བོན་སྔ་དར་སྐབས་སུ་ཕྱི་སྤོང་ལམ་འདུལ་བའི་འདུས་སྡེ།

00000
ཞང་ཞུང་ཁྱུང་ལུང་དངུལ་མཁར་རིག་གནས་འཕྲིན་སྟེགས་ལས་དྲངས།

གཡུང་དྲུང་བོན་གྱི་སྔ་ཕྱི་དུས་སུ་དགོན་སྡེ་ཆགས་རབས་ལས།

དེ་ཡང་དང་པོ་རི་མཐོ་ས་གཙང་མ་ཞང་ཞུང་དང་།   བོད་ཀྱི་སའི་ཆ་གླང་པོའི་གཙུག་ལྟར་མཐོ་ཞིང་ཕྱོགས་ཐམས་ཅད་གངས་རིས་ར་བས་བསྐོར་བའི་ལྗོངས་སུ་མཁས་པ་དང་།   གྲུབ་པའི་སྐྱེས་བུ་ཇི་སྙེད་ཅིག་བྱུང་བ་ལས།   ཐོག་མར་བསྟན་པ་སྔ་དར་གྱི་དུས་ཀྱི་ཆེས་སྔ་དར་གྱི་སྐབས་སུ་གཡུང་དྲུང་གི་བོན་རིན་པོ་ཆེ་ལས་གཞན་པའི་ཆོས་ལུགས་མི་གཅིག་པ་མེད་པས།   ཞང་བོད་ཁམས་གསུམ་དུ་རྒྱལ་གཤེན་མཆོད་ཡོད་སྡེ་གཉིས་པོ་འཕེལ་རྒྱས་ཆེ་ཞིང་བཤད་སྒྲུབ་རབ་ཏུ་དར་སྟེ།   དེ་ཡང་སྔར་སྟོན་པའི་སྐུས་འདུལ་བའི་དུས་བོད་དུ་བྱོན་སྐབས་བོད་དུ་ལྷ་གསོལ་དང་ཡུལ་ཕུད་ཙམ་གྱི་རྒྱུ་བོན་ཕྲན་ཚག་འགའི་ལུང་ཕོག   སླད་དུ་རྒྱུ་འབྲས་ཀྱི་བོན་རྣམས་དར་བའི་བྱིན་རླབས་ལུང་བསྟན་གནང་།   ཞང་ཞུང་དུ་འབུམ་ཆེན་སྡེ་བཞིའི་བོན་གསུངས།   དེ་རྗེས་གསུང་གི་བསྟན་པའི་ནང་ཐོག་མར་ཞང་ཞུང་དུ་འདུལ་པའི་བསྟན་པ་དར་བ་ཡིན་ཏེ།   དེང་སྐབས་རབ་བྱུང་བཅུ་དྲུག་པའི་ཆུ་བྱི་འདི་ཡན་མི་ལོ་བཞི་སྟོང་དྲུག་བརྒྱ་ལྷག་གོང་དུ།   སྟག་གཟིག་ནས་མཁན་པོ་རྫུ་འཕྲུལ་ཡེ་ཤེས་ཕེབས་ནས་བསྟན་པའི་དབུ་བརྙེས་ཚུལ་བསྟན་བྱུང་དུ་བཤད་པ་ལྟར་ལ།   དེ་འཛིན་འདུས་པའི་སྡེ་རབ་ཏུ་མང་བར་འཕེལ་ཏེ།

ཞང་ཞུང་གི་འདུལ་བའི་འདུས་སྡེ།
ཐོག་མར་སྤོས་ངད་ལྡན་པའི་ཤར་བརྒྱུད་ཏྲག་ལུང་ན་བ་དམར་ལྡེང་བོན་ཕུག་ཏུ་དྲུང་མུ་ཁྲི་རྩེའི་ལྷ་སྡེ་ཆེན་པོ་དེ་ནི་མཁན་ཆེན་རྫུ་འཕྲུལ་ཡེ་ཤེས་དང་།   ཡེ་ཤེས་ཚུལ་ཁྲིམས་བླ་སློབ་ཀྱི་གདན་ས་ཡིན་ཅིང་མཁན་པོའི་ཞབས་རྗེས་ཀྱང་དེང་སང་དགོན་ཤུལ་གྱི་ཉེ་རིའི་བྲག་སྟེང་དུ་ཡོད།   ཞང་ཞུང་པོས་རི་ངད་ལྡན་གྱི་ཤར་ཕྱོགས་ཤེལ་གྱི་བྲག་དཀར་རྩེ་རྫོང་དུ།   གཡུང་དྲུང་ལྷ་རྩེའི་འདུས་སྡེ་ཆེན་པོ་དགྲ་བཅོམ་སྟོང་ཕྲག་དང་ལྡན་པ་ཞང་ཞུང་མཁན་པོ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་བཏབས།   དེ་བཞིན་སྤོས་རི་ངད་ལྡན་གྱི་ནུབ་ཕྱོགས་དཔལ་ཕུའི་རི་ལྡེབས་སུ།   གཡུང་དྲུང་མཆོག་སྟེང་གི་དགོན་པ་གནས་བརྟན་སྟོང་དང་དྲུག་བརྒྱ་ལྡན་པ་ཞང་ཞུང་མཁན་པོ་ཁྲི་འབར་གཙུག་ཕུད་ཀྱིས་བཙུགས།   ལྷོ་ཕྱོགས་ཧྲོམ་པོ་དཔལ་གྱི་རི་ལ་གཡུང་དྲུང་བརྩེགས་པའི་འདུས་སྡེ་ཆེན་པོ་དགེ་འདུན་སྟོང་ཕྲག་ལྷག་ལྡན་གཙུག་ཕུད་ཚུལ་ཁྲིམས་ཀྱིས་བཞེངས།   གདན་ས་ཆེན་པོ་དེ་བཞིས་གཙོས་གཞན་ཡང་ཤར་ཕྱོགས་ཧོར་སྟོད་ཏྲག་ཅུང་གི་གཡས་རིའི་ལུང་པར་ལེ་ངུར་ལྷ་རྩེའི་དགོན་པ།   མ་པང་མཚོ་ཤར་སེ་བ་ལུང་དགོན་བཀྲ་ཤིས་རྩེ།   གསེར་བྲག་བྱ་སྐྱིབ་ཅན་ན་གཡུང་དྲུང་བཀོད་པའི་ལྷ་སྡེ།   དེ་བཞིན་ཁྱུང་མོ་སྦུག   ཨུན་རུང་བྲག་དཀར།   ལ་ངག་ནུབ་དོ།   རྩེ་བརྒྱད་རི་ཕུ།   གངས་རིའི་གསེར་ལུང་།   སྐུ་མཆོག་གླང་ཆེན་རྫོང་།   བྱེ་མ་གཡུང་དྲུང་།   གངས་ལུང་ལྷ་ཕུ།   ལྷོ་བྱང་ཏ་གླིང་གཉིས།   ཉི་མ་དཔལ་ཕུ།   ན་སྙིལ་གངས།   སྟག་ལ་མཁར།   མདུན་ཆུ་གླང་ཆེན་བྲག།   དྲི་བདའ་སྤོས་རི།   བྱ་རི་གཙུག་ལྡན།   ཁྱུང་ལུང་དངུལ་མཁར།   མདའ་པ་མཁར།   གུ་གེ་ཤང་རྩེ་གཞུང་།   སྤུ་རང་རྐང་ཙེ་ཕུ།   རུ་ཐོག་ཁྱུང་ཚང་བྲག།   སྐུ་ལྷ་སྟག་རི་སྦུག།   གེ་ཁོད་གཉེན་ལུང་གངས།   བྱང་ར་བཞི།   ཤར་ཤེལ་རོང་།   ཡར་རྗེའི་གངས།  ད་རོག་མཚོ།   མེ་རྒྱུང་དཀར་ནག   བློན་པོའི་གངས།   སྡོང་རྒྱོང་སྨུག་མོ་རི།   ཁྲི་འོད་ཟུར་ཐང་།   དྭང་ར་གཡུ་མཚོ།   རྣམ་རྒྱལ་ལྷ་རྩེ།   ཤར་དུམ་པ་ཚལ།   བྱང་རྒྱར་ཡིབ་ཚལ།   ནུབ་བ་ཡུའི་ཚལ།  ལྷོ་ཁྱི་ཏོར་ཚལ།  དེ་ལ་སོགས་ཞང་ཞུང་ཁྲི་སྡེ་སྟོད་སྨད་ཀུན་དང་།  སྟོད་ལ་སེང་སྦལ་ཏེའུ་ཕྱིན།   སྨད་ནག་གཙང་གློ་དོལ་ཡན་ལྷོ་བྱང་ཀུན་ཏུ་འདུལ་བ་འཛིན་པའི་འདུས་སྡེ་ཆེ་ཕྲ་སྟོང་ཕྲག་གྲངས་ཉེ་བ།   བཀའ་ལུང་ཉན་བཤད་དང་།    རི་ཁྲོད་ཙོག་པུའི་སྡེ་དང་།   བྲག་དཀོན་བཀའ་ཐུབ་ཀྱི་སྡེ་བཞི།   ཕོ་མོས་ཕྱེ་བའི་ཡ་བརྒྱད་དུ་ཆགས་ཤིང་འཕེལ་ནས་མི་ལོ་སུམ་བརྒྱ་ཉེར་ལྔ་ཙམ་ལ་ཞང་ཞུང་དུ་བསྟན་པ་སྔོན་དུ་དར།
བོད་ཀྱི་འདུལ་བའི་འདུས་སྡེ།
དེ་རྗེས་བོད་དབུས་གཙང་སོགས་སུའང་རིམ་པར་འདུལ་བསྟན་དར་ཏེ་ཐོག་མར་དབུ་རུ་འདམ་ཤོད་སྣར་མོ་རུ་གཡུང་དྲུང་ཁྲི་འདུས་འོད་གླིང་ན་ག་ཅུ་གཙུག་ཕུད་རྒྱལ་བ་བཞེངས།   དེ་བཞིན་གཡས་རུ་རྟག་ནག་རྟ་འགོ་སུམ་ལག་ཏུ་ཁྲི་འདུས་གསལ་བའི་གནས་དགོན་བརྩེགས་ཤིང་བོན་འཁོར་བསྐོར།   དེ་འབྲེལ་དབུས་གཙང་དུ་གནས་སྡེ་བརྒྱད་ཙམ་འཕེལ།དབུ་རུ་ཡེར་ཀླུང་ལྷ་སའི་གནས་སྡེ་ཆེན་པོ་གཡུང་དྲུང་ཁྲིམས་གནས་གསས་ཁང་ནི་ཡ་གོང་ཡེ་ཤེས་རྒྱལ་བས་བཏབས།   བདུད་པིར་གདོང་ནག་པོ་ཚར་བཅད།   དེ་བཞིན་ཡེར་པའི་བྲག་དགོན་དང་།    གཡས་རུའི་ཟང་ཟང་གནས་དགོན་དང་།   གྲམ་པ་ལྷ་རྩེའི་འདུ་གནས་སོགས་གནས་སྡེ་ཉི་ཤུ་རྩ་ལྔ་འཕེལ།   རུ་ལག་གྲམ་པ་རྒྱང་གི་ཁྲི་འདུས་འོད་ཀྱི་ལྷ་ཁང་ནི་ཕམ་ཤིན་དཔལ་གྱི་དབང་ཕྱུག་གིས་བཏབས།    ཉན་བཤད་བཀའ་བཞི་བོན་གྱི་བསྟན་པ་བཙུགས།   དེ་བརྟེན་གཡུང་དྲུང་རོལ་པའི་གསས་ཁང་སོགས་གནས་སྡེ་སུམ་ཅུ་རྩ་བརྒྱད་འཕེལ།   གཡོ་རུ་རག་ཟའི་འདུ་གནས་གཡུང་དྲུང་ཁྲི་སྐོས་རོལ་པའི་གཙུག་ལག་ཁང་ནི་ལྡེ་བཙུན་ཡེ་ཤེས་རབ་གསལ་གྱིས་བཞེངས།   དེ་བཞིན་གཡས་རུའི་རྒྱུད་དུ་གནས་སྡེ་བཅུ་གཉིས་བརྩེགས།   དེ་དུས་ཞང་བོད་ཡུལ་ལྗོངས་རྣམས་སུ་ཕྱིའི་ལྷ་རྟེན་གསས་ཁང་དང་མཆོད་རྟེན་གྱི་རིགས་རྣམས་གང་མོས་ཅི་རིགས་བཞེངས།    ནང་གི་རྟེན་གསུམ་ནི་སྐུ་བརྙན་བྲིས་འབུར་རིགས་སྟོན་པ་སྤྲུལ་སྐུའི་རྣམ་ཅན་འཁོར་བཅས་དང་།   གསུང་རབ་མདོ་འབུམ་གཟུངས་གསུམ།   ཐུགས་རྟེན་སྐུ་གདུང་ཆག་ཤིང་ཧོས་རུ་གཞི་སྐུར་སོགས་བསྐྲུན།   རྣམ་དག་འབུམ་དང་མདོ་ཡི་སྐོར་ལ་ཀློག་འདོད་འབྲི་བ་སོགས་བྱེད།    མཆོད་པ་རྣམ་པ་ལྔ་དང་སྒྲ་སྙན་རོལ་མོའི་ཚོགས་ཀྱིས་མཆོད།   གོས་སྔོན་པོ་མིན་པ་མི་གྱོན་ཏེ།   ཚུལ་གོས་པད་ལོ་རིས་དྲུག་ཀྱང་སྔོན་པོའི་རིགས་ལས་བསྐྲུན་པ་གྱོན།   དགེ་སྤྱོད་བོན་ལ་བྱེད།   ལས་སྤྱོད་ཚུལ་ལ་གནས།   བར་ཆད་ས་ཚ་མཆོད་གཏོར་གྱིས་སེལ།   དོན་སྤྱོད་ཕར་ཕྱིན་བཅུ་ལ་སྤྱོད།   གྱེར་བོན་སྡེ་བཅུ་གཉིས་ལ་བྱེད།   རྗེ་ཡི་སྐུ་འཚོ།  བློན་གྱི་བུ་གསོ།   དད་པ་ཅན་ཚུལ་ཁྲིམས་ལ་གཞུག    ཤི་བ་སྐྱབས་བསྔོ་དང་མཆོད་སྦྱིན་གྱིས་འདྲེན་པའོ།     དེ་ལྟར་བོན་གྱིས་འདུས་གནས་རྩ་ཆེན་སུམ་ཅུ་རྩ་བདུན་ནི།   ཡོངས་སུ་གྲགས་པ་དབུས་གཙང་ཀོང་གསུམ་ལ།   དབུ་རུ་དབུས་ཀྱི་ཕྱོགས་སུ་བཅུ་གསུམ་སྟེ།    འདམ་ཤོད་སྣར་མོ་ངན་ལམ་རལ་གསུམ་དང་།   འཕན་ཡུལ་བྲག་དཀར་མལ་དྲོ་ར་བ་དང་།   མཆིམ་གྱི་བྲག་དམར་ཧས་པོ་རི་ཐང་དང་།   ལྷ་ས་ཡེར་པ་གནམ་གྱི་རེ་གོང་དང་།   གནམ་མཚོ་དོ་རིང་སྟོད་རོས་ལུང་གསུམ་དང་།   སྐྱིད་ཤོད་ལུང་ནག་རེ་རྐྱང་ཤ་མཐའ་ཁ།    མདོག་གུང་རྒྱལ་མོ་ཁ་དང་བཅུ་གསུམ་མོ།    གཡོ་རུ་ཉང་དག་ཀོང་ལ་བདུན་ཡོད་དེ།   འོལ་ཁ་ཤུག་གཅིག་ཉང་ལུང་ཤིང་ནག་དང་།   གཡེ་ལུང་གོང་བར་ཀོང་ཡུལ་བྲེ་སྣ་དང་།   ཡར་ལུང་སོག་ཁ་ཟླུམ་ཤོད་ཐང་དམར་དང་།   མ་དྲོ་མཚོ་ཤོད་དང་ནི་བདུན་ཡིན་ནོ།   གཡས་རུ་གཙང་གི་ཕྱོགས་ལ་བརྒྱད་ཡོད་དེ།    འོ་ཡུག་ས་ནག་ཤངས་ཀྱི་ཞོང་ཞོང་དང་།    བྲུད་ཀྱི་མཁར་གདོང་རྟ་ནག་རྐྱང་ཕུ་དང་།    འཇེད་ཀྱི་རྒྱང་མཁར་རྟ་ཕུ་དྲོས་ལྷས་དང་།   གཙང་སྟོད་གྱེར་ཕུག་ཟང་ཟང་ལྷ་བྲག་བརྒྱད།    རུ་ལག་ཉང་སྟོད་ཕྱོགས་ལ་དགུ་ཡོད་དེ།     དྲུམ་གི་སྟག་ཚལ་ཆུ་མགོ་སྟག་རིང་དང་།   འཁར་ཆེན་བྲག་དཀར་མཚོ་རྔ་དྲིལ་ཆུང་དང་།   གཉན་རྩེ་ཐང་ཤོད་གྲམ་པ་ཁ་འུ་དང་།    རག་ཟ་ཐང་ཟླུམ་མང་མཁར་མདོ་ཕུག་དང་།    ལྷ་ཡུལ་གུང་ཐང་དང་དགུ་སོ་བདུན་གྲགས།   ཞེས་གསལ་བ་སོགས་དགེ་འདུན་གྱི་སྡེ་བརྒྱ་ཕྲག་གྲངས་སུ་འཕེལ།     ཡ་གོང་མཁན་བརྒྱུད་ཉེར་ལྔ་དང་།   ཕམ་ཤིན་བརྒྱུད་པ་སུམ་ཅུའི་བར་དུ་གནས་བརྟན་གྱི་སྡེ་བཟང་པོ་ཆགས་ཏེ་མི་ལོ་སྟོང་ཕྲག་ཉེ་བ་ཙམ་རིང་དབུས་གཙང་བྱང་གསུམ།   ཉང་དག་རྐོང་གསུམ།   གློ་མོན་ལྷོ་གསུམ་བཅས་ལ་བསྟན་པ་རྣམ་པར་དག་པ་དར།   དེ་ནས་བསྟན་པ་རྒུད་ལྟས་ཤར་ཏེ་ཇོ་བཙུན་ཡེ་ཤེས་ཀྱིས།    ལུང་བསྟན་བཞིན་སངས་རྒྱས་ཀྱི་སྐུ་གདུང་རྣམས་གཏེར་དུ་སྦས་པ་རིམ་གྱིས་མཛད།   མུ་ཟི་གསལ་བཟང་བསྟན་པའི་ས་བོན་དུ་འགོག་པའི་ཏིང་ངེ་འཛིན་ལ་ཞུགས།   ཞང་ཞུང་རྒྱལ་པོ་མུ་ལ་མུ་སང་དུས་ཞང་ཞུང་གི་འདུལ་བསྟན་ནང་འཁྲུགས་ཀྱིས་ཉམས།  བོད་ཀྱི་གནས་སྡེ་རྣམས་རིམ་པར་ལོ་རེ་ལོ་རེ་བཞིན་འགྱུར་ལྡོག་སྣ་ཚོགས་བྱུང་།    ཉམས་གུད་རྗེ་དམས་སུ་གྱུར་རིམ་ལོ་བརྒྱ་ཕྲག་གཉིས་གསུམ་སོང་རྗེས་གནས་སྡེ་ཡང་བཅུ་དྲུག་ཙམ་ལས་སྟོངས།    དེ་རྗེས་གྲི་གུམ་བཙད་པོ་གླེན་པའི་རིང་ལ་གནས་ཆེན་སྡེ་བཞི་བཤིག་གནས་ཕྲན་བཅུ་གཉིས་བསྒྱུར།   རབ་བྱུང་གི་སྡེ་རྩ་ལག་དང་བཅས་པ་གཅིག་ཀྱང་མེད་པར་བྱས་ཏེ་བརླག་པར་གྱུར་ཏོ།     ཞེས་དང་།   ཡང་གཅིག་འདུལ་བ་སྟོད་ལུགས་ཞེས་བྱ་བ་བོད་ཀྱི་བཙན་པོ་ཁྲི་རྩེ་འབུམ་ཞེས་པའི་རིང་ལ།    དང་ར་ཁྲི་སྒྲ་ཞེས་པས་ཡར་ལུང་འཕན་ཐང་རྩེ་རུ་གནས་དགོན་བཅས་ཏེ་གཡུང་དྲུང་ཁྲི་སྐོས་གསས་ཁང་བཞེངས།   དེ་རྗེས་ཡང་བོན་དོན་གྲུབ་དང་།   སྣ་བོན་སྣང་ལྡན།  སྔགས་བོན་མངའ་སྙེམས་གསུམ་གྱིས་ལ་སྒྲགས་ཡུལ་དུ་འདུལ་བའི་བཀའ་བཟུང་པས།    ལ་སྟོད་དུ་འདུལ་བའི་གནས་སྡེ་སུམ་ཅུ་ཆགས་ཞེས་ཀྱང་གསལ།       མདོར་ན་ཞང་བོད་ཁམས་སོགས་རྒྱལ་བསྟན་རྩ་སྟོངས་ཀླ་ཀློའི་ཡུལ་ལྟ་བུ་ནི་བྱུང་མ་མྱོང་བ་ཚད་མ་གསུམ་གྱིས་གྲུབ་ཡོད།    སྤྱིར་སྟོད་སྟག་གཟིག་བྲུ་ཤ་ཨོ་རྒྱན་ཁ་ཆེ་སོགས་དང་།   སྨད་རྒྱ་ནག་སོག་པོ་ཧོར་དང་རྩ་མི་ཤིང་མི།   ལྷོ་རྒྱ་གར་བལ་མོན་འཇང་མོ་མིག་དགུའི་ཡུལ་བཅས།   བྱང་གེ་སར་ལི་ཕྲོམ་ཐོ་གར་གྲུ་གུ་སོགས་འཛམ་གླིང་ཡུལ་ཆེན་ཀུན་ཏུ་གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་ཕྱོགས་དང་ཁྱབ་བརྡལ་ཅི་རིགས་དར་ལུགས་སོ་སྐྱེས་བརྗོད་པ་ག་ལ་ནུས།།     ཞེས་གསུངས།
བསྟན་པ་ཕྱི་དར་སྐབས་སུ་འདུལ་བའི་འདུས་སྡེ།
གོང་གི་མཁན་བརྒྱུད་མུ་ཟི་གསལ་བཟང་ཉིད་འགོག་པ་བཞུགས་ནས་མི་ལོ་ཆིག་སྟོང་བརྒྱད་བརྒྱའི་མཚམས་སུ་འགོག་པ་བཞེངས་ཏེ།    མེ་ཉག་རྒྱལ་པོའི་རྟ་རྫི་སོག་པོ་སྤྲེལ་སླག་ཅན་གྲགས་པ་དེ་ལ་དྲང་སྲོང་ཆིག་རྫོགས་སུ་གནང་བར་ཚུལ་མིང་ཁྲི་འབར་ཚུལ་ཁྲིམས་དང་།   དེའི་མཁན་བུ་རྒྱལ་བ་གཙུག་ཕུད་དང་།  དེའི་མཁན་བུ་གཙུག་ཕུད་ཚུལ་ཁྲིམས།   དེའི་མཁན་བུ་བླ་ཆེན་པོ་མུ་ཐུར་དགོངས་པ་རབ་གསལ་ལམ།   ཡ་ཟི་བོན་སྟོན་ཡང་ཟེར།   ཚུལ་མཚན་ཤེས་རབ་ཚུལ་ཁྲིམས་མདོ་སྨད་ནས་བོན་ཆོས་གཉིས་ཀའི་བསྟན་པའི་མེ་རོ་སྤར་ཏེ།   དེ་ལས།   བོན་རྙིང་མའི་རིང་ལུགས་འཛིན་པ་བྲུ་ཞུ་གཤེན་གསུམ་དང་།  སྤ་རྨེའུ་ཁྱུང་བཅས་ཀྱི་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་གི་གདུངས་འཁྲུངས་འདུལ་འཛིན་སྐྱེས་བུའི་འདུལ་བའི་འདུས་སྡེ་གདན་ས་གྲྭ་ས་ཡ་བཞི་ཟུང་བརྒྱད་གཙོས་པའི་འདུལ་བའི་འདུས་སྡེའང།   རིམ་བཞིན་བོད་ཡུལ་སྟོད་མངའ་རིས་ནས།   སྨད་རྒྱ་མཚམས་ལ་ཐུག་གི་བར་དུ་བོན་དར་ཞིང་བོན་གྱི་ལྷ་སྡེ་གྲངས་མང་ཆགས་དར་རྒུད་སྟོངས་སྣ་ཚོགས་རེ་རེར་སྨོས་མི་ཤེས།   ཞེས་དང་།    རེ་ཞིག་ཞང་བོད་གཉིས་འབྲེལ་གྱི་གདན་རབས་གཙོ་ཆེ་བ་རྣམས་དང་དེ་འབྲེལ་གཞན་མཐོང་ཐོས་ཚོར་བར།   སྔ་དར་དུས་ཆགས་གྲངས་ཆིག་བརྒྱ་བརྒྱད་ཅུ་ཙམ་དང་།   བསྟན་པ་ཕྱི་དར་རྗེས་ཆགས་གྲངས་སུམ་བརྒྱ་དགུ་བཅུ་ཙམ་མཐོང་ཐོས་བཀོད་པ་ལས།   དེང་སྐབས་ཡན་ངེས་གནས་གྲངས་སུམ་བརྒྱ་སུམ་ཅུ་ཙམ་ཡི་གེར་བཀོད་ཤེས་པར་རེ་ཞིག་དེ་ཙམ་མོ།   ཞེས་གསུངས་པས་ཞིབ་པར་མཁས་དབང་དཔལ་ཚུལ་གྱིས་བརྩམས་པའི་གཡུང་དྲུང་བོན་གྱི་བསྟན་པ་སྔ་ཕྱིའི་དུས་སུ་དགོན་སྡེའི་ཆགས་རབས་ལས་གཟིགས་ཤིག   །   ཐ་ཚན་མུ་ཙུག་སྨར།
ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་རྒོད་གསས་རྒྱ་བཙུན་མི་འགྱུར་གཙུག་ཕུད་ཚུལ་ཁྲིམས་སམ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས།  

 

 

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།