིན་པར་གཤམ་གསལ་ལྟར་རོ། ཡང་འཇིགས་མེད་ན་རེ། ཁྱུང་དཀར་འགྱུར་མེད་ཀྱི་ལན་དུ་ཞེས་པ་ནས། དེ་ནི་ཁྱུང་དཀར་ཀྱིས་ཁོ་ལ་སྒྲོ་བཏགས་ཀྱི་ཚིག་ཏུ་ཟད་དོ་ཞེས་པའི་བར་གྱི་ལན། འཇིགས་མེད་ཁྱོད་ཀྱིས་དེའི་ཐད་ཀྱི་ཚིག་སྤྱི་ཙམ་བློ་ཡུལ་དུ་འཆར་བ་མ་གཏོགས་དོན་གྱི་གནད་ལ་ཅུང་ཙམ་ཞིག་དཔྱད་མེད་དེ། དེ་འདྲའི་ཁྱབ་མཐའ་བཀོད་མེད་ཀྱང་ཚིག་དེ་རྣམས་གཤེན་ལྷ་མ་ཡིན་པར། སྤྱན་རས་གཟིག་ལ་མཆོད་པར་བརྗོད་པ་ཡིན་ཞེས་སྒྲུབ་བྱེད་ཀྱི་ཚུལ་དུ་བཀོད་འདུག་པར། དེ་ལྟ་བུའི་སྒྲུབ་བྱེད་དང་རྩོམ་པ་པོའི་བསམ་ངོ་ལ་ལྟོས་ན་དེ་ལྟར་དུ་ཁྱབ་དགོས་ཞེས་བཤད་པ་ཡིན་པར་ཁྱོད་ཀྱིས་ཞིབ་མོར་དཔྱད་ཤེས་ན། རང་ཉིད་འཁྲུལ་བ་ཡིན་རང་ཉིད་ཀྱིས་ཀྱང་ངེས་པར་རྟོགས་ནུས་སོ། ཡང་འཇིགས་མེད་ན་རེ། སྤྱིར་སེམས་ཅན་གང་ཞིག་གསར་དུ་སངས་རྒྱས་པའི་ཞེས་པ་ནས། ལོངས་སྐུའི་ངོ་བོར་སངས་རྒྱས་པ་ཡིན་པས་ཁྱབ་ཅེས་པའི་ལན། འོ་ན་ཁྱོད་རང་གི་འདོད་པ་ལྟར་ན། སེམས་ཅན་གང་ཞིག་གསར་དུ་སངས་རྒྱས་པའི་སངས་རྒྱས་གྱི་ཞིང་ཆོས་ཅན། བསམ་གཏན་བཞི་བའི་གནས་ལྔ་བ་འོག་མིན་དུ་ལོངས་སྐུའི་ངོ་བོར་སངས་རྒྱས་པ་ཡིན་པར་ཐལ། སེམས་ཅན་གང་ཞིག་གསར་དུ་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ཡིན་པའི་ཕྱིར། རྟགས་དོན་གྱིས་གྲུབ། ཁྱབ་པ་ཁས། འདོད་མི་ནུས། སེམས་ཅན་དེ་སངས་རྒྱས་པའི་ཚེ་ལོངས་སྐུའི་ངོ་བོར་སངས་རྒྱས་པ་ཡིན་ཞེས་ཁས་ལེན་དགོས་པ་ལས། སེམས་ཅན་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ལོངས་སྐུའི་ངོ་བོར་སངས་རྒྱས་པ་ཡིན་ཞེས་ཁས་ལེན་མཁན་བོན་ཕྲུག་ཁྱོད་མ་གཏོགས་གཞན་དུ་ན་མེད་པའི་ཕྱིར། འཁོར་གསུམ། གཞན་ཡང་། སེམས་ཅན་གསར་དུ་སངས་རྒྱས་པའི་གནས་ལ་བསམ་གཏན་བཞི་བའི་གནས་ལྔ་བ་འོག་མིན་གྱི་ཁྱབ་མ་ཁྱབ་དང་། ཡང་སེམས་ཅན་གསར་དུ་སངས་རྒྱས་པའི་ཚེ་སྐུ་གསུམ་གྱི་ངོ་བོར་སངས་རྒྱས་ཚུལ་སོགས། གྲུབ་མཐའ་སྨྲ་བ་བཞིའི་འདོད་ཚུལ་དང་། མདོ་སྔགས་གཉིས་ཀྱི་འདོད་ཚུལ་མི་མཐུན་པ་མང་ཡང་འདིར་བཤད་པའི་སྐབས་སུ་མ་བབས་པས། རེ་ཞིག་བཞག་གོ ཡང་འཇིགས་མེད་ན་རེ། ལོངས་སྐུ་ཡིན་ན། ངེས་པ་ལྔ་ལྡན་གྱི་སྐུ་ཡིན་པས་ཁྱབ་ཟེར་བ་ལ་ལན། འོ་ན་ངེས་པ་ལྔ་དང་མི་ལྡན་པའི་ལོངས་སྐུ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ལྟར་ཡོད་པར་ཐལ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕར་ཕྱིན་མཐའ་དཔྱོད་ལས། དེ་འདྲའི་ངེས་པ་ལྔ་ལོངས་སྐུའི་འཇོག་བྱེད་དུ་བྱེད་པ་ལ་མདོ་དང་རྒྱ་གཞུང་རྣམ་དག་གིས་ཤེས་བྱེད་ཀྱང་མེད་པ་གང་ཞིག་དེར་མ་ཟད་ལུང་རིགས་དུ་མས་གནོན་བྱེད་ཀྱང་སྣང་བའི་ཕྱིར། ཞེས་དང་། དོན་བསྡུས་སྒྲོན་མེ་ལས། ངེས་པ་བཞི་ཙམ་བཤད་པ་མ་གཏོགས་ལྔར་བཤད་པ་ཡང་མེད་ལ། འདིས་ལྔ་བཤད་ཀྱང་ཁུངས་རྣམ་དག་ཏུ་མི་འགྲོ་བའི་ཕྱིར་ཞེས་དང་། ལེགས་བཤད་གསེར་ཕྲེང་ལས། འདི་ལ་ངེས་པ་ལྔ་ལྡན་དུ་སྨྲ་བ་ལ་ནི་དོན་བསྡུས་སྒྲོན་མེར་ངེས་པ་བཞི་སྟེ་འཁོར་དང་ནི་གནས་དང་སྟོན་པ་ཆོས་སུ་སྟེ་ཞེས་པ་ཙམ་ལས་མ་མཐོང་ལ་འདི་ནི་ཁུངས་མི་ཐུབ་ཅིང་ཞེས་གསུངས་པའི་ཕྱིར། འཁོར་གསུམ། ཕྱོགས་གཅིག་ཤེས་ནས་གཉིས་མ་མཐོང་། གཡག་ཞར་རྩྭ་ཟན་འདི་རེ་སྡུག་ཅེས་པའང་། ཁྱོད་ཙམ་ལ་བཤད་པ་མ་གཏོགས་གཞན་སུ་ལ་ཡིན། གཞན་ཡང་བོན་གཞུང་རྣམས་སུ་ཡང་ལོངས་སྐུ་ལ་ངེས་པ་ལྔ་ལྡན་མི་ལྡན་གྱི་བཤད་ཚུལ་གཉིས་ཡོད་པ་དང་། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་སྤྱི་དོན་རོལ་མཚོ་ལས། ངེས་པ་ལྔ་དང་ལྡན་པའི་མཐར་ཐུག་པའི་གཟུགས་སྐུ་ལོངས་སྐུའི་མཚན་ཉིད་དུ་བཞག་པ་རྣམས་ཁོ་བོའི་མ་མཐོང་བ་མ་ཡིན་ནོ། ཡང་འཇིགས་མེད་ན་རེ། དེས་ན་བོན་གཞུང་རྣམས་སུ་གཤེན་ལྷ་འོད་དཀར་གྱི་ཞེས་སོགས་ནས། ཞིབ་ཏུ་བསྡུར་ནས་བལྟས་ན་ཧ་ཅང་གསལ་ལོ་ཞེས་པའི་བར་གྱི་ལན། ཁྱོད་ཀྱིས་ཞིབ་ཏུ་བསྡུར་ནས་བལྟས་ན་ཧ་ཅང་གསལ་ཞེས་པའི་ཚིག་ལ་བརྟགས་ན་ཁྱོད་རང་གཞུང་མང་ལ་ལྟ་རྒྱ་ཆེ་བའི་སྐྱེས་བུ་ཞིག་རེད་སྙམ་ཅིང་། ཚིག་དེའི་གོང་དུ་ཐ་སྙད་འགའ་རེ་བརྗེ་སྤོར་བྱས་ནས་བཟོས་པ་ཡིན་ཞེས་བའི་ཚིག་གིས། ཁྱོད་རང་གཤེན་ལྷ་དང་སྤྱན་རས་གཟིག་གཉིས་མིང་གི་ཐ་སྙད་ཙམ་མ་གཏོགས་དོན་ལ་ངོ་བོ་གཅིག་ཡིན་པར་ཤིན་ཏུ་རྨོངས་པའི་ཕྱིར། དེར་ཐལ། གཤེན་ལྷ་དང་སྤྱན་རས་གཟིགས་གཉིས་ངོ་བོ་གཅིག་ཡིན་པའི་ཕྱིར་ཏེ། བཀའ་གདམས་གླེགས་བམ་ལས། རྒྱ་གར་ནང་བའི་བློན་ངོ་ན།། ང་ནི་མགོན་པོ་སྤྱན་རས་གཟིགས།། བོན་གྱི་གཤེན་ལྷ་འོད་དཀར་བརྗོད།། ཅེས་དང་། འབྲུག་པ་ཀུན་དགའ་ལེགས་པའི་ཞལ་ནས། གཤེན་ལྷ་འོད་དཀར་སྤྱན་རས་གཟིགས་དབང་ཡིན།། གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད་ཅེས་གསུངས་པའི་ཕྱིར། འཁོར་གསུམ། ཡང་འཇིགས་མེད་བསམ་གྲུབ་ན་རེ། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལས་ཞེས་པ་ནས། རྒྱལ་བོ་སྲོང་བཙན་སྒམ་པོས་བོན་གྱི་ཆོས་ལུགས་བསྣུབས་པའི་རྒྱུ་མཚན་ཀྱང་དེ་ཡིན་ཞེས་གསུངས་པ་དང་ཞེས་པའི་བར་གྱི་ལན་རགས་བསྡུས། སྟོན་པ་གཤེན་རབ་སྔོན་རྒྱ་གར་ནུབ་ཕྱོགས་ཀྱི་ཏ་ཟིག་བརྒྱུད་ནས་བོད་འཁྱར་བའི་མུ་སྟེགས་དབང་ཕྱུག་པའི་ལྟ་བ་དེ་དང་སྔར་ཡོད་བོན་པོའི་ཆོས་གཉིས་བསྲེས་ཏེ་རིཊ་པའི་གཞུང་ལུགས་ཞིག་གསར་གཏོད་བྱས་པ་དེ་ནི་འཁྱར་བོན་ཟེར་བ་དེ་ཡིན་པ་ལས་བརྡོལ་བོན་མིན་ཞེས་ཆོས་སྲིད་ཟུང་འབྲེལ་ནས་བཤད་འདུག་ཟེར་བར་ཁོ་བོས་ཆོས་སྲིད་ཀྱི་གཞུང་ཁུངས་མ་མཐོང་ཀྱང་། དེ་ནི་རིག་པས་དཔྱད་ན་ཤིན་དུ་མི་འཐད། དོན་དུ་ཁྱོད་ཀྱིས་རྫུན་ལབ་ཡིན་སྙམ་འདུག གལ་ཏེ་ཁྱོད་ཀྱི་རྫུན་ལབ་མིན་ནའང་། སྟོན་པ་གཤེན་རབ་ཀྱིས་ཕྱི་རོལ་མུ་སྟེགས་ཀྱི་གྲུབ་མཐའ་སུན་བྱུང་ནས་ནང་པ་གཤེན་རབ་ཀྱི་བསྟན་པ་བཟུང་པའི་ཕྱིར། མུ་སྟེགས་ཀྱི་སྟོན་པ་ཤ་རི་ར་ཙ་བྱ་བ་ཞིག་ཏུ་སྐུ་སྤྲུལ་ཏེ་དང་པོ་མུ་སྟེགས་ཀྱི་ཆོས་གསུངས་ནས་རྗེས་སུ་མུ་སྟེགས་ཀྱི་ལྟ་ལོག་ཐམས་ཅད་ཚར་བཅད་དེ། ནང་བ་གཤེན་རབ་ཀྱི་བསྟན་པའི་སྒོར་བཅུག་པ་ལ། ཕྱིས་སུ་གང་ཟག་ཆགས་སྡང་ཅན་འགའ་རེས་གོང་ལྟར་དུ་སྒྲོ་བཏགས་པ་ཡིན་པར་གོར་མ་ཆག་ཏེ། སྟོན་པ་གཤེན་རབ་ཀྱི་བསྟན་པ་ལ་ཕྱི་རོལ་དབང་ཕྱུག་པའི་ཤན་ཞུགས་ཡོད་ན། ཤཱཀྱ་ཐུབ་པའི་བསྟན་པ་ལ་ཡང་ཕྱི་རོལ་དབང་ཕྱུག་པའི་ཤན་ཞུགས་དགོས་ལ། དེ་ལྟར་དུ་དམ་ལོག་ཁྱོད་མ་གཏོགས་རང་གཞན་སུས་ཀྱང་སྨྲ་ག་ལ་ཕོད། རྒྱུ་མཚན་ནི་གདུལ་བྱ་རང་རང་གི་སྣང་ངོ་ལ་ལྟོས་པ་ཙམ་མ་གཏོགས་དོན་དུ་སྟོན་པ་གཤེན་རབ་དང་ཤཱཀྱ་ཐུབ་པ་གཉིས་སྤྲུལ་གཞི་འམ་ངོ་བོ་གཅིག་པའི་ཕྱིར་ཏེ། རྩིས་གཞུང་བེེཊཱུརྱ་དཀར་པོ་ལས། འཇམ་དཔལ་ཚེ་ལོ་བརྒྱད་ཁྲིའི་དུས།། ཞལ་ནི་ལྷོ་རུ་གཟིགས་ནས་སུ།། ཞང་ཞུང་བོན་གྱིས་འདུལ་དགོངས་ནས།། སྟོན་པ་གཤེན་རབ་མི་བོར་སྤྲུལ།། བོན་གྱི་ཐེག་པ་རིམ་དགུ་བསྟན།། འགྲོ་རྣམས་གཡུང་དྲུང་ལམ་ལ་བཀོད།། ཅེས་དང་། ཡང་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས། གཤེན་ཡུལ་འོལ་མོ་གླིང་ཆེན་དུ།། སྟོན་པ་གཤེན་རབ་མི་བོར་བསྟན།། བོན་གྱི་ཐེག་པ་རིམ་དགུ་གསུངས།། སྐྱེ་འགྲོ་སེམས་ཅན་བདེ་ལ་བཀོད།། བསྡུ་ན་སྒོ་བཞི་མཛོད་ལྔར་འདུས།། བན་གྱི་ཐེག་དགུ་བསྟན་པའི་ཕྱིར།། སྟོན་པ་ཤཱཀྱ་ཐུབ་པ་བྱོན།། སྟོན་པའི་ཐུགས་རྗེ་ཕྱོགས་རིས་མེད།། གདུལ་བྱ་རང་རང་སྣང་ངོ་རུ།། ཕན་བདེ་མཛད་པའི་སྤྲུལ་སྐུ་ལ།། སོ་སོའི་སྟོན་པ་ཉིད་དུ་བསྟན།། བན་དང་བོན་ཞེས་སོ་སོར་དབྱེ།། མི་འགལ་ཕྱིར་ན་དགོངས་པ་གཅིག ། རྒྱལ་བའི་རྣམ་སྤྲུལ་བསམ་མི་ཁྱབ།། ཅེས་གསུངས་པའི་ཕྱིར། འཁོར་གསུམ། ཆོས་སྲིད་ཟུང་འབྲེལ་ལུང་ཁུངས་རྡིབ་ནས་འཇིགས་མེད་བསམ་གྲུབ་ནང་དུ་ལྷུང་བ་མ་ཡིན་ནམ། གོང་དུ། ཆོས་པས་བོན་གཤེ་དམ་ཚིག་ཉམས། རྐྱེན་དེས་རང་བསྟན་རང་གིས་བཤིགས།། ཞེས་པའང་བསླུ་མེད་ཡིན་པ་འདིས་རྟོགས་ནུས་སོ། བྱུང་རྒྱལ་གྱི་ཚིག་སྨྲས་པ་ལ་དགོས་བ་ཅི་ཡང་མེད་པར་མ་ཟད་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཀྱི་མདུན་ལམ་ལ་ཧ་ཅང་གནོད་ཚབས་ཆེ་བ་མི་ཤེས་སམ། ཡང་འཇིགས་མེད་ན་རེ། རིག་པས་དཔྱད་ན་ཡང་། སྲོང་བཙན་ཁྲི་ལ་བཞུགས་མ་ཐག་སྐབས་ཉིད་ན། བོད་དུ་ནང་བ་སངས་རྒྱས་པའི་ཆོས་ལུགས་ཀྱི་མིང་ཙམ་ཡང་མེད་པས་ཞེས་པ་ལ་ལན། དེ་ཡང་ཁྱོད་ཀྱིས་རིག་པས་དཔྱད་ན་ཟེར་བ་ལས། རིག་པས་མ་དཔྱད་ན་ཟེར་ན་འགྲིག་སྙམ། རྒྱུ་མཚན་སྲོང་བཙན་གྱི་ཡར་སྔོན་དུ་བོད་ལ་སངས་རྒྱས་ཀྱི་བསྟན་པ་ཡོད་པའི་ཕྱིར། དེར་ཐལ། འཕྲུལ་སྡེ་སོགས་བོན་གཞུང་དུ་མ་ནས། བོད་རྒྱལ་ཐོག་མ་གཉའ་ཁྲི་ནས་བཟུང་སྟེ། ཆབ་སྲིད་འཛིན་པའི་རྒྱལ་པོ་རེ།། ཐར་ལམ་འདྲེན་པའི་སློབ་དཔོན་རེ།། ཐུགས་དམ་ཉམས་ལེན་ཡི་དམ་རེ།། སྐད་རིགས་བསྒྱུར་བའི་ལོ་པཎ་རེ།། རྗེས་བཞག་བསྟན་པའི་གསས་ཁང་རེ་ཞེས་དང་།། ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལས། ལྷ་ཐོ་ཐོ་རི་ནས་ཆོས་ཀྱི་དབུ་བརྙེས། རྒྱ་གར་ཤཱཀྱའི་མཚན་གྱིས་བོད་ཡུལ་རུ་བཞི་ཁྱབ་ཅེས་དང་།། དེ་དང་མཐུན་པའི་རྒྱལ་རབས་གསལ་བའི་མེ་ལོང་ལས་ཀྱང་གསུངས་པའི་ཕྱིར།། ཡང་འཇིགས་མེད་ཀྱིས། བོན་པོའི་ཆོས་ལུགས་ཀྱི་ངོ་བོ་འང་དབང་ཕྱུག་གི་ལྟ་བ་དེ་དང་ཤིན་ཏུ་མཐུན་པར་ཡོད་དེ། བོན་གཞུང་སྲིད་པ་སྤྱི་མདོ་ལས། བདུད་བོན་གྱི་དམར་ཐབས་ལ།། གཤེན་རབ་ནི་ཅི་དགྱེས་ཏེ།། ཁྱབ་པ་ནི་ཆམ་ལ་ཕབ།། འབྲུ་དཀར་གྱི་གཏོར་མས་མཆོད།། དམར་ཐབས་ཀྱི་འདྲེས་བྱུང་ན།། གཤེན་ལྷ་ལ་ནོངས་པ་མཐོལ།། གདོན་བོན་གྱི་ཤེ་ཚུལ་སྐྱེམས།། གཤེན་རབ་ནི་ཅི་དགྱེས་ཏེ།། གདོན་འདྲེ་དེ་ཆམ་ལ་ཕབ།། འབྲུ་དཀར་གྱི་ཡུ་ཏིས་མཆོད།། ཤེ་ཚུལ་གྱི་འདྲེས་བྱུང་ན།། གཤེན་ལྷ་ལ་ནོངས་པ་མཐོལ།། ཞེས་དམར་མཆོད་བྱེད་ཚུལ་གྱི་ཆོས་མང་དུ་གསུངས་པ་དང་། དེ་མིན་ལེགས་བཤད་མཛོད་དང་བོན་གཞུང་དུ་མ་ནས་ཀྱང་ཤ་ཁྲག་དམར་མཆོད་དང་འདྲེ་འདུལ་བ་སོགས་ཀྱི་ཆོས་མང་དུ་བཤད་ཡོད་པས་ཤིན་ཏུ་གསལ་བ་དང་ཞེས་པ་ལ་ལན། དེ་འདྲའི་བཤད་སྟངས་ལ་བལྟས་ན་འཇིགས་མེད་ཤིན་ཏུ་མ་མཁས་པར་འདུག་སྟེ་འདི་འདྲའི་ཚིག་གི་དོན་མི་ཁྲོལ་བར་ཞིབ་འཇུག་ཞིག་བྱེད་ཚུལ་ག་ལ་སྲིད།དེ་ནི་སྔོན་བདུད་བོན་རྣམས་ཀྱིས་ཤ་ཁྲག་གིས་དམར་མཆོད་བྱེད་ལ། སྟོན་གཤེན་རབ་ཐུགས་མ་དགྱེས་པས་དེ་དག་ཐམས་ཅད་ཆམ་ལ་ཕབ་ནས་ཤ་ཁྲག་གི་ཚབ་ཏུ་འབྲུ་དམར་གྱི་གཏོར་མ་དང་། འབྲུ་དཀར་གྱི་ཁུ་བ་ཡུ་ཏི་སྟེ་ཆང་ལ་སོགས་མཆོད་བ་བྱས་པ་ཡིན་པ། བན་བོན་གྱི་མཁས་བ་ཕལ་མོ་ཆེའི་དགོངས་དོན་ཡིན་ཀྱང་། ཁྱོད་ཀྱིས་དེ་ལས་གོ་བ་བཟློགས་ཏེ་འདི་འདྲའི་གོ་ལོག་སྡུག་ཐུག་ཅིག་བླངས་པ་ནི་ངོ་མ་ཡང་ཞིང་ཡིད་མུག་པའི་གནས་སུ་གྱུར་འདུག དེ་ཡང་སྔོན་བདུད་བོན་རྣམས་ཀྱིས་ཤ་ཁྲག་གི་མཆོད་པ་སྟེ་དམར་མཆོད་བྱེད་པའི་ཐབས་ལ། གཤེན་རབ་ཐུགས་མ་དགྱེས་ཏེ་གཤེན་རབ་ནི་ཅི་དགྱེས་ཞེས་པས། མ་དགྱེས་པའི་དོན་ཏེ་ཅི་ལ་དགྱེས་ཏེ་དགྱེས་པར་མི་འོས་ཞེས་པའི་དོན་ཡིན། དེ་ཕྱིར་གཤེན་རབ་ཀྱིས་ཁྱབ་པ་ལ་སོགས་བདུད་བོན་རྣམས་ཆམ་ལ་ཕབ་ཏེ། དམར་མཆོད་ཀྱི་ཚབ་ཏུ་འབྲུ་དཀར་ལ་སོགས་ཀྱི་གཏོར་མས་མཆོད་པ་བྱེད་དགོས་པའི་དོན་དང་། ཕྱིས་སུ་བདུད་བོན་རྣམས་ཀྱིས་འབྲུ་དཀར་ལ་སོགས་ཀྱི་ནང་དུ་དམར་ཐབས་ཀྱི་འདྲེས་བྱུང་བ་ན། གཤེན་རབ་ཀྱི་ལྷ་ལ་འགྱོད་ཅིང་ནོངས་པའི་སྒོ་ནས་མཐོལ་བར་བཤགས་ཞེས་པའི་དོན་ཡིན་ནོ། ལུང་འོག་མ་དེས་འགྲེལ་ན་ཤེས་སླ། དེ་མཐུན་དུ་བོན་གཞུང་རིན་ཆེན་སྒྲོན་མེ་ལས། རྒྱུ་ཡི་དམ་ཚིག་སྡིག་མ་འདྲེས། སྡིག་འདྲེས་མཆོད་པས་ལྷ་མི་མཉེས། ཞེས་གསུངས་པའི་ཕྱིར། འཁོར་གསུམ། གཞན་ཡང་ལུང་དེའི་གཤམ་དུ། དེ་མིན་ལེགས་བཤད་མཛོད་དང་བོན་གྱི་གཞུང་གཞན་དུ་མ་ནས་ཀྱང་ཤ་ཁྲག་དམར་མཆོད་དང་འདྲེ་འདུལ་བ་སོགས་ཀྱི་ཆོས་མང་དུ་བཤད་ཡོད་པས་ཤིན་ཏུ་གསལ་ཞེས་པར། དེ་ཡང་སྤྱི་མདོས་ཀྱི་ལུང་བ་ཁྱོད་རང་འཁྲུལ་བ་ཡིན་པ་ཀུན་གྱིས་ཤེས་གསལ་རེད། ལེགས་བཤད་མཛོད་ཀྱི་ནང་ལ་སྟོན་པ་གཤེན་རབ་ཀྱི་བསྟན་པ་འཛིན་པའི་བོན་པོ་རྣམས་ཀྱིས་དམར་མཆོད་དང་དམར་བསངས་བྱེད་པའི་ཚིག་གཅིག་ཀྱང་མཐོང་རྒྱུ་མེད། གཞན་ཡང་ཁྱོད་ཀྱིས་བོན་གཞུང་དུ་མ་ནས་ཀྱང་གསལ་ཞེས་བའི་བོན་གཞུང་དུ་མ་ཞིག་གང་ལ་ངོས་འཛིན་རྒྱུ་ཡིན། དེ་འདྲའི་བོན་གཞུང་དུ་མ་ཞིག་ངོས་འཛིན་རྒྱུ་ཡོད་ན། མོ་གཤམས་ཀྱི་བུས་བྱེད་རྩོལ་ལ་བརྟེན་ནས་བྱུང་བའི་འཕར་འགྲོའི་སྤུ་ཡིས་བཟོས་པའི་ལྭ་བ་ལེགས་པོ་ཞིག་ཁྱོད་ལ་ལེགས་སྐྱེས་སུ་ཕུལ་ན་ཁོ་བོ་དགྱེས་ངེས་ཡིན། ཡང་འཇིགས་མེད་བསམ་འགྲུབ་ན་རེ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ལས། ཆོས་ལུགས་འདིས་ལོ་རེའི་སྟོན་ཀའི་དུས་སུ་ཤ་ཕོ་རུ་རྐྱང་ཞེས་ཤ་བ་ཕོ་མང་པོ་དུས་གཅིག་ཏུ་སྐེ་བཅད་ནས་བསད་པའི་ཤ་ཁྲག་གི་མཆོད་པ་འབུལ་བ་དང་ཞེས་པར་ལན། དེ་ནི་གནའ་མིའི་གཏམ་དཔེར། དགེ་ཕྲུག་ངན་པས་དགེ་རྒན་གླེང་། དགེ་རྒན་ངན་པས་ཡིག་ཆ་གླེང་། ཟེར་བ་ལྟར། ཁྱོད་ཀྱིས་མཁའ་འགྲོའི་རྣམ་ཐར་ལ་གླེང་ལོག་བྱེད་པ་ཡིན་པར་སོམ་ཉིད་མེད་དེ། རྣམ་ཐར་དེ་ཉིད་དུ། སྟོན་པ་གཤེན་རབ་ཀྱིས་བསྟན་པ་བོན་ནང་བས་དེ་འདྲའི་དམར་མཆོད་བྱེད་པ་ཟུར་ཙམ་ཞིག་བྱེད་མེད་པར་མ་ཟད་སྟོན་པ་གཤེན་རབ་དང་ཤཱཀྱ་ཐུབ་པ་གཉིས་ངོ་བོ་གཅིག་དང་། བོན་ནང་བའི་བསྟན་པ་དང་ཆོས་གཉིས་ལ་ཁྱད་མེད་དུ་གསུངས་པའི་ཕྱིར་ཏེ། རྣམ་ཐར་གྱི་སྐབས་བདུན་པའི་ཤོག་ངོས་128པ་ལས། དེ་ནས་རིམ་རྒྱུད་པའི་ཐ་མ་ལྷ་ཐོ་ཐོ་རི་ནས་ཆོས་ཀྱི་དབུ་བརྙེས༔ རྒྱ་གར་ཤཱཀྱའི་མཚན་གྱིས་བོད་ཡུལ་དུ་རུ་བཞི་ཁྱབ༔ འདིའི་སྐབས་སུ་བོན་ནང་བའི་བསྟན་པ་དར་བས་ཆོས་དང་ཚུལ་མཐུན༔ སངས་རྒྱས་ཤཱཀྱ་ཐུབ་པ་དང་སྟོན་པ་གཤེན་རབ་གཉིས་ངོ་བོ་གཅིག་ལ་རྣམ་པ་གཉིས་སུ་འདོད་ཅེས་དང་། ཡང་རྣམ་ཐར་གྱི་ཤོག་ངོས་129ལས། ལྷ་དཀོན་མཆོག་གསུམ་གྱི་མཚན་དང་༔ ཆོས་ཀྱི་ཡི་གེ་དྲུག་མ༔ སྐུ་ཐུགས་རྗེ་ཆེན་པོས་བོད་ཁམས་རྒྱ་ནག་ཡན་ཁྱབ༔ བོན་ནང་བ་དང་ཆོས་གཉིས་ཀ་དར༔ འདིའི་སྐབས་བོན་ཆོས་གཉིས་རིས་མེད་པས༔ བསྐོར་བ་སོགས་ལ་གཡས་སུ་བསྐོར་བ་ཕྱག་རྒྱ་ཆེན་པོ༔ གཡོན་དུ་བསྐོར་བ་རྫོགས་པ་ཆེན་པོ༔ ཕྱག་འཚལ་བ་ནི་དབུ་མ་ཆེན་པོ་ཞེས་གླེང་ནས་ཁྱད་མེད་དུ་འབད་དོ༔ ཞེས་གསུངས་པའི་ཕྱིར། འཁོར་གསུམ། ད་ནི་འཇིགས་མེད་ཁྱོད་ཉིད་གཞན་གྱི་ཚིག་སྤྱི་ཙམ་གྱི་རྗེས་སུ་འབྲང་བ་མ་གཏོགས། མཁའ་འགྲོའི་རྣམ་ཐར་ལ་གློག་འདོན་ཙམ་གྱིས་མྱོང་བ་ཡང་མེད་པ་མངོན་དུ་གྱུར་འདུག མཁའ་འགྲོའི་རྣམ་ཐར་ལས། རྒྱ་ཡི་བོན་ལོག་བྱུང་སྐབས་ཁྱོད་ཀྱི་རྫུན་ལབ་དང་ཕྱོགས་མཐུན་ཙམ་ཞིག་གསུངས་པར་དེས་སྟོན་པ་གཤེན་རབ་ཀྱི་བསྟན་པ་ལ་སྨ་ཕབ་བྱེད་མི་རུང་པའི་ཕྱིར་ཏེ། དེ་མཐུན་གྱི་ཆོས་ལོག་ཡོད་པ་ཁྱོད་ཀྱིས་སྨོས་མ་དགོས་ཏེ་གཞུང་མང་པོ་ནས་གསུངས་འདུག་པའི་ཕྱིར། གཞན་ཡང་གོང་དུ་དྲངས་ཟིན་པའི་རྩིས་བཞུང་དང་བཀའ་ཐང་ལ་སོགས་ཀྱི་ལུང་གིས་ཀྱང་། མཁའ་འགྲོའི་རྣམ་ཐར་གྱི་ལུང་འདི་བསླུ་མེད་ཡིན་པ་རྟོགས་ནུས་པ་མ་ཟད། སྒྲོན་མེ་དགུ་སྐོར་ལས་ཀྱང་གཤེན་རབ་དང་ཐུབ་པའི་བསྟན་པ་རྣམ་གཉིས་གཅིག་སྟེང་དུ་གཅིག་དར་ཚུལ་གྱིས་འགྲོ་དོན་བྱེད་པའོ། ལྔ་བརྒྱའི་ཐ་མ་ལ། ལ་ལས་གཡུང་དྲུང་གི་བོན་མི་བདེན་ཟེར། ལ་ལས་དམ་པའི་ཆོས་མི་བདེན་ཟེར་འཁྲུལ་བའོ། ངོ་བོ་དབྱེ་བ་མེད་པ་དང་སྤྱོད་ཚུལ་སོ་སོར་སྤྱོད་པས་དོན་གྲུབ་པོ་ཞེས་གསུངས་པའི་ཕྱིར། འཁོར་གསུམ། རྟ་བདུན་དབང་པོའི་འོད་ཟེར་གྱིས།། མུན་པའི་རྩ་བ་དྲུངས་ནས་བཅིལ།། ཕྱོགས་ལྷུང་བྲལ་བའི་བདེན་ཚིག་གིས།། རྫུན་གྱི་རྩ་བ་ལྷང་ངེར་བུད།། ཡང་འཇིགས་མེད་ན་རེ། ཡང་ཁྱུང་དཀར་འགྱུར་མེད་ཀྱིས། དེར་མ་ཟད་བོད་རང་ལུགས་ལྟར་ན་ཤཱཀྱ་ཐུབ་པའང་དགུང་ལོ་བརྒྱད་བརྒྱ་དང་ཉི་ཤུར་བཞུགས་ཞེས་པ་ནས། དེ་འདྲ་ཞིག་རྒྱ་གར་ནག་དང་བོད་ཀྱི་མཁས་པ་སུས་ཀྱང་མི་འདོད་ལ་ཞེས་པའི་བར་གྱི་ལན། འཇིགས་མེད་དེར་ཁྱོད་ལ་ཁག་མི་འདུག་སྟེ། ཁྱོད་ཀྱིས་གཤེན་ལོ་དང་མི་ལོ་གཉིས་ཀྱི་ཁྱད་པར་མ་ཤེས་པས་ཐབས་ཟད་དོ། ཡང་ཁྱོད་ཀྱིས་དེ་འདྲ་ཞིག་རྒྱ་གར་ནག་དང་བོད་ཀྱི་མཁས་པ་སུས་ཀྱང་མི་འདོད་ཅེས་ཁ་ཕོ་མི་ཆེ་སྟེ་དེ་གསུམ་གྱི་མཁས་བ་སུས་ཀྱང་མི་འདོད་ཟེར་མི་འོས་པར་ཐལ། བོད་ཀྱི་མཁས་པས་འདོད་པའི་ཕྱིར། མ་གྲུབ་ན་དེར་ཐལ་བོད་ཡིན་པར་གྱུར་བའི་གཡུང་དྲུང་བོན་གྱི་མཁས་པས་འདོད་པའི་ཕྱིར། དེར་ཐལ་དེ་ལྟར་འདོད་པ་ཁྱོད་ཀྱིས་ཀྱང་ཁས་བླངས་པའི་ཕྱིར། འཁོར་གསུམ། གཞན་ཡང་། དེ་འདྲ་ཞིག་རྒྱ་གར་ནག་དང་བོད་ཀྱི་མཁས་པ་སུས་ཀྱང་མི་འདོད་ལ་ཟེར་བ་དེ། ཅི་འདྲའི་གཏམ་ངོ་མཚར་ཅན། ཁྱོད་ཀྱིས་རྒྱ་གར་ནག་དང་བོད་ཀྱི་མཁས་པ་ཡོད་དོ་ཅོག་གི་གསུང་རྩོམ་ལ་བལྟས་ཚར་ཟིན་ནམ། ཁོ་བོས་གོང་དུ་ཁྱོད་རང་ལ་ཁ་ཕོ་མ་ཆེ་ཞེས་པའི་རྒྱུ་མཚན་ཀྱང་དེ་ཡིན་ནོ། ཁྱོད་ལ་དེ་དག་གི་གསུང་དེབ་གྲངས་བཅུ་ཙམ་བློ་ལ་ཤར་ཤར་དུ་འདོན་རྒྱུ་ཡོད་ན། ཁྱོད་ལ་མཁའ་དབྱིངས་ཀྱི་པད་དཀར་ཆུན་པོ་ཞིག་མཆོད་པའི་ཚུལ་དུ་འབུལ་ངེས་རེད། སངས་རྒྱ་བསྟན་པའི་ཉིན་བྱེད་ཤར་བའི་ཚེ།། ལྟ་ལོག་འབྱུང་བྱ་འགའ་རེས་མ་བཟོད་པར།། ཕྲག་དོག་གཤོག་སྒྲོ་ལེབ་མོས་འགེབ་འདོད་ཀྱང་།། ནུས་ཤུགས་མོ་གཤམས་བུ་ཡི་ཟླ་པོར་གྱུར།། ཡང་འཇིགས་མེད་ཀྱིས། རིའི་ཁོང་གསེང་རྣམས་སུ་སྟག་གཟིག་དོམ་དྲེད་སོགས་ཡོད་པར་བཤད་པ་ལ་བརྟགས་ན། གཅན་གཟན་དེ་དག་གི་ལུས་ཀྱི་བོངས་ཚད་མ་མཐའ་ཡང་རི་བོང་དང་བྱི་ལས་མི་ཆེ་བ་ཞེས་པ་ནས། རྗེས་དཔག་གིས་ཤེས་ནུས་ལ་ཞེས་བའི་བར་གྱི་ལན། དེ་འདྲའི་རྗེས་དཔག་དེ་ཚུལ་གསུམ་ཚང་བའི་རྟགས་ལ་བརྟེན་ནས་ངེས་པར་སྐྱེ་དགོས་པས། ཁོ་བོས་དཔྱད་ན། ཁྱོད་ཀྱི་རྗེས་དཔག་གི་རྒྱུར་གྱུར་བའི་ཚུལ་གསུམ་མེད་དེ། དོམ་དྲེད་རི་བོང་འདྲ་བ་དང་། སྟག་གཟིག་བྱི་ལ་འདྲ་པ་ཞིག་མེད་པ་གནག་རྫིས་ཀྱང་ཤེས་པའི་ཕྱིར། འཁོར་གསུམ། གཞན་ཡང་། སྟོན་པ་གཤེན་རབ་ཀྱི་མཛད་འཕྲིན་དེ། འུ་ཅག་ཕལ་བའི་རྗེས་དཔག་གི་གཞལ་བྱ་མ་ཡིན་པས་སེམས་ཚེགས་བྱེད་མི་དགོས་སོ། འོན་ཀྱང་། གཅན་གཟན་དེ་དག་ཕྱི་རུ་འགྲོ་མི་ནུས་པའི་རྐང་ཆད་ལག་རྡུམ་ཞིག་ཡིན་པ་བོན་གཞུང་གང་ནས་ཀྱང་མ་གསུང་བས། དེའི་ཐད་ལ་དོགས་སློང་ཅི་ཡང་མེད་པར་འཁྲུལ་པ་མི་བྱའོ། ཡང་འཇིགས་མེད་ན་རེ། ཡང་ལེགས་བཤད་མཛོད་ལས། སྟོངས་ཀྱི་དམུ་ཚ་དང་སྡེ་བོན་གྱི་མ་ཚ་དང་། སྙ་བོན་ལི་ཤུ་སྟག་རིང་གསུམ་གྱིས་སྟག་གཟིག་གི་ཡུལ་ནས་ཕྱི་ནང་གསང་བའི་བོན་རྒྱུད་དང་སྒྲུབ་སྐོར་རྣམས་བྱ་རྒོད་ཁྲུང་ཁྲུང་སོགས་ཞེས་པ་ནས། དེ་འདྲ་མི་བྱེད་པར་འཇོག་པ་ནི་ཤིན་དུ་འཕངས་སོ། ཞེས་པའི་བར་གྱི་ལན། པཎ་ཆེན་ཉི་མས་མཛད་པའི་སློབ་དཔོན་དཔའ་བོའི་རྣམ་ཐར་ལས། རྟ་དབྱངས་ཎཱ་ལེནྡྲར་རྩོད་པར་སླེབས་སྐབས་པཎྚྀཏ་ཞིག་གི་མལ་ལམ་དུ་ནག་པོ་ཆེན་པོ་ལ་གསོལ་བ་བཏབ་ན། དེས་ཀླུ་སྒྲུབ་ཡབ་སྲས་ཀྱི་དྲུང་དུ་འཕྲིན་སྐྱོལ་ཞེས་ལུང་བསྟན་བྱུང་བ་ལྟར། མཆོད་གཏོར་རྒྱས་བར་བཤམས་ཏེ། ཞུ་འབུལ་གྱི་འཕྲིན་ཡིག ཤིན་ཏུ་ཁུར་དཀའི་ཁུར་གྱིས་ལུས་དུབ།། ཁྱུ་མཆོག་རྣམས་ནི་ཁྱོད་ལ་གསོལ་འདེབས་ན།། ཞེས་སོགས་བྲིས་ཏེ་གཏོར་མའི་སྟེང་དུ་བཞག་ནས་འཕྲིན་ལས་དྲག་ཏུ་བཅོལ་བས། མགོན་པོའི་རྡོ་སྐུའི་ཐུགས་ཀ་ནས་བྱ་རོག་ཅིག་བྱུང་སྟེ་འཕྲིན་ཡིག་མཆུས་བླངས་ནས་ཀླུ་སྒྲུབ་ཡབ་སྲས་ལ་ཕུལ་བར་གསུངས་པས། འཇིགས་མེད་ཀྱི་བསམ་ཚུལ་ལྟར་ན། བྱ་རོག་དེ་དག་གི་རྒྱུད་པ་ད་ལྟའང་ཡོད་སྲིད་པས། ང་ཚོའི་སྤྱི་ཚོགས་ཐོན་སྟེང་དུ་ཡར་མར་ལ་འཕྲིན་ཡིག་སྐྱེལ་དུ་འཇུག་ན། བོད་ཀྱི་ཐོན་སྐྱེད་གོང་དུ་འཕེལ་བ་ལ་ཧ་ཅང་ཕན་པས་དེ་འདྲ་མི་བྱེད་པ་འཇོག་པ་ནི་ཤིན་ཏུ་འཕངས་སོ། འཁོར་གསུམ། ཡང་ལྷོ་ཕྱོགས་དཔལ་གྱི་རི་ནས་ཀླུ་སྒྲུབ་ཀྱི་ཞལ་གདམས་དང་བཅས་ཏེ་འཕགས་པ་ལྷ་རྫུ་འཕྲུལ་གྱིས་ཎཱ་ལེནྡྲར་བྱོན་པས་ལམ་བར་དུ་མུ་སྟེགས་ཀྱི་རིགས་ཀྱི་མཁའ་འགྲོ་མ་ཞིག་གིས་དངོས་གྲུབ་ཀྱི་དོན་དུ་དགེ་སློང་མཁས་པའི་མིག་དགོས་ཟེར་བ་ལ་སྤྱན་ཡ་གཅིག་སྦྱིན་པར་བཏང་བས་ས་གཡོས་པ་ལ་སོགས་པའི་རྟགས་ཁྱད་པར་ཅན་དུ་མ་བྱུང་གསུངས་པས། ཡང་ཁྱོད་ལྟར་ན། གང་ཟག་དེ་དག་གི་རྒྱུད་པ་ད་ལྟའང་ཡོད་སྲིད་པས། ང་ཚོའི་སྤྱི་ཚོགས་ཐོག་གི་ལོང་བ་རྣམས་ལ་གང་འདོད་ཀྱི་མིག་རེ་སྦྱིན་ན་ཆེས་མཁོ་བས། དེ་འདྲ་མི་བྱེད་པར་འཇོག་པ་ནི་ཁྱོད་རང་ལ་ཤིན་ཏུ་འཕངས་སོ། འཁོར་གསུམ། ཡང་སྔོན་བྱོན་སྐྱེས་མཆོག་ཤཱཀྱ་ཐུབ་པ་དང་མོའུ་འགལ་གྱི་བུ་གཉིས་རྫུ་འཕྲུལ་གྱི་རྩལ་གྱིས་དམྱལ་ཁམས་ལ་འཕུར་སོང་བའི་ལོ་རྒྱུས་ཡོད་པས། ཁྱོད་ཀྱི་ལོག་རྟོག་ལྟར་ན། སྐྱེས་མཆོག་དེ་དག་གི་རྒྱུད་པ་ད་ལྟའང་ཡོད་སྲིད་པས། ང་ཚོའི་སྤྱི་ཚོགས་སྟེང་དུ་རྒྱལ་ཁབ་ནས་རྒྱལ་ཁབ་ཉུལ་ནས་འཕུར་སོང་ན། ང་ཚོ་བོད་མི་ཐམས་ཅད་རྗེས་ལུས་མིན་པའི་རྟགས་མཚན་ཧ་ཅང་ཆེ་བས། དེ་འདྲ་མི་བྱེད་པར་འཇོག་པ་ནི་ཤིན་ཏུ་འཕངས་སོ། འཁོར་གསུམ། ཡང་སྔོན་ཆད་སློབ་དཔོན་པད་མ་འབྱུང་གནས་མེ་ཆུ་སོགས་གང་གིས་མ་ཐུབ་པའི་ངོ་མཚར་བའི་གྲུབ་རྟགས་དུ་མ་བསྟན་ཡོད་པས། ཁྱོད་ཀྱི་འཁྲུལ་བློ་ལྟར་ན། སློབ་དཔོན་དེའི་རྒྱུད་པ་ད་ལྟའང་ཡོད་སྲིད་པས། ང་ཚོའི་སྤྱི་ཚོགས་ཐོག་ཏུ་འབྱུང་བཞི་གང་གིས་གནོད་མི་ཐུབ་པའི་གྲུབ་རྟགས་རྨད་དུ་བྱུང་བ་ཞིག་སྟོན་ན། ཕྱིའི་རྒྱལ་ཁབ་ཐམས་ཅད་ཧ་ལས་ཏེ་རང་རེའི་རྒྱལ་ཁབ་འགྲན་ཟླ་མེད་པས་ཕན་པ་ཤིན་ཏུ་ཆེ་བས་དེ་འདྲ་མི་བྱེད་པར་འཇོག་པ་ནི་ཤིན་ཏུ་འཕངས་སོ། འཁོར་གསུམ། འཕགས་པ་ཐོགས་མེད་དགའ་ལྡན་དུ་ཕེབས་པ་དང་། དཔལ་ལྡན་ཟླ་བས་བ་བྲུས་མ་ལས་འོ་མ་བཞོས་པ་སོགས། མང་དུ་སྤྲོས་ཀྱང་ཆོག་གོ དེ་ལྟར་སྔོན་བྱོན་སངས་རྒྱས་འཕགས་པ་དང་། བྱང་ཆུབ་སེམས་དཔའ་ལ་སོགས་ཀྱི་སྤྲུལ་བ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་པས། སོ་སྐྱེས་ཕལ་བ་རྣམས་ཀྱི་བློས་སྤྱོད་ཡུལ་མ་ཡིན་པས་ལོག་རྟོག་གིས་ཞིབ་འཇུག་རྒྱང་རིང་དུ་དོར་ཏེ་ཡིད་ཆེས་མཛོད་ཅིག མཁྲིས་པའི་ནད་ཀྱིས་གཟིར་བའི་མིག་ལམ་ལ།། གཡས་འཁྱིལ་དུང་གི་ཁ་དོག་སེར་པོར་འཆར།། སེམས་རྒྱུད་ལོག་ལྟས་གང་བའི་རྨོངས་བ་འགས།། སྐྱེས་ཆེན་དམ་པའི་མཛད་འཕྲིན་རྫུན་དུ་མཐོང་།། གཞན་ཡང་འཇིག་རྟེན་སྟེང་ནས་སྨྲས་ནའང་།། དུད་འགྲོ་གང་ཞིག་ལ་ཁལ་ཁུར་བའི་ནུས་པ་ཡོད་ན། དེ་ལ་ཞིང་རྨོ་བ་དང་ཤིང་རྟ་འདྲེན་པའི་ནུས་བ་ཡོད་པས་མ་ཁྱབ་སྟེ། ར་མ་ལ་ཁལ་བཀལ་བའི་རྒྱུ་མཚན་མཐོང་ཐོས་ཡིན་ལ། དེ་ལ་ཞིང་རྨོ་བ་དང་ཤིང་རྟ་འདྲེན་ནུས་ཡོད་པ་འཇིག་རྟེན་རྒན་པོའི་ངག་ལམ་ཙམ་ནས་ཀྱང་སྨྲས་པ་མེད་པའི་ཕྱིར་། འཁོར་གསུམ། ཡང་འཇིགས་མེད་ཀྱིས། འོལ་མོ་ལུང་རིང་དེའི་མཐར་མུ་ཁྱུད་ཀྱི་རྒྱ་མཚོ་དང་གངས་དབལ་སོ་ཅན་གྱི་ར་བས་བསྐོར་ནས་གནས་པས་རྫུ་འཕྲུལ་ཅན་མ་གཏོགས་ནང་དུ་མི་ཐར་རོ་ཞེས་པ་ལ། བོན་གཞུང་གཞན་ལས་ཞེས་པར་ལན། འདུད་ཁྱབ་པ་ཐར་བས་རྫུ་འཕྲུལ་ཅན་མ་ཡིན་པའི་སྐྱེས་བུ་གཞན་ཐར་བའི་སྒྲུབ་བྱེད་དུ་མི་འགྲོ་བའི་ཕྱིར་ཏེ། ཁྱབ་པ་ལ་རྫུ་འཕྲུལ་ཡོད་པ་ལུང་དུ་མ་ནས་གསུངས་པའི་ཕྱིར། འོན་ཀྱང་རྫུ་འཕྲུལ་ཡོད་པས་ནང་བ་སངས་རྒྱས་པར་མི་འགྱུར་རམ་སྙམ་ན། མི་འགྱུར་ཏེ། རྫུ་འཕྲུལ་གྱི་མངོན་ཤེས་སོགས་མངོན་ཤེས་དང་བོ་ལྔ་བོ་རྒྱུད་ལ་ལྡན་པའི་ཕྱི་རོལ་བ་ཡོད་པ་རྣམ་བཤད་ལས་གསུངས་པའི་ཕྱིར། གཞན་ཡང་མུ་སྟེགས་རྟ་དབྱངས་རྫུ་འཕྲུལ་གྱི་རྩལ་གྱིས་ནམ་མཁའ་ལ་འཕུར་བ་དཔའ་བོའི་རྣམ་ཐར་ལས་གསུངས་པའི་ཕྱིར། འཁོར་གསུམ། ཡང་འཇིགས་མེད་ན་རེ། ཤར་རྫ་པས། ཤཱཀྱ་ཐུབ་པ་དེ་གཤེན་རབ་ཀྱི་གདུང་རྒྱུད་ཕྱི་མའི་ཕྱི་མ་ཞིག་ཡིན་པར་བཤད་པ་ཞེས་པར་ལན། ཤཱཀྱ་ཐུབ་པ་དེ་གཤེན་རབ་ཀྱི་གདུང་རྒྱུད་ཕྱི་མའི་ཕྱི་མ་ཡིན་པ་དང་། གཤེན་རབ་དང་ཕ་སྤུན་ཡིན་པ་སོགས་ལུང་གོང་འོག་འགལ་སྙམ་ན་མི་འགལ་ཏེ། རྗེ་བཙུན ་འཇམ་དབྱངས་སངས་རྒྱས་དང་བྱང་སེམས་གང་ལ་ཁས་བླངས་ཀྱང་འགལ་བ་མེད་པ་བཞིན་ནོ། གཞན་ཡང་དེ་དག་ལ་འགལ་བ་མེད་དེ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་བསམ་ཡུལ་ལས་འདས་པ་ཡིན་པའི་ཕྱིར། དེར་ཐལ། མདོ་ལས། བདེར་གཤེགས་སྐུ་ཡང་བསམ་ལས་འདས་ཞེས་དང་། ཀླུ་འབུམ་ལས། སྟོན་པའི་ཐུགས་རྗེ་ཤིན་ཏུ་གྲངས་མང་སྟེ། བསམ་གྱིས་མི་ཁྱབ་བསམ་པའི་ཚད་ལས་འདས།། ཞེས་དང་། མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས། ཕན་བདེ་མཛད་པའི་སྤྲུལ་སྐུ་ལ།། སོ་སོའི་སྟོན་པ་ཉིད་དུ་བསྟན།། བན་དང་བོན་ཞེས་སོ་སོར་དབྱེ།། མི་འགལ་ཕྱིར་ན་དགོངས་པ་གཅིག ། རྒྱལ་བའི་རྣམ་སྤྲུལ་བསམ་མི་ཁྱབ།། ཅེས་དང་། མདོ་སྡེ་རྒྱན་ལས། སངས་རྒྱས་སྤྲུལ་བ་དཔག་མེད་པ་ཞེས་གསུངས་པའི་ཕྱིར། ཡང་སྙིང་ལོ་ན་རེ། ཡང་ཁྱུང་དཀར་འགྱུར་མེད་ཀྱིས། བོན་པོའི་འོལ་གླིང་རྟོགས་བརྗོད་ལ་མི་འཐད་ན། ཞེས་སོགས་ལ་ཞེས་པ་ནས། ད་ལྟའི་འཛམ་གླིང་གི་ས་ཁྲའི་ཕྱོགས་གང་ན་ཡོད། རྒྱལ་ཁབ་གང་ཡིན་གསལ་བོ་ཞིག་སྟོན་དགོས་ཞེས་པའི་བར་གྱི་ལན། འོ་ན། ཚད་མྱལ་བརྒྱད་ཆོས་ཅན། མེད་པར་ཐལ། རྒྱལ་ཁབ་གང་ཡིན་གསལ་བོ་ཞིག་སྟོན་རྒྱུ་མེད་པའི་ཕྱིར། འཁོར་གསུམ། ཡང་གྲང་མྱལ་བརྒྱད་ཆོས་ཅན། མེད་པར་ཐལ། འཛམ་གླིང་གི་ས་ཁྲའི་ཕྱོགས་གང་ན་མེད་པའི་ཕྱིར། འཁོར་གསུམ། ཡང་ཕར་ཕྱིན་བཅུ་ཆོས་ཅན། མེད་པར་ཐལ། འཛམ་གླིང་ས་ཁྲའི་ཕྱོགས་གང་ནའང་མེད་པའི་ཕྱིར།འཁོར་གསུམ། ཡང་ལས་འབྲས་ཆོས་ཅན། མེད་པར་ཐལ། འཛམ་གླིང་ས་ཁྲའི་ཕྱོགས་གང་ན་མེད་པའི་ཕྱིར། འཁོར་གསུམ། ཡང་འཇིགས་མེད་ཀྱི་དྲན་ཤེས་ཆོས་ཅན། མེད་པར་ཐལ། འཛམ་གླིང་ས་ཁྲའི་ཕྱོགས་གང་ན་མེད་པའི་ཕྱིར། འཁོར་གསུམ། ཡང་སྙིང་མེད་ལེ་ལོ་ཅན་གྱི་ཚུལ་ཁྲིམས་འཆལ་བ་ཆོས་ཅན། མེད་པར་ཐལ། འཛམ་གླིང་ས་ཁྲའི་ཕྱོགས་གང་ན་མེད་པའི་ཕྱིར། འཁོར་གསུམ། མང་པོ་མ་སྤྲོས་སོ། ཡང་འཇིགས་མེད་ན་རེ། འོལ་གླིང་དང་བོད་གཉིས་ལ་སྔོན་ལོ་པཎ་དང་ཇག་རྐུན་རྣམས་ཕར་ཚུར་འགྲོ་འོང་བྱེད་བཞིན་དུ་ད་ལྟ་གློ་བུར་དུ་འགྲོ་མི་ནུས་པའི་རྒྱུ་མཚན་ཅི་ཟེར་བ་ལ། འོ་ན་བསྐལ་བ་ཡ་ཐོག་མི་རྣམས་ཀྱི་ལུས་ལ་འོད་ཡོད་པ་ད་ལྟ་གློ་བུར་དུ་མེད་པའི་རྒྱུ་མཚན་ཅི། ཡང་། སྔོན་བསྐལ་བ་ཡ་ཐོག་གི་མི་རྣམས་མཁའ་ལ་འཕུར་ནུས་པར་ད་ལྟ་གློ་བུར་དུ་འཕུར་མི་ནུས་པ་ཅི་ཡིན། ཡང་གང་ཟག་འགའ་རེ་སྔོན་དྲང་སྲོང་སྡོམ་བརྩོན་གྲལ་དུ་བཞུགས་རུང་ལ་ད་ལྟ་གློ་བུར་དུ་མི་རུང་བའི་རྒྱུ་མཚན་ཅི་ཡིན། དེ་དག་ལ་རྒྱུ་མཚན་ཡོད་ན། སྔ་མ་ལ་དེ་མཐུན་གྱི་རྒྱུ་མཚན་བཤད་ཀྱང་རུང་སྙམ། ཡང་འཇིགས་མེད་ན་རེ། སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་ཝ་ར་ན་སི། དེ་སངས་རྒྱས་པའི་གནས་རྡོ་རྗེ་གདན་ཞེས་པ་ནས། དེང་སྐབས་འཕྲུལ་འཁོར་ལ་བརྟེན་པའི་འགྲོ་འོང་ཤིན་ཏུ་བདེ་ཞེས་པར་ལན། རླངས་འཁོར་དང་གནམ་གྲུ་སོགས་ལ་བརྟེན་ན་སངས་རྒྱས་ཀྱི་སར་འགྲོ་ནུས་ཟེར་བ་ནི། ནང་བ་སངས་རྒྱས་བའི་བཤད་སྲོལ་ལྟར་ན་མི་བདེ་སྙམ། དེ་བས་སོ་སྐྱེས་ཕལ་བ་ལ་སྒོར་མོ་ཡོད་ན། སངས་རྒྱས་ཀྱི་སར་འགྲོ་འོང་ཤིན་ཏུ་བདེ་ཟེར་བ་ཤིན་ཏུ་མི་འཐད་དེ། དེ་ལྟར་ན། བསྡུ་བའི་དངོས་བོ་བཞི་དང་ཕྱིན་དྲུག་གི་ཉམས་ལེན་ལ་བརྩོན་ཏེ་བྱང་ཆུབ་སེམས་མཆོག་བསྐྱེད་པ་ལ་དགོས་པ་མེད་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ། གཞན་ཡང་རིམ་གཉིས་ཀྱི་ལྟ་བ་མས་སུ་བླངས་ཏེ་སྒྲུབ་པ་ལྷུར་ལེན་བྱས་པ་ལ་དགོས་པ་མེད་པར་ཐལ། འདོད་པའི་ཕྱིར། འཁོར་གསུམ། གཞན་ཡང་། སྡིག་བཅུ་སྤངས་ཏེ། དགེ་བཅུ་དང་དུ་བླངས་པ་ལ་དགོས་པ་མེད་པར་ཐལ། རླངས་འཁོར་དང་སྒོར་མོ་ཡོད་ན། སངས་རྒྱས་ཀྱི་གནས་སུ་འགྲོ་ནུས་པའི་ཕྱིར། འཁོར་གསུམ། དེ་ན་རྡུལ་མེད་རྡུལ་དང་བྲལ་བའི་ཞིང་མཆོག་འོལ་མོའི་གླིང་ངམ་བྱང་ཕྱོགས་ཤམ་བྷ་ལ་སོགས་ལ། ཁྱེད་ཅག་འགྲོ་བསམ་ཀྱང་། ཚོགས་གཉིས་ཀྱི་དགེ་རྩ་མ་བསགས། དོན་དམ་གྱི་གནས་ལུགས་མ་རྟོགས། ཆགས་སྡང་གི་རུ་ཏྲ་མ་སྤང་། སྒྲིབ་གཉིས་ཀྱི་རྩ་བ་མ་ཆོད་ན། འཕྲུལ་འཁོར་བརྒྱ་ཕྲག་མང་བོ་ཡོད་ཀྱང་འགྲོ་མི་ནུས་ཏེ། དེ་དག་གི་གནས་སུ་འགྲོ་འདོད་ན། བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་སྦྱངས་དགོས་པའི་ཕྱིར། དེར་ཐལ། དེ་ལྟར་དགོས་པ་སྔོན་གྱི་རྒྱལ་འཕགས་རྣམས་ཀྱི་མཛད་པའི་གཤེགས་ཤུལ་ཡིན་པའི་ཕྱིར་ཏེ། མཛད་བསྟོད་ལས། བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས།། ཐམས་ཅད་མཁྱེན་གྱུར་སྟོན་པ་བླ་ན་མེད།། སྤངས་རྟོགས་མཐར་ཕྱིན་མངོན་པར་སངས་རྒྱས་ནས།། ཞེས་གསུངས་པའི་ཕྱིར། ཡང་འཇིགས་མེད་ཀྱིས། ཁྱུང་དཀར་འགྱུར་མེད་ལ། གནའ་བོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ན་ཞེས་པར་ལན། དེ་ནི་ཁྱུང་དཀར་གྱིས། དཔེ་ཆ་དང་གསུང་རྩོམ་གྱི་ཁྱད་པར་བྱས་ཏེ། གལ་ཏེ་ཐོགས་མེད་རྩལ་ཁྱོད་ལ་དཔེ་ཆ་རྙིང་དགོས་ན། གནའ་མིའི་དུད་དྲེག་མ་ཞིག་མིན་ན་ཐོགས་མེད་ཁྱོད་ལ་རྒྱབ་རྟེན་དུ་མི་རུང་བས་ཞེས་པའི་དོན་ཡིན་པ་ལས། ཁྱུང་དཀར་རང་ཉིད་ལ་མི་རུང་བའི་དོན་ག་ལ་ཡིན། འདི་འདྲའི་ཚིག་གི་གོ་བ་མི་ཆགས་པར། རིགས་ལམ་རྩོད་པའི་ལད་མོ་ཙམ་བྱས་ཏེ། ཡ་མ་བརླ་ཡི་འཁོར་སུམ་ཟེར་བ་དེ། དམ་ལོག་ཁ་ནས་ཚིག་ལོག་ཤོར་བ་མ་ཡིན་ནམ། གཞན་ཡང་། དཔེ་ཆ་རྙིང་བ་དང་གསུང་རྩོམ་རྙིང་བ་ལ་ཁྱད་པར་མེད་ན། དཔེ་ཆ་དང་གསུང་རྩོམ་གཉིས་ལ་ཁྱད་པར་མེད་དགོས་ལ། དེ་ལྟར་ན། འཇིགས་མེད་ཀྱི་དཔེ་ཆ་ཡིན་ན། འཇིགས་མེད་ཀྱི་གསུང་རྩོམ་ཡིན་དགོས་པར་ཐལ། སྔ་མ་ལ་དེའི་ཕྱིར། འདོད་ན། འཇིགས་མེད་རང་ཉིད་ལ་དབང་བའི་སྔ་རབས་ཀྱི་མཁས་བའི་གསུང་རྩོམ་ཆོས་ཅན། དེར་ཐལ། དེའི་ཕྱིར་། མ་གྲུབ་ན། དེར་ཐལ། འཇིགས་མེད་རང་ཉིད་ལ་དབང་བའི་དཔེ་ཆ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དེ་དག་འཇིགས་མེད་ཀྱི་གསུང་རྩོམ་མ་ཡིན་པ་ཁྱིམ་པ་བ་རྣམས་ཀྱིས་ཀྱང་རྟོགས་སླ་བའི་ཕྱིར། འཁོར་གསུམ། ཡང་འཇིགས་མེད་ཀྱིས། གཤེན་རབ་ཀྱི་མདོ་འབུམ་སོགས་ཀྱི་གསུང་རྩོམ་དེ་དག་ནི་དོན་ལ་ཁྲི་སྲོང་མན་གྱི་བོན་གྱི་མཁས་པ་རྣམས་ཀྱིས་ནང་བསྟན་ལ་གཞི་བྱས་ནས་འདྲ་མཚུངས་སུ་བཟོས་པ་ཡིན་པ་ཐ་སྙད་དང་ཚིག་སྦྱོར། སྤྱི་དོན་སོགས་ལ་བརྟག་ན་གསལ་ཞེས་པར། ཁྱོད་ཀྱི་འཆལ་གཏམ་ལྟར་ན། སྟོན་པ་ཤཱཀྱ་ཐུབ་པའི་བཀའ་མདོ་འབུམ་སོགས་དོན་ལ་སྲོང་བཙན་མན་གྱི་བན་གྱི་མཁས་པ་རྣམས་ཀྱིས་ནང་བསྟན་ལ་གཞི་བྱས་ནས་འདྲ་མཚུངས་སུ་བཟོས་པ་ཡིན་པ་ཐ་སྙད་དང་།ཚིག་སྦྱོར་སྤྱི་དོན་སོགས་ལ་བརྟག་ན་གསལ་ཞེས་བཤད་ན་ཅི་མ་རུང་། ཡང་ཁྱོད་ཀྱི་ལོག་རྟོག་གི་ངོ་བོར་སྟོན་པ་གཤེན་རབ་ཀྱི་བསྟན་པ་དང་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་གཉིས་ལ་ནང་བསྟན་ཡིན་མིན་གྱི་ཁྱད་པར་བྱེད་འདུག དེ་ལྟར་ན་ཁྱོད་རང་སྟོན་པ་རྣམ་གཉིས་ཀྱི་བསྟན་པ་ལ། དག་སྣང་མེད་པའི་དམ་ལོག་ཚུལ་འཆལ་ཞིག་ཡིན་པ་ནི་སྨོས་མ་དགོས་ཏེ། སྟོན་པ་རྣམ་གཉིས་ཀྱི་བསྟན་པ་ལ་ནང་བསྟན་ཡིན་མིན་གྱི་ཁྱད་པར་མེད་དེ། དེ་གཉིས་ཀྱི་བསྟན་པ་བསྟན་པ་རྣམ་པར་དག་པ་ཡིན་པའི་ཕྱིར།། དེར་ཐལ། དེ་གཉིས་ལ་དག་མ་དག་གམ། བདེན་མི་བདེན་དཔྱད་ནས། གཅིག་ཤོས་ལ་དད་པ་བྱེད་པ་དང་།། གཅིག་ཤོས་ལ་སྡང་བར་བྱེད་པ་ནི།། རྗེས་འཇུག་གི་གདུལ་བྱ་གང་ཡིན་རུང་།། སྙིང་ལ་བདུད་ཞུགས་པའམ།། རང་རྒྱུད་ཀྱི་དམ་ཚིག་ཉམས་པའི་རྟགས་ཡིན་ཏེ།། རྗེ་དགེ་འདུན་གྲུབ་པའི་ཞལ་ནས།། ལར་ད་ལྟ་གངས་རིའི་ཁྲོད་འདི་ན།། རང་བསྟན་པ་འཛིན་པར་ཁས་ལེན་ཅིང་།། གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན།། ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས།། ཞེས་དང་། ཆོས་ཚུལ་བཞིན་སྒྲུབ་པའི་གང་ཟག་ལ།། རྒྱུད་ཁོངས་ནས་འཁྲུག་པའི་གདུག་སེམས་ཅན།། གདོན་ཐུགས་ལ་ཞུགས་པ་མ་ལགས་སམ།། ཞེས་དང་། རྡོ་རྗེ་གླིང་བའི་གཏེར་མ་བཀའ་ཐང་ལས།། ཆོས་པས་བོན་གཤེ་དམ་ཚིག་ཉམས།། རྐྱེན་དེས་རང་བསྟན་རང་གིས་བཤིགས།། ཞེས་དང་། སྲིད་རྒྱུད་ཁ་བྱང་ལས། ཐེག་པའི་ཁ་འཛིན་གཤེ་སྐུར་འདེབས་པ་དང་། བསྟན་པའི་བོན་ཆོས་ཁྱད་དུ་བསད་པ་ནི།། ཤན་པ་གྲི་ཐོགས་པས་ཀྱང་ཉེས་པ་ལྕི།། ཞེས་གསུངས་པའི་ཕྱིར། ལུང་དེ་དག་གོང་དུ་དྲངས་ཟིན་པས་འདིར་བཟློས་སྐྱོན་དུ་མི་འགྲོ་འམ་སྙམ་ན།། མི་འགྲོ་སྟེ། གོང་དུ་བླུན་པོར་ངོ་སྤྲད་པའི་ཚུལ་དང་། འདིར་གལ་བོ་ཆེར་ནན་ཏན་གྱི་ཚུལ་དུའོ།། ཡང་འཇིགས་མེད་ན་རེ། ཡང་ཁྱོད་ཀྱིས་ཧོར་རིགས་དང་རྒྱ་གར་རིགས་ཀྱི་མཁས་པས་བརྩམས་པའི་བསྟན་བཅོས་ལ་མི་འཐད་ཞེས་པར། ཞེས་པ་ལ་ལན། དེ་ནི་ཐོགས་མེད་རྩལ་གྱིས་ལེགས་བཤད་མཛོད་མཛད་པ་པོ་མདོ་སྨད་ཟལ་མོའི་སྒང་་གི་ཧོར་རིགས་ཤིག་ཡིན་པས་ཁོང་གི་བསྟན་བཅོས་དེ་ལ་གནའ་བོའི་ཤན་ཞུགས་པ་ལས་དེང་དུས་ཀྱི་ཤན་ཞུགས་ཆེར་མང་བ་བཤད་མ་དགོས་ཞེས་པ་ལ། ཁྱུང་དཀར་གྱིས། འོ་ན་ཧོར་རིགས་ཡིན་པས་ཐོགས་མེད་ཁྱོད་རང་མི་དད་ཟེར་ན། རྒྱ་རིགས་སུ་འཁྲུངས་བའི་བླ་མ་ཡིན་ན།། ཐོགས་མེད་ལ་བསྟེན་འདོད་པར་ཐལ།། མི་རིགས་གཞན་ཡིན་པའི་ཕྱིར།། ཞེས་སྔ་མ་ལ་ཁྱབ་མཚུངས་ཀྱིས་སྒྲུབ་བྱེད་འཕང་པ་ལས། ཁྱུང་དཀར་ཁོ་རང་། ཧོར་རིགས་དང་རྒྱ་གར་རིགས་ལ་མི་འཐད་པའི་དོན་ག་ལ་ཡིན། འཇིགས་མེད་ལགས། ཁོ་བོས་འཁྲུལ་བ་ཐམས་ཅད་ཁྱོད་རང་འཁྲུལ་འདུག་ཅེས་པའང་འདི་གོང་འོག་ཡིན་ནོ། དེ་ལྟར་མིན་ན། ཁྱུང་དཀར་འགྱུར་མེད་ཀྱིས། ཧོར་རིགས་དང་རྒྱ་རིགས་ཀྱི་མཁས་པས་བརྩམས་པའི་བསྟན་བཅོས་ལ་མི་འཐད་པའི་ཚིག་ཟུར་ཙམ་ཡང་བཤད་མེད་པས།། ཡང་ཁྱོད་ཀྱིས་བཟོ་བྱས་པར་ཀློག་མཁན་རྣམས་ཀྱིས་བལྟས་པ་ཙམ་གྱིས་ཤེས་ནུས་སོ།། དེ་ལྟར་ལོག་རྟོག་གི་གསེད་བཀྲོལ་སྤྲོ་མཚམས་དེ་ཙམ་གྱིས་ཆོག་པར་བྱས་ནས། ད་ནི་གལ་བོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་གྱིས་དཔྱད་རྩོམ་འདིའི་མཇུག་བསྡུ་ཁུལ་བྱེད་པ་ལ། སྤྱིར་ན་གྲུབ་མཐའི་ཕྱོགས་ཞེན་གྱི་དབང་གིས་སྡིག་ལྟུང་གི་ལས་རྣམ་པར་བསགས་ན། དེ་ལས་ལྷག་པའི་ཉེས་པ་ཚབས་ཆེན་གཞན་མེད་ཚུལ་རྒྱལ་བོའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་དག་ཏུ་གསལ་བ་དེ་བཞིན་ལགས་ལ། གཞན་ཡང་འཇིག་རྟེན་སྲིད་ལུགས་དང་སྒོ་བསྟུན་ནའང་། གྲུབ་མཐའ་རིས་སུ་གཅོད་པ་ནི་བོད་མི་རིགས་འཕེལ་རྒྱས་སུ་འགྲོ་བའི་འགལ་རྐྱེན་དང་། ཆོས་ལུགས་གྲུབ་མཐའ་ཁག་བར་གྱི་མཐུན་སྒྲིལ་ལ་གནོད་པ་ཆེ་ཚུལ་སོགས་ལོ་རྒྱུས་ལ་ཕྱིར་དྲན་དང་ད་ལྟ་བསམ་གཞིགས་བྱས་པས་ཀྱང་ངེས་ཤེས་འདྲོངས་སླ། དེས་ན་ང་ཚོས་ཆོས་དད་རང་དབང་གི་སྲིད་ཇུས་བཟང་བོ་འདི་གངས་ཅན་སྐྱེ་འགྲོ་སྤྱིའི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་ཆུད་གཟོན་མི་བྱེད་པའི་སླད་དང་། མི་ཚེ་དོན་ཡོད་པར་བྱ་ཆེད་རྒྱལ་གཅེས་ཆོས་གཅེས་ཀྱི་ཀུན་སྤྱོད་གཙང་མས་རང་རང་གང་ལ་ཞུགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཚེ། ད་གཟོད་དམ་པའི་ལྷ་ཆོས་དང་མཐུན་པར་མ་ཟད། འཇིག་རྟེན་མི་ཆོས་ལའང་ཆུ་ལ་ཆུ་བཞག་གི་ཆུལ་དུ་འགྲོ་བའི་ཕྱིར། མཆོག་དམན་བར་མ་ཀུན་ཀྱིས་ཉེ་རིང་ཆགས་སྡང་གི་ཕྱོགས་ལྷུང་སྤང་ཞིང་། མཐུན་པ་སྤུན་བཞིའི་རྣམ་ཐར་ངང་གིས་བསྐྱངས་ཏེ་ཅི་བསམ་རྒྱལ་ཁབ་དང་ཅི་བསྒྲུབས་སེམས་ཅན་གྱི་དོན་དུ་བསྔོ་རྒྱུའི་རེ་བ་སྙིང་ནས་ཞུ་ཞུ།

 《རྩེར་སྙེག》1993ལོའི་དེབ་གཉིས་པའི་སྟེང་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།