གཡུང་དྲུང་བོན་དང་དམ་པའི་ཆོས་འགལ་མེད་དུ་རྟོགས་པའི་གཏམ།

གཡུང་དྲུང་བོན་དང་དམ་པའི་ཆོས་འགལ་མེད་དུ་རྟོགས་པའི་ལུང་རིགས་
མཁས་དབང་དགྱེས་བའི་འབེལ་གཏམ།

ལུང་རྟོགས་རྒྱ་མཚོ།

༄༅།། རྒྱལ་ཀུན་ཡེ་ཤེས་རང་གཟུགས་མི་ཡི་གར།། འགྲོ་ཀུན་སྲིད་མཚོ་ལས་སྒྲོལ་དེད་དཔོན་མཆོག།། རྣམ་འདྲེན་སྟོང་གི་དབུས་ན་ལྷ་ངེ་བ།། རྣམ་མཁྱེན་གཤེན་རབ་མཆོག་དང་ཐུབ་དབང་རྒྱལ།། རབ་འབྱམས་ཤེས་བྱའི་གནས་ལུགས་མཁྱེན་པའི་གཏེར།། རབ་འབྲིང་ཐ་མའི་བློ་ལ་སྩོལ་མཁས་པ།། རབ་རིབ་རྨོངས་པའི་འཁྲི་ཤིང་གཅོད་མཛད་རྗེ།། རབ་མཛེས་རལ་གྲི་མཁའ་ལ་གདེང་དེ་རྒྱལ།། དྲི་བྲལ་རྒྱལ་བའི་བསྟན་པ་སྲིད་པའི་སྒྲོན།། ས་གསུམ་འགྲོ་བའི་དཔལ་དུ་འདྲེན་མཛད་མཆོག ། མཉམ་མེད་ཤེས་རབ་མཆོག་དང་ཙོང་ཁ་པ།། ལྷར་བཅས་འགྲོ་བའི་གཙུག་ན་མངོན་པར་མཛེས།། ཚོགས་གཉིས་ཟླ་བའི་མ་མ་ལས་འཁྲུངས་པའི།། ལུང་རྟོགས་ཡོན་ཏན་བཅུ་དྲུག་ཆ་ཤས་རྫོགས།། ལེགས་བཤད་ཟེར་བརྒྱས་རྨོངས་ཆེན་སྨག་རུམ་བསལ།། སྒྲ་བསྒྱུར་ལོ་པཎ་ཚོགས་ལ་གུས་པས་འདུད།། བཀའ་པོད་རྣམ་ལྔའི་གཞུང་ལུགས་ཉལ་འགྲོའི་གཏེར།། ཐོས་བསམ་ཧུབ་ཆེན་གཅིག་གིས་ཡོངས་བཞེས་ནས།། སྐལ་ལྡན་སྣོད་ཀྱི་བུམ་བཟང་འགེངས་མཛད་པ།། བཤེས་གཉེན་དམ་པ་རྣམས་ཀྱིས་བརྩེ་གཟིགས་མཛོད།། རྩོམ་ལ་ནན་ཏན་མཛད་པའི་རྟོག་གེ་ཚོ།། ཆགས་སྡང་རྨོངས་དབང་བའི་དུ་མ་ཤོར་ཞིང་།། བསྟན་འགྲོའི་ཆེད་དང་རིག་གནས་ཡར་རྒྱས་དོན།། དམིགས་ན་བྱང་ཆུབ་རྒྱུ་རུ་འགྲོ་བར་ངེས།། དེ་མིན་སྦྱངས་བཙོན་ལས་ལ་མ་གོམས་པར།། རང་བསྟོད་གཞན་སྨད་ཡིད་ལ་འཇགས་བཞིན་དུ།། གཟུར་གནས་མཁས་དབང་རྣམས་ཀྱི་ལད་མོ་ཙམ།། བྱས་ཏེ་རྩོམ་ཁུལ་བྱེད་པ་མི་དགེའི་རྒྱུ།། འདི་བཤད་རང་བཟོ་མ་ཡིན་ཏེ།། དཔྱད་གསུམ་དག་པའི་ལུང་མཆོག་ལས།། འདོད་ཆགས་ཞེ་སྡང་གཏི་མུག་གསུམ།། དེས་བསྐྱེད་ལས་ནི་མི་དགེ་གསུངས།། མང་དུ་ཐོས་པའི་ཡོན་ཏན་ཆེས་ཕྲ་བས།། ལེགས་བཤད་རྩོམ་པའི་སྤོབས་པ་མི་ལྡན་མོད།། འོན་ཀྱང་ཕྱོག་ལྷུང་བྲལ་ཏེ་ལྷག་བསམ་གྱིས།། མཁས་བའི་སྤྱན་སྔར་སྐྱེངས་བཞིན་འདི་འབུལ་ལོ།། དེ་ཡང་བོན་ཆོས་གཉིས་འགལ་མེད་ཡིན་པའི་ལུངས་རིགས་མཁས་དབང་དགྱེས་པའི་འབེལ་གཏམ་བྱ་བ་འདི། རང་བཟོ་དང་འོལ་ཚོད་མ་ཡིན་ཏེ། བན་བོན་གཉིས་ཀྱི་མཁས་བ་ཕལ་མོ་ཆེའི་ལུང་ཇི་བཞིན་བཀོད་པ་ཡིན་ལགས། འདིར་བཀོད་པའི་དམིགས་ཡུལ་ནི། དེང་དུས་རྩོད་ལྡན་སྙིགས་མའི་དུས་འདིར་རང་གཞན་མཐའ་དག་གི་གཞུང་ལུགས་རྒྱ་མཚོའི་ཕ་མཐའ་རུ་ཐོས་བསམ་གྱི་གྲུ་གཟིངས་ལ་བརྟེན་ནས་འགལ་མེད་དོན་བཟང་གི་ནོར་མཆོག་ཞིག་ལོན་ཐབས་ལ་བརྩོན་པའི་ཆེད་དང་། ཁྱད་པར་དུ་གངས་ཅན་མི་རིགས་ཀྱི་མཐུན་སྒྲིལ་དང་ཆོས་ལུགས་བར་གྱི་འབྲེལ་བ། གྲུབ་མཐའ་ཁག་དང་གྲུབ་མཐའི་བར་གྱི་འབྲེལ་པ་བཅས་ཇེ་ཟབ་ཇེ་རྒྱས་རེ་ཨེ་འགྲོ་སྙམ་པ་མ་གཏོགས། མི་རིགས་དང་མི་རིགས་ནང་ཁུལ་ཁ་བྲལ་དུ་གཏོང་བར་དམིགས་ནས་བཀོད་པ་མིན་ནོ། དེང་སྐབས་རྒྱལ་བསྟན་སྤྱི་དང་འགྲོ་བའི་བདེ་སྐྱིད། གངས་ཅན་མི་རིགས་ཀྱི་རིག་གནས་ཡར་རྒྱས་ལ་དམིགས་ཏེ། ཕྱོགས་སུ་མ་ལྷུང་རིས་སུ་མ་ཆད་པའི་སྒོ་ནས་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་ལེགས་པར་བྱེད་མཁན། ཐུབ་བསྟན་རང་ལུགས་འཛིན་པའི་མཁས་དབང་ནམ་མཁའ་ནོར་བུ་ལྟ་བུ་རྣམས་ནི་རང་ཅག་ཁ་བ་རི་བའི་སྨོན་པའི་ཡུལ་དང་དེང་དུས་སྐད་གྲགས་ཆེ་བའི་འཛམ་གླིང་གི་བོད་ཀྱི་ཤེས་རིག་ཞིབ་འཇུག་བྱེད་མཁན་རྣམས་ཀྱི་བསྔགས་པའི་ཡུལ་དུ་གྱུར་དུ་བ་ལགས།དེ་མིན་ཆགས་སྡང་གི་དབང་དུ་ཤོར་ནས། འགའ་རེས་ཐུབ་བསྟན་ངན། གཤེན་བསྟན་བཟང་ཞེས་སྨྲས་པ་དང་། འགའ་ཞིག་གིས་དེ་ལས་གོ་བཟློགས་ཏེ་སྨྲས་པ་འདི་ཐམས་ཅད་གཞུང་ལུགས་མང་དུ་ཐོས་པའི་ཡོན་ཏན་འཕར་འགྲོའི་སྤུ་ལྟར་གྱུར་བས། གཟུར་གནས་རྣམ་དཔྱོད་དང་ལྡན་པའི་མཁས་མཆོག་མགུ་བའི་གཏམ་ག་ལ་ཡིན། གཞན་ཡང་། བན་བོན་གཉིས་ཀའི་གཞུང་ལུཊ་ཀྱི་མཁའ་དབྱིངས་མཐོན་པོར་བསྐྱོད་པའི་གཤོག་རྩལ་བྲལ་ཀྱང་ཆགས་སྡང་གི་དར་དིར་སྒྲོགས་པའི་མཁས་རློམ་རྐང་བ་དྲུག་པ་འགའ་རེས་བན་བོན་གཉིས་ཀྱི་ཁྱད་པར་ཕྱི་ནང་གི་སྒོ་ནས་འབྱེད་དགོས་ཏེ་བོན་པོའི་ཆོས་ཕྱི་རོལ་བའི་ཕྱོགས་དང་མཐུན་ཞེས་ངན་སྨྲས་བྱེད་འདུག དེ་ལྟར་སྨྲས་ན་རིན་ཐང་ཆེ་བའི་དལ་རྟེན་ཞིག་རྙེད་པ་དོན་མེད་ཆུད་ཟོས་སུ་བཏང་དེ་སྐྱེ་བ་ཕྱི་མར་རང་ཉིད་ངན་སོང་དུ་སྐྱེ་བྱེད་ཁོ་ན་ལ་འབུངས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྡོ་རྗེ་གླིང་བའི་གཏེར་ལུང་ལས། ང་ནི་སྔོན་ཚེ་གཤེན་གྱི་བཀའ་འཁོར་དུ།། འགྲོ་བ་འདུལ་བའི་བོན་ལུང་མདོ་སྔགས་རྣམས།། ད་ལྟ་ཆོས་སུ་བསྒྱུར་བར་མ་གཏོགས་པས།། དོན་གྱི་ངོ་བོ་ཆོས་མགོ་བོན་ལ་ཐུག ། དེ་ཕྱིར་ཕྱོགས་རིས་བྱེད་ན་དམྱལ་བར་འགྲོ ། ཞེས་དང་། རྡོ་རྗེ་གླིང་བའི་གཏེར་མ་བཀའ་ཐང་ལས་ཀྱང་། པད་མ་ང་ཡང་སྔོན་གྱི་ལས་དབང་གིསཿ ཞང་ཞུང་ཡུལ་དུ་དྲན་པའི་སྲས་སུ་འཁྲུངས། ཕ་ནི་ཞང་ཞུང་མ་ནི་རྒྱ་གར་ཟཿ ཡུལ་ནི་ཁྱུང་ལུང་དངུལ་མཁར་ཞེས་བྱའོཿ། བོན་དང་ཆོས་གཉིས་བོན་སྔ་བས།། ཆོས་ཀྱི་འབྱུང་ཁུངས་བོན་ལ་ཐུག ཆོས་པས་བོན་གཤེན་དམ་ཚིག་ཉམས།། རྐྱེན་དེས་རང་བསྟན་རང་གིས་བཤིགས།། ཞེས་གསུངས་པའི་ཕྱིར། ཡིད་ཆེས་མཛོད་ཅིག སྔ་རབས་དམ་པའི་ལུང་མཆོག་འདབ་ལྡན་མཚོན།། དཔྱད་གསུམ་དག་པའི་གནམ་རུ་ལ་སྦྱར་ཏེ།། རབ་འབྱམས་ཤེས་བྱའི་མཁའ་ལ་འཕང་བའི་ཚེ།། ལོག་སྨྲ་རྒོད་ཀྱི་གཤོག་ཟུང་ཐང་ལ་གཡུགས།། ད་དུང་བན་བོན་གཉིས་ལ་འགལ་མེད་ཀྱི་རིགས་པ་མུ་མཐུད་དུ་འགོད་ན་བན་བོན་གཉིས་ཀྱི་གཞུང་ལ་གོམས་གཤིས་མེད་ཀྱང་རང་ཉིད་ཆེ་འདོད་དང་གྲགས་འདོད་ཀྱི་དབང་གིས་དེ་གཉིས་ལ་བཟང་ངན་ཡོད་ཅེས་གླེང་ན། རང་ལ་སྐྱེ་བོ་ཀུན་གྱིས་ཚེ་འདིར་དག་སྣང་སྤུ་ཙམ་ཡང་མི་འཇོག་པར་མ་ཟད་ཀུན་གྱིས་གཤེ་ཞིང་སྡང་བར་བྱེད་ཅིང་ཕྱི་མར་ངན་སོང་དུ་ལྷུང་ངེས་ཡིན་པ་གང་ཞིག་དཔེ་ཡང་དུད་འགྲོ་གཡག་ཞར་དང་མཚུངས་པའི་ཕྱིར། རྟགས་རེ་རེ་ན་གྲུབ་སྟེ། གྲུབ་པའི་ཁྱུ་མཆོག་ཆེན་མོ་རྣལ་འབྱོར་བ་ཞབས་དཀར་བའི་ཞལ་ནས། ཕྱོགས་གཅིག་ཤེས་ན་གཉིས་མ་མཐོང་། གཡག་ཞར་རྩ་ཟན་འདི་རེ་སྡུག ། གྲུབ་མཐའི་གསང་དོན་མ་རྟོགས་པར།། སྐུར་བ་འདེབས་པ་འདི་རེ་སྡུག ། ཚེ་འདིར་ཀུན་ལྡང་ཕྱི་མར་ལྷུང་།། ཞེས་གསུངས་པའི་ཕྱིར།། གཞན་ཡང་། རྒྱལ་བ་བློ་བཟང་གྲགས་པའི་རྗེས་འཇུག་ཅིག་ཡིན་ཕྱིན། ཕྱིན་ཆད་བན་བོན་གཉིས་ལྟ་ཅི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་ལྡན་དགོས་པ་དང་གལ་ཏེ་དེ་མ་ལྡན་ན་དེ་ལྡན་ཐབས་ལ་བརྩོན་དགོས་ཏེ། བྱང་ཆུབ་ལམ་རིམ་ཆེན་མོ་ལས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་དང་། གསུང་རབ་མ་ལུས་གདམས་པར་འཆར་བའི་ཆེ་བ་དང་། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ་དང་། ཉེས་སྤྱོད་ཐམས་ཅད་རང་འགགས་སུ་འགྲོ་བའི་ཆེ་བ་བཞི་ལྡན་དགོས་པ་གསུངས་པའི་ཕྱིར། བསྟན་པ་འགལ་མེད་རྟོགས་པའི་དྲན་དབང་གི་ལེགས་བཤད་ལུང་རིགས་ཟླ་བ་འཛུམ་བྱེད་ཀྱིས། རུ་ཏྲའི་འཆང་རྒྱ་གཅོད་པར་མི་བྱེད་ན།། རྒྱལ་བས་དངོས་སུ་གཟིགས་ཀྱང་ལྷས་སྦྱིན་ལྟར།། གཞན་ཡང་། རྒྱ་གར་ནས་དར་བའི་རྒྱལ་བསྟན་ལ་དམ་པའི་ཆོས་ཞེས་བརྗོད་པ་དང་། ཞང་ཞུང་ནས་དར་བའི་རྒྱལ་བསྟན་ལ་གཡུང་དྲུང་གི་བོན་ཞེས་ཐ་སྙད་ཙམ་མི་འདྲ་བ་མ་གཏོགས་དོན་གྱི་ངོ་བོ་ནས་བན་བོན་གཉིས་ལ་བཟང་ངན་ནམ་གཉིས་འཛིན་གྱི་རྟོག་པས་བཅངས་ན། དེ་ལས་སྡིག་ཆེ་བ་མེད་དེ། འཕགས་པ་ལྷས། ཁྱོད་ལ་རང་ཕྱོགས་ཆགས་ཡོད་ཅིང་།། གཞན་གྱི་ཕྱོགས་ལ་མི་དགའ་ན།། མྱ་ངན་འདས་པར་མི་འགྲོ་སྟེ།། གཉིས་སྤྱོད་ཞི་བར་ཡོངས་མི་འགྱུར།། ཞེས་དང་། གངས་ཅན་པཎྚི་ཏ་ཆེན་པོ་བྱམས་པ་གླིང་བ་བསོད་ནམས་རྣམ་རྒྱལ་གྱིས། སེམས་ཀྱི་རྒྱུད་ལ་ཆགས་སོགས་ཉོན་མོང་པ་རྣམས་དང་ལྡན་པ་དེ་ཙམ་ནི་འཁོར་བའོ། ཞེས་དང་། བཀའ་ཐང་ལས། ལོག་པའི་ལམ་འགྲོ་སྲིན་པོ་འདྲ།། དེ་བཞིན་བོན་ཆོས་དབྱེར་མེད་གྱིས།། ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། དད་པ་ཅན་ནི་བཟུང་ཉེས་པས།། གཅིག་ཤོས་སྡང་ཕྱིར་ཁྲོས་པ་ཡིས།། དད་པ་ཅན་ཡང་སྲེག་བཤད་ན།། སྡང་བས་ཕྱིར་ཕྱོགས་སྨོས་ཅི་དགོས།། ཞེས་གསུངས་པའི་ཕྱིར། བན་བོན་གཞུང་ལུགས་གློག་བརྙན་རྣམ་པར་བཀྲ།། ལྟ་བའི་རྣམ་དཔྱོད་འདྲེན་བྱེད་མ་རིག་གི ། ལིང་ཏོག་གིས་སྒྲིབ་རུ་ཏྲའི་ངུས་ལས་བྱུང་།། རྒྱུན་པར་འཛག་པའི་ལང་ཤོར་ཅན་གྱིས་ཉོན།། དོན་ཡ་བྲལ་སོང་བའི་ཚིག་སྐམ་ཞིག ། དོན་གཉེར་བའི་སྐྱེས་བུར་སྙིང་བོས་སྟོངས།། དོན་འགལ་མེད་མཁས་པའི་དགོངས་བཞེད་ལྟར།། དོན་ཉམས་སུ་བླངས་ན་ཕན་བདེའི་གཞི།། གཞན་ཡང་། བོན་ཆོས་གཉིས་ཀྱི་ལྟ་བ་བཟང་ངན་ཡོད་ཅེས་བབ་ཅོལ་གྱི་ངང་ནས་བསྙད་དེ་རང་ལྟ་ལ་ཆགས་པ་གཞན་ལྟ་ལ་སྡང་བ་རང་གཞན་གྲུབ་མཐའི་དོན་ལ་རྨོངས་པ་སོགས་ཀྱི་སྒོ་ནས་འཆད་རྩོད་རྩོམ་གསུམ་གང་ཡིན་ཀྱང་རུང་ཏེ། རྗེ་བཙུན་ཤེས་རབ་རྒྱ་མཚོའི་ཞལ་ནས། ཆགས་སྡང་གིས་ཀུན་ནས་བསླངས་ཏེ་རྩོད་འཆད་རྩོམ་པ་སྨོས་ཅི་རང་ག་བའི་ཚིག་ཀྱང་བཟླར་མི་རུང་ཏེ། རིན་ཆེན་འཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ།། དེས་བསྐྱེད་ལས་ནི་མི་དགེ་བ།། ཞེས་དང་། མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཞལ་ནས། གྲུབ་མཐའ་སྨྲ་བའི་དུས་སུ་རང་ལྟ་ལ་མི་ཆགས་གཞན་ལྟ་ལ་མི་སྡང་པའི་སྒོ་ནས་གྲུབ་མཐའི་རྣམ་བཞག་བཤད་པ་ནི་ཤེས་རབ་སྐྱེ་བའི་རྒྱུ་དང་། གཞན་གྱི་དག་སྣང་སྦྱང་པའི་ཐབས་ཁྱད་པར་ཅན་ཡིན་པས་དམ་པའི་ལུགས་སུ་འདོད་དོ་ཞེས་དང་། འཇུག་པ་ལས། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ།། གཞན་གྱི་ལྟ་བ་འཁྲུག་གང་རྟོག་པ་ཉིད།། ཅེས་དང་། མཁན་ཆེན་བསོད་གཡུང་གིས། བདག་བསྟོད་གཞན་ལ་སྨད་བྱེད་ན།། དེས་ནི་སངས་རྒྱས་མི་ཐོབ་སྟེ། ཞེས་དང་། འཇམ་མགོན་བླ་མས། རྙེད་བཀུར་ཕྱིར་དུ་གཞན་ངོར་ཚིག་བརྒྱུད་ཙམ་ཞིག་འཛིན། འཁོར་ལ་སྲེད་ནས་མྱུར་བར་སློབ་མའི་ཚོགས་མང་སྡུད།། ཡིད་བརྟན་མེད་པར་ཁ་ཚོན་བཅད་དེ་ངན་རྟོག་འདོམས།། དེ་དག་མཐོང་ཚེ་བློ་བཟང་གྲགས་པ་ཤིན་ཏུ་སྐྱོ།། ཞེས་དང་། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞལ་ནས། བསྟན་པའི་མཐའ་ལ་གངས་རིའི་ཁྲོད་འདི་ན།། བདུད་ཀྱི་དབང་གྱུར་ལོག་པའི་ལམ་སྟོན་པ།། ཕྲག་དོག་དུག་གི་བུམ་པ་ཕྱོགས་ཀུན་ཏུ།། ཞེས་པ་ནས། རྫུན་དང་གཡོ་སྒྱུའི་སྤྱོད་ཚུལ་གོམས་རྣམས་ཀྱི། ཁ་ནས་མི་འབྱུང་ལོག་པའི་ཆོས་ཡོད་མིན།། ཞེས་དང་། སློབ་དཔོན་ལེགས་ལྡན་གྱིས། ཕྱོགས་སུ་ལྷུང་པས་ཡིད་གདུང་པས།། ཞི་བ་ནམ་ཡང་མྱོང་མི་འགྱུར།། ཞེས་དང་། རྗེ་དགེ་འདུན་གྲུབ་པས། ལར་ད་ལྟ་གངས་རིའི་ཁྲོད་འདི་ན། རང་བསྟན་འཛིན་པར་ཁས་ལེན་ཅིང་།། གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན།། ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས།། ཞེས་དང་། ཆོས་ཚུལ་བཞིན་བསྒྲུབ་པའི་གང་ཟག་ལ།། རྒྱུད་ཁོངས་ནས་འཁྲུག་པའི་གདུག་སེམས་ཅན།། གདོན་ཐུགས་ལ་ཞུགས་པ་མ་ལགས་སམ།། ཞེས་དང་། རྗེ་སྐལ་ལྡན་རྒྱ་མཚོའི་ཞལ་ནས། གཞན་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ལ།། ཡིད་གཡོ་བའི་དད་པ་སྐྱེས་ན་རབ།། དེ་མིན་ཀྱང་དག་སྣང་འབྱོང་བ་དང་།། དོན་མེད་པར་མི་སྨོད་དམ་བཅའ་ཡིན།། ཞེས་དང་། དཔལ་སྤྲུལ་གྱིས། དད་པ་སྙིང་ནས་མེད་ཀྱང་།། སྐུར་འདེབས་གཏན་ནས་མི་རུང་།། ལར་དེང་དུས་སྙིགས་མའི་སྐྱེ་བོ་རྣམས།། སྔར་མཁས་བའི་ལུང་ལ་ཡིད་ཆེས་མཛོད།། དོན་འཁྲུལ་མེད་དཔྱད་གསུམ་དག་པའི་ལུང་།། དེ་འཁྲུལ་བར་བཟུང་ན་སྨྱོས་མིན་ནམ།། གཞན་ཡང་། དམ་པའི་ཆོས་དང་གཡུང་དྲུང་གི་བོན་གཉིས་ཀ་མིང་ཙམ་གྱིས་དབྱེ་བ་འབྱེད་དགོས་པ་མ་གཏོགས་དོན་གྱི་ཆ་ནས་ངོ་བོ་ཐ་དད་དུ་འབྱེད་པ་སོ་སྐྱེས་ཐ་མལ་བས་ལྟ་ཅི་འཕགས་པས་ཀྱང་འབྱེད་མི་ནུས་ཏེ། ཐུབ་བཀྭན་ཆོས་ཀྱི་ཉི་མས། བོན་ཆོས་གཉིས་ཀ་འགལ་བའི་ཚོད་བྱེད་ཀྱང་།། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། ། ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུས།། ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་གྱུར།། ཞེས་དང་། སྐལ་བཟང་མགྲིན་རྒྱན་ལས། སངས་རྒྱས་བསྟན་པའི་སྙིང་བོ་གཅིག་ཡིན་ཕྱིར།། བོན་དང་ཆོས་ཞེས་འཐེན་རྩོད་མི་འཐད་ཀྱང་།། འགའ་ཞིག་བོན་ལ་སྡང་འདོད་སྡིག་པའི་ཁས།། ཉེས་ལྟུང་སྒོ་བརྒྱ་འབྱེད་ལ་ཅི་ཡང་བྲེལ།། ཞེས་དང་། བླ་ཆེན་དྲན་པའི་ཞལ་ནས། བོན་ཆོས་གཉིས་ལ་བདག་འཛིན་རུ་ཏྲ་བྱེད།། ངོ་བོ་གཅིག་ལ་སོ་སོར་འཛིན་པ་དེ།། དོན་དང་མི་མཐུན་ང་དང་རྒྱང་ཐག་རིང་།། ཞེས་དང་། སྲིད་རྒྱུད་ཁ་བྱང་ལས། ཐེག་པའི་ཁ་འཛིན་གཤེ་བསྐུར་འདེབས་པ་དང་།། བསྟན་པའི་བོན་ཆོས་ཁྱད་དུ་བསད་པ་ནི།། ཤན་པ་གྲི་ཐོགས་བས་ཀྱང་ཉེས་པ་ལྕི།། ཞེས་གསུངས་པའི་ཕྱིར། མཁས་དབང་གོང་མ་ཚེ་ཡི་རིག་བྱེད་དང་།། འཁྲུལ་བྲལ་ལུང་རིགས་སྨན་མཆོག་ཨ་རུ་རས།། ཆགས་སྡང་རྨོངས་པའི་ནད་ལས་མ་གྲོལ་ན།། བྱང་ཆེན་ཐོབ་པའི་གོ་སྐབས་བྲལ་འདིས་སྐྱོ།། ཁ་མིན་སྙིང་གི་ཁོང་ནས་སྔ་རབས་གཟུར་གནས་མཁས་དབང་རྣམས་ཀྱི་གསུང་ལ་དད་པ་དག་སྣང་གི་སྒོ་ནས་ཡིད་ཆེས་མེད་ནའང་། གནའ་མི་རྒན་པོའི་གཏམ་དཔེ་ལ། རྒྱ་ཡི་ཐོག བོད་ཚིག་ཐོག་ཟེར་བ་ལྟར། ཁས་ལོངས་ཤིག དེ་ལྟར་ཁས་མི་ལེན་པར་ཆགས་སྡང་ལ་གོམས་པའི་དབང་གིས་སྟོན་པ་གཉིས་ཀྱི་བསྟན་པ་ལ་བཟང་ངན་ཡོད་ཅེས་སྨྲས་ཏེ་ས་ལྡིང་གནམ་ལྡིང་བྱས་ནས་རང་གིས་རང་ལ་ཅོ་འདྲི་བར་བྱེད་ན། ཁྱོད་རང་མཁས་བའི་གྲལ་དུ་མི་ཚུད་པར་མ་ཟད་སེམས་རྒྱུད་རྡོ་ལས་རེངས་པ་ཁྱོད་རང་རིག་པས་མི་ཐུལ་ཏེ། དབྱུག་པས་འདུལ་བའི་དུས་ལ་བབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཞུང་ལུགས་རབ་འབྱམས་སྨྲ་བ་རྗེ་བཙུན་ཤེས་རབ་རྒྱ་མཚོའི་ཞལ་ནས། ཀྱེ་མ་བླུན་པོ་རྡོ་འདྲ་བ།། གང་དུ་སུ་ཡིས་འདུལ་ཞེ་ན།། རིག་པས་མ་ཡིན་འབྱུག་པས་ཏེ།། བོང་བུའི་རྗེས་སུ་འབྲངས་པས་དགོངས།། ཞེས་གསུངས་པའི་ཕྱིར། དྲི་བྲལ་གཟུར་གནས་བློ་ཡི་ལྗོན་བཟང་རྩེར་།། ཕྱོགས་ལྷུང་བྲལ་བའི་ཤེས་རབ་ལོ་འབྲས་ཀྱིས།། མངོན་དུ་ཕྱུག་པའི་མཁས་དབང་ཧ་རིའི་ལྗོན།། འཇོག་པོའི་གཙུག་རྒྱན་ཟོལ་ལ་འགྲན་འདིས་སྐྱོ།། དེ་ཡང་བསྟན་འགྲོ་ལ་ལྷག་བསམ་རྣམ་པར་དཀར་བའི་བློ་གྲོས་གཟུར་བོར་གནས་ཤིང་ཐོས་བསམ་ཀྱི་མིག་རྒྱང་རིང་བའི་ཤེས་ལྡན་རེ་མཆིས་ན། བོན་ཆོས་གཉིས་ཀའི་གཞུང་ལུགས་ཀྱི་གནད་རྣམས་ལ་འབྲེལ་ཡོད་མེད་རྣམ་དཔྱོད་ཤེས་རབ་ཀྱིས་ལེགས་པར་དཔྱད་དགོས་པ་ཡིན་གྱི། དེ་མིན་གཞུང་ལུགས་ཀྱི་གནད་རྣམས་བོར་ནས་རང་ལུགས་ཁ་ཕོ་དང་། ལྟར་སྣང་གི་སྤྱོད་ཚུལ། ཅལ་ཅོལ་གྱི་ཚིག་སྒྲོས་ཙམ་གྱིས་ཆོས་ལུགས་ཀྱི་ངེས་པ་མི་རྙེད་དོ། མདོ་ལས། ཆོས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་ན།། ཚིག་གི་དག་པས་བྱང་ཆུབ་འཚང་མི་རྒྱ།། ཞེས་དང་། ས་སྐྱ་པཎྚི་ཏས། དམ་པའི་ཆོས་ཀྱི་གནད་འཆུག་ན།། ཆོས་གཞན་བཟང་ཡང་ནུས་པ་མེད།། ཅེས་གསུངས་པའི་ཕྱིར། དེ་ལྟར་བོན་ཆོས་གཉིས་ཀྱི་གྲུབ་མཐའ་ལ་དག་སྣང་ཕྱོགས་མེད་དུ་སྦྱངས་པའི་སྒོ་ནས་རང་རང་གི་ལུགས་གཙོ་བོར་བཟུང་སྟེ་གཞན་ལུགས་ལ་སྨད་པ་མི་བྱེད་པར་དེ་ལ་ལེགས་པར་བསྟོད་ན་གནས་སྐབས་སུ་མཐོ་རིས་ལྷ་མིའི་གོ་འཕང་འཐོབ་པ་དང་། མཐར་ཐུག་བྱང་ཆུབ་ཆེན་པོ་འཐོབ་པའི་རྒྱུ་རུ་འགྲོ་ངེས་ཡིན་ཏེ། ཉི་མའི་འཁོར་ལོ་ལས། གཞན་གཞུང་ལེགས་བསྟོད་རང་གཞུང་གཙོར་ལེན་པ།། ཚུལ་ཐབས་དེ་ཡིས་མཐོ་རིས་བདེ་ཆེན་ཐོབ།། ཅེས་གསུངས་པའི་ཕྱིར། དེ་མིན་གཞན་གྱི་གྲུབ་མཐའ་མཆོག་ཏུ་མཐོང་ཡང་དེ་ལ་ཡིད་རངས་མི་བྱེད་པར་ཕྲག་དོག་རུ་ཏྲའི་དབང་གིས་སྨོད་པ་བྱས་ན་ཉེས་པ་དེས་རང་ཉིད་ངན་སོང་གི་གནས་སུ་སྐྱེ་ངེས་ཡིན་ཏེ། དེ་ཉིད་ལས། མཆོག་ཏུ་མཐོང་ཡང་རུ་ཏྲས་གཞན་སྨོད་པ།། ཉེས་པ་དེ་ཡིས་ངན་སོང་གནས་སུ་འཕུལ།། ཞེས་སོ། རབ་འབྱམས་ཤེས་བྱའི་གཞུང་ལུགས་རྒྱ་མཚོའི་ཀླུང་།། ཐོས་བསམ་ཆུ་སྒྲོལ་མཆོག་ལ་རབ་བརྟེན་ནས།། འཁྲུལ་བྲལ་དོན་གྱི་སྙིང་བོ་ཡིད་བཞིན་ནོར།། ཐོབ་པའི་མཁས་མཆོག་རྣམས་ཀྱིས་ཡང་ཡང་གཟིགས།། གཞན་ཡང་། བསྟན་བྱ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ། སྐྱབས་འགྲོའིར་རྒྱུ། རང་ཉིད་འཁོར་བ་སྤྱི་དང་ཁྱད་པར་ངན་སོང་གི་སྡུག་བསྔལ་ལ་འཇིགས་པ་དང་། དཀོན་མཆོག་གསུམ་ལ་དེ་ལས་སྐྱོབ་པའི་ནུས་བ་ཡོད་པར་ཡིད་ཆེས་པ་གཉིས་དང་། ཡང་ན་ངེས་འབྱུང་དང་། དད་པ། སྙིང་རྗེ། བསྒྲུབ་བྱ་ཐར་བ་ཆེན་པོ་ལ་སེམས་བསྐྱེལ་ཚུལ།། བསླབ་པ་གསུམ་གྱི་སྤང་བླང་བྱ་ཚུལ།། རྟག་ཆད་ཀྱི་ལྟ་བ་སྤོང་ཚུལ། ཐོབ་བྱ་སྐུ་གཉིས་ཀྱི་གོ་འཕང་ཐོབ་ཚུལ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱའི་མདོ་བཞི་ཁས་ལེན་ཚུལ་སོགས་ལ་དཔྱད་ན་བོན་ཆོས་གཉིས་ལ་ཁྱད་པར་སྤུ་ཙམ་ཡང་མེད་པར་གཞུང་ལུགས་ལ་ཐོས་བསམ་ཕྱོགས་མེད་བྱས་ན་ངེས་པ་བརྟན་པོ་རྙེད་ཐུབ་ངེས་ཡིན། དེར་མ་ཟད། བོན་གྱི་གཤེན་ལྷ་འོད་དཀར་དང་། བན་གྱི་སྤྱན་རས་གཟིགས་གཉིས་སྤྲུལ་གཞིའམ་ངོ་བོ་གཅིག་དང་། སྟོན་པ་གཤེན་རབ་དང་ཤཱཀྱ་ཐུབ་པ་གཉིས་དེ་བཞིན་དུ་སྤྲུལ་གཞི་གཅིག་ཡིན་པ་དང་། རྗེ་བཙུན་སྒྲོལ་མ་དང་རྒྱལ་ཡུམ་བྱམས་མ་གཉིས་ཀྱང་། དག་སྣང་བློ་ཡིས་བསྟེན་ན་ངོ་བོ་གཅིག་ཡིན་པ་མ་ཟད་སངས་རྒྱས་ཐམས་ཅད་ངོ་བོ་ཐ་དད་མ་ཡིན་པར་ཐུགས་དགོངས་མཉམ་པའི་ཕྱིར་ཏེ། རིམ་བཞིན། བཀའ་གདམས་གླེགས་བམ་ལས། རྒྱ་གར་ནང་བའི་བློ་ངོ་ན་།། ང་ནི་མགོན་པོ་སྤྱན་རས་གཟིགས།། བོན་གྱི་གཤེན་ལྷ་འོད་དཀར་བརྗོད། ཅེས་དང་། འབྲུག་པ་ཀུན་དགའ་ལེགས་པས། གཤེན་ལྷ་འོད་དཀར་སྤྱན་རས་གཟིག་དབང་ཡིན། གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད།། ཅེས་སོ། རྒྱ་ནག་ནས་འགྱུར་བའི་རྩིས་གཞུང་གི་དགོངས་པ་བེེཌཱུར་དཀར་པོ་ལས། འཇམ་དཔལ་ཚེ་ལོ་བརྒྱད་ཁྲིའི་དུས།། ཞལ་ནི་ལྷོ་རུ་གཟིགས་ནས་སུ།། ཞང་ཞུང་བོན་གྱིས་འདུལ་དགོངས་ནས།། སྟོན་པ་གཤེན་རབ་མི་བོར་སྤྲུལ། བོན་གྱི་ཐེག་པ་རིམ་དགུ་བསྟན།།འགྲོ་རྣམས་གཡུང་དྲུང་ལམ་ལ་བཀོད།། ཅེས་དང་། མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས། གཤེན་ཡུལ་འོལ་མོ་གླིང་ཆེན་དུ། སྟོན་པ་གཤེན་རབ་མི་བོར་བསྟན། བོན་གྱི་ཐེག་པ་རིམ་དགུ་གསུངས། སྐྱེ་འགྲོ་སེམས་ཅན་བདེ་ལ་བཀོད།། བསྡུ་ན་སྒོ་བཞི་མཛོད་ལྔར་འདུས།། བན་གྱི་ཐེག་དགུ་བསྟན་པའི་ཕྱིར།། སྟོན་པ་ཤཱཀྱ་ཐུབ་པ་བྱོན། སྟོན་པའི་ཐུགས་རྗེ་ཕྱོགས་རིས་མེད།། གདུལ་བྱ་རང་རང་སྣང་ངོ་རུ།། ཕན་བདེ་མཛད་པའི་སྤྲུལ་སྐུ་ལ།། སོ་སོའི་སྟོན་པ་ཉིད་དུ་བསྟན།། བན་དང་བོན་ཞེས་སོ་སོར་དབྱེ།། མི་འགལ་ཕྱིར་ན་དགོངས་པ་གཅིག ། རྒྱལ་བའི་རྣམ་སྤྲུལ་བསམ་མི་ཁྱབ། ཅེས་དང་། ཀ་རྩོམ་ཆགས་སྡང་འཇོམས་པའི་བདུད་རྩི་ལས།། ཏ་རེ་སྒྲོལ་མ་བྱམས་མ་བསྟེན་ན་གཅིག ཐ་དད་མ་ཡིན་སངས་རྒྱས་ཐམས་ཅད་མཉམ།། ། ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་གཤེན་རབ་དང་ཐུབ་པའི་བསྟན་པ་གཉིས་འགལ་མེད་དུ་ཤེས་པའི་སྒོ་ནས་གཅིག་གྲོགས་གཅིག་གིས་བྱས་ཏེ་སྤེལ་ན་བསྟན་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་ཡིད་བཞིན་དུ་འབྱུང་བའི་རྟེན་འབྲེལ་གྱི་སྒོ་ཆེན་པོ་ཡིན་ལགས། དེ་མིན་ངོ་བོ་ཐ་དད་དུ་བཟུང་ནས་རྩོད་གླེང་བྱེད་ན་འཁྲུལ་བའི་ལས་སྤྱོད་ཡིན་ཏེ། སྒྲོན་མ་དགུ་སྐོར་ལས། གཤེན་རབ་དང་ཐུབ་པའི་བསྟན་པ་རྣམ་གཉིས་གཅིག་སྟེང་དུ་གཅིག་དར་ཚུལ་གྱིས་འགྲོ་དོན་བྱེད་པའོ། ལྔ་བརྒྱའི་ཐ་མ་ལ། ལ་ལས་གཡུང་དྲུང་གི་བོན་མི་བདེན་ཟེར། ལ་ལས་དམ་པའི་ཆོས་མི་བདེན་ཟེར་འཁྲུལ་བའོ། ངོ་བོ་དབྱེ་བ་མེད་པ་དང་། སྤྱོད་ཚུལ་སོ་སོར་སྤྱོད་པས་དོན་གྲུབ་པོ་ཞེས་དང་། དེ་དག་ལ་དགོངས་ནས་མཁས་མཆོག་འཇམ་དབྱངས་མཁྱེན་བརྩེ་དབང་བོའི་རྣམ་ཐར་ལས། རྒྱལ་བསྟན་མཉམ་ཆགས་རྟེན་འབྲེལ་གཞུང་། ཉམས་པར་མ་གྱུར་བསྟན་འགྲོ་ཡི། ཕན་བདེ་འཕེལ་བའི་རྒྱུར་གཟིགས་ནས། གཡུང་དྲུང་བོན་གྱི་ལུགས་འཛིན་པས། ཀུན་ཀྱང་གཟེངས་བསྟོད་དབུགས་བྱུང་བས།། དེ་བསྟན་སྐྱོངས་རྣམས་དབུ་འཕང་བསྟོད།། ཅེས་དང་། དེའི་སློབ་མའི་མཆོག་གྱུར་མི་ཕམ་གྱི་ཞལ་ནས་ཀྱང་། གཤེན་ལུགས་རྒྱ་མཚོའི་ངོགས་སུ་ཞུགས་པ་ང་།། སྣ་ཚོགས་ལྟད་མོར་ནམ་མཁའི་གཏོས་སུ་རྩེ།། སྒྱུ་མའི་རྩེད་འཇོ་མུ་མཐའ་མེད་པ་ཡིས།། འགྲོ་ཀུན་སྐྱོངས་བའི་སྨོན་ལམ་རིང་དུ་བྱས།། ཞེས་གསུངས་པའི་ཕྱིར། སྨྲས་པ། བོན་ཆོས་འགལ་མེད་འབེལ་གཏམ་ནོར་བུའི་ཕྲེང་།། སྐལ་ལྡན་སྐྱེས་བུའི་རྒྱན་དུ་རབ་མཛེས་ཤིང་།། གངས་རིའི་མུ་ཁྱུད་བསྐོར་བའི་ལྗོངས་ཆེན་འདིར།། བདེན་གཏམ་དབྱངས་སྙན་སྒྲོགས་པར་གར་གྱིས་བྲེལ།། བློ་གྲོས་ཤེས་བྱའི་གཞུང་ལ་མ་སྦྱངས་པར།། བློ་བཞག་ཙམ་གྱིས་ངེས་བ་རྙེད་ནུས་མིན།། དེ་ཕྱིར་བོན་ཆོས་གཞུང་ལུགས་མཐའ་དག་ལ།། ཐོས་བསམ་སྒོམ་པའི་ཤེས་རབ་རྒྱས་པར་མཛོད།། དེང་དུས་མི་མཇེད་རྩོད་ལྡན་སྙིགས་མའི་དུས།། མཁས་རློམ་ཕྱོགས་འཛིན་ལྷགས་པའི་ནད་ཀྱིས་གདུང་།། ཁོ་བོས་མ་བཟོད་ལྷག་བསམ་སྐྱ་རེངས་ཀྱིས།། མཁས་བའི་ལུང་རིགས་ཉིན་མོར་བྱེད་འདི་དྲངས།། དེར་བརྟེན་ཕྱོགས་འཛིན་གྲང་ནད་སྨེག་མེད་བཏང་།། དག་སྣང་བློ་ཡི་གེ་སར་གཡུར་དུ་ཟ།། བཅུ་ཕྲག་རིག་པའི་མངར་ལྡན་མངོན་འཕྱུར་ནས།། དྲན་དབང་བུང་བའི་ཐུགས་དགོངས་དགྱེས་གྱུར་ཅིག། རྒན་པོའི་རྩོམ་འདི་བདེན་རྫུན་གང་ཡིན་དཔྱོད་དང་ཁྱད་པར་རྒན་པོ་རྣམས་ཀྱིས་ཡང་ཡང་དཔྱད་ན་ལེགས། གལ་ཏེ་བདེན་ན་སློབ་ཚོགས་རྣམས་ལ་བསླབ་བྱ་ལེགས་པར་གྱིས་ཤིག་འཕུང་བར་བྱེད་པ་ག་ལ་རུང་། རྒན་རབས་མཐུན་ན་འདི་ཀའི་བོད་རིགས་གཞོན་ནུ་རྣམས་ལ་བདེ་སྐྱིད་འབྱུང་བའི་ལྟས་བཟང་ལགས། བྱིས་པས་བཟང་ངན་རྩོད་ནས་འཐབ་མོ་བྱེད་ཀྱང་རྒན་པོས་འཁར་བས་བསྣུན་ཏེ་བཏུལ་ན་མི་ལེགས་སམ།

 

 《རྩེར་སྙེག》1993ལོའི་དེབ་གསུམ་པའི་སྟེང་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།