དྲན་པ་ནམ་མཁའི་སྐོར་ལ་དཔྱད་པའི་གཏམ།

1255རྩོམ་པ་པོ། གཟི་གཡང་།

བོན་གྱི་ལོ་རྒྱུས་ཕལ་མོ་ཆེ་དང་རྡོ་རྗེ་གླིང་པའི་གཏེར་མ་༼བོན་ཆོས་རྣམ་དབྱེ༽སོགས་ལས་དྲན་པ་ནམ་མཁའ་ནི་པད་མ་འབྱུང་གནས་ཀྱི་ཡབ་ཏུ་ངོས་འཛིན་གནང་ཡོད། འོན་ཀྱང་། རྒྱལ་རབས་མང་པོ་ཞིག་ལས་ཡང་སྙིང་དྲན་པ་ནམ་མཁའ་ཞེས་པའི་གང་ཟག་གཅིག་གམ་གཉིས་གསུམ་སོགས་ཇི་ཙམ་ཡོད་མེད་ངོས་འཛིན་གྱི་གསལ་ཁ་དེ་ཙམ་མེད་པས། གྲི་གུམ་དང་། སྤུ་ལྡེ་གུང་རྒྱལ། རྒྱལ་ཁྲི་རྗེ་ཐོག་བཙན། སྲོང་བཙན་སྒམ་པོ། ཁྲི་སྲོང་སོགས་ཀྱི་སྐབས་སུ་སོ་སོར་ཡོད་ཚུལ་གྱི་ལོ་རྒྱུས་འཁྲུག་ཉེན་ཅན་ཡང་མང་ཙམ་སྣང་།

བོན་གྱི་ལོ་རྒྱུས་ཡིག་རྙིང་ནང་དྲན་པ་ནམ་མཁའ་དང་འབྲེལ་བའི་དཔེ་ཚོགས་ཕལ་ཆེ་བ་ཞིག་ནི་བོན་གསར་མའི་གཞུང་དུ་ངེས་པས། བེེ་རོ་ཙ་ན་དང་མ་འབྲེལ་བའི་དྲན་པའི་ལོ་རྒྱུས་ཤིག་ཕལ་ཆེར་འཇོག་རྒྱུ་མེད་པ་ལྟ་བུར་གྱུར་ཡོད། འོན་ཀྱང་། བོན་གྱི་བཀའ་འགྱུར་གྱི་སྔགས་སྡེའི་ཁོངས་སུ་གཏོགས་པའི་༼རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད༽ཀྱི་ནང་གཞན་དང་ཅུང་མི་འདྲ་བའི་དྲན་པའི་སྐོར་ཞིག་སྣང་། དེ་ཡང་དམུ་ཚ་གྱེར་མེད་ལས་བེེ་རོ་དང་འབྲེལ་བ་མེད་པ་ནི། གཞུང་དེ་དམུ་ཚ་གྱེར་མེད་ལ་གཉེར་དུ་གཏད་ནས་ཕྱིས་སུ་རྒྱུང་སྲུབ་གསང་བའི་བྲག་ལ་སྦས་པ་བཀོད་ཡོད1། དམུ་ཚ་གྱེར་མེད་ནི་གྲི་གུམ་སྐབས་སུ་མཆིས་པའི་བོན་གཤེན་ཞིག་ཡིན།
སྤྱིར་དྲན་པ་ནམ་མཁའ་ལའང་ཞང་ཞུང་དྲན་པ་ནམ་མཁའ་དང་། དྭགས་པོ་དྲན་པ་ནམ་མཁའ་དང་། རྫུས་སྐྱེས་དྲན་པ་ནམ་མཁའ་སོགས་ངོས་འཛིན་གྱི་འདོད་ཚུལ་མི་འདྲ་བ་དུ་མར་སྣང་། འདིར་དྲན་པ་ནམ་མཁའི་སྐོར་ལ་ས་བཅད་དྲུག་གི་གྲངས་ཙམ་བཀོད་ནས་གླེང་བར་བྱའོ།།

 

དང་པོ། དྲན་པ་ནམ་མཁའ་ལུང་ཚིག་གིས་ཟིན་པའི་སྐྱེས་བུ་ཡིན་ཚུལ།

 

བདག་ཅག་གི་སྟོན་པ་གཤེན་རབ་མི་བོའི་དཔེའུ་ཙེ་རྣམ་པ་གསུམ་ལས། གསུང་གི་བསྟན་པའི་གཉེར་དཔོན་གདུང་སོབ་མུ་ཆོ་ལྡེམ་དྲུག་དང་། ཐུགས་ཀྱི་བསྟན་པའི་གཉེར་དཔོན་དྲན་པ་ནམ་མཁའ་ཡིན་པར་གསུངས། སྟོན་པ་སྐུ་མྱ་ངན་ལས་འདས་ནས་གདུང་འཚོབ་བྱོན་པའི་དུས་ནི་གསུང་བསྟན་དབུ་ཚུགས་པ་ཡིན་ཞིང་། མུ་ཆོ་ལྡེམ་དྲུག་གསུང་བསྟན་སྐབས་སུ་བྱོན་པའི་ལུང་ཚིག་ནི་སྟོན་པའི་མཛད་རྣམ་རྒྱས་པར་གསལ་མོད་ཀྱང་། དྲན་པ་ནམ་མཁའ་ཐུགས་བསྟན་གཉེར་འཛིན་ཡིན་པའི་ལུང་ཚིག་ནི་མཛད་རྣམ་རྒྱས་འབྲིང་བསྡུས་གསུམ་ནང་འཚོལ་ཁུལ་བྱས་ཀྱང་མཇལ་སྐལ་དུ་མ་གྱུར། ། འོན་ཀྱང་། ༼རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད༽ནང་ལུང་ཚིག་དེ་དག་གསལ་བས། དེ་ཡང་གཞུང་དེ་ཉིད་ལས། དེ་ན་གསུང་གི་བསྟན་པའི་དཀྱིལ། ཐུགས་ཀྱི་བསྟན་པའི་དབུ་གཟུག་ལ། འཛམ་གླིང་དབུས་ཀྱི་ལྟེ་བ་ཡི། རི་བོ་གངས་ཅན་མདུན་དྲུང་དུ། བྱམས་སེམས་ནམ་མཁའ་ལྟ་བུ་ཡིས། ལྔ་བརྒྱ་དྲན་པ་ནམ་མཁའ་བྱུང་། སྒྲ་བསྒྱུར་ལོ་པཎ་རྫུ་འཕྲུལ་ཞུས། སྟག་གཟིག་ཨུ་རྒྱན་རྒྱ་གར་དང་། ཕྲོམ་བོད་ཞང་ཞུང་ལོ་ཙཱ་བསྒྱུར། ཕྱི་རོལ་བསྟན་པ་རྒྱས་པར་སྤེལ། རྒྱུད་ལུང་མན་ངག་སྙིང་པོའི་དོན། ཐོས་བསམ་སྒོམ་གསུམ་རྟོགས་པའི་ཕྱིར། འགྲོ་བ་ཁ་ལོ་བསྒྱུར་བར་བྱེད2། ཅེས་དང་།
དེ་བཞིན་དུ་རྣམ་ཐར་གསང་བའི་མཛོད་ཆེན་ལས། དེ་ནས་ཐུགས་ཀྱི་བསྟན་པ་ལ་འཇུག་ཚེ། ཁྱུང་ལུང་རིན་ཆེན་དངུལ་མཁར་ཕོ་བྲང་ཆེ། དམུ་རིགས་རྒྱལ་བུ་འོད་མཛེས་གདུང་རྒྱུད་ལ། ཀུན་ལ་ཚད་མེད་འོད་ལྡན་ཐུགས་སྤྲུལ་ཆེ། ཁ་སྟེ་མུ་ཡ་འགྱུར་མེད་གཡུང་དྲུང་སྐུ། སྟོན་པ་ང་ཉིད་དགོངས་པའི་མཛད་པ་ལ། གྱེར་སྤུངས་དྲན་པ་ནམ་མཁའ་ཞེས་བྱ་བ། ཞི་རྒྱས་དབང་དྲག་མ་ངེས་འགྲོ་དོན་མཛད3། ཅེས་དང་། སྐུ་གསུམ་རིག་འདུས་དྲན་པ་དྲག་ཕུར་ལས། ཐུགས་བསྟན་གཉེར་འཛིན་དྲན་པ་འཁྲུངས་ལུང་བསྟན། དགོངས་པ་དབྱིངས་གཤེགས་མྱ་ངན་འདས་འོག་ནས། འཆི་མེད་རྒྱལ་བ་དྲན་པ་ནམ་མཁའ་བྱོན་4ཞེས་དྲན་པ་ནམ་མཁའ་ཉིད་རྒྱལ་བའི་ལུང་གིས་ཟིན་པའི་སྐྱེས་བུ་ཡིན་པར་གོང་སྨོས་བོན་གཞུང་དག་ལས་གཅིག་མཚུངས་ལྟར་གསལ་ཡང་།
དྲན་པའི་བཀའ་ཐང་ནང་མཆིས་པའི་ལུང་ཚིག་དག་ཅུང་ལོ་ཚིགས་ཀྱི་ཐད་ནས་ཆ་མ་མཚུངས་པའི་རྣམ་པ་ལྟར་སྣང་། གཞུང་དེ་ཉིད་ལས། བདག་ནི་མྱ་ངན་འདས་པའི་རྗེས་སུ་ཡང་། ལོ་ནི་ཆིག་སྟོང་སུམ་བརྒྱ་འདས་པའི་ཚེ། གདུང་སོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་བྱོན། བོན་གྱི་འཁོར་ལོ་རིམ་པ་བཞིན་དུ་བསྐོར། དེ་དང་དུས་མཉམ་སྟོན་པ་ཏོག་དཀར་བྱོན། རྒྱ་གར་ཡུལ་དུ་ཆོས་ཀྱི་བཀའ་སྲོལ་འཆད། དེ་དང་དུས་སྐབས་རིག་པའི་ཡེ་ཤེས་ཀྱིས། རྒྱ་ནག་ཡུལ་དུ་རྩིས་ཀྱི་བསྟན་པ་བཙུགདེ་དང་དུས་གཅིག་འཛམ་གླིང་གངས་ཅན་ཡུལ། སྣང་བ་མདོག་ཅན་གསང་སྔགས་བསྟན་པ་དར། ད་ལྟ་བདག་སྐུ་གདུང་སོབ་གསུང་ཡིན་ཏེ། བླ་ཆེན་ཡབ་སྲས་ཐུགས་བསྟན་རིམ་གྱིས་འབྱུང་5། ཞེས་སྟོན་པའི་གདུང་སོབ་མུ་ཆོ་ལྡེམ་དྲུག་དང་སྟོན་པ་ཐུབ་པའི་དབང་པོ་དམ་པ་ཏོག་དཀར་གཉིས་དུས་མཉམ་པར་གསུངས་མོད་ཀྱང་། ། དེ་ལྟར་མ་ཡིན་པ་ནི་བོན་ལུགས་ལྟར་ན་སྟོན་པ་གཤེན་རབ་མི་བོ་བྱོན་ནས་མི་ལོ་༡༨༠༠༠ལྷག་ཕྱིན་ཡོད་པ་དང་། སྟོན་པ་ཐུབ་པའི་དབང་པོ་བྱོན་ནས་མི་ལོ་༢༥༠༠ལས་མ་ཡིན་པས། ལོ་ཚིགས་ཀྱི་ཐད་ནས་ཧེ་བག་ཆེན་པོ་ཤོར།

 

གཉིས་པ་དྲན་པ་ནམ་མཁའ་ལ་མི་འདྲ་བ་འགའ་ཡོད་ཚུལ།

 

དྲན་པ་ནམ་མཁའ་ལའང་དྭགས་པོ་དྲན་པ་ནམ་མཁའ་དང་། ཞང་ཞུང་དྲན་པ་ནམ་མཁའ་དང་། རྫུས་སྐྱེས་དྲན་པ་ནམ་མཁའ་བཅས་ངོས་འཛིན་བྱེད་ཚུལ་མི་འདྲ་བ་འགའ་ཞིག་ཡོད་པར་བོན་གྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བཞེད་ཀྱང་། གྲི་གུམ་དང་ཁྲི་སྲོང་གཉིས་ཀྱི་སྐབས་སུ་ཡོད་པའི་དྲན་པ་ནམ་མཁའ་དེ་ཉིད་ཡང་སྙིང་གང་ཟག་གཅིག་གམ་ཐ་དད་གང་ཡིན་ཐག་གཅོད་གནང་རྒྱུ་དེ་ཙམ་སླ་བོ་མིན། བོན་གྱི་དཔེ་ཚོགས་དག་ལས་ཀྱང་། གང་ཟག་གཅིག་ཡིན་པ་སོགས་ཀྱི་ལོ་རྒྱུས་མགོ་ཉོག་པོ་འདྲ་ཞིག་འདུག་མོད། བྲུ་བཙུན་རྒྱལ་བ་གཡུང་དྲུང་གིས་དྭགས་པོ་དྲན་པ་ནམ་མཁའ་དང་ཞང་ཞུང་དྲན་པ་ནམ་མཁའ་གཉིས་གདུལ་བྱའི་སྣང་ངོར་བསྟན་པ་མ་གཏོགས་སྐྱེ་གནས་དང་དུས་ཚོད་དེ་བཞིན་ངོ་བོ་གཅིག་ཏུ་ཡིན་པར་ཁོང་གིས་མཛད་པའི་འགྲེལ་བ་སྒྲོན་མ་མུན་སེལ་6ཞེས་པར་གསུངས་ཤིང་། མཁས་དབང་དཔལ་ཚུལ་དང་ཡོངས་འཛིན་རིན་པོ་ཆེས་ཞང་ཞུང་དྲན་པ་ནམ་མཁའ་དང་དྭགས་པོ་དྲན་པ་གཉིས་གང་ཟག་ཐ་དད་དུ་ངོས་འཛིན་གནང་སྟེ། ཞང་ཞུང་དྲན་པ་གྲི་གུམ་སྐབས་དང་། དྭགས་པོ་དྲན་པ་ཁྲི་སྲོང་སྐབས་སུ་བཞུགས་པར་བཞེད་ཡོད།
ཞང་བོད་ལོ་རྒྱུས་ཏི་སེའི་འོད་ནང་ཚངས་དབྱངས་ཡིད་འཕྲོག་ལས་ལུང་དྲངས་པ་ལྟར་ན། བོད་ཀྱི་ལོ་རྒྱུས་མཁན་པོ་འགའ་ཞིག་གིས་བླ་ཆེན་པོ་དྲན་པ་ནམ་མཁའ་དེ་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་དུ་བྱུང་བར་ངོས་བཟུང་ཡོད་པ་དེ་ནི། ཞང་ཞུང་གི་དྲན་པ་ནམ་མཁའ་དང་། བོད་ཡུལ་གྱི་ཁྱེའུ་དྲན་པ་གཉིས། མིང་འདྲ་ཟེར་བའི་ནོར་དོགས་ཡོད7། ཅེས་གསུངས་སོ། །
ངོས་རང་གིས་ཀྱང་གྲི་གུམ་དང་ཁྲི་སྲོང་སྐབས་སུ་མཆིས་པའི་དྲན་པ་ནམ་མཁའ་གང་ཟག་སོ་སོར་ཡིན་པར་ངོས་འཛིན་ཞུ་འདོད་པས། དེ་ལྟར་འདོད་དགོས་པའི་རྒྱུ་མཚན་ཡང་རིམ་པར་གླེང་རྒྱུ་ཡིན།

 

༡༽གྲི་གུམ་སྐབས་ཀྱི་དྲན་པ་ནམ་མཁའ།

 

གྲི་གུམ་གྱིས་བོན་བསྣུབས་ཤིང་གཤེན་པོ་རྣམས་ས་མཐར་སྤྱུགས་པའི་གཉན་འཕྲང་གི་དུས་དེར་བོན་གཤེན་རྣམས་ཀྱིས་རྒྱལ་པོ་ལ་དེ་ལྟར་མི་བགྱི་བའི་འབོད་བསྐུལ་ཞུ་བའི་སྐབས་རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཀྱིས་ཐུགས་ཐག་ཆོད་པོས་འདི་ལྟར་གསུངས་ཏེ། “ཀྱེ་གཤེན་པོ་ཀུན། རྒྱལ་པོས་སྨྲ་བ་ཐེངས་གཅིག་སྨྲ། གཅམ་བུས་སྨྲ་བ་ཡང་ཡང་སྨྲ། ཡུ་བོས་བརྡུང་བ་ཁུས་ཀྱིས་བརྡུང་། བོན་གཤེན་རྣམས་ཀྱང་མཐའ་རུ་གཤེགས། གྱིམ་བུ་ལན་ཚ་ཡང་མ་བཞུགས་གཤེགས8།”ཞེས་གྱིམ་བུ་ལན་ཚ་སྐུ་གཤེན་དུ་བཞུགས་དགོས་པར་རྒྱལ་པོ་ཉིད་ཀྱིས་བཀའ་ཕབ་མོད་ཀྱང་། དེ་ལ་རྒྱུང་ཡར་ཁོད་སྤུངས་ཀྱིས་རྒོལ་ལན་གྱི་ཚུལ་དུ་མི་བཞུགས་པར་གཤེགས་དགོས་ཚུལ་གྱི་གྲོས་གཞི་སྟོན་རབས་དག་ལ་གཞིགས་ན། ཁྲི་སྲོང་གི་སྐབས་ལྟར་དྲན་པ་ནམ་མཁའ་འདིས་རྒྱལ་པོ་ལ་མགོ་བཏགས་ཞུས་མེད།
ཡང་ཁྲི་སྲོང་སྐབས་སུ་མཆིས་པའི་དྲན་པ་ནམ་མཁས་བོན་བསྟན་འཇིག་ཉེན་ལས་བསྲུང་བའི་ཕྱིར་དེ་ལྟར་གནང་ཞེས་བརྗོད་ན། དེ་ལྟར་ཡིན་ཆོག་ཀྱང་གྱིམ་བུ་ལན་ཚའང་བོན་བསྟན་དང་རྒྱལ་པོ་ཉིད་ལ་དགོས་མཁོ་ཡོད་པས། དེར་མ་བཞུགས་པར་གཤེགས་ཞེས་བརྗོད་ཡོད་པས་ཁྱད་པར་རང་བཞིན་གྱིས་མཐོང་ཐུབ་པར་མ་ཟད་གང་ཟག་ཀྱང་ཐ་དད་ཡིན་པར་སེམས་སོ། །

 

༢༽ཁྲི་སྲོང་སྐབས་ཀྱི་དྲན་པ་ནམ་མཁའ།

 

ཁྲི་སྲོང་སྐབས་བོན་ལ་དོ་ཕོག་ཤིན་ཏུ་ཆེན་པོ་བྱུང་ཡོད་པ་ནི་ཡོངས་སུ་གྲགས་པས། ཁྲི་སྲོང་གི་དུས་སུའང་དྲན་པ་ནམ་མཁའ་ཡོད་པའི་ལོ་རྒྱུས་བན་བོན་གཉིས་ཀའི་དཔེ་གཞུང་ནང་གསལ་པོར་མཇལ་རྒྱུ་ཡོད། དེས་ན་སྐབས་དེའི་དྲན་པ་ནམ་མཁའ་དང་འབྲེལ་བའི་ལོ་རྒྱུས་ཁག་ལ་ཅུང་ཟད་དཔྱད་ན། ༼ཕུར་པའི་དོན་བསྡུས་རྩ་བའི་འགྲེལ་ཆེན༽ལས། “མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། གཡུང་དྲུང་གི་བོན་དམ་པ་རིན་པོ་ཆེ་རྣམས་གཏེར་དུ་སྦས་ནས། བླ་ཆེན་དྲན་པ་ནམ་མཁའ་ནི་ལོ་སུམ་ཅུ་རྩ་བདུན་ལ་ནན་བན་དུ་བཅུག་གོ9 །”ཞེས་དང་། ༼དྲང་དོན་མུན་སེལ་སྒྲོན་མེའི་འགྲེལ་པ༽ལས། “དགུང་ལོ་བཞི་བཅུ་ཞེ་བདུན་ལ་གསེར་ཕྱེ་བྲེ་གསུམ་ཁྱེར་ནས་བླ་མ་ལ་ཞབས་ཏོག་འབུལ་དུ་ཕྱིན། བདེ་བ་གཡུང་དྲུང་ལྷུན་པོ་ཚལ་དུ་བླ་མ་རྣམས་སྤྱན་དྲངས་ནས། གསེར་གྱི་མ་བདལ་ཕུལ་ནས་རྟོགས་པའི་འཕྲོ་བ་བཅད། ཚེའི་དངོས་གྲུབ་ཐོབ་ནས་བོད་དུ་ལན་བདུན་བཞུགས། དེ་ཚེ་ཆོས་དར་བོན་བསྣུབས་བོན་རྣམས་གཏེར་དུ་སྦས། རྫུ་འཕྲུལ་སྟོབས་ལྡན་གཤེན་ལ་དར་ནུབ་མེད། བེེ་རོ་ཙ་ནས་བོན་རྣམས་ཆོས་སུ་བསྒྱུར། དེ་ནས་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྲོངས་པའི་འདང་ལ་ལན་ཅིག་སྙེགས10།”ཞེས་དང་།
༼སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ༽ལས། “ཀྱེ་རྗེ་གཅིག་ཁྲི་སྲོང་ལྡེའུ་བཙན་ལགས། རྗེའི་གདུང་རབས་སོ་གསུམ་ཡན་ཆད་དུ། གཡུང་དྲུང་བོན་གྱི་སྐུ་སྲུང་བྱས། རྒྱལ་གྱི་ཕ་བ་དང་བློན་གྱི་སྐུ་གཤེན་བྱས། དེ་ཚེ་ཞལ་བྲོ་བཀྲ་ཡང་ཤིས། སླད་ན་ཁྱེད་ཀྱི་ཐུགས་སུ་གདོན་ཞུགས་པས། བོན་རྣམས་བསྣུབས་ནས་ཆོས་སྤེལ་བ། དེ་ལ་ཐུགས་ཡིད་ཆད་ནས་ནི། སྔར་གྱི་སྐུ་སྲུང་བོན་པོ་རྣམས། ལྷོ་བལ་སོག་པོའི་ཡུལ་དུ་བྱོན། བདག་ཀྱང་རྗེས་སུ་འབྲེང་ནི་མ་ནུས། མི་ལུས་གཙང་མ་ཐོབ་དུས་འདིར། སྲོག་ལ་ཆགས་པས་གུམ་ནི་མ་ནུས་སོ། ད་ང་ཡང་བན་དེ་བྱེད་ཟེར་ནས། རང་གི་གཤང་སྤྱི་བོར་ཐང་གསུམ་བཀྲོལ་ཏེ། ད་ཡང་སྤང་བར་བྱ་བ་ཡི་འཕྲུལ་ངག་བདེན་པའི་བོན། དེ་སྐད་ཟེར་ནས་གཤང་ཡང་བསྐུང་། བན་དེའི་དྲིལ་བུ་ལག་ཏུ་བླངས་ནས། བླང་ངོ་བླང་བར་བྱའོ་དམ་པའི་ཆོས། དེ་སྐད་གསུངས་ནས་སྨིན་མའི་མཚམས་སུ་ཐང་གསུམ་བསྒྲགས་པས། རང་གི་རུམ་ནས་གྲི་ཕྱུངས་པས། ཉིད་ཀྱི་ལྟག་སྐྲ་ཉིད་ཀྱིས་བྲག་པས། དཀྱིལ་འཁོར་སྟེང་དུ་བསྐྱུར་ཏེ་བཞག བྲན་ཀ་དཔལ་ཆེན་པོར་མཚན་ཀྱང་གསོལ། དེར་དྲན་པ་ནམ་མཁའ་ནན་བན་བྱས11”ཞེས་བྱུང་བ་ལྟར་ན། ཁྲི་སྲོང་སྐབས་ཀྱི་དྲན་པ་ནམ་མཁའ་བོན་གཤེན་གཞན་དང་འདྲ་བར་ཡུལ་གཞན་དུ་ཆས་པའི་ནུས་པ་མེད་ཚུལ་དང་། སོ་སོའི་སྲོག་ལ་ཆགས་པས་གུམ་ཡང་མ་ནུས་པ་སོགས་ཀྱི་གསུང་སྒྲོས་དག་ལ་གཞིགས་ན། གྲི་གུམ་དང་ཁྲི་སྲོང་གཉིས་ཀྱི་སྐབས་སུ་མཆིས་པའི་དྲན་པ་ནམ་མཁའི་མཛད་སྤྱོད་བར་ལ་ཁྱད་པར་ཤིན་ཏུ་ཆེ་བར་སྣང་ངོ་། སྲིད་རྒྱུད་ཀྱི་གཞུང་འདིའི་ནང་ཁོང་ཉིད་དགུང་ལོ་སོ་གཅིག་ལ་ནན་བན་བྱས་ཡོད་ཚུལ་བཤད་པ་དང་། ཕྱོགས་གཅིག་ནས་རྗེའི་གདུང་རབས་སོ་གསུམ་ཡན་ཆད་དུ་རྒྱལ་གྱི་ཕ་བ་དང་བློན་གྱི་སྐུ་གཤེན་བྱས་ཡོད་ཚུལ་བཤད་ཡོད་པས། དེ་ལྟར་སྔ་ཕྱི་མི་མཐུན་པའི་གཏམ་ལ་ཇི་ལྟར་འགྲེལ་དགོས་མིན་མ་ཤེས་ཀྱང་། དགུང་ལོ་སོ་གཅིག་དེ་གཤེན་ལོ་ཡིན་པའི་དབང་དུ་བཏང་ནའང་། མི་ལོ(༣༡༠༠)ཡིན་དགོས་པས། དེ་ལྟར་གཉའ་ཁྲི་ནས་ཁྲི་སྲོང་གི་བར་ལའང་རྒྱལ་རབས་སོ་བརྒྱད་ལས་ཕྱིན་མེད་པས། མི་ལོ(༣༡༠༠)ལོན་ཐབས་མེད་པ་ནི་སྐྱེ་བོ་ཕལ་པས་ཀྱང་རྟོགས་ནུས་པས་སོ། །

 

༣༽ཁྲི་སྲོང་སྐབས་ཀྱི་རྗེ་འབངས་ཉེར་ལྔའི་ནང་་གི་དྲན་པ་ནམ་མཁའི་སྐོར།

 

དྲན་པ་ནམ་མཁའ་རྗེ་འབངས་ཉེར་ལྔའི་གྲས་སུ་ཡོད་ཚུལ་ནི་བན་བོན་གཉིས་ཀའི་གཞུང་དུ་གསལ། དེ་ཡང་རྙིང་མའི་ཆོས་འབྱུང་ལས། དྲན་པ་ནམ་མཁའ་ཐོག་མར་བོན་གྱི་གྱེར་གཤེན་ཆེན་པོ་ཡིན་ཡང་། ཕྱིས་སློབ་དཔོན་གྱི་དྲུང་དུ་ཆོས་ལ་སྦྱངས། ལོ་ཙཱ་ཡང་མཁྱེན། རྫུ་འཕྲུལ་གྱིས་བྱང་གི་གཡག་རྒོད་སྡིགས་མཛུབ་མཛད་པ་ཙམ་གྱིས་འགུགས། འདིས་བོན་གྱི་མན་ངག་མང་པོ་སློབ་དཔོན་ལ་ཕུལ་བ་སློབ་དཔོན་གྱིས་གཏེར་དུ་སྦས་པ་ཕྱིས་གཏེར་ཁ་འགའ་རེ་ནས་མན་ངག་ཅི་རིགས་འབྱུང་བ་མཐོང་ལ། སློབ་དཔོན་ལས་རབ་བྱུང་ཞུས་ཞིང་དབུ་ཞྭ་དམར་པོ་ཞིག་བཞེས་པས། འཕུང་བོན་མགོ་དམར་དུ་ཡང་གྲགས་སོ། དེ་ལྟ་ན་བྲིས་ཚ་འགའ་ཞིག་ཏུ་བོན་ཞྭ་ཅན་བྲི་བར་སྣང་ཡང་དགོས་པ་མེད་དམ་སྙམ་མོ12། ཞེས་དྲན་པས་སློབ་དཔོན་པད་མ་ལས་རབ་བྱུང་ཞུ་དུས་དབུ་ཞྭ་དམར་པོ་ཞིག་བཞེས་པས་མཚན་ལའང་འཕུང་བོན་མགོ་དམར་ཐོགས་ཚུལ་ལུགས་གཅིག་དང་། སྲིད་རྒྱུད་ལས། དེའི་ཚེ་དེའི་དུས་ཙམ་ན། གཤེན་དྲན་པ་ནམ་མཁའ་བྱ་བ་དེ། བོན་གྱི་བསྟན་པའི་དུས་ནས་གསང་སྔགས་ཕྱི་ནང་གཉིས་ལ་མཁས་པ་ཡིན། ཆོས་ཀྱི་ནན་བན་དུ་བཅུག་པའི་དུས་ལ་ཡང་། ཆོས་སྡེ་སྣོད་སྟོན་པ་ལ་མཁས་པའི་བྲན་ཀ་དཔལ་ཆེན་པོར་མཚན་ཀྱང་བཏགས། བོན་བསྣུབས་དབུ་གཡོགས་བྱུང་བའི་ཚེ་དྲན་པ་ནམ་མཁའ་ཡི་དམོད་པ་སྨིན་པ་ཚོར། ཕྱིས་སུ་འཕུང་བོན་མགོ་དམར་བཏགས་སོ13། ཞེས་གསུངས་པ་ལྟར་ལུགས་གཉིས་སུ་སྣང་ངོ་། །
མཁས་དབང་དཔལ་ལྡན་ཚུལ་ཁྲིམས་མཆོག་གིས་ཁྲི་སྲོང་སྐབས་སུ་རྗེ་འབསངས་ཉེར་ལྔའི་ཁོངས་སུ་ཡོད་པའི་དྲན་པ་ནམ་མཁའ་ནི། དྭགས་པོ་དྲན་པ་ཡིན་ཚུལ་གསུངས། དེ་ཡང་ཁོང་ཉིད་ཀྱིས་བརྩམས་པའི་ཆོས་འབྱུང་ཀུན་གསལ་མེ་ལོང་ལས། དྲན་པ་ནམ་མཁའ་ནི་ཐོག་མར་བོན་གྱི་གྱེར་གཤེན་ཆེན་པོ་འཁྲུངས་ཡུལ་དྭགས་པོ་ཡིན། གྲུབ་པ་ཐོབ་པའི་རིག་འཛིན་གྱིས་སློབ་དཔོན་ལས་ཆོས་གསན། ལོ་ཙཱ་ཡང་མཁས་པར་མཁྱེན། རྫུ་འཕྲུལ་གྱིས་བྱང་གི་གཡག་རྒོད་སྡིགས་མཛུབ་མཛད་པས་འགུགས་པ་སོགས་གྲུབ་རྟགས་མཐའ་ཡས་པས། བེེ་རོ་དང་འདི་ཡིས་བོན་གྱི་རྒྱུད་གདམས་མན་ངག་མང་པོ་སློབ་དཔོན་ལ་ཕུལ་བ་དང་། དམ་ཆོས་སུ་མཚན་གསོལ་བསྒྱུར་བར་མཛད། སློབ་དཔོན་གྱིས་མན་ངག་རྣམས་གཏེར་དུ་སྦས་པ་ཕྱིས་གཏེར་ཁ་འགའ་རེ་ནས་མན་ངག་ཅི་རིགས་འབྱུང་བ་མཐོང་ཞེས་ཚད་མར་བཞུགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་གསུངས་སོ14།ཞེས་གསུངས་ཤིང་། དྲན་པའི་བཀའ་ཐང་ལས། དེ་ནས་གསང་བདག་དྲན་པ་ནམ་མཁའ་ཉིད། ཐུགས་ཉིད་བོན་ལ་དགོངས་ཀྱང་། གང་འདུལ་ཚུལ་ཆོས་ཀྱིས་རྗེ་འབངས་ཉེར་ལྔའི་ཁོངས་སུ་བསྡུས15། ཞེས་དང་།
བོད་རྒྱ་ཚིག་མཛོད་ཆེན་མོ16་རུ་བགྲངས་པའི་རྗེ་འབངས་ཉེར་ལྔའི་ཁོངས་སུ་དྲན་པ་ནམ་མཁའ་བརྩིས་མེད་ཀྱང་། དུང་དཀར་ཚིག་མཛོད་17དུ་ཁྱེའུ་ཀི་ཆུང་ལོ་དང་དྲན་པ་ནམ་མཁའ་གཉིས་གང་ཟག་གཅིག་ཏུ་འདོད་ཡོད་པ་དང་། རྙིང་མའི་རིན་ཆེན་གཏེར་མཛོད་ལས། ལྕགས་ཀྱི་སྡོང་པོའི་གླང་ཆེན་གྱི། ཀླུ་མོ་ཉིད་འགྱུར་ཚེ་འཕོས་པ། དྲན་པ་ནམ་མཁའ་བྱ་བར་སྐྱེས18། ཞེས་གསལ་ལོ། །
དྲན་པ་ནམ་མཁའ་ནན་བན་དུ་འཇུག་པའི་དུས་དགུང་ལོ་སོ་བདུན་ལ་བཞེད་པའི་གཞུང་ནི། ༼ཕུར་བུའི་དོན་བསྡུས་རྩ་བའི་འགྲེལ་ཆེན ༽དང་། ༼སྐྱབས་སྟོན་ཁྲོ་འགྲེལ ༽སོགས་ཡིན། ༼སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ ༽ལས་སོ་གཅིག་དང་། ༼དྲང་དོན་མུན་སེལ་སྒྲོན་མེའི་འགྲེལ་པ ༽ལས་དགུང་ལོ་བཞི་བཅུ་ཞེ་བདུན་རྗེས་སུ་བོད་ལ་ཕེབས་ཤིང་། ༼རྣམ་འབྱེད་འཕྲུལ་ལྡེ ༽ལས་དགུང་ལོ་སོ་ལྔའི་བར་དུ་ནན་བན་དུ་བཞུགས་ཚུལ་སོགས་གསལ་བས། གོང་དུ་ལུང་དྲངས་པའི་བོན་གཞུང་ཁག་ཏུ་དྲན་པ་ནམ་མཁའ་ནན་བན་བྱས་པའི་དགུང་ལོ་སུམ་ཅུ་ནས་སོ་ལྔའི་བར་དུ་བཞེད་པ་ཅི་རིགས་སུ་སྣང་། དེ་དག་ལ་ཇི་ལྟར་དཔྱད་ཀྱང་། སྐབས་འདིའི་དྲན་པ་ནི་ཞང་ཞུང་དྲན་པ་ནམ་མཁའ་དེ་ཉིད་མ་ཡིན་པ་ཤིན་ཏུ་གསལ་པོ་གྱུར་ཡོད། གང་ལགས་ཤེ་ན། ༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས། “བླ་ཆེན་དགུང་ལོ་བརྒྱ་བཞེས་པའི་དུས་སུ་བསྟན་པ་དར་ནུབ་རེས་ཤིག་བྱུང་། འདིའི་དུས་སུ་རྒྱལ་པོ་གྲི་གུམ་བཙད་པོས་བོན་བསྣུབས། བོན་གཤེན་རིག་འཛིན་རྣམས་ལ་སྐུ་ངལ་བྱས་པ་ཡིན་པར་མངོན19།”ཞེས་གསུངས་པ་དང་། དངོས་སྟོབས་རིག་པའི་ལམ་ནས་ཞུས་ཀྱང་། དྲན་པ་ནམ་མཁའ་ནན་བན་བྱས་པའི་སྐབས་ཀྱི་ལོ་ནི་སུམ་ཅུ་སོ་ལྔ་ཡས་མས་ཞིག་འདོད་པ་ལྟར་ན། གྲི་གུམ་ནས་ཁྲི་སྲོང་བར་རྒྱལ་རབས་སོ་གཅིག་ཕྱིན་ཡོད་པས། རྒྱལ་རབས་རིམ་བྱོན་དེ་ཙམ་གྱིས་བར་མི་ལོ་སུམ་ཅུ་ལས་ལྷག་ཕྱིན་ཡོད་པ་ནི་རང་གཞན་སུས་ཀྱང་རྟོགས་ནུས། དེས་ན་ལོ་དུས་ཀྱི་ཐོག་ནས་ཀྱང་གྲི་གུམ་དང་ཁྲི་སྲོང་སྐབས་ཀྱི་དྲན་པ་ནམ་མཁའ་ནི་གང་ཟག་ཐ་དད་ཡིན་པར་མངོན་ནོ། །

 

༤༽རྫུས་སྐྱེས་སུ་འདོད་པའི་དྲན་པ་ནམ་མཁའ་ནི།

 

རྫུས་སྐྱེས་སུ་འདོད་པའི་དྲན་པ་ནམ་མཁའ་ལ། འདོད་ཚུལ་གཉིས་སུ་སྣང་སྟེ། དེ་ཡང་དྲན་པའི་སྐྱེ་བ་གོང་མ་ཡིན་ཚུལ་གཅིག་དང་། དྭགས་པོ་དྲན་པའི་སྐུ་འཁྲུངས་ཚུལ་ལ། མངལ་སྐྱེས་དང་རྫུས་སྐྱེས་གཙོ་རུ་བསྟན་པ་གཉིས་གསུངས་ཚུལ་དང་གཉིས་སོ།།
ཡོངས་འཛིན་རིན་པོ་ཆེས་མཛད་པའི་དྲན་པའི་རྣམ་ཐར་ལས། ཀྱེ་དཔོན་གསས་གསལ་བ་མཁས་བཞི་ལགས། བདག་སྐྱེ་བ་ཡང་སྔ་ཞེ་སྔ་ཙམ་ན་ཡང་། ནམ་མཁའི་དབྱིངས་ནས་འོད་ལས་བརྫུས་ཏེ། སྟག་གཟིག་ནུབ་ཕྱོགས་པད་མ་མཛེས་པའི་གླིང་ངམ། པདྨ་རྒྱས་པའི་གླིང་བྱ་བ་རུ། པད་མའི་སྡོང་པོ་ཁ་དོག་སྟོང་དང་ལྡན་པ། རོ་སྟོང་། དྲི་སྟོང་། མེ་ཏོག་སྟོང་གི་དཀྱིལ་ན། མེ་ཏོག་ཨུ་དཔལ་སྔོན་པོ་ཞིག་ལ་འོད་ཕོག་པས། མེ་ཏོག་དཀྱིལ་གྱི་ཟེའུ་འབྲུ་ལ། རྫུ་འཕྲུལ་སྟོབས་ཀྱི་དེ་ལ་རྫུས་ནས་སྐྱེས། ཞེས་རྫུས་སྐྱེས་སུ་འདོད་པའི་དྲན་པ་ནམ་མཁའི་མཚན་ལ་ཁྱེའུ་དག་པ་དྲི་མེད་བྱ་བར་འབོད་ཅིང་20། དེ་ཉིད་དྲན་པའི་སྐྱེ་བ་གོང་མ་ཡིན་པར་འདོད་དོ་ཞེས་དང་།
དྲང་དོན་མུན་སེལ་སྒྲོན་མེའི་འགྲེལ་གཞུང་ནང་། ཡུལ་བོད་ཡུལ་དབུས་སུ་དྭགས་པོའི་ཡུལ། ཡབ་དམུ་གཤེན་དག་པ་དང་། ཡུམ་བདའ་ཟ་མཁར་ལྕམ་གྱི་སྲས་སུ་འཁྲུངས་པའི་དམུ་གཤེན་དྲན་པ་ནམ་མཁའི་སྐུ་བལྟམས་ཚུལ་ལ་བཞེད་པ་གཉིས་སུ་སྣང་སྟེ། དེ་ཡང་གཞུང་དེ་ཉིད་ལས། མངལ་སྐྱེས་གཙོ་རུ་བསྟན་པ་དང་། རྫུས་སྐྱེ་གཙོ་རུ་བསྟན་པ་གཉིས། རྫུས་སྐྱེས་དབང་དུ་བྱས་ན། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་པད་མ་རྒྱས་པའི་གླིང་ཞེས་བྱ་བ་རུ། མེ་ཏོག་པད་མའི་སྡོང་པོ་ཁ་དོག་སྟོང་དང་ལྡན་པ་དྲི་སྟོང་དང་ལྡན་པ་རོ་སྟོང་དང་ལྡན་པ་ཞིག་ཏུ་རྫུས་ཏེ་སྐྱེས་བ་དེ་ཡང་། མེ་ཏོག་ཨུད་དཔལ་སྔོན་པོ་ཞིག་ལ་རྫུས་ནས་སྐྱེས་བར་བཞེད་པ་ཡང་ཡོད།

 

གསུམ་པ་དྲན་པ་ནམ་མཁའ་ཞེས་པའི་མཚན་ཐོགས་ཚུལ་ལ་བཞེད་པ་མི་མཐུན་པ་འགའ།

 

དྲན་པ་ནམ་མཁའ་ཞེས་པའི་མཚན་ཐོགས་ཚུལ་དེ་ལའང་བཤད་ཚུལ་མང་ཙམ་སྣང་སྟེ། རྣམ་ཐར་གསང་བའི་མཛོད་ཆེན་ལས། ལོ་པཎ་བརྒྱད་ཀྱིས་དབང་བསྐུར་མངའ་ཡང་ཕུལ། མཚན་ཡང་གྱེར་སྤུངས་དྲན་པ་ནམ་མཁའ་གསོལ21། ཞེས་དང་། ཐབས་ཆེན་མཁའ་ཡི་རྒྱུད་ལས། སྔོན་བྱུང་གི་སྐྱེ་བ་ལྔ་བརྒྱ་མ་སྒྲིབ་པ་གསལ་བར་དགོངས་ཏེ། མིང་དང་མཚན་ཡང་ལྔ་བརྒྱ་དྲན་པའི་དྲན། དྲན་པ་ནམ་མཁའ་ཞེས་གསོལ་ཏོ22། ཞེས་དང་། མཛོད་སྒོ་སྒྲ་འགྲེལ་ལས། དེ་ལ་ཡབ་དང་ཡུམ་གྱིས་མིང་བཏགས་པ། བྱ་ཁུ་བྱུག་གི་མཚན་ཁོངས་ནས་བཏགས་པ། ཁྱེའུ་སྐྱེ་བ་དྲན་པ་ནམ་མཁའ་ཞེས་ཀྱང་བྱ། རྒྱུང་ཡར་བླ་ཆེན་ཁོད་སྤུངས་ཞེས་ཀྱང་བྱ་བར་མཚན་གསོལ་ལོ23། ཞེས་བོན་གཞུང་དེ་དག་ནང་མཚན་ཐོགས་ཚུལ་ཅུང་ཙམ་ལས་དམིགས་བསལ་ཁྱད་པར་ཆེས་མ་མཐོང་།
འོན་ཀྱང་བླ་ཆེན་དྲན་པས་མཛད་པའི་དྲང་དོན་མུན་སེལ་སྒྲོན་མ་ཞེས་པའི་ནང་ཡབ་དམུ་གཤེན་དག་པ་དང་ཡུམ་བདའ་ཟ་མཁར་ལྕམ་གྱི་སྲས་སུ་བལྟམས་པར་བཤད་པའི་དྲན་པ་ནམ་མཁའི་མཚན་གྱི་སྒྲ་བཤད་དེ་དང་། རྣམ་ཐར་གསང་བའི་མཛོད་ཆེན་དང་། སྙན་རྒྱུད་དྲན་པ་ཆོག་དྲུག་དང་། ཐབས་ཆེན་མཁའ་ཡི་རྒྱུད་དང་། མཛོད་སྒོ་སྒྲ་འགྲེལ་དང་། ཚངས་དབྱངས་ཡིད་འཕྲོག་སོགསཀྱི་་བོན་གཞུང་རྣམས་ལས་ཡབ་རྒྱུང་ཡར་མུ་ཁོད་དང་ཡུམ་ཕྱ་བཙུན་གུང་མ་གཉིས་ཀྱི་སྲས་སུ་འཁྲུངས་པའི་དྲན་པ་ནམ་མཁའི་མཚན་གྱི་སྒྲ་བཤད་དང་མི་མཐུན་པ་མ་ཟད། ཡབ་དང་ཡུམ་གྱི་མཚན་ཀྱང་སོ་སོར་གསལ། དེ་ཡང་གཞུང་དེ་ཉིད་ལས། ཁྲོམ་རྣམས་ན་རེ། ཡང་མདོ་འདི་ནི་དྲན་པ་ཙམ་གྱིས་ཀྱང་ཆོག་པར་འདུག་གོ ཁོང་ཉིད་ཀྱང་མཁའ་དང་མཉམ་མོ་ཞེས་མཚན་ཡང་དྲན་པ་ནམ་མཁར་གྲགས་སོ། མདོ་འདི་ཡང་འཁོར་བ་འདྲེན་ཞིང་མུན་པའི་སྨག་རུམ་སེལ་བའི་སྒྲོན་མ་ཞིག་འདུག་གོ་ཞེས་མཚན་ཡང་སྒྲོན་མ་མུན་སེལ་བྱ་བར་གྲགས་སོ24། ཞེས་གསལ། དྲང་དོན་མུན་སེལ་སྒྲོན་མ་ཞེས་པའི་གཞུང་འདིའི་ནང་དྲན་པའི་ཡབ་དམུ་གཤེན་དག་པ་ཡིན་ཚུལ་དེ་དང་། སྙན་རྒྱུད་དྲན་པ་ཆོག་དྲུག་ལས། བདག་ཀྱང་སྐྱེ་བ་འདི་ཡི་གོང་མ་ལ། ཡབ་ནི་དམུ་གཤེན་དག་པ་ལགས། ཡུམ་ནི་སྨན་བཙུན་འཕྲུལ་མོ་ལགས། དངོས་མིང་དམུ་བློན་དག་པ་ལགས25། ཞེས་གསུངས་པས་དམུ་གཤེན་དག་པ་ནི་དྲན་པའི་སྐྱེ་བ་གོང་མའི་ཡབ་ཡིན་ཚུལ་གྱི་གསུངས་སྲོལ་ཁག་གཉིས་སུ་སྣང་།
ནམ་རྒྱུན་ཡོངས་གྲགས་ལྟར་གྱི་དྲན་པ་ནམ་མཁའ་སྐུ་སྐྱེ་བ་བཞེས་ཚུལ་གྱི་སྐོར་རྣམས་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་དང་ཐབས་ཆེན་མཁའ་རྒྱུད་སོགས་ནང་གཅིག་མཚུངས་ལྟར་བཞེད་ཀྱང་། འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་ལས། གོང་དྲངས་བོན་གཞུང་དག་ལས་གསལ་བའི་ལོ་རྒྱུས་དང་མི་མཚུངས། དེ་ཡང་གཞུང་དེ་ཉིད་ནང་གསལ་བའི་དྲན་པ་ནམ་མཁའ་སྐུ་སྐྱེ་བ་མངོན་པར་བཞེད་ཚུལ་གྱི་སྐོར་རྣམས་འདིར་དྲངས་པར་བྱའོ། །དེ་ཡང་གཞུང་དེ་ཉིད་ལས། དང་པོ་ཞང་ཞུང་གི་ཡུལ་ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་གྲོང་ཁྱེར་ཆེན་པོ་དེ་རུ་འང་། ཚད་མེད་འོད་ལྡན་གྱི་སྤྲུལ་པ་རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་དང་། བཟང་ཟ་རིགས་བཙུན་གྱི་སྤྲུལ་པ་ཡུམ་ཕྱ་བཙུན་གུང་མ་གཉིས་ལ། མངའ་རིས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཀྱང་། སྐུ་ལ་སྤྲུལ་པའི་སྲས་མེད་པ་ལ། རེ་ཞིག་སྤོས་ཀྱི་བན་གླང་རིག་པ་ཅན་ཞིག་ཡོད་པ་དེ་དུས་གཏན་དུ་གངས་རི་ཆེན་པོ་དེའི་གཡས་མདུན་གྱི་ས་ལ་སྦས་ཕུག་ཞེས་བྱ་བ་དེ་རུ་སྙོག་ཏུ་འགྲོ་བ་ལ། དེ་ལ་གླང་རྫི་རིག་པ་ཅན་ཞིག་ཡོད་པ་དེས་གླང་ཤུལ་དུ་ཕྱིན་ནས་ལྟས་པས་ཀྱང་། གཟུགས་མེད་པའི་གསུང་ཚངས་དབྱངས་ལྟ་བུའི་བོན་སྒྲ་ལྷང་ལྷང་དུ་ཐོས་པར་འདུག་པས་གླང་པོའང་དེ་ལ་ཉན་ནས་གུས་གུས་བྱེད་དོ། དེ་ལ་གླང་རྫི་དེ་ཡང་སླར་ལོག་སྟེ། རྒྱུང་ཡར་མུ་ཁོད་རྒྱལ་པོ་ལ་ཞུས་པས། རྒྱལ་པོ་ཡབ་ཡུམ་བློན་འཁོར་དང་བཅས་པ་ཕེབས་ནས་ཉན་པས་ཀྱང་དེ་ལྟར་དུ་ཐོས་སོ། དེ་ལ་རྒྱལ་པོས་ཀྱང་ལྷ་ཡི་སྤྲུལ་པ་ཞིག་ཡིན་ནམ་མི་མ་ཡིན་གྱིས་བསླུ་བ་ཡིན་ནམ་ཆ་མེད་པས། གྲོང་ཁྱེར་རྒྱལ་བ་མཉེས་ཡུལ་གྱི་མི་ཀུན་འདུས་ལ་བྲག་ཐམས་ཅད་ཤིག་ཅིག་གསུངས་ནས་ཤིག་པས། བྲག་ཕུག་ཏུ་གཞའ་ཚོན་འོད་ལས་གྲུབ་པའི་ཁྱེའུ་ལོ་བརྒྱད་ཙམ་ལམ་མི་སྣང་ངོ་། དེ་ལ་ཀུན་གྱིས་མིག་འཁྲུལ་བ་ཡིན་ནམ་བསམ་པས་མིག་ཡང་ཡང་ཕྱིས་ཤིང་བལྟས་པས་ཀྱང་། མི་འཁྲུལ་པའང་མ་ཡིན་པའི། ལྷ་ཡི་ཁྱེའུ་མཚན་དཔེས་བརྒྱན་པ་ཞིག་དངོས་སུ་ཡོད་པ་ཀུན་གྱིས་མཐོང་སྟེ། དེ་ལ་རྒྱལ་པོས་ཞུས་སམ་གསོལ་པ་ནི། ཕ་དང་མ་མེད་ཁྱེའུ་འོད་ཀྱི་སྐུ། དང་པོ་གར་འོང་ཐ་མ་གང་དུ་འགྲོ། རིགས་བརྒྱུད་གང་གཏོགས་མིང་ནི་ཅི་ལྟར་འབོད། ད་ལྟ་གནས་འདིར་བཞུགས་པ་ཅི་ཡི་དོན། ཞེས་ཞུས་པ་ལ། འོད་ཀྱི་ཁྱེའུ་ཞལ་ནས་འདི་ལྟར་གསུངས། ཕ་ནི་སྟོང་ཞིང་བདག་མེད་ལ། མ་ནི་གསལ་བ་ཡེ་ཤེས་ཤར། གསལ་སྟོང་དབྱེར་མེད་འོད་སྐུ་ཡིན། དང་པོ་འོང་བ་སྐྱེ་མེད་ཀློང་། ཐ་མ་འགྲོ་བ་འགག་མེད་དབྱིངས། རིགས་བརྒྱུད་སྐྱེ་འགག་གཉིས་མ་གཏོགས། འཆི་མེད་གཙུག་ཕུད་བདུད་བྲལ་མེད། གནས་འོང་བ་འགྲོ་བའི་དོན་དོན་ཞེས་གསུངས་སོ། །
དེ་ལ་རྒྱལ་པོས་ཞུས་པ། འགྲོ་དོན་མཛད་པའི་སྐྱེས་བུ་ཁྱོད། ཨེ་མ་ངོ་མཚར་རྨད་དུ་བྱུང་། བདག་ནི་སྲས་སྐལ་མཛད་པར་ཞུ། ཞེས་ཞུས་པ་ལ། ཁྱེའུ་ཞལ་ནས་འདི་ལྟར་གསུངས། ཁྱོད་ནི་ཚད་མེད་འོད་ལྡན་ཡབ། ཕྱ་བཙུན་བཟང་ཟ་རིགས་བཙུན་ཡུམ། བདག་ནི་འཆི་མེད་གཙུག་ཕུད་གཤེན། ལྔ་བརྒྱ་དྲན་པའི་སྐྱེས་བུ་འབྱུང་། ཞེས་གསུངས་ནས་ཡབ་ཡུམ་གཉིས་བྱིན་གྱིས་བརླབས་ཤིང་ནམ་མཁའ་ལ་གཞའ་ཚོན་ཡལ་བ་ལྟར་དུ་སོང་ངོ་། དེ་ལ་རྒྱལ་པོ་བཙུན་མོ་བློན་འཁོར་དང་བཅས་པ་རྒྱལ་བ་མཉེས་ཡུལ་དུ་ཕེབས་པ་དང་། དེའི་ཕྱི་ལོ་ལ་ཡུམ་ལ་སྲས་ཤིག་འཁྲུངས་སོ། སྲས་དེ་ཡང་ཟླ་བ་གསུམ་ལོན་ནས་སྐྱེ་བ་ལྔ་བརྒྱ་དྲན་ཤིང་འགྲོ་བ་སེམས་ཅན་གྱི་དོན་ཁོ་ན་བྱེད་དོ། མཚན་ཡང་འཆི་མེད་ཐུགས་སྤྲུལ་དྲན་པ་ནམ་མཁའ་རུ་གསོལ་ལོ། མི་ལོ་༤༨༠༠བར་དུ་ལྷ་ཀླི་མི་དང་ཁྱད་པར་འཛམ་གླིང་གི་ཡུལ་ཆེན་བཅོ་བརྒྱད་སོགས་ལ། འགྲོ་དོན་ཐོག་མཐའ་མེད་པར་མཛད་པ་དང་། གྱེར་སྤུངས་མཚན་བརྒྱད་དུ་གྲགས་པའི་ཡོན་ཏན་བསམ་ལས་འདས་པའོ26། ཞེས་གསལ་ལོ། །

 

བཞི་པ་དྲན་པ་ནམ་མཁའ་དམུ་རིགས་གཤེན་གྱི་གདུང་ལས་གྲོལ་ཚུལ་་སྐོར།

 

དམུ་རིགས་གཤེན་གྱི་གདུང་རྒྱུད་ནི་བོན་གྱི་ལུགས་སུ་ཆེས་རྩ་འགངས་ཆེ་བའི་གདུང་རྒྱུད་ཅིག་རེད། རྒྱུ་མཚན་ནི། བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་མཆོག་གདུང་རྒྱུད་དེ་ལས་སྐུ་བལྟམས་པས་ཡིན། འདིར་དྲན་པ་ནམ་མཁའ་དམུ་རིགས་གཤེན་གྱི་གདུང་ལས་གྲོལ་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ཡང་ཐབས་ཆེན་མཁའ་ཡི་རྒྱུད་ལས། སྔོན་ཞང་ཞུང་གི་ཡུལ་གྲོང་ཁྱེར་རྒྱལ་བ་མཉེས་པ་ཡུལ་གྱི་དབུས། མཁར་ཁྱུང་ལུང་དངུལ་མཁར་གྱི་ནང་ནས། སྟག་གཟིག་ཡུལ་ནས་དམུ་རིགས་འཐེན་དགུའི་གདུང་ལས་གྲོལ་བའི་དམུ་རྒྱལ་ཁྲི་ཝེར་གུང་ནམ་བྱ་བ་དང་། ཡུམ་ཞང་ཞུང་གི་ལྕམ་མོ་ཏིང་འཕྲུལ་བྱ་བ་གཉིས་བཤོས་པ་ལས་སྲས་གཅིག་བལྟམས་ཏེ་ཞང་ཞུང་གི་གཤེན་པོ་ཕ་བ་ཁྲི་སྙ་རྒྱལ་ཆུང་གིས་རྒྱུང་ཡར་མུ་ཁོད་བྱ་བ་རུ་བཏགས་སོ། དེ་དང་ཕྱ་རྒྱལ་ལོ་སྲས་ཀྱི་བུ་མོ་ཕྱ་བཙུན་གོང་མ་གཉིས་ལ་མཁས་པ་ལོ་པཎ་གཤེན་བརྒྱད་ཀྱི་ཐུགས་རྗེ་བྱིན་རླབས་ལས་དྲན་པ་ནམ་མཁའ་སྲས་སྐལ་དུ་ཐོབ27། ཅེས་བྱུང་ཞིང་། ཁོད་སྤུངས་མདོ་རྒྱུད་གྲགས་པའི་རྣམ་ཐར་ལས། ཞང་ཞུང་གི་ཡུལ་དུ་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་ལ་སོགས་པ་རྒྱལ་ཁབ་ཆེན་པོ་བཅོ་བརྒྱད་ཀྱི་ནང་གསེས་ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཡུལ་ན་སླིག་ཀྲ་གུ་གེ་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དང་། རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན། ཀྱི་ལེ་གུ་གེ་རྒྱལ་པོ་མུ་མེན་དུང་གི་བྱ་རུ་ཅན་དང་གསུམ་ལས། རྒྱུང་ཡར་མུ་ཁོད་རྒྱལ་པོ་ནི། འོལ་མོའི་གླིང་གི་རྒྱལ་རིགས་དྲ་མ་ཆེན་པོ་དམུ་རིགས་རྒྱལ་པོ་ཀོང་ཚ་གཡུང་དྲུང་དབང་ལྡན་གྱི་སྲས་བཞི་ལས། འབྲིང་བ་ཐོག་གི་རྒྱལ་པོའི་གདུང་རྒྱུད་ལས་ཆད་པ་སྟེ། དེའི་སྲས་སུ་ཁོད་སྤུངས་དྲན་པ་ནམ་མཁའ་བྱོན་པ་ཡིན28། ཞེས་དང་།
དཔལ་ཚུལ་གྱིས། གཤེན་དང་བྲུ་ཞུ་སྤ་རྨེའུ་ཁྱུང་དྲུག་གི། གདུང་རབས་བྱུང་ཚུལ་དེར་བྱོན་རྣམ་ཐར་བཅས། མདོར་བསྡུས་བཀོད་ལས་ཐོག་མར་བོད་ཡུལ་དུ། རྒྱལ་རིགས་གཤེན་གྱི་གདུང་རབས་འབྱུང་ཁུངས་ནི། སྟག་གཟིག་གཤེན་སྲས་ཀོང་ཚ་དབང་ལྡན་ལ། སྲས་བཞི་འོད་ཀྱི་རྒྱལ་དང་ཐོག་གི་རྒྱལ། འབྲུག་གི་རྒྱལ་པོ་འགར་བུ་ཆུང་དང་བཞི། འོད་ཀྱི་རྒྱལ་ལས་དམུ་བོན་ཨ་རུ་རིང་། དམུ་རྗེ་ཐུམ་ཐུམ་དམུ་རྗེ་རྒྱལ་གསུམ་ནས། ནམ་མཁའ་སྣང་མདོག་ལ་སོགས་ཆེ་རྒྱུད་བྱོན། ཐོག་གི་རྒྱལ་པོར་འབྲིང་རྒྱུད་དྲན་པ་ཡན། ཆུང་གོང་འབྲུག་གི་རྒྱལ་ལས་བོད་ཡུལ་གྱི། དམུ་གཤེན་གདུང་བྱུང་དེ་ཡང་འབྲུག་རྒྱལ་སྲས། 29ཞེས་གསུངས་ཤིང་།
ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་འཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན་ལས། གཤེན་གྱི་གདུང་མཛོད་དང་ཁྲོ་འགྲེལ་སོགས་ལས་གསལ་བར་བཞེད་པ་ལྟར་ཞེས་ལུང་དྲངས་པ་ནི། ཀོང་ཚ་དབང་ལྡན་དང་སྨན་བཙུན་མོ་ལ་མི་ཕོ་ཆེ་གསུམ་བྱུང་བ་ལས། ཏ་ཟིགཞང་ཞུང་། བོད་གསུམ་གྱི་དམུ་གཤེན་དེ་ལས་གྲོལ། ཅེས་དང་ཡང་། དེ་ལས་འོད་ཀྱི་རྒྱལ་པོ། ཐོག་གི་རྒྱལ་པོ། འབྲུག་གི་རྒྱལ་པོ་དང་གསུམ། ཐོག་གི་རྒྱལ་པོའི་སྲས་རྒྱུད་རྣམས་ཞང་ཞུང་གི་གཤེན་པོ་སྟེ། ཡབ་དམུ་རྒྱལ་གསལ་བ་རྗེ། སྣང་བ་མདོག་ཅན་སོགས་ནས་བླ་ཆེན་པོ་གྱེར་སྤུངས་དྲན་པ་ཡབ་སྲས་ཡན་ཆད་ཀྱིས་རྫོགས30། ཞེས་གསུངས་པ་ལྟར་ན། གཤེན་ནམམཁའ་སྣང་བ་མདོག་ཅན་འབྲིང་རྒྱུད་ལས་གྲོལ་ཚུལ་གསུངས་ཡོད་པ་དང་། དཔལ་ཚུལ་བསྟན་བྱུང་ནང་། ཆེ་རྒྱུད་ལས་གྲོལ་ཚུལ་གྱི་བཞེད་པ་དང་ཅུང་མི་མཐུན།
གཤེན་གྱི་གདུང་མཛོད་དང་ཁྲོ་འགྲེལ་ལས་ཀོང་ཚ་དབང་ལྡན་དང་སྨན་བཙུན་མོ་ལ་མི་ཕོ་ཆེ་གསུམ་བྱུང་བར་བཤད་པ་དང་། ཁོད་སྤུངས་མདོ་རྒྱུད་གྲགས་པ་དང་དཔལ་ཚུལ་བསྟན་འབྱུང་ལས་སྲས་བཞི་བྱུང་ཚུལ་གྱི་བཞེད་པའི་བར་མི་མཐུན། གཡུང་དྲུང་གསང་བའི་མཛོད་ཆེན་ལས། ཀོང་ཚ་གཡུང་དྲུང་དབང་ལྡན་དང་བཙུན་མོ་བཀྲ་ཤིས་བདེ་ལྡན་མ་གཉིས་ཀྱི་སྲས་སུ་ནམ་མཁའ་སྣང་བ་མདོག་ཅན་འཁྲུངས་ཚུལ་བཤད་ཡོད་པ་དེ་དང་། གཤེན་གྱི་གདུང་མཛོད་སོགས་ལས་སྣང་བ་མདོག་ཅན་གྱི་ཡབ་དམུ་རྒྱལ་གསལ་བ་རྗེ་གསུངས་ཚུལ་བར་ཁྱད་པར་ཤོར།
གང་ལྟར་ཡང་དྲན་པ་ནམ་མཁའ་གང་ཉིད་དམུ་གཤེན་གྱི་གདུང་རྒྱུད་ལས་གྲོལ་ཚུལ་བཤད་པའི་བོན་གཞུང་ཇི་སྙེད་ཅིག་ལག་སོན་བྱུང་བ་མཐའ་དག་ལ་གཞིགས་ན། ཡབ་རྒྱུང་ཡར་མུ་ཁོད་དང་། ཡུམ་ཕྱ་བཙུན་་གུང་མ་གཉིས་ཀྱི་སྲས་སུ་གྱུར་པའི་ཞང་ཞུང་དྲན་པ་ནམ་མཁའ་ཉིད་ནི་དམུ་རིགས་གཤེན་གྱི་གདུང་ལས་གྲོལ་བ་དང་དེ་ཉིད་གྲི་གུམ་སྐབས་སུ་མཆིས་པའི་གཤེན་པོ་ཞིག་ཡིན་ཚུལ་ཤིན་ཏུ་གསལ་པོར་འགྱུར་རོ། །

 

ལྔ་པ་པད་མ་འབྱུང་གནས་དེ་ཉིད་དྲན་པའི་སྲས་ཡིན་མིན་གྱི་སྐོར།

 

བོན་གཞུང་རྣམས་སུ་པད་མ་འབྱུང་གནས་དང་། གཡུང་དྲུང་མཐོང་གྲོལ་ཞེས་པ་གཉིས་གང་ཟག་གཅིག་ཡིན་ཚུལ་དང་། དེ་ཉིད་དྲན་པ་ནམ་མཁའི་སྲས་ཡིན་རབས་ཀྱི་ལོ་རྒྱུས་སོགས་གང་མང་ཞིག་མཇལ་རྒྱུ་ཡོད་མོད། འོན་ཀྱང་དེ་དག་ལ་བདེན་ཁ་ཅི་ཙམ་ཡོད་མེད་ནི་འདིར་སྨྲ་བར་མི་ནུས་པས། རང་རང་སོ་སོའི་འདོད་ཚུལ་ངོ་བོ་གཅིག་དང་ཐ་དད་གང་ཡིན་ཞིབ་ཚགས་ཀྱི་ཚུལ་དུ་བོན་ཆོས་སོ་སོའི་ལུང་ཁུངས་ལ་གཞི་བཅོལ་བར་བྱ་སྟེ། ཐོག་མར་པད་མ་འབྱུང་གནས་ཉིད་དྲན་པའི་སྲས་ཡིན་ཚུལ་བཤད་པ་ནི། རྣམ་ཐར་གསང་བའི་མཛོད་ཆེན་ལས། འཆི་མེད་དྲན་པ་ནམ་མཁའ་ལུང་བསྟན་པས། རིགས་མཆོག་གཅུང་པོ་གཡུང་དྲུང་མཐོང་གྲོལ་ཁྱོད། འཛམ་གླིང་ཞིང་དང་རྒྱ་གར་བོད་ཀྱི་ཡུལ། ཁྱད་པར་ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། དྷ་ན་ཀོ་ཤའི་མཚོ་ལ་གཟིགས་ཏེ་བྱོན། མཚོ་དབུས་པད་མ་གེ་སར་སྡོང་པོའི་རྩེ། རང་བྱུང་སྤྲུལ་པའི་རྫུས་སྐྱེས་ཚུལ་དུ་མཛོད། འཁོར་དང་མཁའ་འགྲོ་སྡེ་བཞིའི་དགྱེས་ཚུལ་སྐོར། གུ་རུ་མཚོ་སྐྱེས་རྡོ་རྗེ་ཞེས་སུ་གྲགས31། ཞེས་བོན་ལུགས་སུའང་གུ་རུ་རྫུས་སྐྱེས་སུ་འདོད་པའི་ལུགས་ཡོདཔ་དང་། རྡོ་རྗེ་གླིང་པའི་གཏེར་མ་ཨོ་རྒྱན་པད་མས་མཛད་པའི་བོན་ཆོས་རྣམ་དབྱེ་ལས། པདྨ་སྔོན་གྱི་ལས་དབང་གིས། ཞང་ཞུང་ཡུལ་དུ་དྲན་པའི་སྲས་སུ་འཁྲུངས། ཡབ་ནི་ཞང་ཞུང་མ་ནི་རྒྱ་གར་ཟ། ཡུལ་ནི་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཞེས་བྱའོ། བྲམ་ཟེ་སྐྱེ་བདུན་ཤ་ཡིས་རྐྱེན་བྱས་ནས། ཡབ་ཡུམ་མ་འཆམ་སྲས་གཉིས་སོ་སོར་བགོས། ང་ནི་ཡུམ་གྱིས་ཨོ་རྒྱན་ཡུལ་དུ་འཁྱེར། པད་མའི་སྦུབས་སུ་སྦས་ནས་མཁའ་འགྲོའི་ཚོགས་གྲལ་གཤེགས། སྔོན་ཚེ་ལས་ཀྱི་ཨིན་ཏྲའི་བྷོ་ཏིས་རྙེད། གསང་བའི་ཚུལ་དུ་རྒྱལ་བའི་སྲས་སྐལ་མཛད32། ཞེས་དང་། ཚེ་མཆོག་དྲན་པ་ཡང་གསང་དྲག་པོའི་རྒྱུད་ལས། འཆི་མེད་དྲན་པ་ནམ་མཁའ་ཡི། ཟབ་དོན་ཐུགས་ཀྱི་སྙིང་པོ་འདི། གསང་གནས་གཡུང་དྲུང་སྤུངས་པ་རུ། ཁོ་བོ་པད་མ་འབྱུང་གནས་དང་། རིགས་མཆོག་ཚེ་དབང་རིག་འཛིན་ལ། དམར་བར་མཛད་ནས་གནང་བ་ཡིན33། ཞེས་གསུངས་པ་ལྟར་ན་པད་མ་མཐོང་གྲོལ་དང་པད་མ་འབྱུང་གནས་གཉིས་གང་ཟག་གཅིག་ཡིན་པ་དང་། དེ་ཉིད་དྲན་པ་ནམ་མཁའི་སྲས་ཡིན་པར་འདོད་དོ། །
འོན་ཀྱང་། སྨན་རིའི་ཁྲི་འཛིན་ཉེར་གསུམ་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གིས་མཛད་པའི་བཀའ་དང་བཀའ་བརྟེན་གྱི་དཀར་ཆག་གི་མཐའ་མའི་མཇུག་སྡོམ་ནང་། དེ་གཉིས་གང་ཟག་གཅིག་མ་ཡིན་ཚུལ་གྱིས། ཐམས་ཅད་ལེགས་པར་བརྟགས་ཤིང་མ་དཔྱད་ན། དུ་བ་རླངས་པ་གཉིས་ལ་འཛོལ་བ་སྣང་34། ཞེས་ཀྱང་གསུངས་ཡོད། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། དེ་ཡང་སྔར་རྒྱ་གར་གྱི་ཡུལ་ན་མུ་སྟེགས་འདུལ་དུ་བྱོན་ནས། དེར་མུ་སྟེགས་ཤ་རྣ་བྱ་བའི་བུ་མོ་མཁའ་འགྲོ་མ་འོད་ལྡན་འབར་མ་བྱ་བ་གཅིག་དང་མཇལ་ཏེ། དེ་སྒྲུབ་སྡེ་མ་རུ་བཙལ་བས་ཕྱིས་ལོ་དུས་ན་སྲས་གཅིག་འཁྲུངས། སྲས་དེ་ཡང་རིག་འཛིན་ཆེན་པོ་ཚེ་ལ་དབང་ཐོབ་པ་ཅིག་བྱུང་35། ཞེས་དྲན་པ་ནམ་མཁའི་སྲས་སུ་ཚེ་དབང་རིག་འཛིན་ཁོ་ན་ལས་མ་གསུངས་སོ། །
སྤྱིར་ཡོངས་གྲགས་ལྟར་ན་ཆོས་ཀྱི་ལུགས་ལ། པད་མ་འབྱུང་གནས་རྫུས་སྐྱེས་སུ་འདོད་ཀྱང་། མངལ་སྐྱེས་སུ་བཞེད་པའི་ལུགས་ཡང་འགའ་ཞིག་སྣང་། དེ་ཡང་རྙིང་མའི་གཞུང་རྡོ་རྗེ་ཕུར་པའི་བཤད་འབུམ་ཕུར་འགྲེལ་འབུམ་ནག་ལས། ནུབ་བྱོགས་ཨོ་རྒྱན་གྱི་ཡུལ་ན། རྒྱལ་པོ་ཤཀྲ་བྱ་བ་དང་། བཙུན་མོ་ཛ་ལེནྡ་གཉིས་ལས་བཙས་པར་གསུངས36། དེ་བཞིན་དུ་ཏྭ་ར་ན་ཐས་མཛད་པའི་སློབ་དཔོན་པད་མའི་རྣམ་ཐར་རྒྱ་གར་ལུགས་ལས། དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་འབྲས་བུའི་ཚུལ་ལྷག་པར་དར་བའི་སྐབས་ཤིག་ཡུལ་གྱི་མཆོག་མ་ག་དྷར་རྒྱལ་པོ་དེ་བ་པ་ལ་རྒྱལ་སྲིད་སྐྱོང་བར་བྱེད་པ་ལ། དཔལ་ཨོ་ཌི་ཡ་ནའི་ཡུལ་ན་རྒྱལ་པོ་ཧ་ཡ་ལི་ལ་ཞེས་བྱ་བ་རྒྱལ་སྲིད་ཆོས་བཞིན་དུ་བྱེད་དོ། དེའི་རྒྱལ་རིགས་རིགས་པ་སྨྲ་བ་པོ་དཀོན་ཅོག་གསུམ་བླ་མར་བྱེད་པ་སྲ་དོ་ཞེས་བྱ་བ་དེ་ནི་ཨོ་ཌི་ཡ་ནའི་སྐད་ཀྱི་མིང་སྟེ། རྒྱ་གར་གྱི་སྐད་དུ་སྲིག་དྷར་ཏེ་མེ་ཏོག་འཕྲེང་བ་འཛིན་པ་ཞེས་བྱ་བའི་སྲས་སུ་འཁྲུངས་པར་བཤད37།
སྔ་འགྱུར་བཀའ་མའི་གཞུང་ཕུར་འབྲེལ་འབུམ་ནག་ལས། གུ་རུ་པད་མ་འབྱུང་གནས་རྫུས་སྐྱེས་སུ་བཞེད་པའི་སྐོར་ལ། འཛམ་བུ་གླིང་པ་ཕལ་ཆེ་བ་ནི། རྫུས་སྐྱེས་སུ་སྨྲ་སྟེ། དེ་ཡང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དེ་ན། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་གཅིག་དང་། རྒྱལ་སྲིད་སྐྱོང་བའི་རྒྱལ་པོ་གཅིག་དང་གཉིས་ཡོད་པ་ལས། དང་པོ་ཆོས་ཁོ་ན་དོན་དུ་གཉེར་ལ། གཉིས་པ་དེ་སྲིད་ཁོ་ན་དོན་དུ་གཉེར་བ་ཡིན་ནོ། ཡུལ་དེ་ན་མཚོ་གངྒཱ་དྲི་མེད་ཅེས་བྱ་བ་ཞིག་ཡོད་པ་ལས། མེ་ཏོག་པདྨ་ཤིང་རྟའི་འཕང་ལོ་ཙམ་མང་དུ་སྐྱེས་པ་ལས། དེའི་ནང་ན་ཁྱེའུ་མདངས་དང་ལྡན་པ་ཞིག་སྐྱེས་ནས་འདུག་སྟེ། ཆོས་སྐྱོང་བའི་རྒྱལ་པོ་དེ་ལ་སྲས་མེད་པས། ཁྱེའུ་དེ་ལོངས་ལ་ཤོག་ངའི་སྲས་བྱའོ། པདྨ་དེ་ཁྱེར་ལ་ཤོག་ངའི་ཟས་བྱའོ་གསུངས་ནས། དེའི་འཁོར་པས་གྲུ་བཏང་ནས་བླངས་སོ། དེ་བླངས་པ་དང་ཡུལ་ཁམས་དེའི་ནད་དང་མུ་གེ་ཐམས་ཅད་ཞི་ཞིང་བཀྲ་ཤིས་པར་གྱུར་ཏོ། བུ་དེ་པད་མ་ལས་བྱུང་བས་ན་པདྨ་འབྱུང་གནས་བྱ་བར་མཚན་བཏགས་ཏེ་དང་པོའོ། །
སྤྱིར་ཨོ་རྒྱན་དེ་ན་ཁང་ཐོག་ཏུ་བྱ་ཁྭ་ཏ་བབས་ན་ལྟས་ངན་དུ་བྱེད་པས་དེ་བསྲུང་བའི་ཕྱིར་ལྕགས་ཀྱི་ཁ་ཊྭཾག་བཙུགས་ཡོད་པ་ལ་རྐང་པ་རེག་པས་འགྱེལ་ཏེ་བྲམ་ཟེའི་ཕྲུ་གུ་གཅིག་ལ་ཕོག་ནས་ཤིའོ། དེར་རྒྱལ་སྲིད་སྐྱོང་བའི་རྒྱལ་པོ་དེས་ཆད་ལས་ཕབ་པར། རྒྱལ་པོ་ཡིན་པས་མཐའ་ལ་སྤྱུགས་པར་བྱའོ། དེར་ཡབ་ལ་ཕྱི་ཕྱག་བྱས་པ། ཕ་མེད་མ་མེད་རྒྱ་མཚོའི་གླིང་ལས་སྐྱེས། རྒྱལ་པོས་ཐུགས་ལ་དགོངས་ནས་སྲས་སུ་བྱས། སྔོན་གྱི་ལས་ཀྱིས་གྲོགས་མཆོག་སུག་པར་ལྷུང་། ཁྲིམས་དང་འགལ་བར་མི་བྱེད་ཅི་བདེར་མཆིས་བྱས་པས། ཡབ་ཀྱིས་སྲས་ལ་ལན་དུ། རྒྱ་མཚོའི་གླིང་ལས་སྐྱེས་པའི་ཁྱད་པར་ཅན། བུ་ཡིས་ཕོངས་པས་སྲས་ཀྱི་དམ་པར་བླངས། དྲེགས་སྤྱོད་རྩེ་མོའི་དབང་གིས་བྲམ་ཟེ་བཀུམ། ཁྲིམས་དང་འགལ་བར་མ་བྱེད་ཅི་བདེར་གཤེགས། གསུངས་ནས། དེར་རི་བོའི་ངོགས་ལ་ཕྱིན་ཏེ་སྲིན་པོའི་སྤྱོད་པ་སྦྱོར་སྒྲོལ་ལ་ཞུགས་ཏེ། ཕོ་བྱུང་བ་བསད། མོ་བྱུང་བ་སྤྱད་པས། བདུད་དང་། སྲིན་པོ་དང་། གཅན་གཟན་ཐམས་ཅད་དབང་དུ་འདུས་སོ། དེའི་དུས་སུ་སྲིན་པོ་ཤཱནྟ་རཀྴི་ཏ་བྱ་བར་གསང་མཚན་བཏགས་སོ་ཞེས་དང་། ཌཱ་ཀི་ནིའི་གསང་བའི་པདྨ་མ་ནས་བཏོན་པས་གསང་མཚན་པདྨ་སཾ་བྷ་ཝར་བཏགས་སོ་ཞེས་རྫུས་སྐྱེས་སུ་འདོད་པའི་ལུགས་སོ། །

 

དེ་ལྟར་པད་མ་འབྱུང་གནས་དྲན་པའི་སྲས་ཡིན་མིན་གྱི་ལོ་རྒྱུས་དང་། དེ་ཉིད་རྫུས་སྐྱེས་དང་མངལ་སྐྱེས་ཅི་ཡིན་བན་བོན་གྱི་དཔེ་ཚོགས་དག་ལས་ཅི་རིགས་སུ་སྣང་བས། མཐའ་གཅིག་ཏུ་འདི་ཞེས་མཐའ་ཚིག་ཅིག་སྒྲོག་རྒྱུ་དཀའ་ཡང་། བསམ་གཞིག་གི་ཚུལ་དུ་རང་གི་བསམ་ཚུལ་འགའ་བརྗོད་ན། དྲན་པ་ནམ་མཁའ་དང་པད་མ་འབྱུང་གནས་གཉིས་ཡབ་སྲས་ཡིན་ཚུལ་གྱི་སྐོར་ཕལ་ཆེ་བ་བོན་གསར་མའི་གཞུང་ལུགས་དྲན་པའི་བཀའ་ཐང་དང་། བོན་ཆོས་རྣམ་དབྱེ་དང་། རྣམ་ཐར་གསང་བའི་མཛོད་ཆེན་ལ་སོགས་ཕྱག་དཔེ་ནང་གསལ་བས། དེ་དག་གི་གཞུང་ནང་ཆོས་ཕྱོགས་ཀྱི་ཤུགས་རྐྱེན་ཇི་ཙམ་ཐེབས་ཡོད་པ་ནི་ཞིབ་པར་བརྟགས་ན་ཤེས་ཐུབ། འདིར་དཔེ་མཚོན་ཙམ་ཞིག་ཞུས་ན། དྲང་དོན་སྒྲོན་མ་མུན་སེལ་ལས། བདེར་གཤེགས་སྤྲུལ་པ་ཁྲི་སྲོང་ལྡེ་བཙན་ཞེས་དང་། སྐབས་རེས་འཕགས་པ་འཇམ་དཔལ་ཉིད་ཀྱི་སྤྲུལ་པ་ཡིན་ཚུལ་གསུངས། དྲན་པ་ནམ་མཁས་འཕགས་པ་ཀླུ་སྒྲུབ་ལ་སོགས་འཁོར་རྣམས་ལ་ཐུགས་ཉིད་སྐྱེ་མེད་དོན་གཏན་ལ་ཕབ་ནས་གསུངས་ཚུལ་དྲན་པའི་བཀའ་ཐང་ནང་དུ། དེ་ནས་རྒྱ་གར་ཝཱ་རཱ་ཎ་སིར། འཁོར་དུ་ཉན་ཐོས་མཆོག་བརྒྱད་ལ་སོགས་ལ། བདེན་གཉིས་དོ་མཉམ་མཚན་ཉིད་གཏན་ལ་ཕབ། ཉན་ཐོས་རྣམས་ལ་གསུང་གི་བསྟན་པ་སྤེལ། དེ་ནས་རྒྱ་གར་རྒྱད་རྡོ་ཡོངས་པའི་ཀློང་། འཕགས་པ་ཀླུ་སྒྲུབ་ལ་སོགས་འཁོར་རྣམས་ལ་ཐུགས་ཉིད་སྐྱེ་མེད་དོན་དག་གཏན་ལ་ཕབ་(ཤོག་གྲངས། ༡༣༣) ཅེས་དང་། དེ་བཞིན་རྣམ་ཐར་གསང་བའི་མཛོད་ཆེན་ནང་། དེ་ནས་བྲག་དཀར་གནམ་ཡག་རྫོངས་སུ་བྱོན། དག་པའི་དགེ་སློང་སངས་རྒྱས་རིན་ཆེན་དྲུང་། བཅོམ་ལྡན་ཐུབ་པ་ཆེན་པོས་གསུངས་པའི་མདོ་འབུམ་གཟུངས་སྡེ་སོགས་ཀྱི་ཆོས་སྡེ་གསོན། སྲུང་ཁྲིམས་ཉིས་བརྒྱ་ལྔ་བཅུའི་སྡོམ་པ་ནོས། མདོ་སྡེ་མངོན་པ་འདུལ་བའི་སྟོན་པ་འཛིན། ཐུབ་དབང་སྟོན་པ་སྤྲུལ་སྐུའི་ཆོས་སུ་བཞུགས། སློབ་དཔོན་ཤཱཀྱ་སེང་གེ་ཞེས་སུ་གྲགས་སོགས་སློབ་དཔོན་ན་ག་ཛུ་ན་དང་ཏ་པི་ཧྲི་ཙ་རྣམས་པད་འབྱུང་གི་མཚན་གྱི་རྣམ་གྲངས་སུ་བྲིས་ཡོད་པ་ལྟར་རོ།།
ནམ་རྒྱུན་བཤད་སྲོལ་ལྟར་གྱིས་པད་མ་འབྱུང་གནས་ཀྱི་ཡབ་དྲན་པ་ནམ་མཁའ་ཡིན་པའི་ལུགས་སུ་བཏང་ནའང་། ཀུན་མཁྱེན་ཉི་མས་གསུངས་པ་ལྟར་ཕ་དགྲ་བོན་གཤེད་དུ་འགྱུར་བའི་སྐྱོན་ཡོད་པ་ནི་ཅིས་ཀྱང་སྨོས་མི་དགོས་པ་སྙམ་མོ།།

 

དྲུག་པ་མཛོད་སྒྲ་འགྲེལ་དྲན་པས་མཛད་མིན་གྱི་སྐོར།

 

ད་ལྟ་ཡོངས་གྲགས་སུ་མཆིས་པའི་བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་འདི་ཉིད་དྲན་པས་མཛད་མིན་གྱི་སྐོར་བདག་ལ་དོགས་གཞི་ཅུང་ཟད་བྱུང་སྟེ། གཞུང་དེ་ཉིད་ལས། “སྒྲ་འགྱུར་འཕྲུལ་གྱི་ལྡེ་མིག བརྡའ་སྦྱོར་ལོ་ཙྭའི་གནད་ལ་ལྔ་སྟེ། སྒྲ་གང་དུ་བསྡེབས་ཡུལ་དང་གཅིག གང་གིས་བསྡེབས་པའི་དཔོན(གསས)དང་གཉིས། ནམ་བསྡེབས་པའི་དུས་དང་གསུམ། ཅི་ལྟར་བསྡེབས་པའི་ཚུལ་དང་བཞི། བསྡེབས་པས་དོན་གྱི་གྲུབ་ཚུལ་དང་ལྔས་བསྟན་ནོ། 38’’ཞེས་པའི་ས་བཅད་ལས། “དེ་ཡང་ཡུལ་རྒྱ་ལོ་གོང་བུ་དམེ་རུ་དེར་དཔོན(གསས)སུམ་པ་ཁ་ཡམ་མེ་འབར་གྱིས་རྒྱ་བོད་དོས་ཆད་ཀྱི་འཁྲུག་པ་བྱུང་བའི་དུས་སུ་ཚོང་དུས་ལོ་ཙཱའི་ཚུལ་དུ་ཤམ་པོ་གླུ་དབལ་དང་ཐང་ལྟའི་དགྲ་དབལ་བའི་དོན་དུ་བསྡེབས་སོ། ” ཞེས་དང་ཡང་དེ་ཉིད་ལས། “ཡང་ཡུལ་ཡར་ལྔ་ཤམ་པོའི་གངས་ཕུག་ཏུ་དཔོན་གསས་ཤ་རི་དབུ་ཆེན་གྱིས་རྒྱལ་གཤེན་གནམ་ནས་ས་ལ་གཤེགས་པའི་དུས་སུ་ལས་དང་ཐུགས་རྗེ་འབྲེལ་བའི་དོན་དུ་བསྡེབས་སོ། ཡུལ་བལ་ཡུལ་ཐང་ཤོད་རྒྱ་དང་བོད་ཀྱི་མཚམས་སུ་དཔོན་གསས་ལྷ་བདག་སྔགས་དྲོ་ཡིས་རྒྱལ་དྲི་རུམ་བཙན་པོ་ཐུགས་སུ་གདོན་ཞུགས་པའི་དུས་སུ་གཟུ་བོ་གཟུ་འགྲེམས་པའི་ཚུལ་གྱིས་བསྟན་པ་མཐར་རྒྱས་པར་བྱ་བའི་དོན་དུ་རྒྱ་བོད་མེ་ཉག་དང་གསུམ་དུ་གྲོལ་བར་བསྡེབས་སོ། ཡང་ཡུལ་དབུས་རུ་ཤུག་གཅིག་ཏུ་དཔོན་(གསས་)སྐྱེ་བ་དྲན་པ་ནམ་མཁའ་ཡིས་རྒྱལ་པོ་བོན་སྤངས་ཆོས་ལ་བཞུགས་པའི་དུས་སུ་གྲུབ་པ་མཐའ་བཟུང་གི་ཚུལ་གྱིས་ཚིག་དང་དོན་དུ་གཅིག་པའི་དོན་དུ་བསྡེབས་སོ། ཡུལ་བྱེ་མ་ལ་གཡུང་དྲུང་མཁར་གད་ཀྱི་བྱི་བ་མཁར་དུ་དཔོན་(གསས་)མཁས་པ་མི་བཞི་བཀའ་བགྲོས་ནས་ཞང་ཞུང་ལས་བོད་དུ་སྒྱུར་བའི་དུས་སུ་ལོ་པཎ་བྱད་དང་མེ་ལོང་གི་ཚུལ་གྱིས་ལོ་པཎ་རྒྱུན་མི་ཆད་པའི་དོན་དུ་བསྡེབས་སོ39”ཞེས་འཁོད་ཡོད་པས། ལེགས་སྦྱར་གཞིར་བཟུང་བྱས་ན། ༼ལོ་པཎ་༽ཞེས་པའི་ཚིག་༼ལོ་ཙ་བ་དང་པཎྜིཏའི་༽བསྡུས་པའི་མིང་ཡིན་པ་དང་། ༼ལོ་ཙཱ་བ་༽ཞེས་པའི་ཚིག་ཀྱང་༼ལོ་ཀ་དང་ཅཀྴུ་༽ཞེས་པའི་བསྡུས་མིང་ཡིན། དེ་ཡང་ལེགས་སྦྱར་གྱི་༼ལོ་ཀ་༽ལ་བོད་སྐད་དུ་འཇིག་རྟེན་དང་། དེ་བཞིན་༼ཅཀྴུ་༽ལ་བོད་སྐད་དུ་མིག་ཞེས་བསྒྱུར། དེས་ན་ལོ་ཙཱ་བ་ལ་འཇིག་རྟེན་མིག་གམ་སྐད་གཉིས་སྨྲ་བ་པོ་སྐད་ཡིག་སྒྱུར་མཁན་ལ་གོ། ༼པཎྡི་ཏ་༽ནི་མཁས་དབང་དག་ལ་ཆེས་མིང་གི་ཚུལ་དུ་བརྗོད་པ། དཔེར་ན་ས་སྐྱ་པཎྜི་ཏ་ཀུན་རྒྱལ་མཚན་ལ་འཇུག་པ་ལྟར་རོ། དེ་མིན་རྒྱ་གར་ནང་རིག་རུས་ལའང་འཇུག་སྲོལ་ཡོད། ཞང་སྐད་ནང་མཁས་པའི་དོད་དུ་༼པཎྜིཏ་༽ཞེས་བྲིས་སྲོལ་ཡོད་པ་ད་བར་མཐོང་ཐོས་སོགས་མ་བྱུང་ཡང་། དྲན་པའི་སྒྲ་འགྲེལ་ནང་ལོ་པཎ་ཞེས་པའི་ཐ་སྙད་ལན་མང་ཐོན་པས་དེ་དག་ནི་ལེགས་སྦྱར་ལས་ཤུགས་རྐྱེན་ཐེབས་པ་མིན་ནམ་སྙམ་པའི་དོགས་གཞི་ཡོད།
གཞུང་འདིའི་ནང་དཔོན་གསས་དྲན་པ་ནམ་མཁས་རྒྱལ་པོ་བོན་སྤངས་ཆོས་ལ་བཞུགས་པའི་དུས་སུ་གྲུབ་པ་མཐའ་བཟུང་གི་ཚུལ་གྱིས་ཚིག་དང་དོན་གཅིག་ཏུ་བསྡེབས་པའི་གཞུང་ཞིག་སྒྲ་བསྒྱུར་མཛད་ཡོད་པ་ནི་གསལ་ཏེ། སྒྲ་བསྡེབས་པའི་གཞུང་གང་ཡིན་པ་ནི་མ་གསལ། འོན་ཀྱང་། རྒྱལ་པོ་བོན་སྤངས་ཆོས་ལ་བཞུགས་པའི་དུས་ནི་ཁྲི་སྲོང་སྐབས་སུ་ཡིན་པས། དེ་དུས་དྲན་པ་ནམ་མཁའ་རྗེས་འབངས་ཉེར་ལྔའི་གྲལ་དུ་བཞུགས་ཡོད་པར་བན་བོན་གྱི་ལོ་རྒྱུས་དག་ལས་གསལ། དེས་ན་རྒྱལ་པོ་བོན་སྤངས་ཆོས་ལ་བཞུགས་པའི་དུས་སུ་གྲུབ་པ་མཐའ་བཟུང་གི་ཚུལ་གྱིས་སྒྲ་བསྡེབས་གནང་མཁན་དྭག་པོ་དྲན་པ་ནམ་མཁའ་ཡིན་དགོས་པར་སྣང་།
ཡང་དེ་ཉིད་ལས། “སྤྱིར་ས་གཡོ་བ་ནི་ལོ་སྙིང་གཟའ་སྐར་དུས་ཚོད་ངན་པ་གཡོས་ན་སྐྱེས་དར་མ་ལ་ངན་ནོ། དེ་རྣམས་བཟང་པོ་ལ་གཡོས་ན་བན་བོན་དགེ་བཤེས་དང་། རྒྱལ་པོ་མངའ་ཐང་སྐྱེ་ཡིན་ལས་དགེ་བ་འཕེལ་བར་འགྱུར་རོ། ”ཞེས་པའི་ “ནང་བན་བོན་དགེ་བཤེས་40” ཞེས་གསལ་ཡོད་པས། དེ་ལྟར་གྱི་ཚིག་གི་འགྲོས་ལ་གཞིགས་ན། ཐུབ་ཆོས་ཀྱི་དར་ཁ་ཤུགས་ཆེ་ཤོས་ནི་ཁྲི་སྲོང་གི་སྐབས་ནས་མར་མཆེད་པ་ཡིན་སྟབས། བན་བོན་གྱི་དབྱེ་འབྱེད་ཀྱང་དེའི་སྐབས་ནས་དར་བར་ཞིག་ཡིན་པ་ནི་བན་བོན་གྱི་ལོ་རྒྱུས་དག་ལས་ཤེས་ཐུབ།
མཛོད་འགྲེལ་དེའི་བཅུད་བསྟན་པའི་སྐབས་ལས་ཀྱང་། “རེས་ཤིག་མེ་ཉག་ནེ་རྒྱུང་གིས་ཁྱེའུ་སྐྱེ་བ་དྲན་པ་ལ་ཞུས་པ། ཀྱེ་སྐྱེས་བུ་ཆེན་པོ་ཞབས་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པས། ཀུན་ཏུ་ཁྱབ་པ། སེམས་བྱང་བའི་ཆོ་འཕྲུལ་གྱིས་གཞན་མངོན་པར་ཤེས་པ་ལགས་ན། བསམ་གཏན་གྱི་ལྷ་ཞེས་བྱ་བ་རང་ལས་སྐྱེས་པའི་བསམ་གཏན་ལགས་སམ། དྲན་པ་ན་རེ། དེ་ནི་གཞན་ལས་(གནང་)སྦྱངས་བའི་བསམ་གཏན་མ་ཡིན་ཏེ། རང་ལ་སྐྱེས་པ་ལ་ཆགས་པས། སྐྱེ་འཕེལ་གྱི་རྒྱུ་རུ་སོང་བའོ། དེ་དེ་ལྟར་རོ། དེ་བཞིན་དུ་རྩང་(གཙང་)མ་རིགས་ཀྱི་ལྷ་ལྔ་ཅི་ལྟར་རྩང་ཞེ་ན། ཏིང་ངེ་འཛིན་རྒ་(དགའ་)རྟོག་གཡོ་བར་མ་སོང་སྟེ། འཛིན་པ་དང་བྲལ་བས་རྩང་བ་དང་། དུག་ལྔའི་ཟག་པ་དང་མ་བྲལ་ཀྱང་། སྐྱེ་གནས་ཀྱི་འདོད་པ་མེད་པས་སྐྱེ་འཕེལ་མེད་པའོ་གསུངས་སོ། དེ་ཡང་དྲན་པས་གསོ་གསོལ་(གསུངས་སྲོལ)དེ་ལྟར་ལགས41”ཞེས་དྲན་པའི་གསུང་ཚིག་དག་ལུང་འདྲེན་གྱི་ཚུལ་དུ་བཀོད་པར་སྣང་བས། སྒྲ་འགྲེལ་འདི་ཉིད་ཁོད་སྤུངས་དྲན་པའི་བཀའ་གཞུང་དག་ལ་གཞི་བཅོལ་ནས་བདེན་པ་བོན་གྱི་མཛོདསྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་འདི་ཉིད་དུས་རབས་དགུ་པའི་སྐབས་མཚམས་ཀྱི་མཛོད་འགྲེལ་ཞིག་ཡིན་པར་བསམ་པའི་སེམས་ཀྱི་རྟོག་པ་ལས་མཐའ་དཔྱོད་མིན།

 

མཐའ་བསྡོམས།

 

ད་ལམ་འདིར་ལག་སོན་བྱུང་རིགས་ཀྱི་དཔེ་ཚོགས་དག་ལ་བརྟེན་ནས་དྲན་པ་ནམ་མཁའི་སྐོར་ལ་རགས་དཔྱད་ཀྱི་ཚུལ་དུ་མཇུག་སྡོམ་གྱི་ས་བཅད་བསྐང་བ་ཙམ་ལས་དེ་ཙམ་གྱི་ངེས་ཤེས་རྙེད་ཐུབ་པ་ཞིག་ནི་འདིར་མ་ནུས་སོ། རྒྱུ་མཚན་ནི། དུས་ཚོད་ཀྱི་རྒྱུད་རིམ་ཁྲོད་དཔེ་ཚོགས་ཕལ་ཆེ་བ་རྣམས་ཕན་ཚུན་བསྲེས་ལྷད་དང་ཤུགས་རྐྱེན་ཐེབས་པར་གྱུར་ཡོད་པ་སོགས་མངོན་གསལ་དོད་པོར་སྣང་བས དེས་ན་ངང་པའི་རྒྱལ་པོ་བཞིན་ཆུ་དང་འོ་མ་འབྱེད་པར་ནུས་པའི་དྲན་པའི་སྐོར་གྱི་ཁུངས་དག་ཡིག་ཆ་ཚད་འཕེར་ཞིག་ད་དུང་ཡང་ལག་སོན་མ་བྱུང་སྟབས་ཁོ་མོས་ཀྱང་ཚོད་དཔག་ཙམ་གྱིས་མཐའ་བསྡོམས་རྒྱག་པ་ལས་ཐབས་གཞན་མ་མཆིས་སོ། །
ལར་དུས་རབས་ཉེར་གཅིག་པ་འདིར་ལས་དོན་ཕལ་ཆེར་ཚན་རིག་དང་མ་བསྟུན་ན་རྗེས་ལུས་སུ་བརྩི་བ་ནི་དེང་དུས་ཀྱི་འགྲོ་སྟངས་སུ་གྱུར་སྟབས། འདིར་ཡང་དཔེ་ཚོགས་འགའ་ལ་བརྟེན་ནས་མཐའ་བསྡོམ་ཐར་ཐོར་འགའ་རེ་བྲིས་པ་དག་དེ་ཙམ་རྣ་བར་མི་འགྲོ་བར་སྲིད་རུང་། ཁུངས་དག་དཔེ་ཆ་འདྲ་ས་འོག་ནས་གཏེར་དུ་མ་བརྡོལ་བར་འདི་བས་བྱ་ཐབས་ཟད། འོན་ཀྱང་བོན་གཞུང་རྣལ་མ་དག་ས་འོག་ནས་བརྡོལ་ཡང་མིའི་ལག་འོག་ནས་འཚོ་ཐུབ་པའང་དེ་ཙམ་ལས་སླ་པོ་ཞིག་མིན་པ་ནི་ལོ་རྒྱུས་རབས་དང་རིམ་པས་དཔྱད་ན་ཤེས་ཐུབ།
མདོར་ན། རྒྱལ་བའི་ལུང་གིས་ཟིན་པའི་ཐུགས་ཀྱི་བསྟན་པའི་གཉེར་འཛིན་ནི་གཤེན་སྲས་ཀོང་ཚ་དབང་ལྡན་དང་སྨན་བཙུན་མོ་ལ་མི་ཕོ་ཆེ་གསུམ་བྱུང་བ་ལས། འབྲིང་རྒྱུད་ཐོག་གི་རྒྱལ་པོ་ལས་མཆེད་པའི་བོན་རྒྱལ་གནམ་གྱི་ཁྲི་བདུན་པ་གྲི་གུམ་བཙན་པོའི་སྐབས་སུ་བཞུགས་པའི་ཞང་ཞུང་དྲན་པ་ནམ་མཁའ་ཉིད་ཡིན་པ་དང་། བོད་རྒྱལ་རིམ་བྱོན་ནང་བོན་ལ་འཇིག་ཉེན་གནོད་ཚབས་ཆེ་ཤོས་ནི་གྲི་གུམ་དང་ཁྲི་སྲོང་སྐབས་སུ་བྱུང་བས། སྐབས་དེ་དག་ཏུ་གཉན་འཕྲང་དེ་རིགས་འབྱུང་རྐྱེན་གང་ཡིན་རྣམས་ནི་བན་བོན་གྱི་ལོ་རྒྱུས་དཔེ་ཚོགས་གང་མང་ནང་གསལ། ལོ་རྒྱུས་དེ་དག་གི་སྔ་ཕྱི་བྱུང་རིམ་དག་ལ་ལེགས་པར་བསམ་ན། ཁྲི་སྲོང་སྐབས་སུ་རྗེས་འབངས་ཉེར་ལྔའི་གྲས་སུ་བཞུགས་པའི་དྲན་པ་ནམ་མཁའ་དེ་དང་། གྲི་གུམ་སྐབས་སུ་མཆིས་པའི་དྲན་པ་ནམ་མཁའ་གཉིས་ནི་གང་ཟག་ཐ་དད་ཡིན་པར་ཁོ་མོས་མཐའ་བསྡོམས་ཀྱི་ཚུལ་དུ་སྨྲ་བར་འདོད་སྟེ། སྒྲུབ་བྱེད་གོང་བཀོད་ལྟར་ལགས་སོ། །
      མཆན་འགྲེལ།

 

1 རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད། བཀའ། དཔེ་གཟུགས། ༡༩༩༩ལོར་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་གྲངས། ༡༥༨ནས་༢༥༠བར་གསལ།
2 གོང་མཚུངས། བ། ཤོག་གྲངས། ༡༥༨ལས་གསལ།
3 དྲན་པའི་རྣམ་ཐར་གཡུང་དྲུང་གསང་བའིམཛོད་ཆེན། བཀའ་བརྟེན། (ང) རྒྱུད་སྡེ། དཔེ་གཟུགས། གསང་གླིང་བཀའ་གཏེར། དབལ་ཁྱུང་བླ་བྲང་དང་གོང་རྒྱལ་དགོན་སྡེ་བཅས་ནས་དཔར་དུ་བསྐྲུན། ཤོག་གྲངས། ༡༦༠ལས་གསལ།
4 སྐུ་གསུམ་རིག་འདུས་དྲན་པ་དྲག་ཕུར། དབལ་ཕུར་གྱི་རི་བོའི་ཟབ་དོན་འོད་ལྡན་ཡུམ་གྱིས་རྒྱུད་བཞིན་ཚེ་དབང་འགྱུར་མེད་པས་ཁྲོ་ཆེན་བླ་བྲང་དགོན་གོང་ནས་ཕབ་པའི་དཔེ་གཟུགས། ཤོག་གྲངས། ༡༣ལསགསལ།
5 དྲན་པའི་བཀའ་ཐང་། ཉག་རོང་ཤིང་དཔར་ཅན། དཔེ་གཟུགས། ཀཤོག་གྲངས། (༨༠)
6 འགྲེལ་པ་སྒྲོན་མ་མུན་སེལ། བྲུ་རྒྱལ་བ་གཡུང་དྲུང་། ༢༠༠༩ཤོག་གྲངས། ༡༥ལས་གསལ།
7 ཞངབོད་ལོ་རྒྱུས་ཏི་སེའི་འོད། ནམ་མཁའི་ནོར་བུ། ༡༩༩༧ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་གྲངས། ༣༣༦ལསགསལ།
8 བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིགདྲན་པ་ནམ་མཁའ། དེབ་གཟུགས། ཤོག་གྲངས། ༢༥ལསགསལ།
9 ཕུར་པའི་དོན་བསྡུས་རྩ་བའིའགྲེལ་ཆེན། སྟག་ལ་མེ་འབར། ༢༠༠༨ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན། དེབ་གཟུགས། ཤོག་གྲངས། ༤ལས་གསལ།
10 དྲང་དོན་མུན་སེལ་སྒྲོན་མ། ཤོག་གྲངས། ༤ལས་གསལ།
11 སྲིད་པ་རྒྱུད་ཀྱི་ཁ་བྱངཆེན་མོ། ཤོག་གྲངས། ༤༠༡ལས་གསལ།
12 རྙིང་མའི་ཆོས་འབྱུང་། ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ། གླེགས་བམ་དང་པོ། བོདལྗོངས་མི་དམངས་དཔེ་སྐྲུན་ཁང་། དེབ་གཟུགས། ཤོག་གྲངས། ༢༥༨ལས་གསལ། ༼གུབ་ཀྲའི་ཆོས་འབྱུང་༽ནང་དུའང་གཅིག་མཚུངས་སུ་གསལ་འདུག།
13 སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ། ཤོག་གྲངས། ༤༤༡ལས་གསལ།
14 ཆོས་འབྱུང་ཀུན་གསལ་མེ་ལོང་། དཔལ་ལྡནཚུལ་ཁྲིམས། ༡༩༧༡ལྡི་ལི་དཔར་མའི་དེབ་གཟུགས། ཤོག་གྲངས། ༦༥ལས་གསལ།
15 དྲནཔའིབཀའ་ཐང་། ཨ། ཤོག་གྲངས། ༡༡ལས་གསལ།
16 བོད་རྒྱ་ཚིག་མཛོདཆེན་མོ། ༡༩༨༥མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས། ཤོག་གྲངས། ༩༡༠ལས་གསལ།
17 དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོ་བོད་རིག་པ་དཔེ་སྐྲུནཁང་། དེབ་གཟུགས། སྟོད་ཆ། ཤོག་གྲངས། ༩༠༣ལས་གསལ།
18 རིན་ཆེན་གཏེར་མཛོད། ཀོང་སྤྲུལ་ཡོནཏན་རྒྱ་མཚོས་བསྒྲིགས། མི་རིགས་དཔེ་སྐྲུནཁང་། དཔེ་གཟུགས། ཀ། ཞེ་ལྔ། ན། ལས་གསལ།
19 སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ། པོད་གཉིས་པ། ཤོག་གྲངས། ༢༣༥ལས་གསལ།
20 གོང་མཚུངས། ཤོག་གྲངས། ༢༢༣ལས་གསལ།
21 རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན། ང་། ཤོག་གྲངས། ༡༩༧ལས་གསལ།
22 རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད། ཤོག་གྲངས། ༡༥༨ལསགསལ།
23 བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིགདྲན་པ་ནམ་མཁའ། ཝཎ་མཐོ་སློབ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་། དེབ་གཟུགས། ཤོག་གྲངས། ༤ལས་གསལ།
24 དྲང་དོན་མུན་སེལ་སྒྲོན་མེའི་འགྲེལ་པ། དམུ་གཤེན་དྲན་པ་ནམ་མཁའ། ཤོག་གྲངས། ༩ལས་གསལ།
25 སྙན་རྒྱུད་དྲན་པ་ཆོག་དྲུགབཀའ་བརྟེན། དཔེ་གཟུགས། ཤོག་གྲངས། ༡༣ལས་གསལ།
26 འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོགགྲུབ་དབང་བསྟན་འཛིན་རིན་ཆེན། ཤོག་གཟུགས། ༥༨༤
27 རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད། ཤོག་གྲངས། ༡༥༨
28 ཁོད་སྤུངས་མདོ་རྒྱུད་གྲགས་པའི་རྣམ་ཐར་སྐོར། ཤོག་གྲངས། ༨༤
29 གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། དཔལ་ལྡན་ཚུལཁྲིམས། ༡༩༩༨ཤོག་གྲངས། ༣༤༨
30 ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་འཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན། དཔོན་སློན་ཀུན་བཟང་བློ་གྲོས། མི་རིགས་དཔེ་བསྐྲུན་ཁང་། དེབ་གཟུགས། ཤོག་གྲངས། ༣༤༨
31 རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན། ཤོག་གྲངས། ༡༦༠
32 བོན་ཆོས་རྣམ་དབྱེ། རྡོ་རྗེ་གླིང་པའི་གཏེར་མ།
33 ཆེ་མཆོག་དྲནཔ་ཡང་གསང་དྲག་པོའི་རྒྱུད། ཤོག་གྲངས། ༡༠༧
34 བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ་བོན་གྱི་པད་མོ་རྒྱས་བྱེདཉི་འོད། སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན། ཤོག་གྲངས། ༥༨། ༥༩
35 སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ། ཤོག་གྲངས། ༤༠༡
36 རྡོ་རྗེ་ཕུར་པའི་བཤད་འབུམ་སློབ་དཔོན་རྣམ་གསུམ་གྱི་དགོངས་པ་སློབ་དཔོན་ཆེན་པོ་པད་མས་མཁར་ཆེན་བཟའ་ལ་གདམས་པ་བཞུགས་སོ། ཕུར་འགྲེལ་འབུམ་ནག་ཅེས་གཞན་ལས་ཁྱད་པར་འཕགས་པའི་ཐུགས་ཀྱི་ཏི་ཀའོ། སྔ་འགྱུར་བཀའ་མ། དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཆོས་སྐོར་ཕྱོགས་བསྒྲིགས། འགྲེལ་གཅིག་པ། ན། ཕུར་པ་ཕྱོགས་བསྒྲིགས། ལྔ་པ། རྙིང་རྒྱུད་མཚམས་བྲག་དཔར་མ། དཔེ་ཆའི་གདོང་དར་གྱི་ཨང་གྲངས། (༦༤༡༢༧)
37 སློབ་དཔོན་ཆེན་མོ་པད་མ་འབྱུང་གནས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་ཡི་གེ་ཡིད་ཆེས་གསུམ། ཏཱ་ར་ན་ཐ། འདི་ལ་༼སློབ་དཔོན་པདྨའི་རྣམ་ཐར་རྒྱ་གར་ལུགས་༽ཞེས་བྱའོ། ཏཱ་ར་ན་ཐའི་གསུང་འབུམ། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་བའི་དཔེ་གཟུགས། ཤོག་གྲངས། ༢༧
38 བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིགདྲན་པ་ནམ་མཁའ། ཤོག་གྲངས། ༨
39 གོངམཚུངས། ཤོག་གྲངས། ༨དང་། ༩ལས་གསལ།
40 གོང་མཚུངས། ཤོག་གྲངས། ༩
41 གོང་མཚུངས། ཤོག་གྲངས།

རྩོམ་ཁུངས། ཧི་མ་ལ་ཡའི་བོན།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།