དབུ་མའི་ལྟ་བ་བློ་འདས་ཡིན་མིན་སྐོར་གྱི་དཔྱད་བརྗོད།

གཡུང་དྲུང་སེམས་དཔའ་སྤྲོས་མེད་པའམ་དབུ་མའི་ལྟ་བ་བློ་འདས་ཡིན་མིན་སྐོར་གྱི་དཔྱད་བརྗོད།
བོན་ནག་དགེ་བཤེས་ཡེ་ཤེས་བློ་གྲོས།

ད་ལྟ་གཡུང་དྲུང་སེམས་དཔའ་སྤྲོས་མེད་པའམ་དབུ་མའི་ལྟ་གྲུབ་སྐོར་གྱི་སྐད་ཆ་མང་པོ་ཞིག་བརྗོད་བཞིན་ཡོད་ན་ཡང་དབུ་མའི་ལྟ་བ་བློ་འདས་སུ་བརྗོད་པ་ཧ་ཅང་ཉུང་། རང་ཉིད་ཀྱི་བག་ཆགས་སད་སྟངས་ཤིག་ལས་འཕྲོས་ན་དབུ་མའི་ལྟ་བ་བློ་འདས་སུ་ཁས་ལེན་ཐུབ་ལ་བླངས་ན་ལེགས་པའི་ཡོན་ཏན་གྱི་ཆ་ཡང་མང་པོ་ཞིག་འཕེལ་ཐུབ་པའི་ངེས་ཤེས་སྐྱེས། 
དེ་ཡང་དབུ་མའི་ལྟ་བའམ་སྤྲོས་མེད་དོན་དམ་དེ་བློ་འདས་མ་ཡིན་པར་ཐལ། བློའི་ཡུལ་ཡིན་པའི་ཕྱིར། དེར་ཐལ། བློས་ཡུལ་དུ་བྱ་རུང་བ་ཡིན་པའི་ཕྱིར། དེར་ཐལ། ཡིན་པ་དེ་ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ་ལས། གཞན་ཡང་སྤྲོས་མེད་དམ་དོན་དམ་གྱི་ཆ་བོན་ཅན། ཡུལ་མ་ཡིན་པར་ཐལ། བློ་ཡུལ་དུ་བྱ་རུང་བ་མ་ཡིན་པའི་ཕྱིར་ཏེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། བློ་ནི་ཀུན་རྫོབ་རྟོག་བཅས་ཡིན་ཞེས་གསུངས་སོ། ། འདོད་ན་ཤེས་བྱ་མ་ཡིན་པ་དང་། གཞི་མ་གྲུབ་པ་དང་། རྟོགས་མི་སྲིད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་མ་ཡིན་པར་ཐལ། ཡུལ་མ་ཡིན་པས་སོ། ། ཞེ་ན། དེ་ནི་རྟོག་པའི་དངོས་ཡུལ་མ་ཡིན་པ་ལ་དགོངས་པ་ཡིན་ནོ། ། དེ་ལྟར་མིན་ན། སྤྲོས་མེད་དམ་དོན་དམ་གྱི་ཆ་བོན་ཅན། ཕུལ་དུ་ཕྱིན་པ་འི་བློ་གྲོས་ཀྱི་ཡུལ་མ་ཡིན་པར་ཐལ། བློ་ཡུལ་དུ་བྱ་རུང་མ་ཡིན་པའི་ཕྱིར་རོ། རྟགས་སླ་འདོད་ན། ཤེས་བྱ་ལ་སོགས་མ་ཡིན་པར་ཐལ་བར་འགྱུར་རོ། ། དེས་ན་རྒྱལ་བའི་དགོངས་པ་ཟབ་མོ་ལ་རློམ་སེམས་མ་བསྐྱེད་མཁས་ལ་བརྟེན་པར་མཛོད། ཅེས་གསུངས་སོ། །
ཡང་སྤྲོས་མེད་དམ་དོན་དམ་བོན་ཅན། བློས་ཡུལ་དུ་བྱ་རུང་བ་མ་ཡིན་པར་ཐལ། བློ་འདས་ཡིན་པའི་ཕྱིར། དེར་ཐལ། བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བ་ལས། གཉིས་པ་ལ་སྤྲོས་མེད་དོན་དམ་ཤེས་བྱ་མ་ཡིན་པར་འགྱུར་ཞེ་ན་འདོད་དེ། བློ་འདས་ཡིན་པའི་ཕྱིར་རོ། ། དེ་ལྟར་ན་རྣལ་འབྱོར་མངོན་སུམ་གྱིས་གཞལ་བྱ་མ་ཡིན་པར་ཐལ་ཞེ་ན། རྣལ་འབྱོར་གྱི་གཞལ་བྱ་ཡིན་ཀྱང་ཤེས་བྱ་མ་ཡིན་ཏེ་ཡུལ་དང་ཡུལ་ཅན་དབྱིངས་ཤེས་དབྱེར་མེད་དུ་གཟིགས་པའི་ཕྱིར་རོ། །ཞེས་གསུངས། །
ཡང་དབུ་མའི་སྤྲོས་མེད་དམ་དོན་དམ་མམ་དོན་དམ་བདེན་པ་དེ་བློའི་ཡུལ་མ་ཡིན་པ་དང་། ཚིག་གི་ཡུལ་མ་ཡིན། མཚོན་པའི་ཡུལ་མ་ཡིན། དབང་པོའི་ཡུལ་མ་ཡིན། ཤེས་པའི་ཡུལ་སོགས་མ་ཡིན་པ་མེ་སྟོན་ཆེན་པོ་ཤེས་རབ་འོད་ཟེར་གྱིས་མཛད་པའི་དབུ་མ་བདེན་གཉིས་ཀྱི་རང་འགྲེལ་ལས་དོན་དམ་པ་དེ་ནི་བསམ་དུ་མེད་དེ་བློའི་ཡུལ་མ་ཡིན། བརྗོད་དུ་མེད་དེ་ཚིག་གི་ཡུལ་མ་ཡིན། དཔེ་མེད་དཔེའི་མཚོན་པའི་ཡུལ་མ་ཡིན། བལྟར་མེད་དེ་དབང་པོའི་ཡུལ་མ་ཡིན། བརྟག་ཏུ་མེད་དེ་ཤེས་པའི་ཡུལ་མ་ཡིན་དེ་ལྟར་འདི་ཞེས་བྱ་བ་ཅི་ལྟ་བུ་ཡང་མཐོང་བ་མེད་པ་དེ་ཉིད་དོན་དམ་མཐོང་ཞེས་ཐ་སྙད་གདག་སྟེ། གང་དུ་ཡང་མ་མཐོང་བ་དེ་ཉིད་མཐོང་བའོ་ཞེས་པའམ། དོན་དམ་ཞེས་པ་ཡང་མིང་ཙམ་བརྡ་ཙམ་ཐ་སྙད་ཙམ་མོ། །ཞེས་གསུངས།
ཡང་འདིའི་དོན་དམ་བདེན་པ་ལ་སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་ཤིག་དགོས་པ་རྨེའུ་མཁས་པ་དཔལ་ཆེན་པོའི་ཁམས་འགྲེལ་ལས། མཚན་གཞི་ནི་སྤྲོས་པ་མཐའ་དག་བཀག་ཙམ་དེ་མཚན་གཞི་ཡིན་ལ། རིག་པའི་ངོས་ནས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་བ་ནི་མཚན་ཉིད་ཡིན་ནོ། །ཞེས་དང་། ཡང་མེ་སྟོན་ཆེན་པོའི་དབུ་མའི་རང་འགྲེལ་ལས་དོན་དམ་མཚན་ཉིད་རྣམ་པར་ཆད། །འོན་ཀྱང་སྤྲོས་པ་རྣམས་དང་བྲལ། །ཞེས་པ་གཉིས་པ་དོན་དམ་ཀྱི་མཚན་ཉིད་ཡིན་ཏེ། །མཚན་མེད་ལ་སོགས་སྤྲོས་པར་འགྱུར་བས་བཞག་ཏུ་མེད་པའོ། ། འོན་ཀྱང་གདུལ་བྱ་ལ་མཚོན་པ་ཙམ་སྤྲོས་པའི་མཐའ་ཐམས་ཅད་བྲལ་བ་ཡིན་ཞེས་པ་ཙམ་མོ། ། ཞེས་གསུངས།
ལུང་འདི་དག་གིས་དབུ་མའི་དོན་དམ་བློ་འདས་ཡིན་པ་བསྟན་ལ་བློ་ལ་ནམ་ཡང་ཀུན་རྫོབ་རྟོག་སྣང་ཞིག་མ་གཏོགས་མི་འདུག་པས་དེས་མཐའ་ཐམས་ཅད་ནས་བྲལ་བའི་ལྟ་བའི་ངོ་བོ་ཇི་ལྟར་མཐོང་། བློ་ཡིས་མཐོང་སོང་བ་ཡིན་ན་འགྲོ་མགོན་རིན་པོ་ཆེའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན་ལས་བདེན་པའི་རང་བཞིན་གྱི་མཚན་ཉིད་འཇོག་པའི་སྐབས་སུ་ཁ་ཅིག་གིས་བློ་ངོར་གྲུབ་པ་འདོད་དེ། རྫུན་ལ་ཁྱབ་ཆེ་ལ་དོན་དམ་ལ་མ་ཁྱབ་སྟེ། སྨྲ་བསམ་ཚིག་ལས་འདས་དེ་བརྗོད་དུ་མེད་ཅེས་གསུངས། ཞེས་པ་དག་དགོས་མེད་དུ་ཐལ་འགྲོ་བ་ལས་ཅི་ཡོད།
ང་རང་ཉིད་ཀྱི་བསམ་བློ་ཡིན་ན་བློ་འདས་འདོད་པ་འདི་དབུ་མ་གཉིས་ཀྱི་ཁྱད་པར་ལས་འོང་བར་སེམས། ཇི་ལྟར་ན་དབུ་མ་མཚན་མ་ཀུན་བྲལ་ཅི་མི་སྣང་གི་ལུགས་ལ་དོན་དམ་བདེན་པ་བཞག་ན་སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་འཇོག་དགོས་ལ་འདིའི་ལུགས་ལ་འཇིག་རྟེན་གྲགས་སྡེ་དོན་དམ་ཞིག་མེད་པར་སེམས། དེ་དེའི་ལུགས་ལ་ཡོད་སོང་བ་ཡིན་ན་མཚན་མ་ཀུན་བྲལ་ཅི་སྣང་ཞེས་པའི་གོ་བ་དང་འགལ་བའི་མ་ཚད་དོན་དམ་གྱི་ངོ་བོ་དང་ཡང་འགལ་བར་གནས་ཡོད། འདིའི་ལུགས་ལ་དོན་དམ་ཡིན་ན་ཟབ་མོ་གཏམ་གྱི་དོན་དམ་བདེན་པ་ཡིན་པས་ཁྱབ་པར་འདོད། དབུ་མ་འདིའི་ལུགས་ལ་ལམ་ལྔ་མེད་དམ་ཞེ་ན། ཡོད་དེ། འདིའི་ཚོགས་སྦྱོར་གྱིས་གནས་སྐབས་སུ་གཙོ་ཆེ་བའི་དབང་དུ་བྱས་ན་དེ་གཉིས་ཀྱིས་འདིའི་དོན་དམ་བདེན་པ་མ་རྟོགས་པས་དེ་གཉིས་ལམ་མཚན་ཉིད་པ་མ་ཡིན། ངས་དེ་ལྟར་ཟེར་དགོས་པའི་རྒྱུ་མཚན་རྨེའུ་སྟོན་པ་ཚུལ་ཁྲིམས་དཔལ་ཆེན་གྱིས་མཛད་པའི་ཁམས་འགྲེལ་ལས་གལ་ཏེ་ལམ་གྱི་སྲིད་པ་ལ་ལམ་གཞན་ཡང་ཡོད་པ་ལ་མཐོང་ལམ་ཁོ་ན་སྟོན་པ་ཅི་ཞེ་ན། མོས་པར་སྤྱོད་པའི་ལམ་མན་ཆད་ནི་ལམ་མཚན་ཉིད་པ་མ་ཡིན་ལ། ས་དང་པོ་ཡན་ཆད་ལམ་མཚན་ཉིད་པ་ཡིན་པས་མཐོང་ལམ་གྱི་སྲིད་པར་བསྟན་པས་སྒོམ་ལམ་ཡང་མཚོན་པ་ཡིན་ནོ། ། ཞེས་གསུངས་པས་ཡིན། ང་གྲྭ་ས་ན་ཡོད་དུས་གོང་མའི་དགེ་བཤེས་ཁ་ཅིག་གིས་དེ་ལ་སྟོང་ཉིད་མངོན་སུམ་དུ་མ་རྟོགས་ཙམ་གྱིས་རེད་ཟེར། དེ་ལྟ་བུ་ཞིག་ཡིན་ན་དེ་ལ་རྒྱུ་མཚན་ཆུང་བར་སྣང་ཡང་། ངས་གཙོ་ཆེ་བའི་དབང་དུ་ཐེག་ཆེན་དབུ་མའི་ལྟ་བ་རྟོགས་མ་རྟོགས་གྱིས་བཞག་ན་དགོས་གནད་ཅིག་མཐོང་བར་འདོད། རྒྱུ་མཚན་གང་རེད་ཟེར་ན། ལམ་གྱི་སྲིད་པ་འཆད་པའི་སྐབས་སུ་བློ་འདས་ཀྱི་དགོངས་པ་མཐོང་བས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་གནས་ལུགས་བཞག་ཡོད་པས་ཡིན།
ངས་གོང་ནས་གཙོ་ཆེ་ཟེར་དགོས་པའི་རྒྱུ་མཚན་གང་རེད་ཟེར་ན། བོན་གྱི་སྤྱན་ལྡན་ཆེན་པོས་བཞེད་པའི་སྤྲོས་མེད་ཉིད་དུ་རྟོགས་པའི་རིགས་ཤེས་དེ་ཚོགས་ལམ་ཡིན་ལ་དེས་དབུ་མའི་ལྟ་བ་རྟོགས་པས་དེ་བཀར་དགོས་པས་ཡིན། འོ་ན་རིགས་ཤེས་དེ་བློ་མ་ཡིན་ནམ་ཞེ་ན། དེ་བློ་ཡིན་སོང་ན་དབུ་མའི་ལྟ་བ་རྟོགས་པའི་དུས་མི་འོང་། བློ་ལ་ཀུན་རྫོབ་རྟོག་སྣང་གིས་ཁྱབ། འོ་ན་མེ་སྟོན་ཆེན་པོའི་དབུ

་མའི་རང་འགྲེལ་ལས་བློའི་ཡུལ་མ་ཡིན་ཞེས་པ་དང་ཤེས་པའི་ཡུལ་མ་ཡིན་ཞེས་པའི་བློའི་ཡུལ་མ་ཡིན་ན་ཆོག་མོད་ཤེས་པའི་ཡུལ་མ་ཡིན་ཞེས་པ་ཇི་ལྟར་འགྲེལ་ཞེ་ན། ལམ་གྱི་སྐབས་སུ་བློའི་ཡུལ་མ་ཡིན་པ་དང་མཐར་ཐུག་གི་སྐབས་སུ་ཤེས་པའི་ཡུལ་མ་ཡིན་པར་འདོད༼ཁ་ཅིག་གིས་གཟུང་འཛིན་ཅན་གྱི་ཤེས་པའི་ཡུལ་མ་ཡིན་པར་འདོད་པའི་རྗེས་སུ་ང་མི་འབྲང་།༽དགོས་པར་སེམས། གང་ལྟར་ལུང་འདི་ལ་ང་སྤྲོ་བ་ཆེན་པོ་ཞིག་གི་ཚོར་སྣང་གདའ།
འོ་ན་རྗེ་མཉམ་མེད་ཆེན་པོའི་ཚད་མའི་ལུང་ཚིག་དེ་གང་ལ་འཇོག་ཅེ་ན། དེ་ནི་བློ་རྩ་ཆེན་དུ་ལྟ་བའི་རྒྱལ་ཚབ་དར་མ་རིན་ཆེན་སོགས་ཀྱིས་འདོད་པ་དང་མི་འདྲ། དེ་ནི་དབུ་མ་རོལ་བ་སྐྱེ་མཆེད་ལྟར་སྣང་བའི་ལུགས་ལ་དགོངས་པར་འདོད། དེ་ལྟར་མིན་ན་ཁྱོད་ཚོས་གང་ལ་འཇོག ཡང་ཁོང་གིས་མཛད་པའི་ས་ལམ་འཕྲུལ་གྱི་སྒྲོན་མེ་རང་འགྲེལ་ལས་དང་པོ་ནི་སྟོང་ཉིད་བཅོ་བརྒྱད་ལ་སོགས་དོན་དམ་དུ་བཞག་སྟེ། སྤྲོས་བྲལ་གྱི་རང་བཞིན་ཆ་དང་། བློ་ལ་མི་ལྟོས་པའི་བོན་ཡིན་པའི་ཕྱིར། དཔེར་ན་ཐག་ཁྲ་བཞིན་ནོ། ཞེས་གསུངས་པ་ལ་ངེས་པར་དུ་གཞིག་ན་བློ་འདས་ཀྱི་དགོངས་པ་བསྟན་ཡོད་པས་བསམ་དགོས་པ་ཞིག་རེད། རོལ་བ་སྐྱེ་མཆེད་ལྟར་སྣང་གི་དོན་དམ་བདེན་པ་དེ་མཚན་མར་མ་གྲུབ་པའི་ཡིན་ལུགས་དང་བདེན་པ་ལ་འདོད་དགོས་ལ་དེའི་མཚན་མ་ནི་ཐ་སྙད་པའི་བློ་ཡི་མཚན་མ་གོ་དགོས་ལ་དེ་མ་གྲུབ་པས་ཡིན། གང་ལྟར་དབུ་མའི་ལྟ་བ་བློ་འདས་མ་ཡིན་པར་ཐལ། དབུ་མ་བ་གང་རུང་ཞིག་གི་ངོ་ལ་དབུ་མའི་ལྟར་བར་འདོད་མཁན་ཞིག་བློ་འདས་མ་ཡིན་པའི་ཕྱིར། ཞེ་ན། བསྐལ་བའི་བར་དུ་ཁྱབ་མེད་ཀྱི་ལན་འདེབས་ངེས་སོ། །འདིས་མཚོན་ནས་དབུ་མའི་ལྟ་བ་བློ་འདས་སུ་ཅུང་ཙམ་བརྗོད་པ་རེ་ཞིག་རྫོགས་སོ། །

 

ཞེས་མདོ་སྨད་བྱང་རྒྱུད་ཀྱི་བོན་གྱི་དགེ་བཤེས་ཐོག་མ་བོན་ནག་ཚང་ཡེ་ཤེས་བློ་གྲོས་སུ་འབོད་པས་རང་དགོན་བོན་བརྒྱ་སྨན་རིའི་བཤད་སྒྲུབ་སྨིན་གྲོལ་གླིང་ནས་བྲིས།
༢༠༡༠. ༡༡ . ༦—༨ཉིན་བྲིས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།