སངས་པོ་འབུམ་ཁྲི་ཤེས་རབ་ལྷ་ལ་དཔྱད་པ།

སངས་པོ་འབུམ་ཁྲི་ཤེས་རབ་ལྷ་ལ་དཔྱད་པ།

སེང་གེ་སྤྲུལ་སྐུས་བརྩམས།

 t01453c5ff160542692

   སངས་པོ་འབུམ་ཁྲི་ནི་བོན་པོ་དད་པའི་མང་ཚོགས་སེམས་དཀྱིལ་ན་གལ་ཆེ་བའི་ཡི་དམ་ལྷ་ཞིག སྐུ་གསུམ་ནང་ནས་སྤྲུལ་སྐུ་དང་། སེམས་དཔའི་ནང་ནས་ཤེས་རབ་སྨྲ་བའི་སེང་གེ་མིའི་ནང་ནས་མི་རྒྱུད་གྱི་ཡབ་མེས། ལྷའི་ནང་ནས་ཤེས་རབ་ཀྱི་ལྷ། མཚམས་སུ་ཁོང་ནི་ལོ་རྒྱུས་ཀྱི་མི་སྣ་དང་། མཚམས་སུ་ཁོང་ནི་ལྷ་སྒྲུང་གི་མི་སྣ་དང་། མཚམས་སུ་ཁོང་ནི་བྱང་ཆུབ་སེམས་དཔའ་དང་། མཚམས་སུ་ཁོང་ནི་ལྷའི་རྣམ་པ་དང་། མཚམས་སུ་ཁོང་ནི་རྒྱལ་པོ་ལྟ་བུ་སོགས་མི་འདྲ་བར་སྣང་ངོ་།། གནས་སྐབས་སུ་ཞིབ་འཇུག་པ་འགས་སངས་པོ་འབུམ་ཁྲི་ཡ་ཐོག་འཇིག་རྟེན་པའི་ལྷ་ཞིག་ལ་ཁས་བླངས་གིན་འདུག འོན་ཀྱང་བོན་གྱི་དག་ཡིག་ལྷ་ཆབ་འཁྱིལ་བ་དང་ཉི་འོད་ལས། སངས་པོ་འབུམ་ཁྲི་ནི་ཤེས་རབ་སྨྲ་བའི་སེང་གེའི་སྤྲུལ་པར་འདོད། སྨྲ་སེང་སྒྲུབ་ཐབས་ལས། ཤེས་རབ་སྨྲ་བའི་སེང་གེ་ལ་གཡུང་དྲུང་ལྷ་ཡི་སྐད་དུ། སངས་པོ་འབུམ་ཁྲི། ཞང་ཞུང་སྐད་དུ། ཀུ་བྱི་མང་ཀེ༼མང་སྐེ་འབྲི་སྲོལ་ཡང་ཡོད༽།རྒྱ་གར་སྐད་དུ། འཇམ་དཔལ་དབྱངས། བོད་སྐད་དུ། ཤེས་རབ་སྨྲ་བའི་སེང་གེ་ཞེས་མཚན་གསོལ། གཞན་དུ་བྱེ་བྲག་དངོས་མེད། ལྷ་རྒོད་ཐོག་པ་སོགས་ནི་མཚན་གྱི་རྣམ་གྲངས་སོ།། སངས་པོ་འབུམ་ཁྲིའི་མཚན་འགྲེལ་ནི། འཁོར་འདས་མ་ལུས་སྲིད་པས་སྲིད་པ་དང་། དུག་ལྔའི་ཉོན་མོངས་སངས་པས་སངས་པོ། འབུམ་སྡེ་སིལ་བུར་འཆད་ཅིང་སྟོན་པས་འབུམ། ཡོན་ཏན་འབུམ་དང་ཁྲི་རུ་ལྡན་པས་ཁྲི། དེས་ན་སངས་པོ་འབུམ་ཁྲིའོ།། ཞེས་མདོ་ཕྲན་སོགས་ལས་གསུངས་སོ།། བོན་གཞུང་མི་འདྲ་འགའ་ཞིག་ནང་དུ་སངས་པོ་འབུམ་ཁྲི་ལ་ངོས་འཛིན་སྟངས་དང་འགྲེལ་བ་མི་འདྲ་བ་མང་འདུག་ཀྱང་མདོར་བསྡུས་ན་བདུན་སྟེ།

   བཤད་སྟངས་དང་པོ་མི་རྒྱུད་ཀྱི་ཡབ་མེས་ནི། བོན་གྱི་བསྟན་འབྱུང་མང་ཕྱོགས་ལས། ནམ་མཁའ་སྟོང་བ་ལས་རླུང་འབྱུང་། རླུང་ལས་ཆུ། ཆུ་རླུང་འཐབ་པ་ལས་མེ་འབྱུང་། མེ་རླུང་ཆུ་གསུམ་འཐབ་པ་ལས་ས་འབྱུང་། མཁའ་རླུང་ཆུ་མེ་ས་ལྔ་ལ་འབྱུང་བ་ཆེན་པོ་ལྔ་ཟེར། རྒྱུ་འབྱུང་བ་ལྔའི་དྭངས་ཆ་ལས་འོད་སྒོང་ཤེལ་གྱི་གུར་ཙམ་དང་འབྱུང་ལྔའི་སྙིགས་མ་ལས་མུན་སྒོང་གཉིས་བྱུང༌། འོད་ཀྱི་སྒོ་ང་ལས་སྲིད་པ་སངས་པོ་འབུམ་ཁྲི་དང་ཆུ་ལྕམ་རྒྱལ་མོ་གཉིས་བྱུང་བ་བསྡེབས་པ་ལས་སྲས་མིང་སྲིང་བཅོ་བརྒྱད་གྲོལ། དེ་ལས་སྤྲོས་པའི་སྲིད་པ་གཉིས་བརྒྱ་ཞེ་གཉིས་སྲིད། དེ་ལས་སྲིད་པ་བརྒྱ་སྟོང་ཁྲི་འབུམ་སོགས་མང་པོ་བྱུང་ངོ་།། རྒྱུ་མཚན་དེའི་ཕྱིར་ན་སངས་པོ་འབུམ་ཁྲི་ནི་མི་དང་ལྷའི་ཡབ་མེས་ཞེས་ཟེར། མི་རྣམས་ཀྱིས་ཡེ་སངས་སངས་པོ་འབུམ་ཁྲི་འབོད། ཞིབ་འཇུག་པ་འགས་སངས་པོ་འབུམ་ཁྲི་ལ་ཡེ་སྨོན་རྒྱལ་པོའམ་མང་བཀུར་རྒྱལ་པོ་ཡང་ཟེར་ཞེས་པ་ནི་བོན་གྱི་ཡིག་ཆ་གསལ་བོ་མ་མཐོང་བའི་སྐྱོན་དུ་ཟེར། དཔལ་ཚུལ་བསྟན་འབྱུང་ལས། ས་ལ་མི་སྨྲ་གཤེན་གསུམ་ཞེས་པའི། མི་ནི་སྲིད་པ་ཡེ་སངས་༼གཟུགས་ཁམས་གཙང་མ་རིགས་ལྔའི་ནང་ཚན་ཞིག མཆན།༽ཀྱི་གནས་སུ་སྲིད་པ་སངས་པོ་འབུམ་ཁྲི་སོགས་སྲིད་པ་སྡེ་བཅུར་བྱུང་བའི་ཐ་མ་སྲིད་པ་ཡེ་སྨོན་རྒྱལ་པོའི་༼ཞང་ཞུང་སྐད་དུ་ཐ་ཙན་ཧི་སངས་སྐྱེས། བོད་སྐད་དུ་ཀུན་ལས་སྔ་བའི་རྒྱལ་པོ་ཞེས། རྒྱལ་པོ་མང་བོས་བཀུར་བ་དང་དོན་གཅིག་གོ །མཆན།༽སྐུ་རིང་ལ་གླིང་བཞིའི་མི་རིགས་སྤྱི་དང༌། འཛམ་གླིང་གི་མི་རིགས་ཕྱྭ་དམུ་གཙུག་གསུམ་སོགས་ལས་རྒྱ་བོད་ཧོར་གསུམ་སོགས་གྲོལ་བ་དང༌། ལོ་རྒྱུས་ཡིག་ཆ་འདི་ལ་བརྟག་ན་སངས་པོ་འབུམ་ཁྲི་དང་སྲིད་པ་ཡེ་སྨོན་རྒྱལ་པོ་གཉིས་མི་གཅིག་མིན་པར་ཤེས་ཐུབ་བོ། བོན་གྱི་ལོ་རྒྱུས་དག་ལས་མང་བཀུར་རྒྱལ་པོ་ནི་འཇིག་རྟེན་ན་ཆེས་སྔ་བའི་རྒྱལ་པོ་ཡིན་པར་མ་ཟད། ཞང་ཞུང་གི་རྒྱལ་པོ་ཡིན་པར་བསྟན་ཡོད། ཡ་ཐོག་མི་རྒྱུད་ཐོག་མ་གྲོལ་སྐབས་མི་རྣམས་ཀྱི་ལུས་ལ་འོད་འཚེར་བ་དང་།བདག་འཛིན་མེད་པ། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ། དེའི་རྗེས་རྒྱུ་སེམས་ཅན་རིམ་གྱིས་བསོད་ནམས་ཟད་པས་འཇིག་རྟེན་ཕོ་མོ་ཁྱད་པར་བྱུང་། རྒྱུ་ནོར་ལོངས་སྤྱོད་ལ་བདག་འཛིན་ཡོད་པས་མི་སྒེར་ལོངས་སུ་སྤྱོད་པས་ཕན་ཚུན་འགལ་ཟླ་དང་འཐབ་འཛིང་བྱུང་། དེའི་དུས། ཁོ་ཚོ་འབྲུ་རིགས་བགོ་སྐབས། སྐྱེས་པ་དར་མ་ཞིག་གིས་འགན་ཁུར་ཏེ་འབྲུ་རིགས་དེ་མི་རེ་རེ་ལ་བགོ་བཤའ་བྱེད། ཁོས་བགོ་བཤའ་བྱེད་སྐབས་གཞན་ལ་ཕན་སེམས་འཆང་ནས་བགོས་པས་རང་གི་སྐལ་བ་འཇོག་རྒྱུ་བརྗེད་སོང་། མི་རྣམས་ཤེས་སྐབས་སེམས་ཁུངས་རུས་པའི་སྟེང་ཁོའི་རང་འདོད་མེད་པའི་སྤྱོད་ལམ་ལ་ཡིད་ཆེས། དེར་ཤེས་ཆེ་རྣམས་ཚོགས་ནས་འདམ་གསེས་བྱས་སྐབས་ཁོ་རྒྱལ་བས་མང་བོས་བཀུར་བའི་རྗེ་བྱུང་བས་རྗེ་འབངས་ཡང་དེ་ནས་བྱུང་ངོ་།། ལོ་རྒྱུས་སྟེང་ན་མང་བཀུར་རྒྱལ་པོ་ཞེས་གྲགས་སོ།། མི་རྣམས་ཀྱི་རྒྱལ་པོ་ཆེས་སྔ་ཡིན་པ་དང་།

     བཤད་སྟངས་གཉིས་པ་ལྷ་གནས་ཀྱི་སངས་རྒྱས་ནི། སངས་པོ་འབུམ་ཁྲི་ནི་གཟུགས་ཁམས་ཀྱི་ལྷ་ཡང་ཡིན་ལ་གཤེན་ལྷ་འོད་དཀར་གྱི་སློབ་མ་ཡང་ཡིན་པ་ནི་གསང་སྔགས་གཞུང་ངམ་ཆོ་ག་སོགས་ལས་རྫོགས་སྐུ་གཤེན་ལྷས་ཐབས་མཆོག་སངས་པོ་འབུམ་ཁྲི་ཉིད་ལ་དགོངས་པ་བརྡ་བསྟན་གྱི་ཚུལ་དུ་བརྒྱུད་དོ།། ཐབས་མཆོག་སངས་པོ་འབུམ་ཁྲིས་སྟོན་པ་འཆི་མེད་གཙུག་ཕུད་ལ་བྱིན་རླབས་ལུང་བསྟན་གྱི་ཚུལ་དུ་བརྒྱུད་དོ།། སྤྲུལ་སྐུ་འཆི་མེད་གཙུག་ཕུད་གྱིས་གཤེན་གསང་བ་འདུས་པ་ལ་ཚིག་དང་ཡི་གེའི་ཚུལ་དུ་བརྒྱུད་དོ།། ཞེས་པའི་ལུང་ལ་གཞལ་ན་སངས་པོ་འབུམ་ཁྲི་དེ་སངས་རྒྱས་ཡིན་པར་བསྟན་ཡོད་དོ།།

བཤད་སྟངས་གསུམ་པ་བཟོ་རིག་གསར་སྟོན་མཁན་ནི། སངས་པོ་འབུམ་ཁྲི་དེ་ནི་རིག་གནས་ཆེ་བ་ལྔ་ལས་བཟོ་རིག་གསར་བ་བསྟན་པའི་སྟོན་པ་ཞིག་ཡིན་པར་འདོད་པ་ནི་ཤེར་ཕྱིན་འགྲེལ་ལས་བསྟན་ཏོ།། སངས་པོ་འབུམ་ཁྲིས་བཟོ་རིགས་པའི་འབུམ་གསུམ་གསུང་ཡོད་དེ། དཔལ་ཚུལ་བསྟན་འབྱུང་ལས། དང་པོ་ཡེ་སྲིད་སངས་པོ་འབུམ་ཁྲི་ལས། ། བྱུང་བའི་བཟོ་གནས་རིག་པ་འབུམ་གསུམ་སྟེ། ། བསྐལ་བ་ཕྱི་རྟེན་སྣང་སྲིད་འཁོར་ལོའི་འབུམ། ། སྲིད་པ་འགྲོ་བ་མིའུ་རྒྱུད་ཀྱི་འབུམ། ། འབྱུང་བ་ཆགས་གནས་འཇིག་སྟོང་འབུམ་དང་གསུམ།། ཞེས་གསུངས་སོ།།

བཤད་སྟངས་བཞི་པ་སངས་རྒྱས་ཀྱི་ཡབ་ནི། བོན་པོ་བསྟན་འབྱུང་ལས། སངས་པོ་འབུམ་ཁྲི་ནི་ཚེ་ལོ་འབུམ་གྱི་སྟོན་པའི་ཡབ་ཞེས་དང་། སངས་པོ་ཡབ་ནི་འབུམ་ཐུབ་སྟེ། ཞེས་གསུང་པས་སངས་པོ་འབུམ་ཁྲི་ནི་ཡེ་སངས་སངས་པོ་འབུམ་ཁྲིའི་སྤྲུལ་པའོ།།

བཤད་སྟངས་ལྔ་པ་གདོད་མའི་ཡི་གེ་སྲོལ་བཏོན་མཁན་ནི། ཚེ་ལོ་བརྒྱའི་དུས་སྐབས་སུ་ལྷ་ཡུལ་ན་བཞུགས་པའི་སངས་པོ་འབུམ་ཁྲི་དེ་གཤེན་རབ་མི་བོ་བསྟན་འགྲོའི་དོན་སྒྲུབ་པའི་མི་སྣ་གལ་ཆེ་བ་ཞིག་སྟེ། གཤེན་རབ་མི་བོ་ཆེས་ཞང་ཞུང་ཡུལ་དུ་ཡི་གེ་གསར་བཏོན་མཛད་སྐབས་སངས་པོ་འབུམ་ཁྲིའི་བཀའ་ཡི་གཏོ་སྒྲོམ་ཉིད་ཀྱི་ཐུགས་སྤྲུལ་ཡིད་ཀྱི་ཁྱེའུ་ཆུང་ལ་བསྐུར་ནས་ཞང་ཞུང་དུ་ཕེབས། གཤེན་རབ་མི་བོའི་བཀའ་ཡི་གཏོ་སྒྲོམ་ལ་བསྟེན་ནས་ཞང་ཞུང་དང་བོད་སོགས་ཀྱི་ཡི་གེ་གསར་བཏོད་མཛད་པ་ནི་དག་ཡིག་ཉི་འོད་སོགས་ལས་གསལ་བ་གསུངས་སོ།། འདིའི་སྐབས་ཀྱི་སངས་པོ་འབུམ་ཁྲི་ནི་ཡེ་སངས་ཡུལ་གྱི་སངས་པོ་འབུམ་ཁྲིའམ་སྤྲུལ་པའི་སྐུ་ཡི་སངས་པོ་འབུམ་ཁྲིའོ།།

བཤད་སྟངས་དྲུག་པ་སྲིད་པ་ཡེ་སངས་ཀྱི་ལྷ་ནི། གཟུགས་ཁམས་གཙང་མ་རིགས་ལྔའི་ནང་ཚན་མི་གདུང་གི་ཡུལ་དུ་སྲིད་པ་སངས་པོ་འབུམ་ཁྲི་བཞུགས་པ་དེ་ནི་སྟོན་པ་གཤེན་རབ་སྐྱེ་བ་གོང་མ་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་རྩ་བའི་བླ་མ་ཡིན་ཏེ་དག་ཡིག་རིན་ཆེན་གཏེར་འཁྱིལ་ལས། བློ་གསལ་འཆི་མེད་ཅེས་ནི་མཚན་དུ་གྲགས། ། འོག་མིན་རྫོགས་སྐུ་གཤེན་ལྷའི་དྲུང་དུ་བྱོན། ། འགྲོ་བ་ཇི་ལྟར་འདུལ་བའི་བོན་ལུང་མནོས། ། ཡེ་སངས་ཡུལ་དུ་ཐབས་མཆོག་སངས་པོའི་དྲུང་། ། གདུལ་དཀའ་འདུལ་བའི་ཐབས་ཤེས་ཟུང་དུ་བསྡེབས། ། མགོན་བཙུན་ཕྱྭ་ལ་སྲིད་པ་སྟོང་རྩིས་ཀྱིས། །བོན་ཀྱི་དེ་ཉིད་གཟིགས་ནས་གཏན་ལ་ཕབ། ། བར་ལྷའི་གནས་སུ་སེམས་དཔའི་ཤེས་སྒྲིབ་སྦྱངས།། ཞེས་སོ།། སྲིད་པ་ཡེ་སངས་ཀྱི་གནས་དེ་གང་ན་ཡོད་ཅེ་ན། མདོ་འདུས་ལས། མི་གདུང་སྲིད་པ་ཡེ་སངས་གནས།། ཞེས་པ་གཟུགས་ཁམས་གཙང་མ་རིགས་ལྔའི་ནང་ཚན་མི་གདུང་གི་ཡུལ་སྲིད་པ་ཡེ་སངས་ཞེས་བྱ་བ་དེ་ནི་རྒྱལ་སྲས་འཕགས་པ་རྣམས་དང་ཁྱད་པར་དུ་བདག་ཅག་གི་སྟོན་པས་ཁྱད་པར་གྱི་སེམས་མཆོག་བསྐྱེད་པའི་གནས་ཡིན་པ་ནི་སྔ་མ་ལས། སྲིད་པ་ཡེ་སངས་གནས་དག་ཏུ། །ཡེ་ལྷ་སེམས་ཀྱི་སྒྲོན་མ་ཅན། །ཡིད་ཀྱི་མྱུ་གུ་ཅན་གྱིས་བཟུང་། །སྲས་རྣམས་ཐུགས་རྗེ་ཆེར་བསྐྱེད་དེ། །འབུམ་ཁྲི་གློག་གི་ལྕེ་ཅན་ལ། །འོད་གསལ་ལྷ་ཡི་སྒྲོན་མེ་ཕུལ། །སེམས་བསྐྱེད་གཏོ་རྗེ་སློབ་དཔོན་ཞེས། །ཤེས་རབ་བསྐྱེད་ཅིང་བློ་རྩལ་སྦྱངས། །སྲིད་པ་སྟོང་རྩིས་བོན་ཉན་ཏེ། །འགྲོ་ལ་སྙིང་རྗེའི་མཆི་མ་ཤོར། །ཞེས་དང་། མདོ་གཟེར་མིག་ལས། སྟོན་པ་གཤེན་རབ་མི་བོ་ཡིས། །སྲིད་པ་ཡེ་སངས་ཡུལ་དུ་ཡང་། །སེམས་བསྐྱེད་དམ་པའི་སློབ་དཔོན་ནི། །གཏོ་འབུམ་ཁྲི་གློག་ལྕེ་ཅན་ལ། །ཤེས་རབ་བསྐྱེད་ཅིང་བློ་རྩལ་སྦྱངས། ཞེས་གསལ་བར་གསུངས་སོ།།

བཤད་སྟངས་བདུན་པ་ཚངས་རྒྱུངས་ཀྱི་ལྷ་ནི། བོན་གྱི་ཡིག་ཆ་ལས། ཚངས་རྒྱུང་སངས་པོ་འབུམ་ཁྲི་ནི། །བསྐལ་པ་ཕྱེད་དང་གཉིས་ཐུབ་བོ། ། ཞེས་གསུངས་སོ།།

བཤད་སྟངས་བརྒྱད་པ་ཚེ་ལོ་བརྒྱ་བའི་འགྲོ་མགོན་ནི། གཞན་དུ་བརྡ་དག་ཉི་འོད་ལས། དང་པོ་ནི། ཐབས་མཆོག་སྲིད་པ་སངས་པོ་དང་། །སྟོན་མཆོག་གཤེན་རབ་བརྒྱ་བའི་མགོན། །ཐབས་ཤེས་ཟུང་འབྲེལ་བྱིན་རླབས་ཀྱིས། །ཞེས་པ་འགྲོ་བ་འདྲེན་པ་དང་། སྣང་སྲིད་ཆགས་འདེབས་དང་། རིག་གནས་རྨོངས་མེད་དང་། བདུད་དང་ཉོན་མོངས་བཟློག་པའི་ཐབས་ལ་མཁས་པའི་མཆོག་རྣམ་པ་བཞི་དང་ལྡན་ཞིང་ཡོད་ཁམས་སྲིད་པ་དཀར་པོ་གཞི་འཛིན་སངས་པོ་འབུམ་ཁྲི་དང་། རྩོད་ལྡན་གྱི་སྟོན་པར་བྱོན་པའི་སྐྱེས་མཆོག་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་ཚེ་ལོ་བརྒྱ་བའི་དུས་ཀྱི་འགྲོ་བའི་མགོན་མཆོག་ཏུ་གྱུར་པ་གཉིས། ཐབས་ཀྱི་མཆོག་སྲིད་པ་དང་ཤེས་རབ་ཀྱི་ཕུལ་གཤེན་རབ་གཉིས་ཟུང་དུ་འབྲེལ་བའི་བྱིན་ནམ་མཁའ་ལྟ་བུ་ལས་རླབས་སྤྲིན་དཔུང་ལྟར་ཤར་བའི་སྟོབས་ཀྱིས་བྱུང་བའོ། །ཞེས་གསལ་བ་གསུངས་སོ།།

འོ་ན། བོན་པོ་རང་གཞུང་ནང་དུ་སངས་པོ་འབུམ་ཁྲི་ལ་འདོད་ཚུལ་མི་འདྲ་བ་སྣ་བརྒྱད་ཙམ་དུ་འདུག་པས་དེ་དག་ནང་འགལ་མ་ཡིན་ནམ་ཞེ་ན། མི་འགལ་སྟེ་སངས་པོ་འབུམ་ཁྲི་ནི་ཤེས་རབ་སྨྲ་བའི་སེང་གེ་ཡིན་པས་དུས་དང་བསྐལ་བ་གང་མཚམས་སུ་སྤྲུལ་པ་མི་འདྲ་བ་སྣ་ཚོགས་བསྟན་པ་ཙམ་ལས་ངོ་བོ་གཡོ་བ་མེད་པ་ནི། དཔེར་ན། མི་གཅིག་གིས་གར་སྒྱུར་ཚེ་ལུས་ཀྱི་རྣམ་འགྱུར་མི་འདྲ་བ་བསྟན་པ་ཙམ་ལས་དོན་གྱི་ངོ་བོ་ནི་འགྱུར་བ་མེད་པ་དང་འདྲའོ། །

     གཞན་དུ་སངས་པོ་འབུམ་ཁྲི་ལ་རིགས་མི་འདྲ་བ་མང་དུ་སྣང་སྟེ། སངས་པོ་འབུམ་ཁྲི་དཀར་པོ། དམར་པོ། སེར་པོ། ལྗང་གུ། སྔོན་པོ་སྟེ་སྐུ་དང་རིགས་ཀྱི་སྒོ་ནས་དབྱེ་བ་སོགས་ཡོད་དོ། །གང་ལྟར་ཡང་། སྐུ་དང་རིགས་ཀྱི་དབྱེ་བའི་སངས་པོ་འབུམ་ཁྲི་ནི་ཡེ་སངས་སངས་པོ་འབུམ་ཁྲིའི་སྤྲུལ་པའི་སྐུའོ།། སྤྱི་སྤུངས་གབ་པ་གསང་འདུས་དོན་རྒྱུད་ལས། དེའི་དབུས་སུ་ཟིལ་གནོན་བྱ་ཁྱུང་དང་ཉི་ཟླ་པདྨའི་གདན་ལ། སྲིད་པ་སངས་པོ་འབུམ་ཁྲི་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ན་མི་ནུབ་སྲིད་པའི་རྒྱལ་མཚན་བསྣམས་པ། དེ་ལ་འཁོར་སྲིད་པ་ཕོ་འབུམ་མོ་ཁྲི་དང་ལྡན་པར་བཅས་ནས། ཐུགས་ལ་འོད་ཟེར་སྤྲོས་ཤིང་བཀྱེ་བས། སེམས་ཅན་ཉོན་མོངས་པ་རྣམས་ཀྱི་སྡུག་བསྔལ་སངས་པར་མཛད་དེ། མེད་པ་ལ་ནི་ཡོད་པར་སྲིད། འཇིག་པ་ལ་ནི་ཆགས་པར་སྲིད། སྟོང་པ་ལ་ནི་གང་པ་སྲིད། སྡུག་བསྔལ་ལ་ནི་སྐྱེད་པར་སྲིད། འཁོར་བ་ལ་ནི་ཐར་བར་སྲིད་ཅིང༌། སྲིད་པ་རྒྱུད་ཀྱི་བོན་བསྟན་ཏོ།། འདིའི་སྐབས་སུ་སངས་པོ་འབུམ་ཁྲི་ནི་ཡ་ཐོག་སྲིད་པའི་བོན་བསྟན་མཁན་ཡིན་པར་གསུངས་སོ། ། ཀློང་རྒྱས་ལས། སངས་པོ་འབུམ་ཁྲི་སྐུ་མདོག་དཀར་པོ་དངུལ་མདངས་ཅན། ཞལ་གཅིག་ཕྱག་གཉིས། གཡས་ན་མི་ནུབ་པའི་རྒྱལ་མཚན་འཛིན་པ། གཡོན་པ་མཉམ་བཞག་ཚུལ་དུ་དཀྱིལ་ཀྲུང་སྟེང་དུ་བཞག་པ། གདན་བྱ་ཁྱུང་གི་ཁྲི་སྟེང་པད་དཀར་ལ་བཞུགས་པའོ། ། ཁྱུང་ནི་བོད་སྐད། གནའ་བོའི་རིག་གཞུང་དང་ལྷ་སྒྲུང་ནང་ལ་མེད་དུ་མི་རུང་བའི་ངོ་མཚར་ཅན་གྱི་སྲོག་ཆགས་ཞིག་སྟེ་བྱ་རྒྱལ་ཁྱུང་ཆེན་ཞེས་གྲགས་སོ། ། བོན་གྱི་ཁྱུང་བཤད་ལས། ཁྱུང་དེ་བྱ་ཞིག་ཡིན་པར་བཤད། དེ་ལྟར་འབྲི་སྲོལ་ཡང་ཆགས། དབུ་ན་ར་ཅོ་གཉིས་ཅན། སྲོག་ཆགས་གཏུམ་པོའི་རིགས། བྱ་རིགས་གཞན་དང་མི་འདྲ་བའི་ཁྱད་ཆོས་དང་ལྡན་པའོ། ། ཁྱུང་ནི་ཞང་ཞུང་རྒྱལ་པོའི་ཁྱད་བོན་མཚོན་བྱེད་ཀྱང་ཡིན། སངས་པོ་འབུམ་ཁྲི་ནི་ནུས་སྟོབས་དང་མཐུ་བྱིན་དང་ལྡན་པའི་སངས་རྒྱས་སོ། ། ཀློང་རྒྱས་ལས་སངས་པོ་འབུམ་ཁྲི་ལ་རིགས་མི་འདྲ་ལྔ་དབྱེ་སྟེ། ཤར་ཕྱོགས་གྲུ་ཁུག་དཀར་པོ་སྟེང་དུ་བཞུགས་པའི་སྐུ་ཡི་སྲིད་པ་སངས་པོ་འབུམ་ཁྲི་ནི་སྐུ་མདོག་དཀར་པོ་དངུལ་མདངས་ཅན། ཞལ་གཅིག་ཕྱག་གཉིས། གཡས་ན་མི་ནུབ་དངུལ་གྱི་རྒྱལ་མཚན་འཛིན། གཡོན་པ་དཀྱིལ་ཀྲུང་སྟེང་དུ་བཞག དངུལ་དཀར་བྱ་ཁྱུང་གི་ཁྲི་སྟེང་པད་གདན་ལ་བཞུགས་པའོ། ། བྱང་ཕྱོགས་གྲུ་ཁུག་ལྗང་གུའི་སྟེང་དུ་བཞུགས་པའི་གསུང་གི་སྲིད་པ་སངས་པོ་འབུམ་ཁྲི་ནི་སྐུ་མདོག་ལྗང་གུ་ལྕགས་ཀྱི་མདངས་ཅན། ཞལ་གཅིག་ཕྱག་གཉིས། གཡས་ན་མི་ནུབ་ལྕགས་ཀྱི་རྒྱལ་མཚན་འཛིན། གཡོན་པ་དཀྱིལ་ཀྲུང་སྟེང་དུ་བཞག ལྕགས་ཀྱི་བྱ་ཁྱུང་གི་ཁྲི་སྟེང་པད་གདན་ལ་བཞུགས་པའོ།། ནུབ་ཕྱོགས་གྲུ་ཁུག་དམར་པོ་སྟེང་དུ་བཞུགས་པའི་ཡོན་ཏན་ཀྱི་སྲིད་པ་སངས་པོ་འབུམ་ཁྲི་ནི་སྐུ་མདོག་དམར་པོ་ཟངས་ཀྱིི་མདངས་ཅན། ཞལ་གཅིག་ཕྱག་གཉིས། གཡས་ན་མི་ནུབ་ཟངས་ཀྱི་རྒྱལ་མཚན་འཛིན། གཡོན་པ་དཀྱིལ་ཀྲུང་སྟེང་དུ་བཞག ཟངས་དམར་བྱ་ཁྱུང་གི་ཁྲི་སྟེང་པད་གདན་ལ་བཞུགས་པའོ། ། ལྷོ་ཕྱོགས་གྲུ་ཁུག་སྔོན་པོ་སྟེང་དུ་བཞུགས་པའི་ཕྲིན་ལས་ཀྱི་སྲིད་པ་སངས་པོ་འབུམ་ཁྲི་ནི་སྐུ་མདོག་སྔོན་པོ་གཡུ་མདངས་ཅན། ཞལ་གཅིག་ཕྱག་གཉིས། གཡས་ན་མི་ནུབ་གཡུ་ཡི་རྒྱལ་མཚན་འཛིན། གཡོན་པ་དཀྱིལ་ཀྲུང་སྟེང་དུ་བཞག གཡུ་ཡི་བྱ་ཁྱུང་གི་ཁྲི་སྟེང་པད་གདན་ལ་བཞུགས་པའོ།།དབུས་ཕྱོགས་གྲུ་ཁུག་སེར་པོ་སྟེང་དུ་བཞུགས་པའི་ཐུགས་ཀྱི་སྲིད་པ་སངས་པོ་འབུམ་ཁྲི་ནི་སྐུ་མདོག་སེར་པོ་གསེར་མདངས་ཅན། ཞལ་གཅིག་ཕྱག་གཉིས། གཡས་ན་མི་ནུབ་གསེར་གྱི་རྒྱལ་མཚན་འཛིན། གཡོན་པ་དཀྱིལ་ཀྲུང་སྟེང་དུ་བཞག གསེར་གྱི་བྱ་ཁྱུང་གི་ཁྲི་སྟེང་པད་གདན་ལ་བཞུགས་པའོ།། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ ས་སྲིད་པ་སངས་པོ་འབུམ་ཁྲི་རེ་རེ་ལ་ལྔ་བཅུ་རེ་དབྱེ་བ་ཡོད་པས་ཁྱོན་བསྡོམས་ན་སངས་པོ་འབུམ་ཁྲིའི་སྤྲུལ་པ་གཉིས་བརྒྱ་ལྔ་བཅུའོ། །དེ་དག་ཐམས་ཅད་ནི་སྲིད་པ་སངས་པོ་འབུམ་ཁྲིའི་སྤྲུལ་པའི་སྐུའོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།