མདོ་སྨད་ཀྱི་བོན་བསྟན་དར་ནུབ་སྐོར་གླེང་བ།

མདོ་སྨད་ཆོས་འབྱུང་ལས་འཕྲོས་པའི་མདོ་སྨད་ཀྱི་བོན་བསྟན་དར་ནུབ་སྐོར་
གླེང་བའི་གཏམ་མེས་པོའི་རྗེས་ཤུལ།

བོན་ནག་ཚང་ཡེ་ཤེས་བློ་གྲོས།

༄༅། །གནའ་བོའི་དུས་སྐབས་ཤིག་ལ་ཙོང་ཁའི་ཡུལ་དེ་ཡང་གཞི་རྒྱ་ཧ་ཅང་ཆེ་ཞིང་མདོ་སྨད་ཀྱི་རྒྱ་ཁྱོན་དེ་ཡང་ཕལ་ཆེ་བ་ཙོང་ཁས་བཟུང་ཡོད། ཙོང་ཁའི་ཡུལ་ཕྱོགས་མ་ཚད་མདོ་སྨད་ཕྱོགས་སུ་བོན་བསྟན་ཤུགས་ཆེན་དར་ཡོད་ན་ཡང་བོན་བསྟན་གྱི་སྐྱ་རེངས་དེ་དགེ་ལུགས་པ་དང་གྲུབ་མཐའི་ཕྱོགས་ཞེན་གྱི་མུན་ནག་གིས་ཟོས་པས་བོན་བསྟན་གྱི་འོད་སྣང་ཕྲན་བུ་ཞིག་མ་གཏོགས་མདོ་སྨད་གྱི་ཕྱོགས་སུ་ལྷག་མེད་པར་གྱུར། རྒུད་པ་དེ་ས་སྐྱའི་དུས་སྐབས་སུ་མགྲོ་འགོན་འཕགས་པ་ལ་སློབ་མ་གྲྭ་ཆེན་བཞི་ཡོད་པ་དེས་མདོ་སྨད་ཀྱི་བོན་མཐའ་དག་བསྒྱུར་ནས་མེད་པར་བཟོས་པ་ཞིག་ཡིན་པ་མདོ་སྨད་ཆོས་འབྱུང་ལས་འཕགས་པའི་གྲྭ་ཆེན་བཞིས་མདོ་སྨད་ཀྱི་བོན་བསྒྱུར་ཏེ་སོ་སོའི་གནས་བཞི་བརྩིགས།༼མདོ་ཆོས་ཤོག་གྲངས༢༡ན་ཡོད༽ཞེས་དང༌། ཚེ་ཏན་ཞབས་དྲུང་མཆོག་གི་བྱ་ཁྱུང་གདན་རབས་ལས་ས་སྐྱའི་འགྲོ་མགོན་འཕགས་པ་ལ་སློབ་མ་གྲྭ་ཆེན་བཞི་ཡོད་པའི་གཅིག་ལ་ཏཱ་དབོན་དྲུང་རིན་ཆེན་གྲགས་ཟེར། འདིས་འཕགས་པ་བོད་དུ་བྱོན་པའི་སྐུ་ཚབ་མཛད། ཧོར་རྒྱལ་པོས་འཕགས་པ་དང་མཚུངས་པར་བཀུར། ཤིང་ཀུན་དཔལ་གྱི་སྡེ་ཆེན་སོགས་གདན་ས་གསུམ་དུ་གྲགས་པའི་སྡེ་ཆེན་བཙུགས། དེའི་དབོན་པོ་དྲུང་མཛེས་པའི་ཏོག་གམ་དཀོན་མཆོག་རིན་ཆེན་ཏེ་ཁུ་དབོན་གཉིས་ཀའང་འགྲོ་མགོན་འཕགས་པའི་དངོས་སློབ་ཡིན། རྨ་ཆེན་གངས་ལ་ཐུག་པའི་བར་གྱི་མདོ་སྨད་གྱི་བོན་མཐའ་དག་བན་དེར་བསྒྱུར་པ་སོགས་ཕྱག་རྗེས་ཆེ།༼བྱ་ཁྱུང་གདན་རབས་ཤོག་གྲངས༡༠༤,༡༠༥ཡོད༽ཞེས་པ་འདི་ལས་ང་ཚོས་ཤེས་ཐུབ་པ་ནི་བོན་བསྟན་མེད་པར་བཟོས་པའི་བོད་མིའི་སྤྱི་ཚོགས་ཞིག་གི་ཕམ་ཉེས་ཚོར་ཐུབ།  ཀོང་ཙེ་འཕྲུལ་གྱི་རྒྱལ་བོ་དེ་ཡང་ང་ཚོའི་གནས་འདི་ལ་བྱོན་ནས་སྟོན་པ་གཤེན་རབ་ཀྱི་སྐུ་བརྙན་མང་པོ་ཞིག་བཞེངས་སྐྲུན་བྱས་པ་བན་དེ་རྣམས་ཀྱིས་བྱམས་སྐུ་རུ་བསྒྱུར་བ་ཧ་ཅང་མང་ཞིང་དེའི་ཁྲོད་ནས་བྱམས་པ་འབུམ་གླིང་གི་བྱམས་སྐུ་དེར་དཔེར་མཚོན་ནས་ཅུང་གླེང་ན། དེ་ཡང་བན་དེ་རྣམས་ཀྱིས་བྱམས་སྐུ་རུ་བསྒྱུར་བ་མདོ་སྨད་ཆོས་འབྱུང་ལས་བྱམས་པ་འབུམ་གླིང་གི་བྱམས་ཆེན་འདི་ངག་རྒྱུན་འགར་ཀོང་ཙེས་བཞེངས་པ་ཡིན་ཟེར་ཞིང༌། དེའི་རྒྱུ་མཚན་གྱིས་ཀོང་ཙེ་མིང་ལ་ཡང་བཟོ་ཀོང་ཙེ་དང་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་བཤད། འགའ་ཞིག་དེ་བོན་པོ་ཞིག་ཡིན་པ་གཞིར་བཞག་ནས། དང་པོ་སྟོན་པ་གཤེན་རབ་ཀྱི་སྐུ་ཡིན་པ་ལ་ཕྱིས་སུ་གཙུག་ཏོར་སོགས་བསྣན་དེ་བྱམས་སྐུའི་རྣམ་པར་བསྒྱུར་ཟེར་སྣང༌། ཞེས་དང༌། སྐལ་ལྡན་ཆོས་འབྱུང་དུ། ཀོང་ཙེ་འཕྲུལ་རྒྱལ་གྱིས་བྱམས་སྐུ་ཆེན་མོས་ཐོག་དྲངས་བྱམས་སྐུ་འབུམ་ཐེར་བཞེངས༼མདོ་ཆོས་ཤོག་གྲངས༢༢༧,༢༢༨ན་ཡོད༽།ཞེས་དང༌། གཞན་མཁར་ནག་ཆོས་འབྱུང་དུ་རྨ་ཆུའི་འགྲམ་དུ་སྤྲུལ་བའི་ལྷ་ཁང༌། བཟོ་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་པའི་བྱམས་པ་འབུམ་གླིང་དུ་རྗེ་རིན་པོ་ཆེའི་བསྟན་པ་དར་ཞིང་ཁྲི་ཐོག་དཔོན་པོས་སྨོན་ལམ་ཆེན་མོ་བཙུགས་ཞེས་བཤད་ལ༼མདོ་ཆོས་ཤོག་གྲངས༢༢༩ན་ཡོད༽། ཞེས་པ་ལ་གཞིག་ན་བོན་གྱི་སྐུ་བརྙན་མང་པོ་ཞིག་ཇོ་བོའི་སྐུ་དང་བྱམས་སྐུ་རུ་བསྒྱུར་བ་མང་པོ་ཞིག་ཡོད་པ་རྟོགས་ཐུབ།

ཡང་མདོ་ཆོས་ལས་ཚ་བོ་བསོད་ནམས་རྒྱལ་མཚན་སེར་སྨད་དུ་མདོ་སྔགས་སྤྱི་དང་། ཁྱད་པར་ལྔ་བ་ཆེན་པོ། བྱ་བྲལ་བློ་བཟང་རིན་ཆེན། པྲ་ཏི་དགེ་བཤེས་སོགས་བསྟེན་ནས་རིག་གནས་ལ་སྦྱངས་པས་མཁས་པར་མཁྱེན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བོན་བསྒྱུར་རྒྱུ་དང་། དེའི་ཕུར་ཟློག་གི་ཆེད་གདུགས་དཀར་རྒྱལ་མཚན་མཐོ་སྐོར་གྱི་ཁྲིད། ཕྱག་ལེན་དང་བཅས་པ་གནང་བས་ད་ལྟ་འཁོར་ལོའི་དཔར་ཀྱང་ཡོད། རང་ཡུལ་དུ་བོན་གྱི་ཆོས་ལུགས་བསྒྱུར། ཁུ་བོ་རིས་ཕྱེ་ལ་རྗེ་ང་འདྲ་མའི་སྐུ་པར་མང་དུ་བཏབ༼མདོ་ཆོས་ཤོག་གྲངས་༦༦༢,༦༦༣ན་གསལ༽ཅེས་པ་ལས་ང་ཚོས་ཤེས་ངེས་པ་ནི་རྒྱལ་དབང་ལྔ་བ་དང་པཎ་ཆེན་ཆོས་རྒྱན་གཉིས་ཀྱི་བསམ་བློའི་ཤུགས་རྐྱེན་དང་ཁུ་བོའི་སྨོན་པ་ཟུང་འབྲེལ་སྒོ་ནས་བསོད་ནམས་རྒྱལ་མཚན་གྱིས་ཡུལ་འདིའི་བོན་མཐའ་དག་ཆོས་སུ་བསྒྱུར་ཏེ་བོན་གྱི་མིང་ཙམ་མེད་པར་བྱས།

ཡང་དེ་ཉིད་ལས་སྦྱིན་བདག་ཝང་གིས་ཀླུ་འབུམ་དཀར་པོ་གསུངས་དགོས་ཞེས་པའི་ནང་དུ་གདན་འདྲེན་ཞུས་ཀྱང་མ་ཕེབས། རྒྱུ་མཚན་བྱས་པ་དེར་བོན་ཆོས་རེད་གསུངས། བོན་ཆོས་ཡིན་ཀྱང་སྟོན་པ་གཤེན་རབ་རྒྱལ་བ་ཤཱཀྱ་ཐུབ་པའི་སྤྲུལ་བ་རེད་མོད་ཞུས། དེ་ཡིན་ཤས་ཆེ་སྟེ་སྐྱབས་གཉིས་འཛིན་བྱས་ན་སྐྱབས་འགྲོ་གཏོང་བ་ཀུན་མཁྱེན་བླ་མའི་གྲུབ་མཐའ་ཆེན་མོར་ཡོད་ཚུལ་གསུངས༼མདོ་ཆོས་ཤོག་གྲངས༦༤༠ན་གསལ༽ཞེས་པ་ལས་ཀླུ་འབུམ་དཀར་པོ་བོན་གྱི་གཞུང་ལུགས་ཤིག་ཡིན་པ་གསལ་ངོས་སུ་བསྟན་ཞིང་གྲུབ་མཐའ་གཞན་གྱིས་འདོན་པའི་ཀླུ་འབུམ་དཀར་པོ་དེ་ཡང་སྟོན་པ་གཤེན་རབ་ཀྱི་གསུང་ལས་མ་འདས། སྟོན་པ་གཤེན་རབ་ཤཱཀྱ་ཐུབ་པའི་སྤྲུལ་བ་མ་ཡིན་ལ་ཤཱཀྱ་ཐུབ་པ་སྟོན་པ་གཤེན་རབ་ཀྱི་འཁོར་དུ་གཏོགས་པ་ལྷ་བུ་དམ་པ་ཏོག་དཀར་གྱི་སྤྲུལ་བ་རེད། ཇི་ལྟར་ན། མདོ་དྲི་མེད་གཟི་བརྗིད་ལས། ལྷའི་བུ་དམ་པ་ཏོག་དཀར་ཁྱོད།།འདི་ནས་འཛམ་གླིང་ལྷོ་ཕྱོགས་ཀྱི།།རྒྱ་གར་ཝ་ར་ན་སི་རུ།།རྒྱལ་པོ་ཤག་གི་སྲས་སུ་འཁྲུངས།།ང་མིན་ཆོས་པོས་བསྒྱུར་བ་ཡི།།བོན་ལས་འཆོས་པའི་ལོག་བསླུ་ལ།།ཡང་དག་ཆོས་ཞེས་བྱ་བ་བསྒྱུར།།མིའི་ལོ་བརྒྱད་བརྒྱ་ཉི་ཤུ་ན།།རབ་འབྱམས་བཀའ་ཡི་འཁོར་ལོ་བསྐོར།།ཞེས་པ་ལས་ཤཱཀྱ་ཐུབ་པ་ལྷ་བུ་དམ་པ་ཏོག་དཀར་གྱི་སྤྲུལ་བ་ཡིན་པ་ཤེས་ཐུབ།

ཡང་མདོ་ཆོས་ལས་ཀིརྟིའི་ཀ་ལ་རིའི་དགོན་བཀྲ་ཤིས་ལྷུན་གྲུབ་ནི། རོང་བ་ལྕེ་ནག་པས་རྗེ་རིན་པོ་ཆེ་དང་། བླ་མ་ལྷོ་བྲག་པའི་ལུང་བསྟན་བཞིན་ཆུ་འབྲུག་ལ་གཙུག་ལག་ཁང་བཞེངས། ཡོས་ལོར་གནས་འཚོལ་དུ་ཕྱིན་སྐབས་བྱ་རོག་གཉིས་ཀྱིས་ལུང་བསྟན་གྱི་གནས་བསྟན། དེར་བོན་པོ་སྒོམ་པ་འགའ་ཞིག་ཡོད་པར། དེའི་གཡོན་ནས་སྒྲུབ་ཁང་བརྩིགས་ཏེ་སྒྲུབ་པ་མཛད་ན་བོན་གྱི་ས་དགྲ་ཡིན་ཞེས་ཆོས་སྐྱོང་གིས་བསྐུལ། དེ་བཞིན་མཛད་པས་བོན་རྣམས་གྲོང་བ་དང་ནང་འཁྲུགས་བྱུང་ནས་གནས་ཕུད༼མདོ་ཆོས་ཤོག་གྲངས༧༦༩ན་གསལ༽ཅེས་པ་ལ་གཞིག་ན་བོན་གྱི་གདན་ས་སྐོར་ཞིག་འདི་ལྟར་བཙན་དབང་གིས་འཕྲོག་བཅོམ་དང་གཏོར་བཤིག་གི་ཀློང་ནས་འདས་སོང་བར་མ་ཚད་དེ་ཉིད་ལས་ཕྱི་ལོ་ཡོས་ཀྱི་དབྱར་ཟླ་ར་བ་ལ་ལྕེ་ནག་པ་ཡང་བྱོན། ཕྱོགས་འདི་བོན་གྱིས་བཟུང་ཡོད་པས་བོན་དང་མཐུ་འགྲས་ཤོར། བོན་སྟོན་མང་པོ་བཀྲོངས། ཞལ་ནས། ང་རྒྱལ་ཤེས་འདོད་བློ་ནི་མ་མཆིས་ཏེ།།སངས་རྒྱས་བསྟན་པའི་དོན་དུ་ཉམས་སུ་བླངས།།ལྟ་ལོག་བོན་པོའི་མགོ་ལ་ཚད་མདའ་བརྒྱབ།།བརྒྱ་ཕྱེད་མཁན་སྤྱོད་གནས་སུ་བཛྲམུ།།༼མདོ་ཆོས་ཤོག་གྲངས༧༧༤ན་གསལ༽ཞེས་ཛ་དྲག་གི་གྲུབ་མཐའི་འཁྲུགས་རྩོད་ཀྱི་སྒོ་ནས་བོན་གཤེན་དང་བོད་མི་སྐོར་ཞིག་འདི་ལྟར་གནས་ཕུད་དང་ཚེ་སྲོག་ཤོར།

མདོ་ཆོས་ལས་རབ་བརྟན་གྱི་རྒྱལ་ས་བོན་གྱི་གནས་ཆེན་དུ་གྲགས་ཤིང་། ཆུ་བྲག་འཐབ་པའི་བསྭོོ་ཐུན་གྱི་སྒྲ་བྱུང་། བོན་གྱི་མཚན་ཉིད་ཡོད་པའི་དགོན་ཆེན་གཡུང་དྲུང་ལྷ་སྟེང༧གོང་གི་བཀས་དགེ་ལུགས་སུ་བསྒྱུར༼མདོ་ཆོས་ཤོག་གྲངས༧༧༧ན་གསལ༽ཞེས་དང་། ཡང་བཙན་ལྷའི་རྫོང་ཤུལ་དུ་རྒྱས་ཕོག་དཔོན་དང་། དམག་དཔོན་བཞག བོན་བསྒྱུར་ཏེ་དགོན་སྡེ་ཆགས་པ་རྒྱལ་རྩ་གླིང་ངམ་མིས་ཐཱོ་དགོན༼མདོ་ཆོས་ཤོག་གྲངས༧༧༩ན་གསལ༽ཞེས་པས་གནས་སྐབས་དེར་བོན་བསྟན་ཤུགས་ཆེར་དར་བ་མཚོན་ཞིང་དགེ་ལུགས་པའི་ཧམ་སེམས་ཀྱི་ཁྲོད་ནས་བོན་དགོན་འདི་དག་བོན་གྱི་མིང་ཙམ་མེད་པར་བྱས།

མདོ་ཆོས་ལས་སྐུ་འབུམ་སྟོད་དུ་ཟི་ལིང་སྟོང་འཁོར་དགོན། སྟོང་འཁོར་ཟླ་བ་རྒྱལ་མཚན་ནི། བོད་ཆེན་པོའི་སའི་ཆ་བར་ཁམས་སྟོང་འཁོར་དུ།ཙར་ངོས་ཞེས་པའི་སར་རོང་བུ་ལོང་བ་ཟེར། སྤྲང་པོ་ཁྱོ་ཤུག་གི་སྲས་སུ་རབ་བྱུང་བརྒྱད་པའི་མེ་སྤྲེལ་ལ་འཁྲུངས། རྒྱལ་བ་དགེ་འདུན་རྒྱ་མཚོ་དང་དགུང་མཉམ་ཡིན། ཡབ་ཀྱིས་བོན་པོའི་བླ་མ་ཞིག་ལ་བརྟག་པ་བྱས་པར། ཁྱོད་ཀྱི་བསྟན་པ་ཟླ་བ་བཞིན་དུ་གསལ་བ་དང་། ངེད་ཅག་བོན་གྱི་བསྟན་པ་མུན་ནག་བཞིན་དུ་སེལ་བའི་སྔ་ལྟས་བྱུང་འདུག་ཟེར། རང་ཡུལ་དུ་ཕེབས་ཏེ་སྔོན་བོན་པོའི་དགོན་གནས་བོན་ཁང་སྒང་བ་ཞེས་པའི་ས་ཆ་བསླངས་ཏེ་སྟོང་འཁོར་དགོན་གསང་ཆེན་རྡོ་རྗེ་གླིང་བཏབ༼མདོ་ཆོས་ཤོག་གྲངས༡༨༢ན་གསལ༽ཞེས་པའི་བོན་དགོན་དང་བོན་པོ་ཚོ་འཕགས་པའི་གྲྭ་ཆེན་བཞི་དང་དགེ་ལུགས་པ་ཚོས་གྲུབ་མཐའ་ཞིག་གི་རྒྱལ་ཁའི་དབང་གིས་ཁྱུར་མིད་བྱས།

ཡང་མདོ་ཆོས་ལས་བོན་བྱ་ཚང་དུ་ཉེ་ཚན་བུད་མེད་ཅིག་ཡོད་པས་གསོལ་ཚིགས་དྲངས། ཡུར་ལས་གྱིས་མནར་བ་ལ་ཐུགས་བརྩེ་བས་ཡུར་མནར་དང་མཆོད་བརྟེན་བརྩིགས་པས་ཡུར་མ་ཆད། མོས་ར་ཕྱར་གྱི་བཞུགས་གདན་ཕུལ་བ་གསེར་གདུང་ནང་རྟེན་དུ་བཞུགས་པ་ད་ལྟ་རྟེན་སྐལ་དུ་ཞུས་ཆོག་སྐད་སྣང་། རྫུ་འཕྲུལ་གྱིས་ཟླ་བ་དྲུག་པར་རྨ་ཆུ་ལ་དར་ལམ་སྣང་བུ་བརྐྱངས་པ་འདྲ་བ་སྤྲུལ་ཏེ་ཕེབས་པའི་གྲོང་མིང་ལ་དར་དང་། ལ་བརྒྱབ་པར་རྗེས་འབྲང་ཁྱི་རྒན་ཞིག་ཡོད་པ་ལུས་པས་ཁྱི་རྒན་ལར་གྲགས། ཐོག་མར་ཁྱུང་ལྷག་ཏུ་བཞུགས། བོན་པོ་རིར་བོན་དགོན་ཞིག་ཡོད་པའི་གཙོ་བོ་དེས་སྤྱན་དྲངས། བཞུགས་གདན་གྱིས་མཚོན་དངོས་ཕུལ་བས་རྟེན་འབྲེལ་འགྲིག ཉིད་ནས་ལྷམ་སོགས་གནང་བ་ཡུལ་འདོན་པའི་བརྡར་གོ་ནས་མཐུ་རེས་བྱས། དང་པོ་འཚུབ་ཉམས་ལྟ་བུ་ལ། ཞིང་བའི་བཙུན་ཆུང་འདིས་སློབ་དཔོན་གྱིས་ལར་སྒྲུབ་པ་ཚུགས་གསུངས་པ་ལྟར་བྱས་པའི་འཕྲལ་དུ་བོན་རྣམས་ནང་འཐོར། འགའ་ཞིག་རྩུབ་རིང་དུ་སོང་། ཁ་ཅིག་ལུང་ཕྲན་འགར་བསྡད་པས་ལུས་རིད་ཅིང་བསྒུལ་བསྐྱོད་མེད་པར་ཤི་བའི་སར་བོན་གྱོང་ནང་ཟེར༼མདོ་ཆོས་ཤོག་གྲངས༡༨༨ན་ཡོད༽ཞེས་པ་འདི་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བོན་གྱི་གདན་ས་དང་བོན་པོ་རྣམས་ལ་མནར་གཅོད་བཏང་ནས་བྱ་ཁྱུང་ན་ཡོད་པའི་བོན་པོ་ཚོ་རྒྱང་ཕུད་དུ་བྱས་ནས་བྱ་ཁྱུང་དགོན་པ་གསར་འདེབས་གནང་བའི་བརྒྱུད་རིམ་རེད། གདོད་མ་ནས་ད་ལྟའི་བར་བོད་མི་ཚོ་གྲུབ་མཐའི་འགལ་འདུའི་བར་ནས་ཕུང་སོང་། འདི་ལྟར་ཕུང་སོང་། འདི་ནི་བྲག་སྒོམ་པས་ང་ཚོ་ལ་བཤད་པའི་གསང་བརྡའ་རེད། དོན་ངོ་མ་བོན་གྱི་གྲུབ་མཐའ་འདི་ལྟར་ཁྱབ་ཆེ་བར་དར་ཞིང་ཡོད་ན་ཡང་གྲུབ་མཐའ་ཞིག་གི་གཉའ་གནོན་གྱི་དབང་གིས་ཕུང་སོང་བའི་གནས་ཚུལ་ཙམ་མོ།།

༢༠༡༢.༡.༦ཉིན་བོན་ནག་དགེ་བཤེས་ཡེ་ཤེས་བློ་གྲོས་སུ་འབོད་པས་བྲིས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།