བོན་དང་ཆོས་ཀྱི་རྣམ་དབྱེ་བཤད་པ།

བོན་དང་ཆོས་ཀྱི་རྣམ་དབྱེ་བཤད་པ།

བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

སྡེ་སྣོད་ཡལ་འདབ་ཚར་དུ་དངར། །བསླབ་གསུམ་ཟེའུ་འབྲུ་དྲི་བསུང་ཅན། །
ལུང་རྟོགས་ཧཱ་རའི་ལྗོན་བཟང་ལ། །མི་འགྱུར་གཡུང་དྲུང་བོན་ཞེས་བརྗོད། །
ལྷོ་བྱང་ཡུལ་གྱི་ཐ་སྙད་ལས། །བོན་དང་ཆོས་ཞེས་བརྗོད་ན་ཡང་། །
ཆབ་དང་ཆུ་ཡི་སྒྲ་ཙམ་བཞིན། །དོན་ལ་འགལ་བ་ཡོད་མི་སྲིད། །
པད་སྡོང་རྩེ་ལ་སྨིན་པའི་འདབ་བརྒྱ་བ། །དཀར་སེར་དམར་བའི་ཁ་དོག་མང་ན་ཡང་། །
ར་ཡིག་གཉིས་པས་འདོར་ལེན་མི་བྱེད་པར། །སྦྲང་རྩིའི་བཅུད་ལ་རོལ་བའི་ཚུལ་འདི་མཚར། །

        བོན་ཆོས་ཀྱི་རྣམ་དབྱེ་བཤད་པ་ལ་བོན་དང་བོན་མ་ཡིན་པ་དང་། ཆོས་དང་ཆོས་མ་ཡིན་པའི་རྣམ་བཞག་ཞིབ་ཏུ་ངེས་དགོས་ཏེ། མཁས་པ་དཔྲ་སྟོན་པས། གཡུང་དྲུང་གི་བོན་ཡིན་ན་བོན་ཡིན་པས་ཁྱབ་ཀྱང་། བོན་ཡིན་ན་གཡུང་དྲུང་གི་བོན་ཡིན་པས་མ་ཁྱབ་པ་དང་། དམ་པའི་ཆོས་ཡིན་ན་ཆོས་ཡིན་པའི་ཁྱབ་ཀྱང་། ཆོས་ཡིན་ན་དམ་པའི་ཆོས་ཡིན་པས་མ་ཁྱབ་ཅེས་གསུངས་པའི་དོན་ལ་ཞིབ་པར་དཔྱད་ན། ཁ་ཅིག་ཕྱོགས་ཞེན་གྱི་སྙིང་རླུང་དྲག་པོའི་ཟུག་རྔུ་བཅས་ཕན་ཚུན་མཐུན་པ་ལ་མི་བརྩོན་པའི་རྣམ་དཔྱོད་རིག་པ་ཕུར་ཁུང་དུ་གཏུགས་པ་དག་གིས། བོན་མ་ཡིན་པའི་སྣང་ཚུལ་མཐོང་བས་གཡུང་དྲུང་གི་བོན་ལ་ལོག་པར་ལྟ་ཞིང་། ཆོས་མ་ཡིན་པའི་སྣང་ཚུལ་མཐོང་ནས་དམ་པའི་ཆོས་ལ་སྐུར་འདེབས་བྱེད་པ་ཆོས་ཀྱི་གྲུབ་མཐར་ཞུགས་མ་ཞུགས་གཉིས་ཀར་མང་དུ་སྣང་བས་དེ་དག་གི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་བསལ་ནུས་སོ། །

      འདིར་བོན་ཆོས་ཀྱི་རྣམ་གྲངས་ཙམ་ནི། དཔྲ་སྟོན་གྱི་བོན་ཆོས་རྣམ་དབྱེ་ལས། སྲིད་པ་རྒྱུད་དང་ལྟ་ལོག་མུ་སྟེགས་བོན། །

འབྱུང་བོ་ཀླ་ཀློ་འཕྲུལ་ངག་གཡུང་དྲུང་བོན། །ཐབས་ལམ་གསང་སྔགས་ཐེག་མཆོག་བླ་མེད་བོན། །རྡོལ་ཐབས་ལྷ་འདྲེ་རང་བཟོ་བཅོས་མའི་བོན། །ཞེས་དང་། སོར་བཞག་ལྷ་མི་ལོག་རྟོག་མུ་སྟེགས་ཆོས། །ལྷ་མིན་ཀླ་ཀློ་ཡང་དག་དམ་པའི་ཆོས། །ཐུན་མིན་གསང་སྔགས་ཟབ་ལམ་རྫོགས་ཆེན་ཆོས། །སླུ་བྱེད་ལྷ་འདྲེ་བློ་བཅོས་རང་བཟོའི་ཆོས། །ཞེས་སྡོམ་ཚིག་ཤོ་ལོ་ཀ་རེ་གསུངས་པ་ལྟར། འདིར་ཡང་བརྒྱད་ཚན་གཉིས་ཀྱི་དང་པོ་སྲིད་པ་རྒྱུད་ཀྱི་བོན་ནི། རྣམ་མཁྱེན་སྟོན་པ་གཤེན་རབ་ཤམ་བྷ་ལ་འོལ་མོའི་གླིང་དུ་མ་བྱོན་གོང་ནས་ཡོད་དེ། གནམ་ལ་ལྷ་གར་རྟེན་གསུམ་དང་། །ས་ལ་མི་སྨྲ་གཤེན་གསུམ་སྲིད། །ཅེས་པས། ལྷ༷་ནི་ཁམས་གསུམ་གྱི་ལྷ་རིགས་སྤྱི་དང་། ཕྱོགས་སྐྱོང་བཅུ། དཔལ་མགོན་བདུན་ཅུ་རྩ་ལྔ་མགོན་ཆེན་བརྒྱ་རྩ་སོགས་འཇིག་རྟེན་གྱི་ལྷ་རྣམས་སོ། །ག༷ར་ནི་ཕྱོགས་བཅུའི་གདོན་དང་འདྲེ་སྲིན་བྱུར་གསུམ་གྱི་གཉན་པོ་ལྷ་གསས་ཉི་ཁྲི་ཆིག་སྟོང་དང་། འཐོར་གསས་སུམ་བརྒྱ་དྲུག་ཅུ། བདར་གསས་ཉི་ཁྲི་ལྔ་སྟོང་། རྣམ་གསས་བརྒྱ་དང་རྩ་བརྒྱད་སོགས་སྲིད་པའི་ལྷ་ཆེན་མཐུ་བོ་ཆེ་རྣམས་སོ། །གཞན་གླིང་བཞི་སྐྱོབ་པའི་ལྷ་བཞི། ཕྱྭ་དམུ་གཙུག་གསུམ་གྱི་དགྲ་བླ་མཆེད་གསུམ། རླུང་རྟ་ལྷ་བཞི། འགོ་བའི་ལྷ་རྔ། སྐྱོབ་པའི་ལྷ་དགུ། མགྲོན་ཡག་བཅུ་གསུམ་སོགས་ཀྱང་དེའི་ཕྱོགས་སུ་གཏོགས་པར་བཤད། རྟེ༷ན་ནི་མ་ཧཱ་ཕྱྭ་རྗེ་རིང་དཀར་ལ་སོགས་ཕྱྭ་སྲིད་སྐོས་གསུམ་ལ་དབང་བསྒྱུར་ཞིང་། ལེགས་ཉེས་ཀྱི་བསྐོས་བཞག བདེན་རྫུན་གྱི་གཟུ་བོ། དགེ་སྡིག་གི་བལྟ་ཉུལ་བྱེད་པའི་ལྷ་ཆེན་དྲང་མཁན་གྱི་རིགས་རྣམས་སོ། །མི༷་ནི་གླིང་བཞིའི་མི་རིགས་སྤྱི་དང་། བྱེ་བྲག་འཛམ་གླིང་གི་མི་རིགས་ཕྱྭ་དམུ་གཙུག་གསུམ་སོགས་ལས་རྒྱ་བོད་ཧོར་གསུམ་བྱུང་བར་བཤད་དོ། །སྨྲ༷་ནི་མིའམ་ཅི་སོགས་སོ། །གཤེ༷ན་ནི་སྲིད་པའི་ཐོག་མར་སངས་པོའི་སྲས་འཕྲུལ་གྱི་མི་བོ་ཆེ་ཞེས་པའི་སྐབས་སུ། ལྷ་བོན་ཐུགས་དཀར་བྱོན་ནས། ཕྱྭ་གཡང་གི་བོན་བསྟན་པས་མི་ནོར་འཕེལ་བ་དང་། དེ་ནས་རིམ་པར་མི་རབས་ཡེ་སྨོན་རྒྱལ་པོའི་རིང་ནས་བཟུང་། གཙུག་ལག་སྲིད་པའི་བོན་བསྟན་པའི་ཡེ་མཁྱེན་ལྷ་རབས་སྣང་བ་འོད་ལྡན་དང་། སྨོན་མི་སོགས་མང་དུ་བྱོན་ནས་གཡུང་དྲུང་འཕེལ་སེལ་གྱི་བོན་བསྟན་པས་མི་རྒྱུད་ཕྱོགས་ཀུན་འཕེལ། ཞེས་བོན་གྱི་ལོ་རྒྱུས་སྨྲ་བ་དག་གསུངས། དེ་རྣམས་ཀྱི་ལུགས་ལ་ལྷ་མཆོད་པ། འདྲེ་བཀར་བ། གཡང་འགུགས་པ། དགྲ་འདུལ་བ། ནད་དང་དུག་སེལ་བ། བགེགས་དང་བར་ཆད་ཟློག་པ་སོགས་འཇིག་རྟེན་གྱི་ཕན་བདེ་སྒྲུབ་པའི་ཐབས་སྣ་ཚོགས་ཡོད་ལ། དགེ་སྡིག་བླང་དོར་གྱི་རྣམ་བཞག་དང་སྐྱེ་བ་སྔ་ཕྱི་ཁས་ལེན་པའི་ནང་བའི་ཕྱོགས་འདྲ་ཙམ་ཡང་ཡོད། ཁྱད་པར་བསམ་གཟུགས་ཀྱི་ཏིང་འཛིན་སྒོམ་ཚུལ་སོགས་སྲིད་པ་རྒྱུད་ཀྱི་བོན་དུ་མ་ཞིག་བསྟན་ཅེས་བཤད། དེས་ན་སྟོན་པའི་བསྟན་པ་ལ་ཡང་རྒྱུ་བོན་སོགས་དང་སྒྲུབས་ཐབས་རྣམས་སུ་སྡེ་བརྒྱད་དང་དཔལ་མགོན་མཆོད་ཐབས། ཡར་མཆོད་མར་སྦྱིན་གྱི་ཚུལ་སྣ་ཚོགས་སུ་སྣང་བ་འདི་རྣམས་སྲིད་པ་རྒྱུད་ཀྱི་བོན་དང་མི་མཚུངས་སམ་ཞེ་ན། སྲིད་བོན་ནི་འཇིག་རྟེན་གྱི་བདེ་བ་གཙོ་བོ་དོན་དུ་གཉེར་ནས་མཛད་པ་དང་། རྒྱུ་བོན་སོགས་ནི་ངེས་ལེགས་ཀྱི་གོ་འཕང་སྒྲུབ་པའི་ཐབས་སུ་གནས་སྐབས་སུ་མི་མཐུན་པའི་རྐྱེན་སེལ་བ་དང་། མཐུན་རྐྱེན་འགྲུབ་པའི་ཕྱིར་དུ། ནད་ལ་སྨན་བསྟེན་པ་ལྟར་ལགས་ཕྱིར། རྣམ་མཁྱེན་གྱི་བརྒྱུད་རྒྱུར་འཇོག་རུང་ངོ་། །འོན་ཀྱང་སྲིད་བོན་ལ་ཡང་སྨོད་པར་མི་བྱ་སྟེ། བསམ་པ་བཟང་པོའི་སྒོ་ནས་རིག་པའི་གནས་མཐའ་དག་སློབ་པས་མི་འགལ་ལོ། །དཔེར་ན་གྲུབ་མཐར་ཞུགས་ཁུལ་གྱིས་སྐྱབས་འགྲོ་དང་སེམས་བསྐྱེད་ལྟ་ཅི། ཕན་སེམས་ཅི་ཡང་མེད་པར་གནོད་སེམས་ཀྱིས་ཀུན་ནས་བསླངས་ཏེ་གསང་སྔགས་ཟབ་མོའི་སྒྲུབ་ཐབས་ལ་བརྟེན་ནས་དམོད་བཅོལ་སོགས་བྱེད་པ་ལ་ཐེག་པ་ཆེན་པོའི་དྲི་ཙམ་མེད་པར་མ་ཟད་ངན་འགྲོའི་རྒྱུར་འགྱུར་བ་དང་། དེ་བཞིན་སྐྱབས་སེམས་ལྡན་པའི་གང་ཟག་གིས་ཕྱི་ནང་གི་རིག་པའི་གཞུང་ལུགས་གང་ལ་བསླབ་ཀྱང་། དགོས་པའི་དབང་གིས་བྱང་ཆུབ་སེམས་དཔའི་སྤྱོད་པར་མི་འགྱུར་བའི་ངེས་པ་མེད་པ་སྨོས་ཅི་དགོས། གང་ཟག་གི་ངོས་ནས་དེ་ལྟར་ཡིན་ནའང་། སྲིད་པ་རྒྱུད་ཀྱི་བོན་དང་རྒྱུ་བོན་རང་ངོས་ནས་ཁྱད་ཅི་ཡོད་ཅེ་ན། སྐྱབས་སེམས་དང་བསྔོ་སྨོན་ཡོད་མེད་དང་ཡང་དག་པའི་ལྟ་བས་ཟིན་དགོས་མིན་གྱིས་ཁྱད་པར་འབྱེད་པས་ཆས་མི་མཚུངས་སོ། །ཡང་སྲིད་བོན་གྱི་ཕྱོགས་སུ་གཏོགས་པའི་རིག་གནས་ཀྱི་སྐོར་ཡང་སྔ་མོའི་དུས་ནས་དར་བ་ཤིན་ཏུ་མང་སྟེ། ཡི་གེ་ལྷ་ལྔ་ལ་བརྟེན་ནས་ཡིག་རིགས་དར། ཡེ་སྲིད་སངས་པོ་འབུམ་ཁྲི་ལ་བརྟེན་ནས་བཟོ་རིག་པ་དང་། ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་ལས་སྒྲ་དང་ཚད་མ་རིག་པ། ཡེ་རྗེ་སྨན་ལྷའི་རྒྱལ་པོ་ལས་གསོ་བ་རིག་པ། ཡེ་དབང་སའི་རྒྱལ་པོ་ལས་ཕྱི་རིག་པ། ཡེ་དབལ་མཐུ་སྟོབས་རྒྱལ་པོ་ལས་ནང་རིག་པ་སྟེ། རིག་གནས་ཆེ་ཆུང་ཕྱོགས་ཐམས་ཅད་དུ་དར། དེ་དག་གི་རྗེས་འབྲང་བྲམ་ཟེ་དང་དྲང་སྲོང་སོགས་ཡོན་ཏན་ཅན་མང་དུ་བྱུང་ནས། མོ་རྩིས་སྨན་གསུམ་སོགས་རིག་གནས་སྣ་ཚོགས་དར། དེའི་དབང་གིས་མོ་རྩིས་སྨན་གསུམ་ལ་མཁས་པ་དང་། སྔགས་མཁན་དང་། འདུར་གཤེན་པ་སོགས་ནུས་མཐུ་ཅན་ཡོད་པས། དེའི་ཡོན་ཏན་ལ་དད་མོས་ཀྱིས་མཆོད་གནས་སུ་བྱེད་པའང་དར་རོ། །དེ་འདྲའི་སྲིད་པ་རྒྱུད་ཀྱི་བོན་ཕྱོགས་གཏོགས་དང་བཅས་པ་ནི་སྟོན་པའི་བསྟན་པ་མ་ཡིན་ཏེ། སྟོན་པ་གཤེན་རབ་མ་བྱོན་གོང་ནས་བཟུང་བོན་ཅི་རིགས་ཡོད་པ་དང་། སྟོན་པ་བྱོན་ཚུལ་ལའང་སྟོན་པའི་བཀའ་ལ་མི་མཐུན་པའི་སྲིད་བོན་ཀྱང་ཡོད་ལ། སྟོན་པའི་བསྟན་ལ་སྡང་བའི་སྲིད་བོན་ལོག་པའང་བྱུང་བའི་ཚུལ་མང་དུ་ཡོད་དེ། བོན་པོ་གྱིམ་ཤང་གང་གང་དང་། མོ་མ་སྡིག་ང་སྡིག་ལུམ་དང་། བདུད་བུ་གཤེན་ཆུང་གོ་བོ་སོགས། ལོག་བོན་སྤེལ་མཁན་འགའ་སྟོན་པ་ཞལ་བཞུགས་རིང་ལ་བྱུང་བ་མཛད་མདོ་དང་དྲི་མེད་གཟི་བརྗིད་རབ་ཏུ་འབར་བའི་མདོ་སོགས་ལས་གསུངས་པ་ལྟར་རོ། །དེ་ཕྱིར་བོན་ཡིན་ན་སྟོན་པ་གཤེན་རབ་ལས་བྱུང་བ་ཡིན་དགོས་ཟེར་བ་ནི་རྒྱུས་ཤིན་ཏུ་ཆུང་བ་རེད་ཅེས་མཁས་པ་དག་གསུངས་པ་ནི་ཤིན་ཏུ་མད་པར་སྣང་སྟེ། ཆོས་ཡིན་ཚད་ཤཱཀྱ་ཐུབ་པའི་ཆོས་ཡིན་མི་དགོས་པ་དང་། ཐུབ་པའི་བསྟན་ལ་གནོད་པའི་ཆོས་ཀྱང་སྣ་ཚོགས་སུ་བྱུང་བ་བཞིན་ནོ། །མ་ཧཱ་ཙི་ནའི་ཡུལ་དུའང་སྲིད་བོན་གྱི་ཕྱོགས་གཏོགས་དར་ཚུལ་ཡོད་དེ། ལོའུ་ཀྱུན་གྱི་བསྟན་པ་དར་བར་བཤད་པའི་ཕྱིར། ལོའུ་ཀྱུན་ལ། ལྷ་ལོའུ་ཀྱུན་དང་། མི་ལོའུ་ཀྱུན་གཉིས་ཡོད། ལྷའི་ལོའུ་ཀྱུན་ནི། ལྷ་ཚངས་པའི་སྤྲུལ་བ་ཞིག་སྟེ། དེས་ལྷའི་དོའུ་(དོའུ་ནི་རིག་བྱེད་དམ་མན་ངག་ལ་འཇུག་པར་བཤད)ཞེས་པ་བསྟན། དེའི་རྗེས་འབྲང་ལ། མི་ཡུལ་དུའང་རྒྱལ་པོ་ཧྥི་ཥི་བྱ་བ་དང་། བློན་པོ་ཚང་ཡེ་ཞེས་པས་ཡི་གེ་བཟོས་ཏེ། ཤེའུ་ཞེས་བསླབ་ཚིག་གི་གཞུང་ངམ། རིག་བྱེད་ཀྱི་གཞུང་བརྩམས། དེ་ལ་ཡི་ཀྱིང་། ཤཱི་ཀྱིང་། ཤུའུ་ཀྱིང་། ལི་ཀྱིང་། ཆུན་ཅོའུ་ཞེས་པའི་གཞུང་ལྔ་དར། ཡང་བཞུ་སྟོན་ཁུང་ཧྥུའུ་ཙི་ཞེས་པས་ཤེའུ་གཞུང་ལུགས་ཀྱི་བྱེ་བྲག་རྩིས་གཞུང་བསྟན། དེ་དང་དུས་མཉམ་དུ་མིའི་ལོའུ་ཀྱུན་(ཡང་མེས་སམ། རབ་མཆོག་དང་། གཙོ་བོ་དང་། བདག་པོ་ཞེས་སུ་བསྒྱུར)བྱུང་། དེ་ནི་སྐྱེས་མ་ཐག་སྐྲ་དཀར་པོར་འདུག་པས་མིང་ལ་ལོ་ཙི་སྟེ་རྒན་པོར་བཏགས། ཕྱིས་སུ་རིག་པའི་གཞུང་ལུགས་ལ་མཁས་པར་གྱུར་ནས། མིང་སྤོས་ཏེ་སྟོན་པ་ལོའུ་ཀྱུན་ཞེས་སུ་གྲགས། དེས་མོ་རྩིས་སྨན་གསུམ། གཏོ་དཔྱད་རིག་སྔགས་སོགས་མང་དུ་སྤེལ། དེའི་རྗེས་འབྲང་ལ་རྟེན་ཁྱིམ་པ་དང་ཁྱིམ་མེད་གཉིས་ཡོད། རྒྱའི་གྲྭ་བ་རྣམས་མགོ་ན་མེ་བཙའ་འཇོག་པའི་སྲོལ་ཞིག་ཡོད་པ་དེ་རྒྱ་ལོའུ་ཀྱུན་གྱི་ཕྱག་ལེན་རེད་ཅེས་བོན་སྨྲ་བ་རྣམས་གསུངས། དེའི་ལུགས་ལ་བསྲུང་བྱའི་སྡོམ་པ་དང་། བསྒོམ་བྱའི་ཏིང་འཛིན་སོགས་རྒྱུ་བོན་དང་ཕྱོགས་འདྲ་བ་མང་ན་ཡང་འབྲས་བུའི་བོན་གྱི་སྒྲོས་རེ་སྣང་བ་ཙམ་ལས་རྐང་ཚུགས་པ་མེད་ཟེར། དེའི་ལུགས་ལ་དགེ་བཅུ་དང་མཐུན་པའི་ཁྲིམས་ཀྱིས་འདི་ཕྱི་ཀུན་ཏུ་བདེ་བའི་ཐབས་སྒྲུབ་ཏུ་ཡོད་པས། སྐྱབས་འགྲོ་དང་ལས་འབྲས་ཁས་ལེན་པའི་གྲུབ་མཐའ་ཞིག་ཡིན་པ་སྨྲོས་མ་དགོས་ལ་ངེས་འབྱུང་རྣལ་མས་ཐར་ལམ་འཚོལ་བ་མེད་ཅེས་སྨྲ་མི་ནུས་སོ། །ཡང་ཙི་ནའི་ཡུལ་གྱི་སྐྱེས་མཆོག་ཏུ་གྲགས་པ་ཁུང་ཧྥུའུ་ཙི་ནི་བྱམས་པ་གླིང་གི་སངས་རྒྱས་སྐུ་བརྙན་བཞེངས་པ་པོ་རྒྱ་རྗེ་ཀོང་ཙེ་ཡིན་ཟེར་བ་ཡོད་ལ། དེ་ནི་ཤམ་བྷ་ལ་འོལ་མོའི་གླིང་དུ་གསས་ཁང་ཆེན་པོ་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་བཞེངས་པར་མཛད་པ། བདེན་ཚིག་གྲུབ་པའི་རྒྱལ་སྲས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་བྱ་བ་བསྟན་པའི་སྦྱིན་བདག་གི་ཚུལ་དུ་བྱོན་པ་དེའི་རྣམ་པར་འཕྲུལ་བ། སླར་ཙི་ནའི་ཡུལ་གྱི་རྒྱལ་པོར་འཁྲུངས་པ་ཉིད་དུ་ངེས་ཞེས། བོན་སྨྲ་བ་འགས་ཞལ་བཞེས་མཛད་པ་ཐོས་སོ། །དེའི་ལུགས་ལ་རྒྱུའི་བོན་སྤྱོད་པ་མང་དུ་ཡོད་པར་བཤད་དོ། །ཡང་མཁས་པ་འགའ་རེས་ལོའུ་ཀྱུན་ནི་སྟོན་པ་གཤེན་རབ་དང་གཅིག་པར་བཤད་པ་ནི། རང་གཞན་གང་གི་ལུགས་ལས་ཁུངས་མི་རྙེད་ལ། རྣམ་མཁྱེན་སྟོན་པ་གཤེན་རབ་ནི། ཚེ་ལོ་བརྒྱ་བའི་དུས་སུ་ཤམ་བྷ་ལར་བྱོན་ནས་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་བཀའ་འཁོར་རིམ་པ་གསུམ་དུ་བསྐོར་བས་མདོ་སྔགས་ཀྱི་བསྟན་པ་སྤེལ། གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་བཀོད། སྟོན་པ་ལོའུ་ཀྱུན་ནི་ཚེ་ལོ་བརྒྱད་ཅུའི་ཚུན་ལ་རྒྱ་ནག་གི་ཡུལ་དུ་བྱོན་ནས་སྨན་དཔྱད་སོགས་རིག་གནས་དང་། སྡོམ་པ་ཏིང་འཛིན་སོགས་མངོན་མཐོ་ཐོབ་བྱེད་ཀྱི་ཐབས་མང་དུ་བསྟན། རྒྱ་ནག་གི་དེབ་ཐེར་སོགས་སུ་ལོའུ་ཀྱུན་ལུགས་ལ་འཕགས་ལམ་གྱི་རྣམ་བཞག་ཡོད་པར་བཤད་ཅེས་གསུངས་ནའང་། སྟོན་པ་གཤེན་རབ་དང་ནོར་དགོས་པའི་མཚུངས་ཆོས་ཅི་ཡང་མེད་དེ། ཡུལ་དུས་མཛད་པ་སོགས་ཕྱོགས་ཙམ་མི་འདྲའོ། །ཕྱིས་སུ་རྒྱ་ནག་གི་ཡུལ་དུ་དར་བའི་བོན་དེ་ལོའུ་ཀྱུན་གྱི་ལུགས་དང་འདྲེས་ནས་ཤན་འབྱེད་དཀའ་བ་ལྟར་སྣང་ཞེས་བཤད་སྲོལ་ཡོད་པས། རྒྱུ་མཚན་དེ་ཙམ་ཁུངས་བྱས་པ་ཡིན་ནམ་སྙམ་མོ། །གཞན་ཡང་ཙི་ནའི་ཡུལ་དུ་སྙན་དངགས་དང་། མི་དཔྱད་དང་། ས་དཔྱད་སོགས་རིག་གནས་ཀྱི་བྱེ་བྲག་མཐའ་ཡས་པར་བྱུང་བ་རྣམས་ཀྱང་སྔ་མོའི་དུས་ན་རྒྱུའི་བོན་གྱི་ཕྱོགས་གཏོགས་སུ་འཇོག་གོ །དེས་ན་བོན་ཞེས་པ་ནི། འཇིག་རྟེན་ན་དུས་ནམ་ཞིག་ནས་ཡོད་ཅེ་ན། ཚེ་ལོ་འབུམ་པའི་དུས་སུ་སྟོན་པ་རང་བྱུང་ཐུགས་རྗེ་ཅན་བྱོན་པ་ནས་བཟུང་ཡོད་པར་བཤད་དོ། །དེ་དང་མཐུན་པར་སོར་བཞག་ལྷ་མིའི་ཆོས་ཞེས་པའང་། འཛམ་གླིང་ལྷོ་རྒྱུད་དུ་ཤཱཀྱ་ཐུབ་པ་མ་བྱོན་གོང་ནས་ཡོད་དེ། ལྷ་དང་མིའི་དྲང་སྲོང་རྣམས་ཀྱིས་འཇིག་རྟེན་གྱི་བདེ་བ་དོན་དུ་གཉེར་ནས་དགེ་བཅུ་དང་འབྲེལ་བའི་མི་ཆོས་ཀྱི་བསྟན་བཅོས་དུ་མ་མཛད། ལྷ་མིའི་དྲང་སྲོང་གི་རྗེས་འབྲང་ངམ་རྒྱུད་ལ་ཚངས་པའི་བུའམ་བྲམ་ཟེ་ཞེས་སུ་གྲགས། དེ་ལ་དགེ་སྡིག་སྤང་བླང་བྱེད་པ་དང་། བསམ་གཟུགས་ཀྱི་ཏིང་ངེ་འཛིན་དང་། འཇིག་རྟེན་དངོས་གྲུབ་སྒྲུབ་ཐབས་ཀྱི་སྔགས་དང་ཆོ་ག་སྣ་ཚོགས་ཡོད་པས་དེ་ལའང་ཆོས་ཞེས་སུ་བརྗོད། དེ་ནས་རིམ་བཞིན་འཛམ་གླིང་གི་རྒྱལ་པོ་རྣམས་ཀྱིས་ཁྲིམས་སྲོལ་བཏོད་དེ་ཁྲིམས་ཡིག་ཀྱང་བཀོད། ཚེ་ལོ་འབུམ་པའི་དུས་སུ་ཚངས་པ་དང་བི་ཤྭ་ཀརྨས་བཟོ་རིག་པ་མཛད། ཚངས་པའི་གདོང་བཞི་ནས་རིག་བྱེད་བཞི་དང་། མཁར་ཚོས་ལས་སྨན་བྱུང་། དབང་ཕྱུག་གིས་ཡི་གེ་དང་། བརྒྱ་བྱིན་གྱིས་སྒྲ་དང་། དྲང་སྲོང་གླིང་སྐྱེས་ཀྱིས་ཚད་མ་བྱས། ཚེ་ལོ་ཉི་ཁྲིའི་དུས་སུ། དྲང་སྲོང་རྒྱས་པའི་སྙན་ངག་གྲོགས་མཁར་བ་དང་ཀླུ་དམར་སེར་ཅན་གྱི་སྡེབ་སྦྱོར། མངོན་བརྗོད། ཟློས་གར་སོགས་དང་། དྲང་སྲོང་རྔ་བོང་གི་སྐར་རྩིས་དང་དབང་ཕྱུག་གི་གཡུལ་ལས་རྣམ་རྒྱལ་སོགས་རིག་གནས་དང་གཞུང་ལུགས་སྣ་ཚོགས་སུ་བྱུང་། དེ་ལྟ་བུའི་དགེ་བཅུ་དང་འབྲེལ་བའི་ལྷ་མིའི་གོ་འཕང་འཐོབ་བྱེད་ཀྱི་ཐབས་ལ་ལྷ་མིའི་ཆོས་ཞེས་བརྗོད་ལ་བསམ་གཟུགས་ཀྱི་ཏིང་ངེ་འཛིན་དང་འབྲེལ་བའི་ཁམས་གོང་མའི་དངོས་གཞི་འཐོབ་བྱེད་ཀྱི་ཐབས་ལ་ཚངས་པའི་ཆོས་ཞེས་བཤད་དོ། །དེ་ལྟ་ན་བོན་ཆོས་ཙམ་གྱི་རྣམ་དབྱེ་ནི་སྔ་མོའི་དུས་ནས་ཡོད་དེ།
རྣམ་འདྲེན་མི་ཡི་ཉི་མ་མ་བྱོན་གོང་། །ལྷ་དང་མི་ཡི་བྲམ་ཟེ་དྲང་སྲོང་སོགས། །
ཕན་བདེ་སྣང་བའི་དགའ་སྟོན་སྤེལ་སླད་དུ། །ཞིང་འདིར་རིག་པའི་སྒྲོན་མེ་ཕྱོགས་སུ་སྦར། །
སྲིད་པ་རྒྱུ་བོན་ཕྱོགས་གཏོགས་བཅས། །བ་ཀུ་ལ་ཡི་ཚལ་ཡངས་པོ། །
ཀུན་ཤེས་སྒེག་མོའི་འགྲམ་ཆང་གིས། །བཞད་པ་འདི་ཡང་སངས་རྒྱས་མཐུ། །
གང་ཞིག་ངན་འགྲོ་སྤོང་བྱེད་དང་། །རང་གཞན་ཕན་བདེ་སྒྲུབ་པའི་ཐབས། །
སོར་བཞག་ལྷ་མིའི་ཆོས་ལ་ཡང་། །སྨད་པར་མི་བྱ་རྒྱལ་བས་བཞེད། །

    གཉིས་པ་ལྟ་ལོག་མུ་སྟེགས་ཀྱི་བོན་ནི། ཐོག་མར་ལྷའི་ཡུལ་དུ་དར་ནས་རིམ་བཞིན་མི་ཡུལ་དུ་དར་བར་བཤད། དེ་ཡང་སུམ་ཅུ་རྩ་གསུམ་གྱི་གནས་སུ། ལྷའི་དྲང་སྲོང་ཤེས་རབ་དགའ་ལྡན་ཞེས་བྱ་བས་མུ་སྟེགས་རྟག་ཆད་ཀྱི་ལྟ་བ་མང་དུ་བསྟན་ནས་རྒྱ་ཆེར་དར། དེ་ནས་མིའི་ཡུལ་དུ་དར་བའི་མུ་སྟེགས་པ་ལ་མང་དུ་ཡོད་ཀྱང་གྲགས་ཆེ་བ་ནི། མུ་སྟེགས་སྟོན་པ་བཅུ་གཉིས་ཙམ་བྱུང་བའི་རིང་ལུགས་སྤེལ། དེ་ལ་བྱེ་བྲག་པ་ནི་སྟོན་པ་གཟེགས་ཟན་གྱི་ལུགས་ཏེ། གཙོ་བོ་ཨུ་རྒྱན་གྱི་ཡུལ་དུ་དར། གྲངས་ཅན་པ་ནི་སེར་སྐྱའི་ལུགས་དང་། གཅེར་བུ་བ་ནི་རྒྱལ་བ་དམ་པའི་ལུགས་ཏེ་དེ་གཉིས་རྒྱ་གར་གྱི་ཡུལ་དུ་བྱུང་། རིག་པ་ཅན་ནི་ཡེ་མཁྱེན་སྐོས་མཁན་གྱི་ལུགས་ཏེ་ཡུལ་མ་ངེས་པར་དར་བ་འདི་བཞི་ལ་རིག་པ་སྨྲ་བ་བཞི་ཟེར། བྱེད་པོར་སྨྲ་བ་ཞེས་པ་ནི། ཕྱྭ་སྲས་ཀུན་སྟོན་པའི་ལུགས་ཏེ་གཤེན་ཡུལ་དུ་དར་བ་ལ་ཕྱི་བའི་བྱེ་སྨྲ་ཡང་ཟེར། གང་ཟག་བདེན་སྟོན་པ་བྱ་བ་ནི། སྟོན་པ་རྣ་བ་མ་ཕུགས་ཏེ་རྒྱ་མཚོའི་འགྲམ་དུ་དར་བ་དང་། ཁྱབ་འཇུག་པ་ནི། རྒྱལ་དཔོན་པའི་ལུགས་སྲིན་པོའི་ཡུལ་དུ་དར་བ་གཉིས་ལ། ཕྱི་བའི་དབུ་མར་སྨྲ་བ་གཉིས་ཟེར། ཆེ་བཙན་པ་ཞེས་བདག་ཉིད་ཆེ་བཙན་གྱི་ལུགས་ནི། ཁྲི་ཤོའི་ཡུལ་དུ་དར་བ་དང་། གསང་བ་པ་ཞེས་བརྗོད་མེད་གསང་བ་པའི་ལུགས་ནི། གསས་ཡུལ་དུ་དར་བ་གཉིས་ལ་སེམས་སུ་སྨྲ་བ་གཉིས་ཟེར། དེ་དག་ལ་སྤྱི་མིང་དུ་རྟག་ལྟ་སྡེ་དགུ་ཞེས་སུ་གྲགས། རྣམ་མཁྱེན་མེད་པར་ལྟ་བ་ནི་འཇིག་རྟེན་མིག་ཅེས་པའི་ལུགས་ཏེ། ལི་ཁྲི་སྣའི་ཡུལ་དུ་དར་བ་དང་རྒྱུ་འབྲས་མེད་པར་ལྟ་བ་སྟེ་ལྷུན་ཆེན་ཉི་མའི་ལུགས་ནི། མང་ཚེ་སྟག་ཚང་གི་ཡུལ་དུ་བྱུང་། ཚེ་སྔ་ཕྱི་མེད་པར་ལྟ་བ་དྲང་སྲོང་རྒྱལ་ཆེན་གྱི་ལུགས་ནི་ངན་ཆེན་ནགས་ཀྱི་ཡུལ་དུ་བྱུང་བ་དང་གསུམ་ནི་ཆད་ལྟ་སྡེ་གསུམ་དུ་གྲགས་པ་སོགས་མང་དུ་ཡོད་ལ། དེ་དག་གང་ཡང་རང་རང་གི་འདོད་ཚུལ་གྱི་རྣམ་བཞག་གྲུབ་མཐའི་གཞུང་དག་ལས་གསལ་ལོ། །དེ་ལྟར་ལོག་རྟོག་མུ་སྟེགས་ཀྱི་ཆོས་ཞེས་བརྗོད་པ་ནི། ཐུབ་པའི་དབང་པོ་མ་བྱོན་གོང་ནས་ཕྱི་རོལ་བའི་དྲང་སྲོང་མངོན་ཤེས་གྲུབ་པ་རྣམས་ཀྱིས་རང་རང་གི་ཤེས་ཚོད་ཀྱིས་གྲུབ་མཐའི་གཞུང་མང་དུ་བྱས་པ་ཡོད། དེ་ཡང་གྲངས་ཅན་པ། ཚངས་པ་བ། ཁྱབ་འཇུག་པ། དཔྱོད་པ་བ། དབང་ཕྱུག་པ། བྱེ་བྲག་པ། རིག་པ་ཅན་པ། གཅེར་བུ་བ་རྣམས་རྟག་པར་ལྟ་བ་དང་། རྒྱང་འཕེན་པ་སྟེ་ཆད་པར་ལྟ་བ་སོགས། རྟག་ཆད་ཀྱི་གྲུབ་པའི་མཐའི་རྣམ་པར་བཞག་པ་མང་དུ་ཡོད་དོ། །དེ་དག་གང་ཡང་མཆོག་གསུམ་སྐྱབས་གནས་སུ་མི་འཛིན་པ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་ངེས་འབྱུང་མི་སྐྱེ་བ་དང་། བདག་རྟག་པར་འདོད་པ་སོགས་ལྟ་ངན་རྒྱུད་ལྡན་གྱི་འཛིན་ཞེན་དང་བཅས་པས་ཐར་ལམ་མེད་པ་ཁོ་ནར་བཤད་ཀྱང་། དབང་ཁྲུས་དང་། སྡོམ་པ་ཏིང་འཛིན། མཆོད་སྦྱིན་སོགས་ཟག་བཅས་ཀྱི་དགེ་བས་མཐོ་རིས་ཀྱི་གོ་འཕང་སྒྲུབ་པ་ཡོད་དེ། བསམ་གཟུགས་ཀྱི་དངོས་གཞི་ཐོབ་པའི་ཕྱི་རོལ་བའི་དྲང་སྲོང་ཡོད་པར་བཤད་པའི་ཕྱིར་རོ། །དེ་ལ་མུ་སྟེགས་པའི་བོན་དང་། མུ་སྟེགས་པའི་ཆོས་ཞེས་གཉིས་སུ་དབྱེ་བའི་ཁྱད་པར་ཅི་ཞེ་ན། འཛམ་གླིང་ལྷོ་བྱང་གི་ཁྱད་པར་རམ། ཡུལ་གང་དང་དུས་ནམ་གྱི་ཚེ་བོན་དར་ཆེ་བའི་སྐབས་སུ། གྲུབ་མཐའི་བཟང་ངན་ལ་བོན་ཟེར་ཞིང་། ཆོས་དར་བ་ཁྱབ་ཆེ་ན། གྲུབ་མཐའ་ཕྱོགས་གཏོགས་དང་བཅས་པ་ཡོངས་ལ་ཆོས་ཞེས་སུ་འབོད་པ་ནི། ད་ལྟའི་དུས་ན་མངོན་སུམ་དུ་གསལ་ཏེ། ཕྱི་ནང་གི་གྲུབ་མཐའ་ཕྱོགས་གཏོགས་དང་བཅས་པ་ཡོངས་ལ་དེ་དང་དེའི་ཆོས་ལུགས་ཞེས་སུ་བརྗོད་པ་བཞིན་ནོ། །
སུམ་རྩེན་གྲོང་ན་དྲང་སྲོང་ཤེས་རབ་དགའ། །མི་ཡི་ཡུལ་དུ་མུ་སྟེགས་སྟོན་པ་རྣམས། །
རྟག་ཆད་སྨྲ་བའི་རིག་པ་རྣོ་ན་ཡང་། །མཆོག་གསུམ་མི་འདོད་ཐར་བ་གང་ལས་འཚོལ། །
གང་ཞིག་གཞ༷ན་ཕན་གཞ༷ན་དོན་ཅི། །རང་ཉིད་བདེ༷་བའི་བདེ༷་ཐབས་འཁྲུལ། །
མེ་དང་རྩེ༷་གསུམ་རྩེ༷་མོའི་དབལ། །བརྟེན་སོགས་སྡུ༷ག་ལས་སྡུ༷ག་བསྔལ་རྒྱུ། །
རྒྱ་མཚོའི་ཀློང་ན་ཡིད་བཞིན་གཏེར། །ཕན་པའི་དངོས་པོ་མང་མཆིས་ཀྱང་། །
ཆུ་སྲིན་ལ་སོགས་གདུག་པ་ཅན། །འཚེ་བའི་ཆོས་ནི་དེ་བས་མང་། །

     གསུམ་པ་འབྱུང་བོ་ཀླ་ཀློའི་བོན་ནི། ཨོ་རྒྱན་གྱི་ཡུལ་ཕྱོགས་སྟག་དང་གཟིག་འཕན་གྱི་ཡུལ་ཞེས་པ། དེང་སང་སྟག་གཟིག་གམ་ཏ་ཟིག་ཅེས་སུ་གྲགས་པར། ནག་ཕྱོགས་ཀྱི་ལྷ་འདྲེའི་བླ་རྡོ་བྲག་ཕུག་ཆེན་པོའི་ཁོང་སེང་ན་རྡོའི་པུ་ལིངྒའི་རྟེན་རང་བྱུང་ཞིག་ཡོད་པའི་གནས་དེར། བོན་ཆོས་མུ་སྟེགས་གསུམ་ལ་མི་དགའ་བའི་ལྷ་མིན་གྱི་རཱ་མ་ཎ་བྱ་བས་ལྷ་མིན་གྱི་རིང་ལུགས་སྤེལ། དེ་རྗེས་ཀླ་ཀློའི་སྟོན་པ་ཨ་རྡོ་དང་། ཨ་ཧོ་གྷ་དང་། བྱིས་པ་དབང་པོ་སོགས་མང་དུ་བྱུང་ནས། མུ་སྟེགས་པས་ཀྱང་ཆེས་སྨོད་པའི་གནས་སུ་བྱེད་པའི་སྲོལ་ངན་གྱིས་ཁྱབ་པར་བྱས། དེ་ཡང་སྲོག་ཆགས་རྣམས་དངོས་སུ་བསད་པའི་ཤ་མ་གཏོགས་ཤི་ཤ་སོགས་མི་ཟ་བ་དང་། སྲོག་བཅད་པའི་ཤས་ལྷ་འདྲེ་མཆོད་པ་དང་། སྲོག་ཆགས་བསད་པ་ཅི་ཙམ་མང་ན་ཐར་ལམ་ཡིན་ཟེར་བ་དང་། གསེར་སྣོད་དུ་གྲོག་མ་མང་པོ་གསེར་ཁབ་ཀྱིས་བསད་ན་ཐར་བར་འདོད་པ་སོགས་མང་དུ་ཡོད་ལ། རིམ་གྱིས་འཕེལ་ནས་འཛམ་གླིང་བྱང་ཕྱོགས་ཀྱི་ཡུལ་གྲུ་སོགས་སུ་དར། ཁྱད་པར་སོག་སྨད་དུའང་ནང་བའི་བསྟན་པ་མ་དར་གོང་། ཕལ་ཆེར་ཀླ་ཀློའི་ལུགས་དར་བར་བཤད། དུས་ཕྱིས་སོགས་རྟ་ཁྲ་ཅན་གྱིས་རྒྱལ་སྲིད་བྱུང་ནས་ནང་བའི་བསྟན་ལ་དད་པས། ཡུལ་གྲུ་ཁ་ཤས་སུ་སྲོལ་ངན་རྣམས་མེད་པར་བྱས་ཟེར། གཞན་ཙི་ནའི་ཡུལ་དུའང་ཀླ་ཀློའི་ལུགས་འདིས་ལོའུ་ཀྱུན་གྱི་དོའུ་བསླད་དེ། དབྱེ་མི་ནུས་པ་ལྟར་འདྲེས་ནས་སྤྱོད། དེ་ཡང་དུད་འགྲོའི་སྐེ་བྲེགས་ནས་ལྷ་འདྲེ་མཆོད་པ་དང་། བདེ་སྡུག་ནི་གནམ་གྱིས་བྱས་པས་མཆོད་དགོས་ཟེར་བ་དང་། ཉ་དང་ར་ལུག་མི་ཡི་ཚོད་མ་ཡིན་པས་བསད་ན་ཉེས་པ་མེད་ཟེར་བ་དང་། གཤིན་པོ་ལ་ཕུང་བོ་མཆོད་ན་ལོངས་སྤྱོད་ནུས་ཞེས་སྲོག་གཅོད་མང་དུ་བྱེད་པ་སོགས་དུ་མ་ཞིག་ཡོད་པར་གྲགས། བོད་དུའང་། ཐོག་མར་བོད་རྒྱལ་གཉའ་ཁྲི་བཙན་པོའི་རིང་ནས་བཟུང་། མདོ་སྔགས་ཟུང་དུ་འབྲེལ་བའི་གཡུང་དྲུང་གི་བོན་དར་བ་ཡིན་ནའང་རྗེས་སུ་མིང་རྒྱུ་བོན་ལ་དོན་ཀླ་ཀློའི་ལུགས་འདྲེས་པས་བསྟན་པ་ཉམས་པར་བྱས་པ་ཡིན་ཏེ། མཚོ་རྒྱལ་བཀའ་ཐང་ལས། གཉའ་ཁྲི་ནས་བོད་སྤྱིའི་རྗེ་བོར་མངའ་གསོལ་ཏེ་ཆོས་ལུགས་ནི་བོན་དརཿ ཞེས་དང་། རྒྱུ་བོན་ལོག་པ་དར་ནས་ཆོས་དང་བོན་གཉིས་ཀ་བསྣུབསཿ ཞེས་པས། ཀླ་ཀློ་དང་དེའི་རིགས་མཐུན་གདོན་གཟུགས་ཀྱི་བོན་དར་ཚུལ་ཡང་མང་། དེ་ཕྱིར་ཁྲི་སྲོང་གི་སྐུ་རིང་ལ་ཕྱི་ནང་གཉིས་སུ་ཕྱེ་ནས་རྒྱུ་བོན་ཀླ་ཀློ་དང་འདྲེས་པ་ཐམས་ཅད་བསྣུབས་ནས། བོན་ནང་བ་རྣམས་རྐྱེན་དང་དགོས་དབང་གིས་གཏེར་དུ་བཞག་པ་མང་སྟེ། བཀའ་ཐང་ལས། བོན་ལུགས་སྡིག་དང་འདྲེས་པ་ཐམས་ཅད་བསྣུབསཿ ཞེས་དང་། བོན་ཆོས་ནང་བ་རྣམས་ནི་གཏེར་དུ་སྦསཿ ཞེས་དང་། བོན་ནང་བ་ནི་ཆོས་དང་མཐུན་པས་རང་མལ་དུ་བཞག་མཛོདཿ ལོག་བོན་འདི་མུ་སྟེགས་ལས་དམན་ཞེས་སོགས་དང་། ཕྱི་བོན་ཐམས་ཅད་ཀྱི་དཔེ་རྣམས་མེ་ལ་བསྲེགསཿ ནང་བོན་རྣམས་གཏེར་དུ་བཞགཿ ཅེས་གསུངས་སོ། །དེ་ལྟར་ལོག་བོན་བསྣུབས་པར་བྱས་མེད་ན། གཡུང་དྲུང་གི་བོན་སྔ་མོ་ནས་ནུབ་ཚར་བ་ཡིན་ཕྱིར། ད་ལྟ་རྒྱུ་འབྲས་བླ་མེད་ཀྱི་བོན་རྣམས་མ་ནུབ་པར་བཞུགས་པས། མཁན་སློབ་ཆོས་གསུམ་གྱི་མཛད་པ་དེ་དག་གིས་གཡུང་དྲུང་གི་བོན་དག་ཐེར་བྱས་པ་ལས་ནུབ་པའི་རྐྱེན་དུ་མ་སོང་བ་ད་ལྟ་མངོན་སུམ་དུ་གསལ་ཕྱིར་རྒྱལ་བའི་འཕྲིན་ལས་དང་ཐུགས་བསྐྱེད་རྨད་དུ་བྱུང་བ་ལ་ཡིད་ཆེས་ཤིང་སྙིང་ནས་ཡི་རངས་བྱས་ན་ཤིན་ཏུ་ལེགས་སོ། །ཀླ་ཀློའི་ཆོས་བྱ་བ། རྒྱ་གར་སོགས་སུ་དར་ཚུལ་ཡང་། ན་ལེནྡྲའི་གཙུག་ལག་ཁང་དུ་དགེ་ཚུལ་གཞོན་ནུའི་སྡེ་བྱ་བ་བསླབ་པ་འཆལ་བས་བསྟན་པ་ལ་ཐོ་འཚམས་པའི་ཀླ་ཀློའི་ཆོས་བརྩམས། རཱ་མ་ཎ་བསྒྲུབས་པས་གྲུབ་ནས་ཀླ་ཀློའི་ཆོས་གཏེར་དུ་སྦས། ཕྱིས་བུད་མེད་ཅིག་མེ་ཏོག་འཐུར་ཕྱིན་པས་གློ་བུར་དུ་བྱི་ལ་ཞིག་བྱུང་ནས་བུད་མེད་ཀྱི་ལུས་ལ་ཐིམ། དེ་ལ་བུ་ཞིག་སྐྱེས། དེས་ཀྱང་ཀླ་ཀློའི་ཆོས་གཏེར་ནས་བཏོན་ཏེ། ཕྱོགས་ཀུན་ཏུ་སྤེལ་ནས་དར་བར་བཤད། དེའི་ཕྱོགས་མཐུན་ལྷ་མོ་ཙིཎྚྲ་ཀ་མཆོད་པ་དང་། ཡུལ་གྱི་འབྱུང་བོ་ལ་དམར་མཆོད་བྱེད་པ། སྲོག་བཅད་པའི་ཤ་ཟོས་ན་ཉེས་པ་མི་འབྱུང་བར་བཤད་པ་མང་། འཇིག་རྟེན་པའི་ལྷ་ལ་དམར་གསུར་གྱིས་མཆོད་པ་ནི་ད་དུང་མང་དུ་སྣང་། དེའི་རྗེས་འབྲང་དངོས་མིན་ནའང་། སྲོལ་ངན་གྱིས་བསྟན་པ་ཉམས་པར་འགྱུར་བ་སྟོན་པས་ཀྱང་གསུངས་ཏེ། ལང་གཤེགས་ལས། ང་ཡི་བསྟན་པ་སུན་འབྱིན་པ། །ངུར་སྨྲིག་གི་ནི་གོ་བགོས་ཤིང་། །འབྲས་བུ་ཡོད་དང་མེད་སྨྲ་བ། །བྱིས་པའི་གཟུགས་ཅན་རང་བཞིན་འབྱུང་། །འབྲས་བུ་མེད་སྨྲ་རང་བཞིན་གྱིས། །སྐྱེ་བོ་མང་པོ་བརླག་པར་བྱེད། །ཅེས་གསུངས་སོ། །
གངས་ལྗོངས་འདིར་ཡང་གཡུང་དྲུང་བོན་གྱི་བསྟན་པ་ལ་ཞུགས་ཁུལ་ཙམ་ཆོས་པའི་གཟུགས་བརྙན་ཕྱི་ཚུལ་དགེ་སྦྱོང་གི་རྟེན་ཅན་གཞན་ཡིད་དྭངས་པ་འདྲེན་ནུས་པ། ནང་དུ་གཞན་ལ་གནོད་སེམས་དང་གསོད་སེམས་འཆང་བ། ར་ལུག་མང་པོ་ཁ་ཟས་ཀྱི་ཆེད་དུ་གསོད་པ། ཚར་ལྤགས་དང་ཝ་སྤྱང་གི་པགས་པ་གོས་སུ་གྱོན་པ། གསང་སྔགས་ཀྱི་ཆོ་ག་འདོན་པའང་མིང་ལ་གྲོང་ཆོག་བཏགས་ནས་རྒྱུ་ནོར་བསླུ་བའི་ཟོང་དུ་བྱེད་པ། དེའི་ཆེད་དུ་ར་ལུག་གི་སྲོག་བཅད་ནས་དམར་ཁ་དབྱེ་ཞིང་ཁྱད་པར་དགེ་འདུན་གྱི་འདུས་སྡེའི་གུང་ཚིགས་དང་། ཆོས་གྲྭའི་གསོལ་ཚིགས་ལ་ཆེད་དུ་སྲོག་བཅད་དེ་ཤ་དྲངས་དགོས་པ་དང་། གཞན་འདྲེན་སྟོན་བླ་གྲྭ་འགའ་རེ་འབུལ་སྡུད་དུ་ཕེབས་ཚེ། རྒྱུ་ནོར་གཅིག་པུ་དོན་དུ་གཉེར་ནས་སྣོད་ལྡན་ཡིན་མིན་ལ་མི་བརྟག་པར་དབང་ལུང་མན་ངག་ཟོང་དུ་བྱེད་པ། མིང་ལ་དཀར་ཐིག་བཏགས་ནས་རྒྱུ་ནོར་བསླུ་ཆེད་རྫུན་དང་གཡོ་སྒྱུས་གཞན་མགོ་བསྐོར་ཞིང་། འབྲོག་ཕྱོགས་ཁ་ཤས་སུ་ཇ་བཞེས་ལེན་པ་ཞེས་ལུག་གཅིག་གི་ཤ་ངེས་པར་དགོས་པ་སོགས་སྲོལ་ངན་སོར་འཇགས་སུ་སོང་བ་འདི་དག་སྦལ་བ་སྦྲུལ་གྱི་ཁ་ཟས་སུ་རློམས་པ་ལྟར་འདུག་པ་ནི། བསྟན་པ་ཉམས་རྐྱེན་ཚབས་ཆེ་ཞེས་མཁས་གྲུབ་གོང་མ་རྣམས་དགག་བྱར་མཛད་དོ། །

      གྲོང་སྔགས་ནུས་མཐུ་ཅན་གཞན་དོན་དུ་ཕྱོགས་པ་ཁ་ཤས་ནས་ཀྱང་། སྐྱབས་སེམས་སམ་བསྔོ་སྨོན་དང་། སྟོང་ཉིད་བསྐྱེད་རྫོགས་ཀྱི་ཉམས་ལེན་རྩྭ་ལྟར་དོར་ནས་གསང་སྔགས་ཟབ་མོ་གྲོང་དུ་གྱེར། གཏོར་ཤ་དང་གཡང་གཞི་ལེན་པ། ལྷ་མཐོང་འདྲེ་མཐོང་གི་མངོན་ཤེས་སྨྲ་བ་སོགས་མང་དུ་ཡོད། དེ་དག་རྗེ་སྨན་རི་བའི་རིང་ལུགས་པ་ཆེན་པོ་ཀུན་མཁྱེན་ཤར་རྫ་བ་ཡབ་སྲས་ནས་ཆོས་པའི་གཟུགས་ལ་ཀླ་ཀློ་ལས་ཀྱང་ཐུ་བ་འདི་མི་རུང་ཞེས་ཡང་ཡང་གསུངས་སོ། །དེ་ཕྱིར་སྟོན་པའི་བཅས་པ་ཁྱད་དུ་བསད་ནས། བསྲུང་སྡོམ་དང་སྐྱབས་འགྲོ་ཡལ་བར་གཏོང་བའི་གོང་སྨྲོས་ཀྱི་བསྟན་བཤིག་དེ་དག་ཀླ་ཀློའི་ཕྱོགས་གཏོགས་སུ་མངོན་ཞེས། བོན་ཆོས་ཀྱི་གྲུབ་མཐའ་སྨྲ་བའི་མཁས་པ་དུ་མ་དང་། ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་བཅུ་ཕྲག་གི་ཞབས་བསྟེན་པ་ལས་མགྲིན་གཅིག་ལྟར་ཡང་ཡང་གསུངས་པ་ཐོས་པས་འདིར་བྲིས་སོ། །

ཤམ་བྷ་ལ་རུ་སྟོན་པ་རྣམ་པར་རྒྱལ། །འཕགས་པའི་ཡུལ་དུ་མཉམ་མེད་སྲས་གཙང་སྲས། །
གངས་ལྗོངས་འདིར་ཡང་གཉའ་ཁྲི་མི་ཡི་དབང་། །བོན་ཆོས་ཉི་ཟླའི་མངའ་བདག་བྱོན་ན་ཡང་། །
བྱིས་དབང་གཞོན་ནུའི་སྡེ་སོགས་ཀྱི། །སྲོལ་ངན་སྨག་གིས་གསེར་ལྡན་མ། །
མིག་སྨན་རིལ་བོར་བྱས་པ་ཡི། །སྙིང་གི་ཟུག་རྔུ་སུ་ཡིས་སེལ། །
སྐྱོ༷ན་བརྒྱའི་དུག་གི་ཉག་ཕྲན་མདས། །བསྟ༷ན་མཆོག་ལུས་བཟང་ཡང་ཡང་རྨས། །
བསྟ༷ན་འཛིན་འཚོ་བྱེད་གཞོན་ནུ་རྣམས། །སྐྱོ༷ན་བྲལ་སྨན་གྱིས་དག་ཐེར་འཚལ། །

བཞི་བ་འཕྲུལ་ངག་གཡུང་དྲུང་གི་བོན་ནི། ཤམ་བྷ་ལ་འོལ་མོའི་གླིང་དུ་རྣམ་མཁྱེན་རྒྱལ་བ་གཤེན་རབ་མཆོག་ནས། བཀའ་ཡི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་ནང་དུ། ཐེག་རིམ་སྒོ་མཛོད་ཕྱི་ནང་གསང་གསུམ་དང་བཅས་མདོ་སྔགས་སེམས་གསུམ་ཡོངས་སུ་རྫོགས་པ་གསུངས་པ་གོང་དུ་བཤད་པ་ལྟར་ལ། དེ་ལས་ཀྱང་། ལྔ་བ་འབྲས་བུ་གསང་སྔགས་ཀྱི་བོན་ནི། རྩ་གསུམ་ལྷའི་ཡུལ་དུ་སྔགས་ཀྱི་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་སྐུར་བཞེངས་ཏེ་གསུངས་པ་དང་། ཡུམ་སྲས་གཤེན་གསུམ་སོགས་ཀྱིས་གསང་སྔགས་ནང་རྒྱུད་ཀྱི་བོན་རྣམས་བསྟན་པ་ཡིན།

    དྲུག་པ་ཐེག་མཆོག་བླ་མེད་ཀྱི་བོན་ནི། འོག་མིན་ནས་སྟོན་པ་ཀུན་ཏུ་བཟང་པོ་སོགས་(དགོངས་བརྒྱུད་སྟོན་པ་དགུའམ་དྲུག)ཀྱིས་རང་བཞིན་རྫོགས་པ་ཆེན་པོའི་བོན་སྡེ་བསྟན་པ་མཐའ་དག་ཡིན་ལ། འདི་གསུམ་གྱི་དར་ཚུལ་ནི་བསྟན་འབྱུང་ལས་གསལ།

སྡོམ་ཚིག་བརྒྱད་ཚན་གཉིས་ཀྱི་ཕྱི་མ་ལས། ཡང་དག་དམ་པའི་ཆོས་ཞེས་པའང་གོང་དུ་བཤད་པ་ལྟར། རྒྱ་གར་དུ་ལྷའི་བུ་དམ་པ་ཏོག་དཀར་མི་ཡི་རྣམ་པར་འཕྲུལ་བ་མཉམ་མེད་ཐུབ་པའི་དབང་པོ་བྱོན་ནས། ཡུལ་ཝ་ར་ཎ་སིར་འཁོར་ལྔ་སྡེ་ལ་བདེན་བཞིའི་ཆོས་འཁོར་བསྐོར། བྱ་རྒོད་ཕུང་བོའི་རི་བོར་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། ཡངས་པ་ཅན་སོགས་སུ་ལེགས་ཕྱིའི་ཆོས་འཁོར་བསྐོར་ཏེ། གདུལ་བྱ་རིགས་ཅན་གསུམ་གྱི་དོན་དུ་གསུངས་པའི་ཆོས་རྣམས་སོ། །གཞན་རི་རབ་ཀྱི་རྩེ་མོ་སོགས་སུ་སྦས་པའི་ཚུལ་གྱིས་རིགས་གསུམ་མགོན་པོ་སོགས་ལ་གསང་སྔགས་རྒྱུད་སྡེ་བཞི་རྣམས་བསྟན་ཏེ། ཐུབ་པ་མྱ་ངན་ལས་འདས་རྗེས་བཀའ་བསྡུ་གསུམ་པ་མཛད་པ་དང་། རིམ་གྱིས་ཐེག་ཆེན་དབུ་སེམས་གཉིས་དང་གསང་སྔགས་ཀྱི་སྐོར་རྣམས་ཀྱང་དར་བར་བཤད་དོ། །

     ཐུན་མིན་གསང་སྔགས་ཀྱི་ཆོས་ནི། གསང་སྔགས་རྙིང་མ་ལྟར་ན་འོག་མིན་དུ་ཆོས་སྐུའི་དབྱིངས་ནས་ལོངས་སྐུ་རྒྱལ་བ་རྡོ་རྗེ་འཆང་གི་སྐུར་བཞེངས་ཏེ། རིགས་ལྔའི་ཞིང་སོགས་སུ་ཐེག་པ་སྤྱི་དང་ཁྱད་པར་ནང་རྒྱུད་གསང་སྔགས་ཀྱི་ཆོས་བསྟན་པ་རྣམས་སོ། །དེ་རྣམས་རིགས་གསུམ་མགོན་པོས་ལྷ་གྲགས་ལྡན་མཆོག་སྐྱོངས་སོགས་ལ་བསྟན་ཏེ། ལྷ་ཀླུ་མི་གསུམ་གྱི་ཡུལ་དུ་སྤེལ། ཐུབ་པ་འདས་རྗེས་ལོ་ཉེར་བརྒྱད་ནས། ཧི་མ་ལ་ཡའི་རྩེར་རིགས་ཅན་དྲ་མ་ལྔ་ལ་གསུངས། དེ་ནས་ས་ཧ་རིའི་རྒྱལ་པོ་ཛ་ལ་བརྒྱུད་ནས་མི་ཡུལ་དུ་བྱུང་། བྱ་སྤྱོད་སོགས་གསང་སྔགས་ཐུན་མོང་གི་རྒྱུད་སྡེ་རྣམས་ཀྱང་། གྲུབ་ཆེན་ས་ར་ཧ་ས་སོགས་བྱོན་ནས་འཕགས་ཡུལ་དུ་སྤེལ། སྒྲུབ་སྡེ་རྣམས་ཞི་དང་ཁྲོ་བོའི་ལྷ་རང་རང་གི་ཞལ་ནས་གསུངས་པ་རྣམས་རིག་འཛིན་རྡོ་རྗེ་ཆོས་ཀྱིས་བསྡུས་ནས་མཁའ་འགྲོ་ལས་ཀྱི་དབང་མོར་གཏད། དེས་གཏེར་དུ་སྦས་པར་གྲགས། ཕྱིས་སུ་འཇམ་དཔལ་བཤེས་གཉེན་(སློབ་དཔོན་དྲན་པ་ནམ་མཁའ་ཡིན)སོགས་སློབ་དཔོན་བརྒྱད་དང་། གུ་རུ་པདྨ་རྣམས་ཀྱིས་སྤེལ། ཁྲི་སྲོང་གི་དུས་མཁན་སློབ་ཞལ་འཛོམས་ནས་རྒྱུད་སྡེ་དང་སྒྲུབ་སྡེ་བོད་དུ་བསྒྱུར་ཏེ་རྗེ་འབངས་ཉེར་ལྔ་སོགས་ལ་བརྒྱུད་ནས་དར། བསྟན་པ་ཕྱི་དར་སྐབས། དཔལ་ལྡན་ཨ་ཏི་ཤ་དང་ལོ་ཆེན་རིན་བཟང་སོགས་བྱོན་ནས་རྒྱུད་སྡེ་འོག་མ་གཉིས་དང་། བདེ་གསང་འཇིགས་གསུམ་སོགས་བོད་དུ་བསྒྱུར་ནས་གསང་སྔགས་གསར་མ་ཞེས་ཡོངས་སུ་གྲགས་སོ། །

     ཟབ་ལམ་རྫོགས་ཆེན་གྱི་ཆོས་ཞེས་པའང་། འོག་མིན་དུ་ཀུན་ཏུ་བཟང་པོ་དང་རྒྱལ་བ་རྡོ་རྗེ་འཆང་ནས་རིམ་པར་བརྒྱུད། རྡོ་རྗེ་སེམས་དཔས་རྩ་གསུམ་དུ་ལྷའི་བུ་སེམས་ལྷག་ཅན་ལ་བསྟན། དེའི་སྤྲུལ་བ་སློབ་དཔོན་དགའ་རབ་རྡོ་རྗེ་ནས་མི་ཡུལ་དུ་འཇམ་དཔལ་བཤེས་གཉེན་སོགས་ལ་བརྒྱུད་ནས་སྤེལ། བེེ་རོའི་སེམས་ཀློང་གི་སྐོར་དང་། བི་མའི་སྙིང་ཐིག་གི་སྐོར་རྣམས་དར་བ་དེ་དག་ཉམས་སུ་བླངས་པའི་བརྒྱུད་པ་ལ་འཇའ་ལུས་པ་མང་དུ་བྱོན། ཕྱིས་སུ་རྒོད་ལྡེམ་གྱི་དགོངས་པ་ཟང་ཐལ། དུང་མཚོ་རས་པའི་ཡང་ཏིག སྨིན་གླིང་གི་ཟབ་དོན་སྙིང་པོ་སོགས་མཐའ་ཡས་པ་དར་བར་གསུངས་སོ། །

སྐུ་གསུམ་སྟོན་པས་མདོ་སྔགས་བླ་མེད་ཀྱི། །བོན་ཆོས་གསེར་གྱི་འཁོར་ལོ་རབ་བསྐོར་བས། །
མཁའ་ལ་ཉི་ཟླ་རྒྱུ་སྐར་བཀྲ་བ་བཞིན། །མུན་སེལ་དགེ་མཚན་སྣང་བ་སྲིད་ན་འབར། །
མཉམ་མེད་ཐུབ་པའི་དབང་པོ་ཡིས། །ཆོས་འཁོར་རྩེ་མོའི་གྲངས་ལྡན་པའི། །
དམ་ཆོས་བདུད་རྩི་སྤྲོས་པ་ཡིས། །རིགས་གསུམ་གདུལ་བྱ་བདེ་ལ་བཀོད། །
གཡུང་དྲུང་འཆང་དབང་གདོད་མའི་མགོན། །མཆོག་གི་གདུལ་བྱའི་ཞིང་གཟིགས་ཏེ། །
རྒྱུད་སྡེ་ཟབ་གསང་ཙིཏྟའི་ཐིག །རིམ་བསྟན་གྲུབ་བརྙེས་མང་དུ་བྱུང་། །

     བདུན་པ་རྡོལ་ཐབས་ལྷ་འདྲེའི་བོན་ནི། ཞང་ཞུང་དུ་(ཞང་ཞུང་གི་ཡུལ་ལ་སྒོ་ཕུག་བར་གསུམ་ཕྱེ་བའི་བར་བ་དང་སྒོ་བ་གཉིས་ལ་ངོས་འཛིན་དགོས)ལྷ་དབང་ཕྱུག་ནག་པོས་གུར་ནག་རྒྱལ་པོ་ལ་མོ་བོན་རྫུན་ཚིག་གི་བོན་ལོག་པ་ཞིག་བསྟན་བྱུང་མྱོང་ནའང་། དེ་དུས་ཡུལ་དེར་བསྟན་པ་ལ་བདག་པོ་ཡོད་པས་ཡུན་རིང་མ་དར་བར་བསྣུབས་པའི་ལོ་རྒྱུས་འདུག བོད་ལ་ཡང་གཙང་འོན་ཤོད་བྱ་བར། བྱིས་པ་ལོ་བཅུ་གསུམ་ཅན་ཞིག་བོར་ནས་ལོ་བཅུ་གསུམ་བར་དུ་བསྡད། ལོ་ཉེར་བདུན་ཐོག་སླར་མི་གྲལ་དུ་འོང་ནས་ལྷ་འདྲེའི་བོན་བཤད་ནས་དེས་མངོན་ཤེས་འདྲ་མིན་རེ་སྨྲ། རྫུ་འཕྲུལ་ཅུང་རེ་བསྟན། ར་ལུག་འབྲི་གཡག་སོགས་བསད་དེ་ལྷ་འདྲེར་མཆོད་ཚུལ་ཀླ་ཀློ་དང་ཆ་འདྲ་བ་བྱུང་། བོན་གྱི་བསྟན་འཛིན་དམ་པ་རྣམས་ཀྱིས་དེ་དག་ལ་འདྲེ་བོན་ཞེས་དགག་བྱར་མཛད་དེ་ཕལ་ཆེར་ནུབ་ན་ཡང་། སྙིགས་དུས་སུ་ཆོས་ལུགས་ངན་པ་དར་སླ་བས་དེའི་ལུགས་སྲོལ་ཁ་ཤས་ལུས་པ་ནི། སྔོན་དུས་ཡུལ་ལ་ལར་ནད་པའི་རུམ་དུ་རེའུ་དང་ལུ་གུ་སོགས་བཅུག་ནས་ཅུང་ཙམ་བཞག དེ་ནས་བསད་དེ་ནང་ཁྲོལ་ལ་མོ་རྩིས་བྱེད་པ་དང་། སྐྱེས་པ་རྣམས་ཀྱིས་ར་གསུར་ཕུལ་ནས་མཆོད་པ་དང་། བུད་མེད་རྣམས་ཀྱིས་དགུང་བཅད་བྱས་ཏེ་དཀར་གསུམ་གྱིས་མཆོད་ཅིང་། མི་མིན་འབྱུང་བོ་གང་མཆོད་པ་དེའི་འཁོར་དུ་སྨོན་པ་ཡོད། གཞན་རྔོན་ལྷ་དང་རྐུན་ལྷ་སོགས་མཆོད་ནས་བསམ་སྦྱོར་ངན་པས་འདོད་དོན་གསོལ་བ་རྣམས་ཀྱང་དེའི་ཕྱོགས་སུ་གཏོགས། ཡང་སངས་རྒྱས་གླིང་བའི་རྣམ་ཐར་ལས། འཇིག་རྟེན་གྱི་ཌཱཀྐི་མང་པོས་ནམ་མཁའ་ལ་ཡི་གེ་སྔོ་ཁྲི་གེ་བ་བརྩེགས་ནས་འདི་དག་ཉམས་ལ་ཞེན་པའི་བློ་ཆུང་རྣམས་བསླུ་བའི་བོན་ཟེར་བ་གཟིགས་པའི་ལོ་རྒྱུས་སྣང་། དེ་ལྟར་བདུད་སྡིག་ཏོ་ཅན་དང་། འཇིག་རྟེན་གྱི་ཌཱཀྐི་དང་ལྷ་འདྲེས་རྒྱུད་བརླམས་ནས་རྫས་གཏེར་བརྡོལ་བ་སོགས་མང་ཞེས་དང་། དེང་སང་ཡང་འགའ་ཞིག་ལ་ཉམས་ཡིག་མང་པོ་བབས་ནས། མཐར་བོན་གྱི་གཞུང་ལམ་དང་མི་མཐུན་པར་རང་རྒྱུད་ཇེ་ལྷོད་དུ་སོང་ནས་ཆགས་སྡང་ལ་སོ་ནམ་བྱེད་མཁན་མང་དུ་འབྱུང་བ་རྣམས་ཀྱང་འདྲེ་བོན་གྱིས་བསླུས་པར་ཐེ་ཚོམ་མེད་ཅེས་གསུངས་སོ། །དེ་བཞིན་དུ་ཆོས་ལའང་བསླུ་ཐབས་ལྷ་འདྲེའི་ཆོས་ཡོད་དེ། པཎྚི་ཏ་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་བོན་ཆོས་རྣམ་དབྱེ་ལས། རྒྱ་གར་ན་སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ལོན་སྐབས། ཡངས་པ་ཅན་དུ་བདུད་ཀྱིས་བརླམས་པའི་དགེ་སློང་འགས། ཧུ་ལུ་ཧུ་ལུ་ལ་སོགས་པའི་མི་རུང་བའི་གཞི་བཅུ་བྱས་པ་དང་། དེ་ནས་རྒྱ་གར་ལྷོ་ཕྱོགས་སུ་དེད་དཔོན་གྱི་བུ། ལྷ་ཆེན་པོ་བྱ་བ་མཚམས་མེད་ཀྱི་ལས་དུ་མ་བྱས་པ་ཞིག མཁན་སློབ་མེད་པར་དགེ་སློང་བྱས་ནས་སྡེ་སྣོད་རྣམས་ལ་མཁས་པར་སྦྱངས། གཞན་ལན་གདབ་པ་སོགས་མི་རུང་བའི་གཞི་ལྔ་བཤད་དེ་ཆོས་ལོག་བསྟན། བདུད་ཀྱིས་གྲོགས་བྱས་པས། སྟོན་པ་འདས་རྗེས་འདི་བས་འཁོར་མང་བ་མ་བྱུང་ཟེར། ཞེས་དང་། བོད་ཡུལ་དུའང་བོད་རྒྱལ་དར་མའི་རྗེས་སུ་མངའ་རིས་སུ་བདུད་དགའ་རབ་དབང་ཕྱུག་གི་རྗེས་འབྲང་། ཀླུ་སྐར་རྒྱལ་གྱི་བྱིན་གྱིས་བརླབས་པའི་ར་རྫི་ཞིག་རྩ་འཇག་གི་ཁྲི་ལ་འདུག སྐར་མ་ལྟ་བུའི་འོད་ཟེར་སྤྲོས་ནས་ཆོས་མང་པོ་བཤད་པས་བོད་ཐམས་ཅད་དབང་དུ་བསྡུས། ཆོས་ཀྱི་དབྱིབས་ལ་བསྲེ་ལྷད་སྣ་ཚོགས་བཅུག་པའི་ཆོས་མང་པོ་སྤེལ། དེང་སང་ཡང་ཡུམ་མདོ་བསྡུས་པ། རྒྱ་གར་སྐད་དུ་ཧྲི་ད་ཡ། །འདི་སྐད་བདག་ཐོས་ཤཱ་རིའི་བུ། གཟུགས་ལ་སོགས་པ་སྟོང་བའོ། །ས་ར་ག་ཏེ་མངོན་པར་བསྟོད། །ཞེས་པས་མཚོན་ར་རྫིའི་ཆོས་དུ་མ་ཡོད། ཡང་དུས་ཕྱིས་གཏེར་སྟོན་དུང་རལ་གླིང་བ་ལ། གཏེར་ཆོས་པོ་ཏི་མང་པོ་བྱུང་བ། ཕྱིས་གུར་དྲག་གི་བསྙེན་པ་བསྐྱལ་བས་གཏེར་ཆོས་ཕྱེད་ལྷག་བེེ་དཀར་གྱི་འདྲེ་ཆོས་སུ་ངོ་ཤེས་པ་དང་། ལྷ་འདྲེས་བློ་བསྒྱུར་བའི་ཉམས་ཆོས་ལ་དགོངས་གཏེར་དུ་འཁྲུལ་བ་དང་། ལྷ་འདྲེའི་ཆོ་འཕྲུལ་ལ་ཡིན་རློམ་སྐྱེས་པའི་གཏེར་སྟོན་མང་བར་སྡེ་སྣོད་འཛིན་པ་རྣམས་ཀྱིས་དགོངས་མཆིའོ། །ཞེས་གསུངས་སོ། །

གཙང་གི་གཞོན་ནུ་མངོན་ཤེས་ཅན། །དགེ་སློང་གཟུགས་དང་དེད་དཔོན་བུ། །
སྐར་རྒྱལ་ཀླུ་ཡི་རྗེས་འབྲང་སོགས། །ཐར་འདོད་བསླུ་བའི་ཆོ་ག་བྱས། །
ཀྱེ་མ་ལྔ་ཕྲག་རང་མདངས་བདོ་བའི་དུས། །ཡང་དག་བོན་ཆོས་ཚུལ་བཞིན་བྱེད་པ་ཉུང་། །
ལྟར་སྣང་བསླུ་བར་བྱེད་པའི་ལྷ་བདུད་འདྲེས། །བཤེས་གཉེན་ཟོལ་གྱིས་བསྟན་པ་བསྣུབས་འདིས་སྐྱོ། །
གང་ཞིག་སོ་ནམ་མཁས་པས་ཞིང་བཟང་ལ། །བཏབས་པའི་མྱུ་གུ་སྨིན་པ་ལེགས་ན་ཡང་། །
ལྡུམ་རིགས་དུ་མའི་རྩེ་མོ་གཟེངས་སུ་མཐོ། །བདག་གིར་བགྱིད་པའི་ཞིང་པ་ནམ་ཡང་མཁོ། །

     བརྒྱད་པ་རང་བཟོ་བཅོས་མའི་བོན་ནི། ལ་ལས་རང་ཉིད་བསྙེན་བསྒྲུབ་ཚད་ལྡན་གཅིག་ཀྱང་མ་བྱས་པར། སྙན་ངག་ཙམ་ཤེས་པ་ན། རྟོགས་ལྡན་ཡིན་ཁུལ་གྱིས་རང་བཟོས་ཆོ་ག་བྲིས་པ་རྣམས་དང་། བཀའ་གཏེར་གྱི་ཆོ་ག་རྣམས་གཟུ་ལུམ་གྱིས་ཆོག་སྒྲིག་བྱེད་པའི་རྒྱས་བསྡུས་སྣ་ཚོགས་སུ་བསྒྱུར་བ་དང་། རྩོམ་པའི་མཚན་ཉིད་མི་ལྡན་བཞིན་གཞུང་དོན་དང་འགལ་བའི་འགྲེལ་བཤད་ཁ་ཅིག་དང་། གཞན་ལུགས་ཀྱི་གྲུབ་མཐའི་བཞེད་ཚུལ་ཁ་ཤས། བོན་ལུགས་ངེས་དོན་གྱི་དབུ་མ་ལ་སྦྱར་བའི་ར་མགོ་ལུག་སྤྲོད་ཀྱི་བསྟན་བཅོས་འགའ་དང་། ཨ་རྫོགས་སྙན་གསུམ་ལས་བཤད་པའི་སེམས་མ་བཅོས་པ་བྱ་བ་བླ་མེད་ཐེག་པའི་ཡང་རྩེའི་ཟབ་དོན་དེ། ཐ་མལ་གྱི་སེམས་གནས་ལ་ངོས་བཟུང་ནས། སེམས་མི་རྟོག་པ་ཙམ་གནས་ལུགས་སུ་བཤད་པའི་མུན་པར་མགོ་འཐོམ་པའི་བསྟན་བཅོས་དང་། རྫོགས་ཆེན་ལྟར་བཤད་པའི་སེམས་རིག་གི་དབྱེ་བ་མི་ཕྱེད་པར། རིག་པ་གསལ་བ་ཙམ་བླ་མེད་ལུགས་ཀྱི་རིག་པར་རློམ་པ་ལོང་བས་རྫས་ཀྱི་ཁ་དོག་དཔྱད་པ་ལྟ་བུའི་བསྟན་བཅོས་རྣམས་ནི་རང་བཟོའི་བོན་ཁོ་ནར་ཟད་དོ། །

      ཆོས་ལའང་དེ་ལྟར་བློ་བཅོས་རང་བཟོའི་ཆོས་ཡོད་དེ། འབོལ་རྩོམ་རེ་བྲི་ཤེས་པ་ནས། བདེན་ཚིག་གྲུབ་ཡོད་ཁུལ་གྱིས་སྒྲུབ་ཐབས་དང་ཆོ་ག་རྩོམ་པ་སོགས་ཀྱི་ཁུར་བླངས་ནས། སྔར་བཤད་པའི་སྲིད་པ་རྒྱུད་ཀྱི་བོན། འཇིག་རྟེན་གྱི་ཕན་བདེ་སྒྲུབ་པའི་ཐབས་སུ་མཛད་པ་ལས། དགྲ་བླ་ཀླུང་རྟ། ས་བདག་འཁྲུགས་བཅོས། ལད་པ་དགུ་བཅོས། དགྲ་བླ་དཔུང་བསྟོད། དགྲ་བྲུབ་ཆུང་འདུར། བརྒྱ་བཞི་སྣང་ཞི་སོགས་གཞན་ལུགས་སུ་བཅོས་ཏེ། ལྷ་དང་སངས་རྒྱས་བྱང་སེམས་རྣམས་མཚན་བསྒྱུར་ནས་ཡར་བཅོས་མར་གཏོའི་སྐོར་མང་དུ་བརྩམས། དེ་དག་ལས་སྔགས་རྣམས་སུ་རྒྱ་གར་སྐད་ལ་མེད་པའི་ཅ་ཆ་ཇ་ཞ་ཟ་འ་རྣམས་ཡོད་ཅིང་རྒྱུ་བོན་གྱི་མིང་ཚིག་དུ་མ་སོར་བཞག་བྱས་ཡོད་པས། རང་བཟོ་བྱས་པ་གསལ་བོར་རྟོགས་སླ། གཞན་བསྟན་བཅོས་རྩོམ་པའི་མཚན་ཉིད་མི་ལྡན་བཞིན་དུ་གཞུང་དང་འགལ་བའི་ཆོ་ག་རྩོམ་པ་དང་། བཀའ་རྟེན་རྡོ་རྗེ་ལྟ་བུའི་ཚིག་རྣམས་བཅོས་ནས་སྙན་ངག་ཏུ་བསྒྱུར་བ་དང་། བཀའ་གཏེར་བསྲེས་ནས་བྱིན་རླབས་ཉམས་རྐྱེན་བྱས་པ་སོགས་ཀྱང་མང་ཡང་རྒྱའི་ཧྭ་ཤང་མ་ཧཱ་ཡ་ན་ཞེས་པ་བོད་དུ་འོངས་ཏེ། དགེ་སྡིག་གང་ཡང་བློས་བྱས་ཡིན་པས་སྤང་བླང་བྱེད་པའི་རྣམ་རྟོག་ཀུན་སྤང་བྱ་ཡིན་པ་དང་། དང་པོ་ནས་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བས་འཚང་རྒྱ་ནུས་ཞེས་ཆོས་ལོག་བསྟན་པ། པཎྚི་ཏ་ཀ་མ་ལ་ཤཱི་ལས་ཚར་བཅད་ན་ཡང་། ཕྱིས་སུ་ཧྭ་ཤང་གི་ཉམས་ལེན་ལ་ཕྱག་ཆེན་དུ་བཏགས་པའི་བླུན་སྒོམ་ཡོད་པ་དང་། འགའ་ཞིག་སེམས་ཀྱི་ངོ་བོ་དང་རྟག་པ་གཞི་མཐུན་དུ་ཁས་བླངས་ནས། གྲངས་ཅན་པའམ་གསང་བ་པ་ལྟ་བུའི་ཞེན་ལྟ་འཆང་བ་དང་། ཁ་ཅིག་སྟོང་ཉིད་བློས་བྱས་ཀྱི་མེད་དགག་ཅི་ཡང་མེད་པའི་སྐྱེ་མཆེད་ལྟ་བུའི་ཆད་སྟོང་ལ་གནས་ལུགས་སུ་འདོད་པ་དང་། ཡང་ལུང་མ་བསྟན་པ་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ལྟ་བུ་ལ་སྟོང་ཉིད་རྟོགས་པའི་ལྟ་བར་འདོད་པ་དང་། རྫོགས་ཆེན་པར་བཏགས་པ་ཚོས་དགེ་སྟོང་སྡིག་སྟོང་ཞེས་པ་ལྟ་བར་རློམ་ནས། ཕད་ཚེ་ནང་དུ་ལག་པས་རྙོབ་པ་དང་། ར་གསོན་པོའི་ལག་པ་བཅུག་པར་ཁྱད་མེད་ཟེར་བ་དང་། གངས་རི་དང་ཐུགས་རྗེ་ཆེན་པོ་བསྒོམ་པ་འདྲ་བར་བཤད་པ་དང་། བོང་བུའི་སྐད་སྒྲ་དང་མ་ཎི་འདོན་པའི་སྒྲ་ལ་ཁྱད་མེད་ཟེར་བ་སོགས། མུ་སྟེགས་རྒྱང་འཕེན་པ་ལྟ་བུའི་རྫོགས་ཆེན་གྱི་ཁྲིད་ཡིག་ཡོད་པ་དག མཁས་པ་དུ་མས་དགག་བྱར་མཛད་པས་རང་བཟོའི་ཆོས་ཁོ་ནའོ། །གཞན་ཡང་བསྟན་པའི་བདག་པོ་རྣམས་དགོས་པའི་སྒོ་དུ་མ་ལ་དགོངས་ནས། གཞན་གྱི་བསྟན་ལ་ཟུར་ཟ་གནང་བ་ཙམ་མ་གཏོགས་པའི་ཕྱོགས་ཞེན་གྱི་དབང་གིས་མི་དགེ་བའི་ལས་དང་ཁྱད་པར་ཆོས་སྤོང་པའི་ལས་ལ་ཅུང་ཙམ་མི་འཛེམས་པར། སྐྱབས་གནས་དམ་པར་སྐྱབས་ཡུལ་དུ་མི་རུང་ཞེས་སྐུར་བ་འདེབས་པ་དང་། མི་མ་ཡིན་འབྱུང་བོའི་ཚོགས་ལ་རང་ཉིད་མོས་པ་ཙམ་གྱིས་སྐྱབས་གནས་སུ་སྒྲོ་བཏགས་ནས་ལྷ་རུ་འཛིན་པ་དང་། གཞན་གྱིས་སྐྱབས་འཆའ་བའི་ཡེ་ཤེས་པར་འདྲེ་རུ་སྨྲ་བ་དང་། རང་ཉིད་གང་ལ་དད་པའི་ཆོས་དེ་ཡང་དག་པའི་ལམ་དང་། མི་དད་པའི་ཆོས་གང་ལོག་པའི་ལམ་དུ་ཁས་བླངས་པའི་རྫུན་ཕྲ་ཚིག་རྩུབ་ངག་འཁྱལ་བཞིའི་གཏེར་དུ་གྱུར་བའི་བསྟན་བཅོས་བརྩམས་པ་རྣམས་ཀྱང་དེའི་ཕྱོགས་སུ་གཏོགས་ལ། དེ་འདྲའི་བསྟན་བཅོས་མཐོང་མ་ཐག་ཏུ་རྩོམ་པ་པོའི་རྒྱུད་ཀྱི་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླངས་པ་མངོན་སུམ་དུ་གསལ་ན། དེ་དག་རང་བཟོའི་ཆོས་ཙམ་དུ་མ་ཟད། རྩོམ་པ་པོར་སྐྱབས་སྡོམ་ཡོད་ན་བསླབ་བྱར་འགལ་བ་དང་། སོ་སྡོམ་ཡོད་ན། ལྷ་འདྲེ་ཤེས་མཐོང་གི་རྫུན་སྨྲ་ཆེ་བས་ཕམ་པ་བྱུང་བ་དང་། བྱང་སྡོམ་ཡོད་ན་སྨོན་སེམས་ཀྱི་བསླབ་བྱའང་བསྲུང་མ་ནུས། ཐ་ན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཀྱང་མེད་པ་མངོན་གསལ་ཡིན་ཏེ། ཆགས་སྡང་ཆེ་བའི་བྱང་སེམས་ཡོད་པ་མ་གསུངས་ལ། མི་དགེ་བཅུ་ཚང་གིས་རྩོམ་ཡིག་སྤེལ་རུང་བའི་སྐྱེས་བུ་ཆུང་ངུ་ཞིག་ཡོད་པའང་སུས་ཀྱང་མ་གསུངས་སོ། །དེས་ན་ཕྱོགས་ཙམ་ཡང་མ་མཐོང་བར་སྒྲོ་འདོགས་བསྐུར་འདེབས་བྱེད་པ་སྤངས་ནས། རང་གཞན་གང་གི་ལུགས་ལ་དག་སྣང་གིས་ཞིབ་མོར་སྦྱངས་ན། ལྟ་སྒོམ་སྤྱོད་འབྲས་གང་གི་ཐད་ནས་བསྟན་པ་སྐྱོན་མེད་ཡིན་པ་ངེས་ཐུབ་ལ། སྔར་ལོག་རྟོག་རེ་སྐྱེས་ཡོད་ནའང་འགྱོད་པ་སྐྱེ་སྲིད་དེ་བཤགས་ཐབས་ལ་འབད་ན་ལེགས་སོ། །དེ་ལྟར་གྲུབ་མཐའི་ངོས་ནས་བོན་དང་ཆོས། གང་ཟག་གི་ངོས་ནས་བོན་པོ་དང་བན་དེ་ཞེས་པ་མིང་འདོགས་ཚུལ་གྱི་ཁྱད་པར་ཙམ་ལས་ནང་བ་དང་ཕྱི་རོལ་བའམ་མེ་དང་ཆུ་ལྟ་བུའི་དགྲ་གཤེད་དུ་འཛིན་མི་རུང་བར་མ་ཟད། ཆུ་དང་ཆབ། མེ་དང་ཞུགས་ཞེས་པ་ལྟ་བུར་འགལ་མེད་དུ་རྟོགས་ན། རིས་སུ་མ་ཆད་པའི་སྐྱེ་བོ་ཡོངས་ཀྱིས་བཀུར་བསྟིའི་གནས་སུ་བྱེད་དེ། ཆོས་སྲིད་གང་ལའང་གནོད་མེད་རྩོད་བྲལ་དུ་ཕན་བདེ་ལེགས་ཚོགས་འབྱུང་ངེས་སྙམ་མོ། །

ཕྱོགས་ཀྱི་བུ་མོའི་མཛེས་རྒྱན་དུ། །ཉིན་བྱེད་འདྲེན་པའི་ཆོ་ག་མཁན། །
དཀར་གསལ་སྐྱ་རེངས་དང་པོའི་དྲིན། །བསྙེལ་ཏེ་མི་དྲན་སེམས་ལྡན་སུ། །
བོ༷ན་དང་འཕྲུལ་ངག་གཡུང་དྲུང་བོ༷ན། །ཆོ༷ས་དང་དེ་བཞིན་དམ་པའི་ཆོ༷ས། །
མི༷་ཤེས་ཤེས་པར་རློམ་པའི་མི། །འདི༷་ཞེས་མཛུབ་མོས་རི་སྟོན་འདི༷འོ། །
རང་ཉིད་འདྲིས་པའི་ཁྲོན་པའི་ཆུ༷། །ཆུ༷་བོའི་གཏེར་དུ་འཁྲུལ་བའི་བློ༷། །
བློ༷་ཆུང་ལག་འགྲོའི་སྨྲ་བ་དེ༷། །དེ༷་རིང་སྙིམ་པས་མཆུ་སྒྲོས་ཟུམས། །

      སྨྲས་པ། ༧ བརྒྱ་བའི་སྟོན་མཆོག་སྐུ་ཚད་ཚེ་དུས་དང་། །མཛད་པ་བོན་ལ་ལུང་རིགས་གནོད་བྱེད་བྲལ། །ཚད་མའི་སྟོན་པ་རྒྱལ་བ་གཤེན་རབ་དང་། །བསྟན་པ་འདི་ལ་དད་རྣམས་སྐལ་བ་ལྡན། ༧ །རྒྱལ་བའི་བཀའ་དང་བཀའ་བརྟེན་རྣམ་པར་དབྱེ། །བོན་དང་ཆོས་ཀྱི་ཁྱད་པར་དངོས་སུ་རྟོགས། །ཆོས་དང་ཆོས་མིན་འབྱེད་ལ་བློ་ལྡན་དག །ལུང་དང་རིགས་པས་དཔྱད་པ་ཞིབ་མོ་དགོས། ༧ །འདི་ཙམ་གྱིས་ཀྱང་བློ་གསར་གཞོན་ནུའི་ཚོགས། །བསྟན་ལ་དངོས་བཏགས་མི་ཕྱེད་མུན་པའི་ནང་། །ཉེས་པའི་གཡང་ཁར་འཕྱན་ལ་ལམ་གསལ་ཕྱིར། །སྒྲོན་མེ་ཙམ་དུ་འགྱུར་སྙམ་ཕན་སེམས་ཡིན། ༧ །གཞན་ལུགས་སྣ་ཚོགས་རྐང་འཐུང་འཁྲིགས་པའི་ཚལ། །དུམ་བུར་གཅོད་པའི་དགག་བཞག་མཚོན་ཆ་མེད། །རང་ལུགས་ཁོ་ནའི་བཞེད་པ་གཞིར་བཟུང་ནས། །ཕྱོགས་ཡོངས་གཟིགས་པའི་དཔྱད་གཞིའི་ལེགས་སྐྱེས་ཡོད། ༧ །དྲན་དབང་ངང་མོའི་རྣམ་དཔྱོད་མཆུ་རྩེ་ནས། །ལེགས་བཤད་འོད་དཀར་བཅུད་དུ་ལེན་པ་དང་། །ཉེས་ཚོགས་ཆུ་བོ་རྒྱང་དུ་དོར་མཛད་དེ། །གྲུབ་མཐའ་རྒྱ་མཚོའི་དཔལ་ལ་རྩེ་དགས་རོལ། ༧ །རྒྱལ་བསྟན་ཉི་མའི་འོད་སྣང་གིས། །སྲིད་ཞིའི་རྒུད་པའི་སྨག་རུམ་སེལ། །གཟུ་ལམ་སྲིན་མེ་རྒྱུ་བ་དེ། །རང་མཚང་འབྱིན་ལས་ཕན་ནུས་ཅི། ༧ །དེ་ཕྱིར་ལུང་དང་རྟོགས་པའི་བོན། །རིས་མེད་པདྨོའི་གཉེན་ལྟར་ཤར། །བྱང་བལྟས་ཕུག་པ་རྒྱང་བསྲིང་ནས། །སྐལ་བཟང་པད་དཀར་ཚལ་དུ་བཞུགས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་བཅད་ལྷག་བསམ་རྣམ་པར་དཀར་བའི་རང་མདངས་སོ། །

2012ལོའི་«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་དགུ་བ་ལས་དྲངས།

 

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།