གསོ་རིག་འབུམ་བཞི་དང་རྒྱུད་བཞི་བསྡུར་ནས་དཔྱད་པ།

གསོ་རིག་འབུམ་བཞི་དང་རྒྱུད་བཞི་ཕན་ཚུན་གོ་བསྡུར་ནས་དཔྱད་པ།
ཐུབ་བསྟན་ཕུན་ཚོགས།

གཅིག གསོ་རིག་འབུམ་བཞི་ངོ་སྤྲོད།

ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་དང་། དགོས་མེད་ཀྱི་ཁ་ཕོ་ལ་རྒྱའི་ཞེན་པས་མ་བཅིངས་པར་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་རྣམ་དག་དང་། ལུང་རིགས་དྲང་པོར་སྨྲ་བའི་སྤྱོད་བཟང་གི་སྒོ་ནས་བོད་ཀྱི་ཤེས་རིག་གི་ལོ་རྒྱུས་བདེན་པར་སྨྲ་བ་ནི་གཞོན་ནུ་ཤེས་ཡོན་ཅན་རྣམས་ཀྱི་འོས་འགན་ཡིན་ལ། ནང་པ་སངས་རྒྱས་པའི་ལྟ་སྤྱོད་དངོས་དང་ཡང་མཐུན་པ་ཞིག་ཡིན། དེར་བརྟེན《གསོ་རིག་འབུམ་བཞི》ལོ་རྒྱུས་དང་ཁྱད་ཆོས་དངོས་ཅུང་ཟད་ངོ་སྤྲོད་ཞུ་བར།
མིག་སྔར་མཐོང་ཆོས་སུ་གྱུར་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྔ་ཤོས་ནི《གསོ་རིག་འབུམ་བཞི》འདི་ཉིད་ཡིན་ཞིང་། 《གསོ་རིག་ཐུགས་འབུམ་མཁའ་སྔོན》གྱི་མཇུག་བྱང་ལྟར་ན་གཞུང་འདི་སྟོན་པ་གཤེན་རབ་ཀྱི་ཞལ་རྒྱུན་གདམས་ངག་རྣམས་ཁོང་གི་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་རྒྱུན་འཛིན་དང་དར་སྤེལ་བྱས་པ་ཞིག་ཡིན། གཤེན་རབ་མི་བོ་བྱོན་པའི་དུས་ཚོད་ནི་བོན་གྱི་ལོ་རྒྱུས་ཡིག་རྙིང་ལྟར་ན་སྤྱི་ལོའི་སྔོན་གྱི་ལོ་ངོ་གཅིག་ཁྲི་དྲུག་སྟོང་ཐམ་པ་དང་བརྒྱད་ལོར་སྐུ་འཁྲུངས་པར་གསུངས། འོན་ཀྱང་བན་བོན་གྱི་ལོ་རྒྱུས་ཡིག་ཆ་རྙིང་པའི་ལོ་རྒྱུས་དོན་རྐྱེན་རྣམས་ཕན་ཚུན་གོ་བསྡུར་ནས་བརྟག་དཔྱད་དང་། དེང་དུས་ས་འོག་ནས་ཐོན་པའི་གནའ་རྫས་དག་ལ་དཔྱད་པ་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་གོང་དུ་བྱུང་ཡོད་དགོས་པ་ཞིག་རེད། མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས་གཤེན་རབ་མི་བོ་ཆེ་འཁྲུངས་པའི་དུས་ནི་སྤྱི་ལོའི་སྔོན་གྱི ༡༩༡༧ པའི་ཤིང་བྱི་གཅིག་དཀར་ལོ་དེར་སྐུ་འཁྲུངས་ཡོད་པར་གསུངས། དེ་ལྟར་ན་བོད་ཀྱི་གསོ་རིག་གཞུང་ལུགས་ཐོག་མར་བྱུང་ནས་ད་བར་ལོ་ངོ་བཞི་སྟོང་ལ་ཉེ་བའི་ལོ་རྒྱུས་ལྡན་ཡོད།
《གསོ་རིག་འབུམ་བཞི》ཐོག་མར་གསུངས་སའི་གནས་ནི། དེང་དུས་མངའ་རིས་ས་ཁུལ་གངས་ཏི་སེའི་ཉེ་འགྲམ་དུ་ཡིན་པར་གསལ་ཏེ། 《ཐུགས་འབུམ་མཁའ་སྔོན》ལས། “གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་ཏེ། དེ་ཡང་མཚོ་མུ་ཁྱུད་བདལ་པའི་འཁོར་མོ་འཁོར་ཁྱུད་ཀྱི་གླིང་ན། ཡངས་ལ་ཁོད་སྙོམས་ཤིང་བདལ་བ། ངོ་མཚར་གྱི་ལྟས་མོ་ཕུན་གསུམ་དུ་འཚོགས་པ། རི་བོ་དང་རི་བྲན་དང་། རྒྱ་མཚོ་དང་ནེའུ་ཐང་དང་། ཆུ་བོ་དང་ཆུ་ཕྲན་དང་། ལུ་མ་དང་ལྡིང་ཀ་་དང་། དཔག་བསམ་དང་ནགས་ཚལ་དང་། མེ་ཏོག་དང་། སྨན་དང་། གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་། རི་དྭགས་དང་། གཅན་གཟན་དང་། འདབ་ཆགས་དང་། ཆུ་གནས་དང་། གཡུང་དྭགས་དང་། མི་ནོར་དང་། ཡུལ་མཁར་དང་། ལོངས་སྤྱོད་ཕུན་གསུམ་འཚོགས་པ་རུ་མངའ་འོ།”ཞེས་དང་། ཡང་“ཤར་ཕྱོགས་སུ་ཤམ་པོ་ལྷ་རྩེ། བྱང་ཕྱོགས་སུ་ཁོ་མ་ནེའུ་ཆུང་། ནུབ་ཕྱོགས་སུ་ཁྲི་སྨོན་རྒྱལ་བཞེད། ལྷོ་ཕྱོགས་སུ་བལ་པོ་སོ་བརྒྱད།”ཅེས་སོགས《གསོ་རིག་འབུམ་བཞི》གསུངས་ཡུལ་འོལ་མོ་གླིང་ཆེན་དང་། དེའི་ཕྱོགས་བཞིའི་ཡུལ་གཙོ་བོ་བཞི། དེའི་ཕྱིའི་གླིང་ཆེན་བཅུ་གཉིས་དང་ཡུལ་ཆེན་བཅུ་དྲུག་སོགས་ངོ་སྤྲོད་བྱས་ཡོད་པ་འདི་ལ་ཞིབ་ཏུ་བརྟག་ན་དེང་དུས་མངའ་རིས་གངས་ཏི་སེའི་ཕྱོགས་བཞི་མཚམས་བརྒྱད་ལ་གནས་པའི་ཡུལ་གྲོང་དང་ས་ཆའི་མིང་ཤ་སྟག་སྣང་བས། འདི་ལ་བལྟས་པ་ཙམ་གྱིས《གསོ་རིག་འབུམ་བཞི》གསུངས་ཡུལ་དེ་ལྷའི་ཞིང་ཁམས་སོགས་གནས་གཞན་གང་ཡང་མ་ཡིན་པར་འགྲོ་བ་མིའི་ཡུལ་དང་དེ་ལས་ཀྱང་བོད་གངས་ཅན་གྱི་ཡུལ་དུ་གསུངས་ཡོད་པ་གནག་ཕྱུགས་ཀྱི་རྫི་བོས་ཀྱང་ཤེས་སླ་བ་ཞིག་རེད།
《གསོ་རིག་འབུམ་བཞིའི》ནང་དོན་གཙོ་བོ་ནི། ཕྱི་ནང་གི་དངོས་པོ་ཐམས་ཅད་ཀྱི་རང་རྒྱུ་འབྱུང་བ་བཞིའི་རྫས་ཡོད་པ་དང་། ནད་ཀྱི་རྒྱུ་གཙོ་བོ་རླུང་། མཁྲིས་པ། བད་ཀན། འདུས་པ་ཁྲག་དང་བཞི་གཙོ་བོ་ཡིན་པ་དེའང་ངོ་བོ་འབྱུང་བ་བཞིའི་རྫས་ལས་མ་འདས་པ་ཞིག་ཡིན་པ་དང་། རྩི་ཤིང་ལ་སོགས་དངོས་པོའི་སྨན་རྫས་རྣམས་ཀྱང་ངོ་བོ་འབྱུང་བ་བཞིའི་རྫས་ཡིན་པར་བསྟན་པ་སོགས་ཀྱི་གཞུང་ལུགས་ཤིག་ཡིན། ལྷག་པར་དུ་སྨན་འབུམ་དཀར་པོའི་རྩ་ཆུ་བརྟག་པའི་ལེའུ་གཉིས་པོ་ལས་ཕྱི་དུས་བཞི་ཁམས་ལྔའི་འབྱུང་བ་དང་། ནང་ལུས་ཁམས་ཀྱི་འབྱུང་བ་གཉིས་པོ་ཕན་ཚུན་འབྲེལ་ཚུལ་ལ་བརྟེན་ནས་གང་ཟག་སོ་སོའི་ལུས་ཁམས་བདེ་ཐང་གི་གནས་ལུགས་དང་། གང་ཟག་དེ་དང་འབྲེལ་བའི་གཉེན་ཉེ་དང་ལས་དོན་སོགས་ཀྱི་ལེགས་ཉེས་གང་འབྱུང་བརྟག་ཐབས་ཀྱི་ཁྱིམ་ཕྱྭ་དང་། མགྲོན་ཕྱྭ་དང་། དགྲ་ཕྱྭ། གྲོགས་ཕྱྭ། གདོན་ཕྱྭ་ལ་སོགས་པ་ངོ་མཚར་རྩ་བདུན་དང་། ཆུ་ཕྱྭ་སྣ་ཚོགས་བསྟན་ཡོད་པ་འདི་ནི་བོད་ཀྱི་གནའ་བོའི་ཤེས་རིག་བོན་ཆོས་ཀྱི་ལུགས་སྲོལ་མ་ཉམས་པ་ཞིག་ཡིན་པ་དང་། རྒྱ་དཀར་ནག་གང་གི་ཤེས་རིག་ནང་དུ་ཡང་རྙེད་ཡས་མེད་པའི་ཐ་སྙད་ཅིག་ཡིན་པ་ནི་བོད་ཀྱི་ཤེས་རིག་རྣལ་མ་ཅུང་ཟད་རྟོགས་མཁན་ཚང་མ་མཁྱེན་གསལ་ལྟར་རེད། དེས་ན་བོད་ཀྱི་གསོ་རིག་གཞུང་གི་རྩ་ཆུ་བརྟག་ཐབས་ཀྱི་ཤེས་རིག་འདི་ཐོག་མར་གངས་ཏི་སེའི་ཉེ་སྐོར་གྱི་གནའ་གྲོང་ཁག་ལས་བྱུང་བའི་རིག་གནས་ཤིག་ཡིན་པ་བསྙོན་དུ་མེད་དོ། །

གཉིས། གསོ་རིག་འབུམ་བཞི་དང་དཔལ་ལྡན་རྒྱུད་བཞི་གཉིས་ཀྱི་ཁྱད་པར།

《གསོ་རིག་འབུམ་བཞི》དང་《རྒྱུད་བཞི》གཉིས་པོར་བརྗོད་བྱ་དོན་གྱི་ཆ་ནས་དཔྱད་ན་ཁྱད་པར་ཆེར་མ་མཐོང་ཡང་། རྗོད་བྱེད་ཚིག་གི་ཆ་ནས་བལྟས་ན《གསོ་རིག་འབུམ་བཞིའི》ཚིག་སྦྱོར་རྣམས་ཚིག་རྐང་མི་སྙོམ་པ་དང་། སྡེབ་སྦྱོར་མི་སྙན་པ་ལ་སོགས་པའི་ཚིག་སྐྱོན་མང་བ་མ་ཟད། ལྷག་པར་དུ་ནད་འབུམ་ནག་པོའི་རྗོད་ཚུལ་རྣམས་ཚིགས་བཅད་དང་ཚིག་ལྷུག་གང་ཡིན་དབྱེ་དཀའ་བ། གནའ་བོའི་ཡིག་རྙིང་གི་ཁྱད་ཆོས་མང་བ་སོགས《དཔལ་ལྡན་རྒྱུད་བཞི》ལས་བྱུང་བའི་རྟགས་མཚན་མང་བ་དང་། 《དཔལ་ལྡན་རྒྱུད་བཞི》ནི་ཚིག་རྐང་སྙོམ་པ་དང་། ཚིག་གི་སྡེབ་སྦྱོར་སྙན་པ། བརྡ་དག་དོན་གསལ་བ་སོགས《འབུམ་བཞི》ལས་བྱུང་ཕྱི་བ་དང་ཡར་རྒྱས་ཆེ་བའི་ཁྱད་ཆོས་མང་། བྱེ་བྲག་སོ་སོའི་ཁྱད་པར་ནི། 《གསོ་རིག་འབུམ་བཞིའི》ཐོག་མ《ཐུགས་འབུམ་མཁའ་སྔོན》དང་། 《རྒྱུད་བཞིའི》ཐོག་མ《རྩ་རྒྱུད》གཉིས་ལས། 《ཐུགས་འབུམ་མཁའ་སྔོན》གྱི་དབུར་ཞང་ཞུང་སྐད་དུ། ཞེས་པ་དེ《རྩ་རྒྱུད》དུ་རྒྱ་གར་སྐད་དུ་ཞེས་བསྒྱུར་འདུག ལེའུ་དང་པོའི་མཆོད་བརྗོད་སྐབས། ཐུགས་རྗེ་འགྲོ་བའི་དོན་མཛད་གཤེན་རབ་མཆོག་ཅེས་པ་དེ། ཐུགས་རྗེ་འགྲོ་བའི་དོན་མཛད་བཅོམ་ལྡན་འདས་ཞེས་བསྒྱུར་བ་ཙམ་ལས་གཞན་ཚིག་རྐང་གསུམ་པོ་གཅིག་མཚུངས་སུ་སྣང་། 《འབུམ་བཞི》ལས། གནས་མཆོག་དམ་པ་འོལ་མོ་ལུང་རིང་ཞེས་པ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་པའི། མཚོ་མུ་ཁྱུད་བདལ་བའི་གླིང་། ཞེས་པ་དེའི་ཕྱོགས་བཞི་མཚམས་བརྒྱད་ན་གནས་པའི་ཡུལ་གྲུ་རྣམས་དང་། ཆུ་བོ་ཆེན་པོ་བཞི། དེའི་ཕྱི་རིམ་ན་གནས་པའི་ཡུལ་ཆེན་བཅུ་དྲུག་སོགས་མདོར་ན་གངས་ཏི་སེའི་ཉེ་སྐོར་གྱི་ཞང་ཞུང་མངའ་རིས་ཡུལ་གྱི་ཡུལ་གྲུ་སོ་སོའི་ས་མིང་དང་། གནས་བཀོད་གསལ་པོར་ཡོད་པ་དེ་དག《རྩ་རྒྱུད》དུ་ལྟ་ན་སྡུག་པའི་ཞིང་ཁམས་ཞེས་བསྒྱུར་འདུག 《རྩ་རྒྱུད》དུ་ལྟ་ན་སྡུག་གི་ཞིང་ཁམས་དང་། རི་བོ་འབིགས་བྱེད་དང་གངས་ཅན། རྒྱུད་ཞུ་བ་པོ་དྲང་སྲོང་ཡིད་ལས་སྐྱེས་དང་། གསུང་པོ་དྲང་སྲོང་རིག་པའི་ཡེ་ཤེས་ལ་སོགས་པའི་རྣམ་བཤད་དེ་དག་དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་འདི་ལྟར་གསལ་ཏེ། (སྨད་ཆ། ཤོག་ངོས ༡༥༢༢ ཕྲེང་ ༥ པ། པེ་ཅིན་པར།) “འདི་ཉིད(གཡུ་ཐོག་གསར་མ)མཆོག་གི་སྤྲུལ་སྐུ་དངོས་ཡིན་ཞིང་ཁོང་རང་གི་བཞུགས་གནས་དེའི་ཤར་ན་སྤང་རི་སྔོ་སྨན་མང་པོ་སྐྱེ་བ་སྤོས་ངད་ལྡན་དང་འདྲ་བ་དང་། ལྷོ་ན་སྔོ་སྨན་ཚ་བ་སྐྱེ་བ། བྱང་ན་གངས་རི་དང་བསིལ་སྨན་སྐྱེ་བ། ནུབ་ན་ནགས་ཚལ་སོགས་ཆ་མཐུན་ཡོད་པས་ཁོང་རང་གི་བཞུགས་གནས་དེ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་དང་། ཐུགས་ཆོས་ཀྱི་དབྱིངས་སངས་རྒྱས་སྨན་གྱི་བླ་དང་། ཀུན་རྟོགས་སྣ་ཚོགས་པ་རྣམས་འཁོར་སྡེ་བཞི་དང་། རྩོམ་འདོད་ཀྱི་རྟོག་པ་དྲང་སྲོང་ཡིད་ལས་སྐྱེས་དང་། རིག་པའི་ངོ་བོ་དྲང་སྲོང་རིག་པའི་ཡེ་ཤེས་སུ་མཛད་ནས་རྒྱུད་བཞི་བཤད་དོ་ཞེས་རྗེ་ཕྲིན་ལས་ཞབས་གསུངས་ལ། ཐུན་མོང་གི་སྣང་བ་དེ་ཉིད་ཡིན་ལ། སྣང་བ་དག་པའི་གདུལ་བྱའི་ངོར་གླེང་གཞིར་ཇི་ལྟར་བཤད་པ་ལྟར་སྣང་ཡང་མི་འགལ་ལོ་ཞེས་བདག་སེམས་སོ།”ཞེས་གསུངས་སོ། ། དེ་ལྟར་ན་སྔོན་བྱོན་གྱི་མཁས་པ་ཆེན་པོ་རྗེ་ཕྲིན་ལས་ཞབས་དང་། དཔའ་བོ་གཙུག་ལག་ཕྲེང་བ། ཟུར་མཁར་བློ་གྲོས་རྒྱལ་པོ། གླིང་སྨན་བཀྲ་འབུམ་པ་སོགས་གནས་ལུགས་དོན་ལ་མཁས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱིས་རྗེ་གཡུ་ཐོག་པས《རྒྱུད་བཞི》འཆད་ཉན་མཛད་པའི་ཡུལ་གང་དེ་དག་པའི་སྣང་ངོར་ལྟ་ན་སྡུག་གི་ཞིང་ཁམས་ཡིན་པ་ལས། གཞན་དུ་ལྟ་ན་སྡུག་གི་ཞིང་ཁམས་སུ་སངས་རྒྱས་ཀྱིས་གསུངས་པ་ཞིག་མིན་ཚུལ་ལུང་རིགས་གཉིས་ཀྱི་སྒོ་ནས་བསྒྲུབས་འདུག《ཐུགས་འབུམ་མཁའ་སྔོན》གྱི་ལེའུ་བདུན་པ་འབུམ་བཞིའི་ཆེ་བརྗོད་པ་འདི《རྩ་རྒྱུད》དུ་མེད་པས་རྩ་རྒྱུད་ལ་ལེའུ་དྲུག་ལས་མེད། 《འབུམ་བཞིའི》གཉིས་པ《གསོ་བྱེད་སྨན་འབུམ་དཀར་པོ》དང་། 《རྒྱུད་བཞིའི》《ཕྱི་མ་འཕྲིན་ལས་རྒྱུད》གཉིས་ལས། དང་བོ་སྨན་འབུམ་གསུང་པ་པོ་སྟོན་པ་གཤེན་རབ་མི་བོ་དང་། ཞུ་བ་བོ་སྲས་དཔྱད་བུ་ཁྲི་ཤེས། གསུངས་སའི་ཡུལ་འོལ་མོ་ལུང་རིང་ཞེས་གསལ་བ་དེ། 《ཕྱི་མ་རྒྱུད》ལས་གསུང་བ་བོ་དྲང་སྲོང་རིག་པའི་ཡེ་ཤེས་དང་། ཞུ་བ་བོ་དྲང་སྲོང་ཡིད་ལས་སྐྱེས། གསུངས་སའི་ཡུལ་ལྟ་ན་སྡུག་གི་ཞིང་ཞེས་བསྒྱུར་འདུག སྤྱིར་གཞུང་འདི་གཉིས་བརྗོད་དོན་ཕལ་ཆེར་མཚུངས་ཀྱང་རྗོད་བྱེད་ཚིག་སྦྱོར་གྱི་ཁྱད་པར་ཆེ། ལེའུ་གཉིས་པ་ཆུ་བརྟག་ཐབས་ལས་གདོན་རིགས་རྣམས་ཀྱི་མིང་དང་གྲངས་ཅུང་ཟད་མི་འདྲ་བར་འདུག 《སྨན་འབུམ་དཀར་པོར》ལེའུ་སོ་གཉིས་དང་། 《ཕྱི་མ་རྒྱུད》ལ་ལེའུ་ཉེར་བདུན་ཏེ། དེ་ཡང་《སྨན་འབུམ་དཀར་པོའི》ལེའུ་དང་པོ་གླེང་སློང་གི་ལེའུ་དང་། ལེའུ་ཉེར་བདུན་པ་གཉེན་པོ་གཅིག་རྒྱུད། ལེའུ་ཉེར་བརྒྱད་པ་འགོག་སྲུང་། ལེའུ་སུམ་ཅུ་པ་རྒྱུད་ཀྱི་ཆེ་བ་བརྗོད་པ། ལེའུ་སོ་གཉིས་པ་འཁོར་གྱི་གཙོ་བོ་བསྟོད་པའི་ལེའུ་སྟེ《སྨན་འབུམ》ལ་ལེའུ་ལྔ་ལྷག་པོ་བྱུང་འདུག འོན་ཀྱང་《ཕྱི་མ་རྒྱུད》ཀྱི་ནང་དུ་གོང་གསལ་གྱི་ལེའུ་འདི་དག་གི་ནང་དོན་ཕལ་ཆེར་ལེའུ་ཉེར་བདུན་གྱི་ནང་དུ་བསྡུས་འདུག
འབུམ་བཞིའི་གསུམ་པ《དཔྱད་བུ་ཁྲ་བོ》དང་། 《རྒྱུད་བཞིའི》གཉིས་པ《བཤད་རྒྱུད》གཉིས་ལེའུའི་གྲངས་དང་། བརྗོད་བྱའི་ནང་དོན། རྗོད་བྱེད་ཀྱི་ཚིག་སྦྱོར་སོགས་ཕྱོགས་གང་ཐད་ནས་ཕལ་ཆེར་གཅིག་མཐུན་དུ་འདུག འོན་ཀྱང་《དཔྱད་འབུམ》གྱི་དབུར་གཞུང་གསུང་པ་པོ་དང་། གསུངས་སའི་ཡུལ། ཞུ་བ་བོ་སོགས་བོན་ལུགས་རྣམས《བཤད་རྒྱུད》དུ་ནང་པའི་ལུགས་སུ་བསྒྱུར་འདུག་པ་མ་ཟད། གཞུང་འདིའི་བརྗོད་དོན་གཙོ་བོ་བོད་ཀྱི་སྨན་རྫས་ཀྱི་རོ་དྲུག་པོའི་ལྕི་སྣུམ་ལ་སོགས་འབྱུང་བའི་རྫས་ཀྱི་ནུས་པ་ཆེ་ཆུང་གི་གོ་རིམ་རྣམས་གཏན་འབེབས་བྱེད་ཐབས་སྐོར་ལ་གཞུང་གཉིས་པོའི་ལྟ་བ་མི་འདྲ་བ་རེ་བྱུང་འདུག་སྟེ།《དཔྱད་འབུམ་ཁྲ་བོ》ལས།

བསྐ་མངར་ལན་ཚྭ་རྣམས་གསུམ་རིམ་བཞིན་ལྕི། །  དེ་བཞིན་མངར་སྐྱུར་ལན་ཚྭ་སྣུམ་པ་ཡིན། །
བསྐ་མངར་ཁ་བསིལ་ཁ་བསྐ་མངར་བ་རྟུལ། ། སྐྱུར་ཚ་ཁ་བ་རྣམས་གསུམ་ཡང་ལ་རྩུབ། །
སྐྱུར་དང་ལན་ཚྭ་ཚ་གསུམ་ཚ་ལ་རྣོ། ། ཞེས་རོ་དྲུག་པོ་དག་སོ་སོའི་ནུས་པ་ལྕི་སྣུམ་གང་ཆེ་གོ་རིམ་འདི་བཞིན་དུ་དཔྱད་བརྗོད་བྱས་ཡོད་པ་དང་། 《བཤད་རྒྱུད》ལས།
ལན་ཚྭ་བསྐ་མངར་རྣམས་གསུམ་རིམ་བཞིན་ལྕི། །  དེ་བཞིན་ལན་ཚྭ་སྐྱུར་མངར་སྣུམ་ཡིན། །
བསྐ་ཁ་མངར་བསིལ་ཁ་བསྐ་མངར་བ་རྟུལ། ། སྐྱུར་ཚ་ཁ་བ་རྣམས་གསུམ་ཡང་ལ་རྩུབ། །
ཚ་སྐྱུར་ལན་ཚྭ་རྣམས་གསུམ་ཚ་ལ་རྣོ། ། ཞེས་གསུངས་སོ། །
རིག་པ་འདི་ནི་བོད་ཀྱི་སྨན་རྫས་རིག་པའི་ནུས་པ་བརྟགས་ཐབས། འབྱུང་བཞིའི་ནུས་པའི་སྙིང་པོ་བསྡུས་པ་ཞིག་ཡིན་ལ། དེང་དུས་ཚན་རིག་ཤེས་བྱའི་ནང་གི་སྐྱེ་དངོས་སོགས་སྨན་རྫས་ཀྱི་དངོས་པོ་རྣམས་ཀྱི་གྲུབ་ཆ་དང་ནུས་པ་གང་ཡིན་བརྟག་ཐབས་ཀྱི་རྫས་འགྱུར་རིག་པ་དང་། སྐྱེ་དངོས་རིག་པའི་རྩ་བའི་གཞུང་དོན་དང་ནང་དོན་གཅིག་མཚུངས་སུ་སྣང་།  《འབུམ་བཞིའི》བཞི་བ《ནད་འབུམ་ནག་པོ》དང་། 《རྒྱུད་བཞིའི》གསུམ་པ《མན་ངག་རྒྱུད》གཉིས་ཀྱི་ཁྱད་པར་ཡང་གོང་གི་རྒྱུད་གཞན་རྣམས་དང་འདྲ་བ་དབུ་མའི་མཚན་དོན་དང་། ཞུ་བ་བོ་དང་ཞུ་བའི་ཡུལ་སོགས་མི་འདྲ་བ་དང་། རྗོད་བྱེད་ཀྱི་ཚིག་སྦྱོར་ལ་ལེའུ་གཉིས་པ་རླུང་ནད་སྐོར་ཕལ་ཆེར་ཚིག་ལྷུག་ཡིན་པ་དང་། གཞན་རྣམས་ཚིག་རྐང་རིང་ཐུང་མ་སྙོམས་ཅི་རིགས་སུ་སྣང་། 《མན་ངག་རྒྱུད》དུ་ལེའུ་ལྔ་བ་བད་ཀན་སྨུག་པོ་ཞེས་པ་དེ། ནད་འབུམ་ལས་འདུས་པ་ཁྲག་ནད་ཀྱི་ལེའུ་ཞེས་མིང་མི་འདྲ་བར་བྱུང་བ་མ་ཟད། 《རྒྱུད་བཞིར》ཉེས་པ་གསུམ་ཞེས་པ་དེ《འབུམ་བཞི》ལ་རླུང་། མཁྲིས། བད་ཀན། ཁྲག་དང་ཉེས་པ་བཞིར་བཤད། དེ་ཡང་རླུང་ཆུ། མཁྲིས་པ་མེ། བད་ཀན་ས་ཆུ། ཁྲག་མེ་ཁམས་ཡིན་པ་བཅས་བསྟན་པ《རྒྱུད་བཞི》དང་ཉེས་པའི་རྣམ་གྲངས་མི་འདྲ། 《ནད་འབུམ་ནག་པོར》ལེའུ་ཞེ་བཞི་པ་མོ་ནད་སྤྱི་བཅོས་བསྟན་པ་དང་། 《མན་ངག་རྒྱུད》ཀྱི་ལེའུ་ཞེ་བཞི་པ་སྐད་འགག་གསོ་བའི་ཚུལ་བསྟན་ཡོད་ཅིང་། འདི་མན་ཆད་འབུམ་རྒྱུད་གཉིས་པོའི་ལེའུའི་གོ་རིམ་རྣམས་ཕན་ཚུན་མི་མཐུན། 《ནད་འབུམ》ལས་གཟའ་ནད་བཅོས་པ་དང་། ཀླུ་འདོན་བཅོས་པའི་ལེའུ་ནང་གི་ཞང་སྐད་དུ་ཡོད་པའི་སྔགས་རྣམས《མན་རྒྱུད》དུ་མི་སྣང་། རྒས་པ་གསོ་བ་བཅུད་ལེན་གྱི་ལེའུ་ལས་ཚེ་བཀྲགས་བསྐྱེད་པའི་ཞང་སྐད་ཀྱི་སྔགས་རྣམས《མན་རྒྱུད》དུ་ལེགས་སྦྱར་སྐད་ཀྱི་གཟུངས་སྔགས་སུ་བསྒྱུར་འདུག 《མན་རྒྱུད》ལ་ལེའུ་གོ་གཉིས་ཡོད་ཅིང་《ནད་འབུམ་ནག་པོ》ལ་བསྟོད་པའི་ལེའུ་དང་། གཉེར་གཏད་ཀྱི་ལེའུ་སྟེ་གཉིས་ཀྱིས་ལྷག་པས་ལེའུ་གོ་བཞི་ཡོད་འདུག

གསུམ། འབུམ་བཞི་ལས་རྒྱུད་བཞིར་གྱུར་ཚུལ།

དེང་དུས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི《རྩ་བ་གསོ་རིག་རྒྱུད་བཞི》ཡིན་པར་བཤད་ཅིང་། 《རྒྱུད་བཞི》ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་བརྩམས་པར་བཤད། གནའ་བོའི་དུས་སུ《རྒྱུད་བཞི》སངས་རྒྱས་ཀྱི་གསུང་དུ་བཅོས་མཁན་བྱུང་མྱོང་ཡང་དེ་ལ་ཟུར་མཁར་བ་དང་། བཀྲ་འབུམ་པ་སོགས་ཀྱིས་ལུང་རིགས་གཉིས་ཀྱི་སྒོ་ནས་བཀག་ཟིན། འོ་ན《གསོ་རིག་རྒྱུད་བཞིའི》རྩོམ་པ་པོ་དངོས་སུ་ཞེ་ན། 《གསོ་རིག་རྒྱུད་བཞི》བྲིས་མ་དང་པར་མ་གང་ཡིན་ཡང་རྩོམ་པ་པོ་སུ་ཡིན་གསལ་པོར་བཀོད་ཡོད་པ་ཞིག་གཏན་ནས་མཐོང་རྒྱུ་མེད། གཡུ་ཐོག་པས་བརྩམས་པར་བཞེད་པ་ཡང་དོན་ལ་ནང་བའི་མཁས་པ་རྣམས་ཀྱི་ཞེན་ཕྱོགས་ཙམ་ལས་ལུང་རིགས་ཀྱི་རྒྱུ་མཚན་ཆེར་མ་མཐོང་སྟེ། གཡུ་ཐོག་གསར་མའི་རྣམ་ཐར་ལས།“གཡུ་ཐོག་པ་དགུང་ལོ་བཅུ་གཉིས་ཀྱི་སྐབས་སུ་མང་མཁར་ཚ་ལུང་པ་རོག་སྟོན་དཀོན་མཆོག་སྐྱབས་སྒོ་བཞི་རེ་ཐང་དུ་བྱོན་དུས། རྟ་སྒ་སྲབ་དང་བཅས་པའི་འབུལ་བ་ཕུལ་ནས་གསོ་རིག་རྒྱུད་བཞི་ཆ་ཚང་ཞུས།”ཞེས་དང་། ཡང་དེ་ཉིད་ལས། “ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་རིག་ཀུན་གྱི་ཡང་རྩེར་གཟིགས་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་གསེར་མཆན་དང་། ཟངས་མཆན་གཉིས་བཏབ།” ཅེས་སོགས་འཁོད་ཡོད་པར་གཞིགས་ན་གཡུ་ཐོག་གསར་མ《རྒྱུད་བཞི》རྩོམ་པ་པོ་མིན་པ་ཤིན་ཏུ་གསལ། གཡུ་ཐོག་རྙིང་མའི་རྣམ་ཐར་ལས།“གཡུ་ཐོག་པ་དགུང་ལོ་སོ་ལྔའི་ཐོག་རྒྱ་གར་ནས་ཕྱིར་འཁོར་དུས་རྒྱལ་པོས་རྒྱུད་བཞི་གཏེར་ནས་འདོན་དགོས་པར་གསུངས་ཀྱང་། གཡུ་ཐོག་པས་བདག་རྒྱ་གར་ལ་ད་དུང་སྐྱར་གཅིག་འགྲོ་བ་དེ་བར་མི་འདོན་ཞུས།”ཞེས་དང་། ཡང་དེ་ཉིད་ལས། “དགུང་ལོ་ཞེ་ལྔ་བཞེས་དུས་གཏེར་ནས་སྤྱན་དྲངས། དགུང་ལོ་ང་ལྔ་བར(764A.C)ཀོང་པོ་སྨན་ལུང་དུ་བྱོན་ནས་གསོ་རིག་སློབ་གྲྭ་བཙུགས་ཏེ་སློབ་མ་སུམ་བརྒྱ་ཙམ་ལ་རྒྱུད་བཞི་འཆད་ཉན་བྱས”ཚུལ་བཀོད་ཡོད་པ་རེད། དེས་ན་གཡུ་ཐོག་རྙིང་མ་ཡང་རྒྱུད་བཞི་རྩོམ་པ་པོ་མིན་པ་མ་ཟད། དེའི་གོང་དུ་རྒྱུད་བཞི་གཏེར་དུ་སྦས་ཡོད་པ་གསལ་པོར་བསྟན་འདུག
འོ་ན《གསོ་རིག་རྒྱུད་བཞི》དེ་གང་འདྲ་བྱས་ནས་བྱུང་ཡོད་ཅེ་ན། གོང་གསལ་ལྟར་འདིར་འབུམ་རྒྱུད་གཉིས་ཕན་ཚུན་གོ་བསྡུར་ནས་བརྟག་ན། ཐོག་མར《གསོ་རིག་འབུམ་བཞི》བྱུང་ཞིང་དེ་ནས་རིམ་བཞིན་ཚིག་སྦྱོར་དང་། ལེའུའི་གོ་རིམ་རྣམས་དག་བཅོས་དང་ལེགས་སྒྲིག་བྱས་པ་ནི《གསོ་རིག་རྒྱུད་བཞི》ཡིན་པ་བློ་གཟུ་བོར་གནས་པའི་མཁས་པ་རྣམས་ཀྱིས་འབུམ་རྒྱུད་གཉིས་པོ་ཕན་ཚུན་གོ་བསྡུར་ནས་བལྟས་པ་ཙམ་གྱིས་ཤེས་སླ། འོན་ཀྱང་ཆགས་སྡང་གཉིས་ཀྱི་ཁྲི་ལ་ང་རྒྱལ་གྱི་ཅོད་པན་གསོལ་ནས་མཁས་པའི་མཚན་སྙན་འཛིན་ནས་བཞུགས་པ་རྣམས་ལ་སངས་རྒྱས་དངོས་བྱོན་ནས་བདེན་དོན་ངོ་སྤྲོད་གནང་ཡང་རང་འདོད་ཀྱི་ལྟ་བ་ནང་ཡང་འགྱུར་མི་སྲིད་པས། དེ་དང་དེའི་རིགས་ལ་བདེན་དོན་ར་སྤྲོད་པའི་ངལ་བ་མི་བྱའོ། ། བོད་ཀྱི་ལོ་རྒྱུས་ཀྱི་ཡིག་རྙིང་ལྟར་ན《གསོ་རིག་འབུམ་བཞིའི》ཐོག་མ་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ་སྟོང་ཕྲག་གཉིས་ཙམ་ཞིག་ནས་བྱུང་ཡོད་ཅིང་། དེ་ནས་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བར་དུས་རབས་རིམ་བྱུང་གི་མཁས་པ་རྣམས་ཀྱིས་དེ་ལ་ཁ་སྣོན་དང་ཉམས་ཡིག་གསར་སྣོན་བྱས་ནས《གསོ་རིག་རྒྱུད་བཞི》ཞེས་ཡོངས་གྲགས་སུ་དར་ཡོད་པར་ངེས།
སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱིས་བོན་གྱི་བསྟན་པ་བསྣུབས་ནས་ནང་ཆོས་སྤེལ་སྐབས《འབུམ་བཞིའི》མིང་ཡང་《རྒྱུད་བཞིར》བསྒྱུར་ཡོད་པར་ངེས་ཏེ། 《བཀའ་ཐང་ཤེལ་བྲག་མའི》ལེའུ་གྱ་བཞི་པ་ལས། “བེེ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། ། བེེ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། ། བེེ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། ། ”ཞེས་སོགས་གསུངས་པ་འདི་ལས་བོན་ཆོག་རྣམས་ནང་པའི་ཆོས་ཀྱི་རྣམ་པར་བསྒྱུར་ཡོད་པའི་དོན་ཡིན་པ་ལས། བོན་ཆོས་བོད་སྐད་དུ་བསྒྱུར་མི་དགོས་པ་ནི་སུས་ཀྱང་ཤེས་པར་མ་ཟད། བོན་ཆོག་གི་གཏོར་མདོས་ཡས་གླུད་རྣམས་ནང་ཆོས་ཀྱི་རྣམ་པར་བསྒྱུར་ནས་ད་ལྟར་ཡང་བེད་སྤྱོད་བཞིན་ཡོད་པ་འདིས་ཀྱང་ཤེས་སོ། ། དེས་ན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས《རྒྱུད་བཞི》གཏེར་ནས་བཏོན་ཞེས་པ་ཡང་དོན་དུ་སྐབས་དེར་བན་བོན་འཁྲུགས་པའི་དུས་ཟིང་གི་ནང་དུ་བོན་གཞུང་གཏེར་དུ་སྦས་པའམ། སྦས་སྐུང་བྱས་པ་དག་ལས《འབུམ་བཞི》ཕྱིར་བཏོན་ནས་ཐུན་མིན་བོན་ལུགས་ཀྱི་ཐ་སྙད་ཡོད་པ་རྣམས་ནང་ཆོས་ཀྱི་ཐ་སྙད་དུ་བསྒྱུར་ནས《གསོ་རིག་རྒྱུད་བཞི》ཞེས་མཚན་གསོལ་ཏེ་ཀོང་པོ་སྨན་ལུང་དུ《རྒྱུད་བཞི》འཆད་ཉན་མཛད་པ་ནི་གསོ་རིག《འབུམ་བཞི》ནས《རྒྱུད་བཞི》ཞེས་མཚན་འགྱུར་བའི་དུས་སྐབས་ཡིན་པར་སེམས། ཡིན་ནའང་བོན་གྱི་གྲུབ་མཐའ་འཛིན་པ་རྣམས་ཀྱིས《འབུམ་བཞིའི》མིང་མ་ཉམས་པ་དེང་གི་བར་དུ་ལྐོག་ཉར་བྱེད་ཐུབ་པ་བྱུང་ཡོད་འདུག
སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་དུ་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་དགུང་ལོ་བཅུ་གཉིས་སྐབས་སུ་རོག་སྟོན་དཀོན་མཆོག་སྐྱབས་ལས《གསོ་རིག་རྒྱུད་བཞི》ཆ་ཚང་ཞུས། 《རྒྱུད་བཞི》ལ་མཆན་འགྲེལ་གཉིས་མཛད་པ་ལ་གསེར་མཆན་དང་། ཟངས་མཆན་ཞེས་ཟེར། དུས་དེར་ཁོང་གིས《རྒྱུད་བཞིའི》དབུ་ཞབས་བར་ཚིག་སྦྱོར་ལེགས་བཅོས་དང་། ལེའུའི་གོ་རིམ་རྣམས་བསྐྱར་སྒྲིག་མཛད་ནས་འཆད་ཉན་དང་དར་སྤེལ་བཏང་བ་ལ་གཡུ་ཐོག་པའི《རྒྱུད་བཞི》ཞེས་ཡོངས་སུ་གྲགས་པ་འདི་བྱུང་།

 

《བོད་ལྗོངས་ཞིབ་འཇུག》2004ལོའི་དེབ་གཉིས་པའི་སྟེང་ནས།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།