ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།

ཧོར་བ་དྲུང་རམས་པ་དང་རྩེ་ཞྭ།
བོན་ནག་དགེ་བཤེས་ཡེ་ཤེས་བློ་གྲོས།

བདག་ཅག་གི་སྟོན་པ་གཤེན་རབ་མི་བོས་ང་ཚོ་ལ་ཡང་དག་པའི་བོན་གཞུང་གཙང་མ་ཞིག་བགོ་སྐལ་དུ་བསྩལ་ཞིང་རྗེས་འཇུག་གི་མཁས་གྲུབ་ཁ་ཤས་ཤིག་གིས་བོན་གཞུང་གཙང་མ་དེའི་ངོ་བོ་གོང་འཕེལ་དུ་བཏང་ནས་ད་ལྟའི་བར་དུ་གནས་ཐུབ་པ་བྱུང་བ་རེད། བོན་གཞུང་གཙང་མ་དེའི་ཡང་སྙིང་ལས་བརྡོལ་བའི་གཞི་ལམ་འབྲས་གསུམ་གྱི་ངོ་བོ་རང་གསལ་དུ་མངའ་བའི་བོན་ཞྭའམ་ཞྭ་དཀར་གྱི་རིགས་ལ་ང་ཚོས་ཡིད་ཆེས་དང་གོང་བཀུར་བྱེད་ཐུབ། རྒྱུ་མཚན་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་ཞྭ་བཤད་པི་ཝང་དྲུག་འགྱུར་ལས།། བླ་ཆེན་དྲན་པ་ནམ་མཁའ་ངས།།མ་འོངས་སྒྲུབ་པ་དང་སྤྲོ་བ།།གྲུབ་མཐའ་འཆོལ་དུ་མི་སྤྱོད་ཕྱིར།།བོན་གྱི་ཞྭ་དཀར་བཤད་པ་ལ།།ལེགས་བཤད་པི་ཝང་དྲུག་འགྱུར་ཞེས།།ཞྭ་ཞེས་བྱ་བའི་མཚན་ཉིད་ནི།།ཞྭ་འདི་གྱོན་པའི་སྒྲུབ་གཤེན་ལ།།ཞི་ཁྲོ་རིག་འཛིན་མཁའ་འགྲོ་དང་།།གཡུང་དྲུང་བོན་གྱི་ལྷ་ཚོགས་རྣམས།།ལུས་དང་གྲིབ་བཞིན་འཁོར་ནས་ཀྱང་།།བདུད་སྲིན་བག་ལ་ཞ་བའི་ཞྭ།།ཞྭ་མོ་འདི་ཡི་གཟི་བརྗིད་ཀྱིས།།གཡུང་དྲུང་བོན་ལ་ལོག་པ་དང་།།གྲུབ་མཐའ་གཞན་ཚོ་ཟིལ་གྱིས་གནོན།།ཞྭ་འདི་ལས་ལེགས་པའི་ཞྭ་ནི་མེད།། ཅེས་གསུངས་པ་ལ་བལྟས་ན་བོན་ཞྭའམ་ཞྭ་དཀར་ལས་གཞན་པའི་ལེགས་པའི་ཞྭ་ཞིག་མ་མཆིས་པར་བཞེད་ན་ཡང་། ཧོར་བ་དྲུང་རམས་པ་ལགས་ཀྱིས་རྩེ་ཞྭའམ་རྔོག་ཞྭ་འདི་བོན་གཞུང་དང་མཐུན་པའི་བརྡ་ཚིག་འདི་ལྟར་བཀོད་ཡོད། ༼རྩེ་ཞྭ༽བོན་ཀུན་འབྱུང་གནས་བོན་ཉིད་ཡེ་སྟོང་བོན་སྐུའི་བརྡ་རུ་རྩེ་ཞྭའི་ནང་ཤ་མཐིང་མདངས་ཏིང་ངེ་བརྡལ། བསྐལ་བཟང་སངས་རྒྱས་སྤྱི་བོར་རྒྱུན་དུ་བཞེངས་པའི་བརྡ་རུ་གསེར་སྐུད་ཟེར་བ་གཡོ་མེད་རྩེར་རེ་གཟེངས། འཁོར་དུ་གཤེན་ཕྲན་བསམ་ཡས་འདུས་འཚོགས་ཉན་པའི་བརྡ་རུ་གཞི་འགྲམ་གསེར་སྐུད་གྲངས་མེད་གཙངས་སེ་གཤིབས། གང་ཟག་ཟབ་པའི་ཐབས་ཤེས་ཟུང་དུ་འབྲེལ་བའི་བརྡ་རུ་རྣ་ཆ་མཉེན་འཇམ་སྙན་ཤ་ཧྲེང་ངེ་སྦྲིང་། ཕྱིན་དྲུག་སྤྱོད་པ་རྣམ་པར་དག་ཅིང་ཚངས་པའི་བརྡ་རུ་ཁུང་འགྱུར་གྲུ་རྣར་ཟུངས་སུ་ཟག་གེ་བཏབ། བསྡུ་དངོས་བཞི་ཡིས་གདུལ་བྱ་བཀྲིད་དྲང་མཛད་པའི་བརྡ་རུ་རྣ་རྩེ་ཟུར་བཞིར་རྣིལ་ཚར་འཇོལ་ལེ་འཛར། བོན་སྒོ་སྣ་ཚོགས་བསྡུ་ན་གཅིག་ཏུ་འདུས་པའི་བརྡ་རུ་མཐའ་ཆག་དམར་པོས་ཏམ་མེ་བསྐོར་བ་ལགས་སོ། ། ངེས་ཚིག་ནི། རྒྱ་བྱའི་ཟེ་ལྟར་གཟིངས་པའི་རྩེ། །དབུ་ཡི་རྒྱན་དུ་སྒེག་པའི་ཞྭ། །ཞེས་བོན་རང་ལུགས་ལ་རྩེ་ཞྭ་ཞིག་ཡོད་པ་གསལ་བཤད་བྱས་ཡོད་ནའང་འདི་ནི་བོན་གཞུང་གཙང་མ་ཞིག་གི་ངོ་བོ་ནས་འཕྲོས་པ་འདོད་དཀའ་བར་སྣང་། ཅི་ཡིན་ན་བླ་ཆེན་དྲན་པ་ནམ་མཁས་མཛད་པའི་ཞྭ་བཤད་པི་ཝང་དྲུག་འགྱུར་ལས། རྩེ་ཟླུམ་རྩེ་འཁྱོག་རྩེ་གུག་དང་།། ལེབ་མོ་གོར་མོ་པར་བུའི་མགོ། མཆུ་ཅན་རྔོག་ཅན་ལྟག་འཕྱང་ཅན།། དེ་རྣམས་རབ་ཏུ་སྤོང་བར་བྱ།། དེ་རྣམས་གྱོན་ན་བོན་བསྟན་ནུབ།། ཅེས་གསུངས་པས་ཡིན། མཆུ་ཅན་རྔོག་ཅན་ལྟག་འཕྱང་ཅན་གྱི་རྩེ་འཁྱོག་རྩེ་གུག་གི་ཞྭ་ཞིག་སྤྱད་ན་བོན་བསྟན་ནུབ་པའི་བརྡ་རུ་བཞག་ཡོད་ནའང་བོན་པོའི་མཁས་པ་ཚོས་དེ་ཡིན་མདོག་གི་སྒོ་ནས་བོན་བསྟན་ནུབ་པའི་ཆ་རྐྱེན་བརྩོན་ལེན་བྱས་ཏེ་རྩེ་ཞྭ་ཁྱབ་བརྡལ་དུ་བཏང་བ་རེད། ཧོར་བ་དྲུང་རམས་པ་དང་དྲུང་རམས་པ་ལྟ་བུའི་སྨན་རིའི་བླ་མ་ཞིག་གིས་ཀྱང་རྩེ་ཞྭ་བོན་ལུགས་དང་མཐུན་པའི་ཞྭ་ཞིག་ཡིན་པར་གསུངས་ཡོད་པ་གོ་ཐོས་བྱུང་ན་ཡང་ཡིད་མགུ་བའི་གཏམ་ཞིག་ཏུ་མ་སྣང་། རྒྱུ་མཚན། བདག་ཅག་གི་སྟོན་པའི་ཐུགས་ཀྱི་ལས་དཔོན་བླ་ཆེན་པོ་དྲན་པ་ནམ་མཁས་གསུངས་ཡོད་པས་རེད། ཕྱོགས་གཅིག་ནས་མཁས་དབང་རྣམ་པ་གཉིས་ཀྱི་ཞྭ་བཤད་འདི་བླ་ཆེན་གྱི་གསུང་མ་ཡིན་པར་འདོད་པ་ཡིན་ནམ་བླ་ཆེན་གྱིས་མ་དྲན་པར་འདོད་པ་ཡིན། འོ་ན་བོན་པོའི་མཁས་པ་ཚོས་རང་ཚུགས་ཤོར་ནས་མཐུན་ཐབས་སྨྲས་པ་ཡིན། ངོ་མ་འདི་ལྟར་སོང་ན་བོན་པོ་ཚོ་དོང་དུ་ལྷུང་བའི་ཉེན་ཁ་ཡོད། གཞན་བོན་གྱི་རྒྱལ་བར་རློམས་པའི་མཁས་དབང་དག་གི་གསུང་ན་ཡང་བོན་གྱི་བརྡ་ཆད་དང་མི་མཐུན་པའི་ཐ་སྙད་དང་། རང་གི་བླ་མའི་གསུང་ཚིག་དང་མི་མཐུན་པའི་འགལ་གཞུང་ལ་གཞིག་ན་གསུང་ཚིག་དེ་དག་གིས་བོན་ཕྱི་རབས་པ་ལ་ལམ་སྟོན་ཡག་པོ་བྱེད་མ་ཐུབ་པ་ལྟ་བུར་འདུག དོན་ངོ་མ་ང་ཚོ་གཞན་རྗེས་སུ་འགྲོ་མི་དགོས་པའི་རིག་པའི་གཞུང་ལུགས་སྟོབས་དང་ལྡན་པ་ཞིག་ཡོད་པས་ང་ཚོའི་མདུན་ལམ་ཡང་གཤེན་རབ་རིག་གནས་ཀྱི་སྒུལ་ཤུགས་ཀྱིས་བསྲིང་ཡོད།

གང་ལྟར་ཀྱང་གྲུབ་མཐའ་ཞིག་གི་རིག་གནས་ལ་གྲུབ་མཐའ་དེས་ཁྱད་བོན་མངའ་བས་བོན་ཞྭ་ཞྭ་དཀར་རྩེ་རྒྱལ་ལ་མཚོན་ན་ཡང་བོན་གྱི་གཞི་ལམ་འབྲས་གསུམ་གྱི་ངོ་བོ་རང་གསལ་དུ་མཚོན་ཡོད་པ་ནི་ཞྭ་བཤད་ལས། དེ་ནས་རྔམ་པ་ལྕེ་རིང་གིས།། མཁས་པའི་སྒྲ་ཚད་རྩོད་ཅིང་བསྣམས།། མཁས་ཞྭ་དཀར་པོ་རྩེ་རྒྱལ་གྲགས།། ཞེས་དང་། ཡང་དེ་ཉིད་ལས། དེ་ནས་ཞྭ་ཡི་བརྡ་དོན་བཤད།། གཞི་མ་ཕྱིང་དཀར་བྱས་པ་ནི།། བོན་ཉིད་དྲི་མེད་ཀ་དག་བརྡ།། གཞི་ཉིད་ཡེ་སངས་རྒྱས་པའི་དོན།། ཕྱི་གཡོག་དཀར་པོ་བྱས་པ་ནི།། དབྱིངས་ལ་རང་བཞིན་ལྷུན་རྫོགས་བརྡ།། ལམ་ལ་གྲོལ་སངས་རྒྱས་པའི་དོན།། བག་ཕྱེས་འདབས་ཀྱི་སྦྱར་བ་ནི།། དབྱིངས་ཀློང་འབྲེལ་མེད་སྤྲུལ་བའི་བརྡའ།། འབྲས་བུ་མངོན་སངས་རྒྱས་པའི་དོན།། ཞེས་གཞི་ལམ་འབྲས་གསུམ་གྱི་མཚོན་བྱེད་དང་མཚོན་བྱེད་དག་གི་དགོས་ངེས་ཀྱིས་ང་ཚོ་ལ་བོན་གཞུང་ཟབ་མོ་ཞིག་གི་བག་ཆགས་འཇོག་ཐུབ།

ཧོར་བ་དྲུང་རམས་པའི་རྩེ་ཞྭ་ལ་བོན་གྱི་ལྟ་སྒོམ་སྤྱོད་གསུམ་དང་གཞི་ལམ་འབྲས་གསུམ་གྱི་ངོ་བོ་རང་གསལ་དུ་མཚོན་པའི་ལུང་ཁུངས་རྒྱུད་གཞུང་ན་ཡོད་དམ། གལ་ཏེ་མེད་སོང་ན་ཧོར་བ་དྲུང་རམས་པ་དང་དྲུང་རམས་པ་ལྟ་བུའི་མཁས་པ་དག་གིས་བོན་གྱི་གཞུང་ལུགས་འདི་འཆལ་བར་མི་གཏོང་རྒྱུ་མི་ཆུང་བདག་གི་སེམས་ཀྱི་རེ་བ་ཡོན་ནོ།། ཞེས་བོན་ནག་དགེ་བཤེས་ཡེ་ཤེས་བློ་གྲོས་འབོད་པས་བོན་བརྒྱ་སྨན་རིའི་གླིང་གི་རང་ཤག་རིག་པའི་སྡིངས་ཀ་ནས་བསྟན་པའི་དགོས་ངེས་ལ་དམིགས་ཁུལ་གྱིས་བྲིས་པའོ།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།