ཏྲི་ཤུལ་སྐོར་ལ་ཐོག་མར་དཔྱད་པ།

གཤེན་ཚེ་ཚང་དགེ་བཤེས་འོད་ཟེར་རྒྱལ་མཚན།
རྩོམ་ཁུངས། ཧི་བོན་ཟིན་བྲིས།

      ད་ལན་འདིར་ཁོ་བོས་ནམ་རྒྱུན་གྲུབ་མཐའ་འདྲ་མིན་ཁག་ཞིག་གིས་བེད་སྤྱོད་བཞིན་པའི་ཏྲི་ཤུལ་གྱི་སྐོར་ཞིག་གླེང་བར་འདོད། ད་ལྟ་ང་ཚོའི་མཐོང་ལམ་དུ་གྱུར་པ་ནི་ཡོ་བྱེད་འདི་ཉིད་ཧིན་དྷུ་བ་དང་། བན་དེ། བོན་པོ་ཚང་མས་བེད་སྤྱོད་བཞིན་པ་ཞིག་རེད། འོན་ཀྱང་འདི་ཉིད་གྲུབ་མཐའ་གང་ཞིག་གི་ལུགས་ལས་ཐོག་མར་བྱུང་བ་དང་། འདིས་ཅི་ཞིག་མཚོན་པའམ་འགྲེལ་བཤད་སོགས་གྲུབ་མཐའ་སོ་སོར་ཡོད་སྲིད་ཀྱང་ཧིན་དྷུ་བ་ལས་བན་བོན་གྱི་མཁས་པས་འདིའི་སྐོར་ཞིབ་ཕྲར་བྲིས་ཡོད་པ་ད་བར་མ་མཇལ།

ཏྲི་ཤུལ་གྱི་ཐ་སྙད་ལ་དཔྱད་པ།

      དེའང་ཐོག་མར་འདིའི་ཐ་སྙད་ཀྱི་སྐོར་ལ་དཔྱད་ན། བོད་ཡིག་གི་ལམ་དུ་“ཊི་ཤུལ་”དང་། “ཏྲི་ཤུལ་”་སོགས་མི་འདྲ་བ་འགའ་ཞིག་བྲིས་ཡོད་ཀྱང་དོན་དུ་“ཏྲི་ཤུལ་”ཞེས་འབྲི་ན་ལེགས། ཡང་སྐབས་རེར་ང་ཚོས་མཐོང་ལམ་དུ་“ཏྲི་ཤུལ་”གྱི་འཚབ་ཏུ་“ཁ་ཏྲཾ”ཞེས་པའང་བྲིས་ཡོད།

དེ་ནི་“ཏྲི་”་“ཏྲཾ་”ལ་འགྱུར་ཏེ། ཁ་ནི་བོད་སྐད་གཙང་མ་ཡིན་སྟབས་“ཁ་གསུམ་”ཟེར་བ་དང་མཚུངས། “ཏྲི་ཤུལ་”ཞེས་པའི་ཐ་སྙད་འདི་ཆེས་རྙིང་པ་ཞིག་དང་འདི་ལ་ལོ་རབས་ཁྲི་ཕྲག་མང་པོའི་ལོ་རྒྱུས་ཀྱི་དྲེགས་པ་ཆགས་ཡོད་པ་ནི་འཐོག་མེད་དུ་གླེང་ཆོག་པ་ཞིག་རེད། ལེགས་སྦྱར་ཀྱི་སྐད་ལྟར་ཧིན་དྷུ་བ་ཚོས་འདི་ཉིད་འགྲེལ་སྐབས་“ཏྲི་”ནི་“གསུམ་པ་”དང་། (དེ་དང་འདྲ་བར་དབྱིན་སྐད་དུའང་ཏྲི་ཌེནཊ་( trident) སྟེ་རྩེ་གསུམ་ཅན་ཞིག་ལ་གོ) “ཤུལ་”ལམ་“ཤུ་ལ་”(ShÜla)ནི་མཚོན་ཆའམ་མདུང་ལ་གོ་བར་བཤད་ཡོད་པས་དོན་དུ་མདུང་མོ་རྩེ་གསུམ་(त्रिशूल trishūla)ཞེས་ཟེར། བན་དྷེ་ཚོས་འདིའི་ཐ་སྙད་འགྲེལ་སྟངས་གོང་གི་ལེགས་སྦྱར་དང་མཚུངས་པར་སྙམ།

རང་རེ་བོན་པོའི་ལུགས་ལ་ཐ་སྙད་འདིའི་ཐད་དཔྱད་དགོས་པའང་མང་པོ་འདུག གོང་གི་“ཏྲི་” ཞེས་པའི་ཐད་ལ་བོན་གཞུང་ལས་བྱུང་བའི་ཐ་སྙད་རྙིང་པ་དེ་དག་གི་ཡབ་ཆེན་ནི་ཞང་སྐད་ཡིན་དགོས་སྟབས། སྐབས་རེར་ཞང་སྐད་དུ་“ཏྲི་”དང་“ཧྲི་”་གཉིས་ཀྱི་དོན་དག་གཅིག་ཏུ་སོང་བའང་མང་པོ་མཐོང་རྒྱུ་འདུག དེའང་ཞང་སྐད་ཀྱི་“ཧྲི་”ཤེས་པ་ནི་ཡེ་ཤེས་དང་ཤེས་རབ་ཀྱི་ཆར་འཇུག་ལ་མཚམས་རེར་དབལ་དང་གཟི་བརྗིད་ལའང་འཇུག་པར་མཐོང་རྒྱུ་ཡོད། དེས་ན་ཕྱི་མའི་དབང་དུ་བྱས་ན་ཧྲིའམ་“ཏྲི་”ནི་དབལ་ཁ་དང་གཟི་བརྗིད་ལ་གོ་ཆོག་པར་སྙམ། “ཤུལ་”ཞེས་པ་ཞང་སྐད་དུ་ད་བར་མ་མཇལ་ལ་སྤྱིར་ཞང་སྐད་དུ་མདུང་ལ་“སྣེ་ཙེ”ཞེས་བཤད་ཡོད་ཀྱང་“ཤུལ”ཟེར་མི་སྲིད་པའང་མ་རེད་སྙམ། དེས་ན་བོན་ལུགས་ལ་ཐ་སྙད་འདིའི་འགྲེལ་བཤད་ནི་གསང་སྔགས་ཀྱི་གཞུང་སོགས་ལས་བྱུང་བའི་“དབལ་གྱི་མདུང་མོ་རྩེ་གསུམ་”ཞེས་པ་དེ་དང་འགྲེལ་ན་སྐྱོན་མེད་པའི་སྒྲུབ་བྱེད་འོག་ཏུ་འཆད་རྒྱུ་ཡིན།

ཏྲི་ཤུལ་གྱི་མཚོན་དོན་ལ་དཔྱད་པ།

      ལེགས་སྦྱར་གྱི་སྐད་ལྟར་ཧིན་དྷུ་བ་རྣམས་ཀྱིས་“ཏྲི་ཤུལ་”ཏེ་“ཏྲི་”ནི་གོང་ལྟར་“གསུམ་”ལ་འཇུག་སྟབས་སྐུ་གསུམ་མཚོན་བྱེད་ཡིན་ཞེས་བཤད་ཡོད། ཧིན་དྷུའི་ལུགས་ཀྱི་སྐུ་གསུམ་ནི་འཇིག་རྟེན་བྱེད་པོ་བྷ་རཧ་མ། འཇིག་རྟེན་སྐྱོང་བ་པོ་ཝིཤ་ནུ། འཇིག་རྟེན་འཇིག་པ་པོ་མ་ཧེཤ་ཝ་ར་( Brahma Vishnu Maheshwara) དང་གསུམ་ལ་ཟེར། ད་དུང་ཁོ་ཚོས་“ཏྲི་ཤུལ་”གྱི་མཚོན་བྱེད་འཆད་སྐབས་གྷརེཊ། ཏྲི་ནི་ཊིད་ (Great Trinity) ཏེ་མཆོག་གསུམ་གཅིག་བསྡུད་ཅེས་བཤད་ཀྱི་ཡོད། དེས་མ་ཚད་དུས་གསུམ་དང་། ལུས་ངག་ཡིད་གསུམ། རྩ་ཡི་གནད་གསུམ། འཇིག་རྟེན་གསུམ་སོགས་གྲངས་མང་ཞིག་ལ་སྦྱར་ནས་བཤད་ཡོད་པ་རེད། (སྤྱིར་ཡག་པ་རྣམས་ཡག་པའི་གྲངས་ཅན་དང་སྦྱར་ལ་སྡུག་པ་རྣམས་དེ་ལས་ལྡོག་ནས་བཤད་པ་ནི་འཇིག་རྟེན་མིའི་རང་བཞིན་ཞིག་ཀྱང་རེད)ཧིན་དྷུའི་ལུགས་ལ་“ཏྲི་ཤུལ་”འཛིན་མཁན་གྱི་ལྷ་གཙོ་བོ་དེ་ནི་ཤིཝ་ཇི་སྟེ་དབང་ཕྱུག་ཆེན་པོ་རེད། ཁོ་ཚོས་འདོད་སྟངས་ལ་དབང་ཕྱུག་ཆེན་པོ་ནི་བོད་ཀྱི་ས་གནས་ཏེ་གངས་རིན་པོ་ཆེར་གནས་ཡོད་པར་བཤད། ཡ་མཚན་པ་ཞིག་ལ་ཁོ་ཚོས་དབང་ཕྱུག་ཆེན་པོའི་ཏྲི་ཤུལ་ལ་ཆེ་སྟོད་བྱེད་སྐབས་ཏྲི་ཤུལ་དེས་ལྷ་ཆེན་ཚོགས་བདག་གླང་སྣའི་དབུ་བཅད་མྱོང་བས་བྱིན་རླབས་ཆེ་སོགས་ཟེར། བསམ་ཞིང་བམས་ན་འཇིག་རྟེན་འདིར་ངེས་གཏན་མེད་པའི་འགྲོ་བ་མི་རྣམས་ཀྱི་བསམ་བློའི་འཁྱེར་སོ་འདི་དག་ལ་གད་མོ་འཆོར་ཡ་ཁོ་ན་ཙམ་རེད། ད་དུང་འཕགས་ཡུལ་བྱང་ཕྱོགས་སུ་རི་བོ་ཏྲི་ཤུལ་ཞེས་པའི་གངས་རི་རྩེ་གསུམ་ལྟ་ན་སྡུག་པ་ཞིག་ཡོད་པས་ཕྱི་ལོ་ ༡༩༠༧ ལོར་དབྱིན་ཇིའི་རི་འཛེགས་པ་གྲགས་ཅན་ཊོམ་ཇོར་ཇི། ལུང་སི་ཊཕ་(Tom Geoge Longstaff)ལགས་ཐོག་མར་འཛེགས་ནས་འཛམ་གླིང་གི་ཟིན་ཐོར་བཀོད་ཡོད།

ད་དུང་“ཏྲི་ཤུལ་”འདི་ཉིད་ལུགས་གཞན་དག་གི་འདོད་སྟངས་ཞིག་སྟེ་གྷི་རིག་(Greek) དང་རོ་མན་(Roman)གྱི་གཏམ་རྒྱུད་དུའང་“ཏྲི་ཤུལ་”འདི་ཉིད་ཆེས་གལ་ཆེན་དུ་བརྩིས་ཡོད་པ་སྟེ་རྒྱ་མཚོ་སྲུང་བའི་ལྷ་ཆེན་གསུམ་མཚོན་བྱེད་ཡིན་ཟེར། ལྷ་ཆེན་གསུམ་ནི་ཛེའ་སུའི་སྤུན་མཆེད་དང་། ཧ་དྷེསུ། ཧེ་ར་(brother of Zeus, Hades and Hera)གསུམ་ཡིན་པར་བཤད་ཡོད།

བན་དྷེའི་ལུགས་ལ་འདིས་ཅི་ཞིག་མཚོན་གྱི་ཡོད་མེད་སོགས་ཀྱི་ལོ་རྒྱུས་མ་མཇལ་ཡང་གལ་སྲིད་ཡོད་པའི་དབང་དུ་གཏོང་ཡང་དེ་ནི་ལེགས་སྦྱར་ལུགས་ལྟར་འགྲེལ་ཡོད་རྒྱུ་རེད་སྙམ། གང་ལགས་ཞེ་ན་ཆོས་ལུགས་ཀྱི་བྱ་འགུལ་ཡོད་ཚད་འཕགས་ཡུལ་དུ་བཏུག་དགོས་པ་ནི་ལུགས་དེའི་བྱུང་ཁུངས་དེར་ཐུག་ཡོད་པས་སོ། འོན་ཀྱང་ལོ་རྒྱུས་ཀྱི་དེབ་ཐེར་འགའ་ལས་དེ་ཉིད་ག་དུས་བྱུང་མིན་སྐོར་ཞིག་བཤད་ཡོད་པ་དེ་དག་གཤམ་ནས་འཆད་རྒྱུ་ཡིན།

ད་རང་རེ་གཡུང་དྲུང་བོན་གྱི་ལུགས་ལ་“ཏྲི་ཤུལ་”ལམ་“ཁ་ཏྲམ་”གྱི་སྐོར་ལ་རྒྱས་ཤོས་འབྲི་མཁན་དེ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་ལགས་རེད། ཁོང་གིས་མཛད་པའི་ (ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ།)ཞེས་པ་ལས་“ཁ་ཏྲམ་”གྱི་རྒྱུ་དང་ཚད། མཚོན་དོན་སོགས་བཤད་ཡོད་ཀྱང་ཁོང་གིས་“ཁ་ཏྲམ་”གྱི་སྐོར་གཞུང་གང་ཞིག་ལས་བཏུས་པ་དང་གང་ལ་བཏུག་པ་སོགས་གང་ཡང་མ་གསུངས་པས་ཕལ་ཆེར་དག་སྣང་དུ་བྱུང་བ་ཡིན་སྲིད་པ་ཞིག་རེད། དེ་མིན་རང་རེའི་གཞུང་ལུགས་རྣམས་སུ་གསལ་བའི་“ཏྲི་ཤུལ་”ལམ་“ཁ་ཏྲམ”གྱི་སྐོར་ཞིག་འདིར་ལུང་འདྲེན་བྱ་རྒྱུ་ཡིན། ཐོག་མར་སྤ་དྲོའི་གཏེར་མ་སྟོང་རྒྱུང་མཐུ་ཆེན་གྱིས་མཛད་པའི་(དབལ་ཕུར་ནག་པོའི་གཏེར་སྲུང་དྲུག་གི་བསྐུལ་པ་)ལས། “སྐུ་བླ་དྲང་སྐྱེས་མཐུ་བོ་ཆེ། །སྐུ་ལ་རྨ་བྱའི་ལའུ་གསོལ། །ཕྱག་ན་ཏྲི་ཤུལ་རྩེ་གསུམ་བསྣམས། །ཆིབས་སུ་ནམ་མཁའི་ཁྱུང་ལ་བཅིབས། །” ཞེས་གཞུང་དེ་ཉིད་ལས་“ཏྲི་ཤུལ་”ཞེས་ཚིག་དངོས་སུ་གསལ་ཡོད། ཡང་ཡོངས་འཛིན་སྨྲ་དབང་མཆོག་གིས་མཛད་པའི་ལྷ་ཡི་ཕྱག་མཚན་སྐོར་ལས། གཟི་བརྗིད་ཀུན་དབྱིངས་ཀྱི་ལྷ་ཡི་ཕྱག་མཚན་གསུང་པའི་སྐབས་སུ་“མདུང་མོ་རྩེ་གསུམ་ཞེས། ཁ་ཊཾའ་ཁ་ཞེས་པའམ། མདུང་རྩེ་གསུམ་ཡོད་པ་ལྟ་བུའོ།”ཞེས་གསུངས་པ་ལྟར་དེའི་ལུང་གི་བྱུང་ཁུངས་ནི་མདོ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་ཀུན་དབྱིངས་ཀྱི་ལེའུ་སྐབས་སུ་འདི་ལྟར། “ཤར་ཕྱོགས་དགའ་བའི་འཇིག་རྟེན་ན། །ལྷ་ཆེན་མ་ཧཱ་དེ་བ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་མཚན་མདུང་མོ་རྩེ་གསུམ་བསྣམས། །” ཞེས་གསུངས་པ་ནི་དོན་དུ་བཤད་བཞིན་པའམ་གོང་དུ་༸ཡོངས་འཛིན་མཆོག་གིས་གསུངས་པའི་“ཏྲི་ཤུལ་”ལམ་“ཁ་ཏྲམ་”ཞེས་པ་དེ་ཡིན། དེ་བཞིན་(བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་སྒྲུབ་)ལས། “ཕྱག་བཅུའི་དང་པོ་དབལ་གྱི་རལ་གྲི་ཕྱར། །དེ་འོག་ཟླ་བ་མདའ་མོ་དབལ་མེ་འབར། །ཐོ་བ་ལྕགས་ཀྱུ་ཐུ་ལུམ་ཁ་ཏྲམ་གསོལ། །” ཞེས་ཡུམ་གྱི་ཕྱག་མཚན་བསྟན་པའི་སྐབས་སུ་བཤད་ཡོད། ཡང་(སྲིད་རྒྱལ་དྲིའུ་དམར་མོའི་གཟེར་བུ་ལས) “ཕྱག་དྲུག་གཡོན་གྱི་བར་མ་ན། །ཁ་ཏྲམ་རྩེ་གསུམ་ལྟག་སྤྲོད་རྔ་ཆེན་བསྣམས་པ་ནི། །སྐུ་གསུམ་དོན་དང་ལྡན་པའི་ཕྱག་མཚན་དང་། །” སོགས་དུ་མར་གསུངས་ཡོད་ལ། དེ་དང་འདྲ་བར་དབལ་གསས་དང་ཁྲོ་བོའི་སྐུ་བསྟོད། གྱད་དམག་སོགས་ཀྱི་སྐུ་བསྟོད་འཆད་སྐབས་ཡང་ནས་ཡང་དུ་“དབལ་གྱི་མདུང་མོ་རྩེ་གསུམ་བསྣམས་པ་ནི། དབལ་ཁ་གསོལ་ཞིང་” སོགས་གསུངས་ཡོད་སྟབས་“ཏྲི་ཤུལ་” ལམ་“ཁ་ཏྲམ” ཡང་ན་དབལ་མདུང་རྩེ་གསུམ་གྱི་དོན་ནི་སྐུ་གསུང་ཐུགས་དང་ལྡན་པའི་ཕྱག་མཚན་ཞིག་གམ་ཡང་ན་དབལ་ཁ་དང་སྒྲ་བླ་གསོལ་བའི་རྟེན་ཁྱད་པར་ཅན་ཞིག་ཏུ་གོ་བར་འདུག དེ་བཞིན་མ་རྒྱུད་ཀྱི་གཞུང་སོགས་ལས་མཁའ་འགྲོ་མ་རྣམས་ཀྱིས་ཡབ་ཀྱི་ཚུལ་དུ་ཁ་ཏྲམ་ལ་བསྟེན་པ་མང་པོ་ཞིག་མཇལ་རྒྱུ་ཡོད་ལ་ལྷག་དོན་རིག་འཛིན་གྱི་གྲལ་ལའང་ཁ་ཏྲམ་ལ་བསྟེན་པ་ཡོད་དེ་བླ་མ་ལི་ཤུ་ལྟག་རིང་ལྟ་བུ་རེད། དེའང་རིག་འཛིན་འདིའི་ཕྱག་མཚན་འཆད་སྐབས་”ཕྱག་གཡས་ཁ་ཊམ་རྩེ་གསུམ་དུག་གསུམ་འཇོམས”ཞེས་གསུངས་འདུག ད་དུང་ཕོ་རྒྱུད་རྣམས་ཀྱིས་ཡུམ་གྱི་ཚུལ་དུ་ཁ་ཏྲམ་ལ་བསྟེན་པའང་ཡོད་པ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་གསུངས་ཡོད།

ཏྲི་ཤུལ་དུས་རབས་གང་ནས་བྱུང་མིན་ལ་དཔྱད་པ།

      དེའང་ཧིན་དྷུའི་ལུགས་ལ་མཚོན་ན་“ཏྲི་ཤུལ་”ག་དུས་བྱུང་མིན་བཤད་ཀྱི་མེད་ལ་རྒྱུ་མཚན་ནི་ལྷ་དབང་ཕྱུག་ཆེན་པོར་སྐྱེ་འཆིའི་དུས་མེད་པར་བཤད་ཡོད། བན་དྷེ་རྣམས་ཀྱིས་འདོད་ཕྱོགས་ལྟར་བོད་ཀྱི་ལོ་རྒྱུས་ལས་རྒྱལ་ཕྲན་སིལ་མ་བཅུ་གཉིས་འཆད་སྐབས་འདི་ལྟར་བཤད་ཡོད། “བཞི་པ་དམར་འཇམ་ཞེས་བྱ་ལྷ་ཡིས་བྱས། །ཡུལ་གྱི་མིང་ནི་ལྷ་ཡུལ་གུང་ཐང་ཟེར། །ལག་ཆར་ཁ་ཏྲམ་རྩེ་གསུམ་དེ་ནས་བྱུང། །” ཞེས་གསུངས་པར་བརྟག་ན་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་སུ་བེད་སྤྱད་འགོ་བཙུག་པ་འདོད་པ་ལྟ་བུ་ཞིག་སྣང་། དེ་མིན་གྱི་ཡིག་ཆ་མ་རགས་པས་དཔྱད་ཐབས་མ་བྱུང་།

རང་རེ་གཡུང་དྲུང་བོན་གྱི་ལུགས་ལ་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་རོལ་ནས་ཡོད་པ་སྟེ་གོང་གི་ཀུན་དབྱིངས་སྐབས་སུ་ལུང་དྲངས་པ་དེ་དག་དང་། སྤ་གྲོའི་གཏེར་མ་སོགས་ལས་བྱུང་བའི་བཀའ་སྲུང་གི་བསྐུལ་པ། ད་དུང་གསང་སྔགས་ཀྱི་གཞུང་དབལ་གསས་དང་ཁྲོ་བོ། གྱད་དམག་སོགས་ཀྱི་སྐུ་བསྟོད་འཆད་སྐབས་ཀྱི་ལུང་ཚིག་དེ་དག་གིས་ངེས་སླ། འོན་ཀྱང་ཞང་བོད་ཀྱི་ལྗོངས་སུ་ག་དུས་དར་མིན་གྱི་སྐོར་ལ་བསམ་གཞིགས་བྱ་ཚེ། ཕྱག་ཆ་འདི་ཉིད་ཡ་ཐོག་བོན་གྱི་མངའ་རིས་ཞང་ཞུང་གི་དུས་སྐབས་སུ་བེད་ཤུགས་ཆེར་སྤྱད་ཡོད་པའི་ཚོར་སྣང་བྱུང་།

དེའང་རྒྱུ་མཚན་འགའ་ཞིག་བགྲང་ན། ད་ལྟའི་མཐོང་ཐོས་སུ་གྱུར་པའི་ཡ་ཐོག་ཞང་ཞུང་གི་སྡེ་འདྲེས་གློ་བལ་གྱི་ས་ཁུལ་ཁག་ལ་བོན་ལུགས་ཀྱི་སྔགས་འཆང་པའམ་ལྷ་པ་སྟེ་ཡུལ་གྱི་སྐད་དོད་དུ་“བརྡ་མི་”ཡང་ན་“དྷ་མི་”(བོད་ཡིག་ཏུ་ཇི་ལྟར་འབྲི་དགོས་མིན་མ་ཤེས)རྣམས་ཀྱིས་ཡུལ་ལྷ་གསོལ་བ་དང་གནོད་སེལ་བྱེད་སྐབས་“ཏྲི་ཤུལ”ལམ་མདུང་མོ་རྩེ་གསུམ་ཞིག་ལ་རྟེན་བྱེད་པ་དང་དེ་དག་ལ་དར་ཚོན་སྣ་ལྔ་དང་ཁ་དར་སོགས་ཀྱིས་བརྒྱན་པ་མཐོང་རྒྱུ་འདུག (སྤྱིར་བརྡ་མིའི་ཁ་ཏྲམ་སྐོར་ལ་ཞང་ཞུང་ཞིབ་འཇུག་པ་མཁས་དབང་དགེ་བཤེས་དགེ་ལེགས་སྦྱིན་པ་ལགས་ཀྱིས་ཞིབ་ཕྲར་བྲིས་ཡོད་པའི་རེ་བ་ཡོད། ཁོང་ལ་དམིགས་བསལ་བརྡ་མིའི་སྐོར་རྒྱུས་མངའ་ཆེན་པོ་དང་ཞིབ་འཇུག་ཀྱང་གཏིང་ཟབ་མཛད་ཡོད་པའི་གོ་ཐོས་བྱུང་)འགའ་ཞིག་གིས་འདི་དག་མཐོང་ཚེ་ཆོས་ལུགས་འདྲིས་མ་སྟེ་ཧིན་དྷུ་རིག་བྱེད་ཀྱི་ཆོ་ག་བྱེད་སྟངས་ཡིན་པར་བཤད་ཀྱང་། ཏྲི་ཤུལ་ལམ་ཁ་ཏྲམ་ཁྱེར་མཁན་ཡིན་ན་ཧིན་དྷུའི་དྲང་སྲོང་ཡིན་མི་དགོས་ལ། དེ་བཞིན་དེ་ཉིད་བེད་སྤྱོད་པ་ཡིན་ན་ཧིན་དྷུའི་རོང་པའི་ཆོས་ཇི་ལྟར་ཡིན་དགོས། རྒྱུ་མཚན་ནི་གོང་དུ་བོན་རང་གཞུང་གི་ལུང་རིག་དུ་མར་བཀོད་ཟིན་པས་ངེས། ལྷག་པར་ཧིན་དྷུའི་ལུགས་ལ་ཏྲི་ཤུལ་འཛིན་མཁན་གྱི་ལྷ་དེའང་ཞང་ཞང་སྲིད་པའི་བླ་རི་གངས་དཀར་ཏི་སེར་གནས་ཡོད་པ་ཁོ་ཚོས་ཁས་ལེན་པ་ཡིན་མོད། དེས་ན་ཡར་ཡར་དེད་ན་ཆུ་འགོ་ཡང་གངས་ལ་ཐུག་པའི་དཔེ་ལྟར་ལུགས་གང་གི་དང་ཡུལ་གང་ནས་ཐོག་མར་དར་བ་ཡིན་ཤེས་སླ་བའི་གནས་སུ་ངེས།

སྤྱིར་ལུགས་སོ་སོའི་སྟོན་པ་དེས་ཅི་མཛད་དེ་དག་གི་རྗེས་འཇུག་པ་དེ་ཚོས་བྱེད་ཀྱི་ཡོད་པ་ནི་རང་བཞིན་ཞིག་རེད། དཔེར་ན། ཧིན་དྷུའི་དྲང་སྲོང་དབང་ཕྱུག་གི་རྗེས་འཇུག་དེ་ཚོས་ཁ་ཏྲམ་ངེས་པར་ཁྱེར་གྱི་རེད་ལ། དེ་བཞིན་ཡི་ཤུའི་རྗེས་འཇུག་གི་གྲྭ་པ་དེ་ཚོས་ཀྱང་རྒྱང་ཤིང་ཁ་སྣོལ་གྱི་རྟགས་དེ་སྐེར་འདོགས་ཀྱི་འདུག སངས་རྒྱས་ཤཀྱ་ཐུབ་ཀྱི་ཡང་དག་པའི་རྗེས་འཇུག་པ་དཔེར་ན་ཐའ་ལེནཌ་དང་སིང་གྷ་པུར་སོགས་ཀྱི་དགེ་སློང་སེར་པོ་དེ་དག་གིས་ལྷུང་བཟེད་ཁྱེར་ནས་འགྲོ་ཡི་འདུག ད་བྱས་དུས་བོན་པོའི་དྲང་སྲོང་ཕོ་མོ་རྣམས་ཀྱིས་ཀྱང་དངོས་གནས་བྱས་ན་གཡུང་དྲུང་ཆགས་ཤིང་རེ་འཛིན་ནས་ཕེབས་དགོས་པ་འདྲ་ཞིག་མི་འདུག་པས། དེ་དག་ནི་ཞོར་དུ་རྩེད་མཚར་ངལ་གསོའི་ཚུལ་དུ་ཡིན།

གོང་གི་བརྡ་མི་འཆད་སྐབས་ལྟར་ཡུལ་ལུང་དེ་དག་ཡ་ཐོག་ཞང་ཞུང་གི་ཤེས་རིག་གཙོ་བོར་དར་བའི་ས་ཆ་ཡིན་པ་དང་། ཞང་ཞུང་གི་ལོ་རྒྱུས་དང་ཤེས་རིག་འཆད་སྐབས་རྒྱལ་པོ་དེ་དག་གི་ཆེ་བའི་ཡོན་ཏན་ལྟར་དབུ་ལ་བྱ་རུ་ཁྱུང་རུའི་ཞྭ་ཡོད་པར་བཤད་ཡོད་ལ། ལྷ་པར་སྐབས་དེར་མི་རྣམས་ཀྱིས་སོ་སོའི་ཕ་མེས་ཀྱི་སྒྲ་བླ་གསོལ་ཆེད་རེ་བའི་སྦུགས་སུ་དབལ་མདུང་བཙུགས་པ་དང་། ཁང་པའི་ཡར་ལོག་གི་ཀ་ངོས་སུ་མདུང་གྲི་སོགས་འགེལ་བའི་ལུགས་སྲོལ་ཡང་ཡོད་པ་རེད། དེ་དང་མཚུངས་པར་བཤད་བཞིན་པའི་“ཏྲི་ཤུལ་”གྱི་དབྱིབས་ཀྱང་བྱ་གྲི་ཁྱུང་རུ་ལྟར་ཡོད་སྟབས་འདི་དག་གིས་ཕྱག་ཆ་འདི་ཉིད་ཞང་ཞུང་གི་ཤེས་རིག་དང་འབྲེལ་བ་གཏིང་ཟབ་ཡོད་པའི་ཚོར་སྣང་བྱུང་།

དེ་ལྟར་ལུགས་དང་གྲུབ་མཐའ་གང་གིས་བེད་སྤྱོད་པ་ཡིན་ནའང་ཡིན་དུ་ཆུག རང་རེ་གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་གྱི་ལུགས་ལ་“ཏྲི་ཤུལ་”ལམ་“ཁ་ཏྲམ”འདི་ཉིད་ནི་“དབལ་མདུང་རྩེ་གསུམ་”སྟེ། བསྟན་སྲུང་རྣམས་ཀྱིས་འདི་ཉིད་ལ་བསྟེན་ནས་ཕལ་རོལ་གྱི་དུན་ཙེ་ཉམས་པ་སྒྲོལ་བར་བྱེད་པ་དང་། ཡིད་དམ་ཁྲོ་ཚོགས་རྣམས་ཀྱིས་འདི་ཉིད་ལ་བསྟེན་ནས་སྣང་སྲིད་བྲན་དུ་བསྐུལ་ནས་སྦྱོར་སྒྲོལ་སྤོར་གསུམ་གྱི་ལས་བྱེད་པ། སྒྲ་བླ་ཝེར་མ་རྣམས་ཀྱིས་འདི་ཉིད་ལ་བསྟེན་ནས་དབལ་ཁ་གསོལ་ཞིང་སྡོང་རོགས་བྱེད་པ། རིག་འཛིན་མཁའ་འགྲོ་རྣམས་ཀྱིས་འདི་ཉིད་ལ་བསྟེན་ནས་རྩ་རླུང་ཐིག་ལེའི་དྲོད་རྟགས་དབབ་པ། ཞྭ་དཀར་སྔགས་འཆང་རྣམས་ཀྱིས་འདི་ཉིད་ལ་བསྟེན་ནས་གདོན་བཀྲོལ་བགེགས་བསྐྲད་བྱེད་པ་སོགས་ཀྱི་ལོ་རྒྱུས་དང་ཡོན་ཏན་ལྡན་པའི་ཕྱག་ཆ་གལ་ཆེན་ཞིག་རེད་འདུག་སྙམ།

ཞེས་རྩོམ་ཐུང་འདི་ཉིད་རྒྱལ་བའི་བཀའ་ལུང་རྣམས་ལ་གཞི་བཅོལ་ཏེ་བོན་གྱི་གྲལ་མཐར་འཚང་བའི་དགེ་མིང་པ་འོད་ཟེར་གྱིས་ནུབ་ཕྱོགས་འབྲས་ལྡན་གྲོང་དུ་ཕྱི་ལོའི་༢༠༡༡ཟླ་༨ཚེས་༣༠ཉིན་བྲིས།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།