གྲུབ་མཐའི་སྐོར་ནས་མདོ་ཙམ་གླེང་བ།

གྲུབ་མཐའི་སྐོར་ནས་མདོ་ཙམ་གླེང་བ།

རྩོམ་པ་པོ། འཇམ་དབྱངས་ཚུལ་ཁྲིམས། རྩོམ་ཁུངས། ཧི་མ་ལ་ཡའི་བོན།

b0439e8ff83231c612cf2576111dfcb3
འཇམ་དབྱངས་ཚུལ་ཁྲིམས་ཀྱིས་བརྩམས། ༼ཤར་རྫའི་བཤད་སྒྲུབ་སློབ་གླིང་།༽
རྫོགས་ཆེན་རྒྱུད་སྡེ་ཕྱི་ནང་གསང་གསུམ་སོགས།།
རྫོགས་ལྡན་དབྱར་མཚོ་བདོ་བའི་དཔལ་ཡོན་བཅས།།
རྫོགས་མཐའ་མེད་པའི་དགེ་མཚན་གནས་འདིར་བསུས།།
རྫོགས་པའི་སངས་རྒྱས་རྣམས་ལ་གུས་པས་འདུད།།

བཅུ་ཕྲག་རིག་གཞུང་རྒྱ་མཚོ་མཚོ་མོའི་འགྲམ་དུ་རིན་ཆེན་ནོར་གྱིས་གཏམས།།
གཏམས་པའི་སྨྲ་དབང་གྲུབ་བརྙེས་བརྙེས་པའི་དེད་དཔོན་རྣམས་ཀྱིས་བླང་དོར་དགེ།
དགེ་ལེགས་བློ་ལྡན་གཟུར་གནས་གནས་ཚད་རྫོགས་པ་བཤུང་མཁན་སུ་ཞིག་མངའ།།
མངའ་རིས་ཕྲན་འདྲ་བློ་དམན་དམན་པའི་བྱིས་སྦ་རྣམས་དང་གྲོས་མོལ་འདེབས།།

   དེ་ཡང་ད་རེས་གྲུབ་མཐའི་སྐོར་ནས་ཅུང་ཙམ་གླེང་བ་འདི་ལ་སྤྱི་དང་བྱེ་བྲག་གཉིས་ཀྱི་སྒོ་ནས་སྨྲ་བས། དང་པོ་སྤྱི་དོན་ཙམ་ཞིག་བཤད་པ་སྟེ། གྲུབ་མཐའི་ཞེས་པའི་སྒྲ་དོན་ནི། དང་པོ་རང་རང་གི་གཞུང་ལ་ལྟ་དཔྱད་བྱེད་ནས་རང་རང་གི་བློ་ངོར་གྲུབ་པའི་མཐའ་དེ་ལས་ཕར་མ་འདའ་བས་མཐའ། ཞེས་བླ་མའི་ཞལ་རྒྱུན་ནོ།། གཞན་ཡང་དཔལ་ལྡན་ཟླ་བ་གྲགས་པས་མཛད་པ་འགྲེལ་བཤད་ཚིག་གསལ་ལས། གྲུབ་པའི་མཐའ་སྟེ། རིགས་པའི་ལུང་གིས་རབ་ཏུ་བརྟན་པར་རང་གི་འདོད་པ་གྲུབ་པ་ནི། དེ་ལས་ཕར་ཡང་འགྲོ་བ་མེད་པས་ན་མཐའ་འོ།། ཞེས་གསུངས་སོ།། དེས་ན་རང་གིས་ལྟ་དཔྱད་བྱེད་པ་རང་གི་བློ་ངོ་རུ་གྲུབ་པས་ན་གྲུབ། དེ་ལས་ཕར་མ་འདའ་བས་མཐའ་ལ་མཐའ། གྲུབ་མཐའ་ཞེས་བྱའོ།། དབྱེ་ན་ཕྱི་ནང་གཉིས་ཏེ། ལུང་རིགས་རིན་པོ་ཆེའི་མཛོད་ལས། དེ་བཞིན་དུ་ཐེག་པ་ལ་ཟད་པ་མེད་པར་བཤད་ཀྱང་གྲུབ་མཐའི་བསྡུས་ན་ཕྱི་པ་མུ་སྟེགས་པའི་ཐེག་པ་དང་། ནང་པ་གཤེན་རབ་པའི་ཐེག་པ་གཉིས་སུ་འདུ་སྟེ། ཞེས་གསུངས། ཐེག་རིམ་ལས། བསྡུས་ཏེ་བཤད་ན་རྣམ་པ་གཉིས་སུ་འདུས།། ཕྱི་པ་མུ་སྟེགས་པ་དང་ནང་པ་གཤེན་རབ་བོ།། ཞེས་གསུངས་སོ།། སྤྱིར་ན་ཕྱི་ནང་གི་གྲུབ་མཐའ་གཉིས་སུ་ཡོད་པ་མ་ཟད། ད་ལྟའི་དུས་རབས་འདི་ནས་འཛམ་བུ་གླིང་ལ་ཆོས་ལུགས་ཆེན་མོ་བཞི་ཡོད་དེ། སངས་རྒྱས་ཆོས་ལུགས་དང་། ཡེ་ཤུའི་ཆོས་ལུགས་དང་། དབྱི་སི་ལན་གྱི་ཆོས་ལུགས་དང་། ཧིན་དྷུའི་ཆོས་ལུགས་བཅས་པའོ།། བྱེ་བྲག་གྲུབ་མཐའ་ནི་ཉིས་སྟོང་སུམ་བརྒྱ་ཡན་མན་ཡོད་པར་གྲགས། མུ་སྟེགས་པའི་གྲུབ་མཐའ་བསྡུས་ན་རྟག་པ་ལྟ་བ་དང་ཆད་པ་ལྟ་བ་གཉིས་ཀྱི་ཁོངས་སུ་འདུ་སྟེ། དེ་ཉིད་ལས། མུ་སྟེགས་ལྟ་བ་བསྡུས་ན་རྣམ་པ་གཉིས།། ཞེས་དང་། མདོ་ལས། མཐའ་རྒྱ་ཡང་བསྡུས་རྣམ་པ་གཉིས།། འདིར་མ་འདུས་པ་གང་ཡང་མེད།། ཞེས་གསུངས་པས་སོ།། དེས་ན་ད་རེ་ཞུ་བྱ་གཙོ་བོ་ནི་ནང་པའི་གྲུབ་མཐའི་སྐོར་ནས་ཞུ་རྒྱུ་ཡིན། སྤྱིར་ན་ནང་པའི་གྲུབ་མཐའ་ཡང་གཉིས་སུ་འདུས་པ་སྟེ། དེ་ནི་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་སྲོལ་འབྱེད་པ་གཡུང་དྲུང་བོན་གྱི་གྲུབ་མཐའ་དང་། སྟོན་པ་ཤཀྱ་ཐུབ་པའི་སྲོལ་འབྱེད་པ་དམ་པའི་ཆོས་ཀྱི་གྲུབ་མཐའ་གཉིས་ཡོད་པས། དེའང་ཕྱི་ནང་གི་ཁྱད་པར་འབྱེད་བྱེད་བོན་བན་གཉིས་ལ་མང་མོད་ཀྱང་། སྨྲ་བའི་སེང་གེ་ལས། བོན་གྱི་མདོ་བཞི་ཁས་ལེན་པ་གཤེན་རབ།། དེ་བཞི་ཁས་ལེན་མི་ནུས་པ་ནི་མུ་སྟེགས་པའོ།། ཞེས་གསུངས་པའོ།། བོན་གྱི་མདོ་བཞི་ནི། རིག་པ་རྩེ་འབུམ་ལས། འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བ། མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མདོ་ཞི་བ། བོན་ཐམས་ཅད་ཀྱི་མདོ་བདག་མེད་པའོ།། ཞེས་གསུངས་སོ།། ཇོ་བོ་རྗེ་ཨ་ཏི་ཤ་ཡིས་གསུངས་པ་བྱང་ཆུབ་ལམ་གྱི་སྒྲོ་མ་ལས། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད།། ཅེས་དང་། ཡར་འབྲོག་མེ་སྟོན་གྱིས་མཛད་པ་བྱང་ཆུབ་ལམ་རིམ་སུམ་བརྒྱ་ཉི་ཤུ་བ་ལས། སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས།། ཕྱི་རོལ་ནང་བའི་ཁྱད་པར་འབྱེད་པར་བྱ།། ཞེས་གསུངས་པའི་ཕྱིར་རོ།། རྒྱལ་བའི་བཀའ་དྲི་མ་མེད་པ་སེམས་ལུང་གསལ་བའི་སྒྲོན་མ་ལས། གཡུང་དྲུང་གནས་བཞི་སྐྱབས་སུ་མ་སོང་ན།། བདུད་དང་མུ་སྟེགས་འཁོར་བའི་བསླུ་བྲིད་འབྱུང་།། ཞེས་གསུངས་སོ།། དེའང་ཐ་སྙད་སོ་སོར་ཙམ་ལས་ནང་དོན་གཅིག་སྟེ། ཤེས་ཕྱིན་སྐབས་དང་པོ་སོགས་ལས། གཡུང་དྲུང་བོན་གྱི་མཚན་ཉིད་ནི། སྤྱད་ཅིང་ཉམས་སུ་བླང་བ་ལ་བརྟེན་ལུས་ཅན་གྱི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་ནོ།། གཡུང་དྲུང་གི་བོན་དང་། སངས་རྒྱས་བསྟན་པ་དོན་གཅིག་མིང་གི་རྣམས་གྲངས་སོ།། ཞེས་གསུངས་པ་དང་། གྲུབ་མཐའ་རིན་ཆེན་ཕྲེང་བའི་མཆན་འགྲེལ་སོགས་ལས། གང་ལ་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་ཞིག་ལ་དམ་པའི་ཆོས་ཀྱི་མཚན་ཉིད་ཅེས་གསུངས་པས་སོ།། སྟོན་པ་གཤེན་རབ་མི་བོ་ཆེའི་བསྟན་པ་དེ་ལ་གཤེན་བསྟན་ཟེར། གྲུབ་མཐའ་དེ་ལ་ཐེག་པ་རིམ་པ་དགུ་གསུངས་ཡོད་དེ། ཐེག་རིམ་ལས། ཐེག་པ་བསམ་ཡས་རྣམ་པ་དགུ་རུ་བསྡུས།། མ་ངེས་གཅིག་གཉིས་གནས་ཀྱང་དགུ་རུ་ཕྱེས།། ཞེས་དང་། བསྟན་པ་རྗེས་བཞག་གི་མདོ་ལས། དེ་ལྟར་གནས་ལྔ་ཐེག་པ་དགུ།། དང་པོར་གསུངས་པའི་བཀའ་ལུང་ངོ།། ཞེས་གསུངས་པས་སོ།། སྟོན་པ་ཤཀྱ་ཐུབ་པའི་བསྟན་པ་ལ་ཐུབ་བསྟན་ཟེར། གྲུབ་མཐའ་དེ་ལ་ཐེག་པ་བཞི་གསུངས་ཡོད་དེ། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་།། ལྔ་པ་ཐུབ་པའི་དགོངས་པ་མིན།། ཞེས་གསུངས་པས་སོ།། སྟོན་པ་གཤེན་རབ་མི་བོ་འཁྲུངས་སའི་གནས་ནི་རྟག་གཟིགས་འོལ་མོ་ལུང་རིང་དང་འཁྲུངས་ནས་ད་ལོར་འབྱུང་ལྡན་སུམ་བརྒྱ་གཅིག་གི་ཉག་མ་སུམ་ཅུ་རྩ་གཅིག་རེད། སྤྱི་ལོའི་སྔོན་གྱི་མི་ལོ་༡༦༠༡༦ཤིང་བྱིའི་ལོ་སྐུ་འཁྲུངས་ཤིང་། ད་ལོ་༢༠༡༤་ལོར་མི་ལོ་༡༨༠༣༡ཟིན་ཡོད་པ་དང་། ཤཀྱ་ཐུབ་པ་འཁྲུངས་སའི་གནས་ནི་རྒྱ་གར་ཝ་ར་ཎ་སེ་དང་། བོན་ལུགས་དང་ཕུག་ལུགས་ལྟར་ན། སྤྱི་ལོའི་སྔོན་གྱི་མི་ལོ་༩༦༠ལྕགས་སྤྲེལ་ལོ་སྐུ་འཁྲུངས་ཤིང་། འཁྲུངས་ནས་ད་ལོར་༢༩༧༥ཟིན་ཡོད་པའོ།། བན་ལུགས་ལའང་འདོད་ཚུལ་མང་ཡང་གནས་རྟེན་སྡེ་བའི་ལུགས་ལྟར་ན། སྤྱི་ལོའི་སྔོན་གྱི་༦༢༣ལོར་འཁྲུངས་ཤིང་། དེས་ན་ད་ལོར་མི་ལོ་༢༦༣༧ཟིན་ཡོད་པའོ།། ད་ལྟའི་དུས་རབས་འདི་ནས་འཛམ་བུ་གླིང་དུ་གྲུབ་མཐའ་ཆེན་པོ་བཞི་ཡོད་པ་གོང་བཤད་དང་། ཡོངས་གྲགས་སུ་ནང་པའི་གྲུབ་མཐའ་དྲུག་གཙོ་བོར་བཤད་ཅིང་ཡོད། དེས་ན་ད་ལན་འདི་ནས་གྲུབ་མཐའ་དྲུག་གི་སྐོར་ནས་གོ་བདེའི་ཕྱིར་དུ་ཅུང་ཙམ་ཞུ་བ་ཡིན་ནོ།།

གཉིས་པ་བྱེ་བྲག་ཏུ་སྨྲ་བ་ལ་དྲུག་སྟེ།

   ༡ དང་པོ་ཐེག་ཆེན་གཡུང་དྲུང་བོན། གཡུང་དྲུང་བོན་གྱི་གྲུབ་མཐའ་སྲོལ་འབྱེད་པ་པོ་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཡིན་ཞིང་། ཐོག་མར་དར་སའི་གནས་ནི་རྟག་གཟིགས་འོལ་མོ་ལུང་རིང་དུ་རེད། གཡུང་དྲུང་བོན་ཞེས་པའི་མཚན་ནི་བརྗོད་བྱ་དང་བརྗོད་བྱེད་གཉིས་ཀའི་སྒོ་ནས་བཏགས་པ་རེད། དེ་ཉིད་ཞང་ཞུང་དང་བོད་དུ་དར་བ་མ་ཟད། རྒྱལ་བ་གཤེན་རབ་མི་བོ་གཤེན་ལོ་ཉི་ཤུའི་ཐོག་བོད་ཡུལ་དུ་ཞབས་བཅགས་ནས་ད་ལོར་མི་ལོ་༡༦༡༠༠ཟིན་ཡོད་པ་བཤད། དེ་དུས་ནས་ཞང་ཞུང་དུ་རྒྱུ་འབྲས་བླ་མེད་ཀྱི་བོན་དར་ཞིང་། བོད་དུ་རྒྱུ་བོན་རྣམས་དར་བ་དང་། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙད་པོ་སྤྱི་ལོའི་སྔོན་གྱི་༡༡༣༦ཤིང་བྱི་ལོར་སྤུ་རྒྱལ་བོད་ཀྱི་རྒྱལ་སར་འཁོད། དེ་ནས་ད་ལོར་མི་ལོ་༣༡༥༡ཟིན། གཉའ་ཁྲིས་རྒྱལ་སར་བཟུང་ནས་རྒྱུ་འབྲས་བླ་མེད་ཀྱི་བོན་རྣམས་དར་བ་དང་། བོད་དུ་མཁར་ལ་སྔ་བ་བྱིང་བ་སྟག་རྩེ་དང་དགོན་ལ་སྔ་ཤོས་མདུན་གནས་སུམ་ཅུ་རྩ་བདུན་སོགས་ཡིན་པ་བོན་གྱི་ལོ་རྒྱུས་དག་ལས་གསལ། གཡུང་དྲུང་བོན་ཞེས་པའི་མཚན་དོན་ལ་འགྲེལ་བཤད་མང་ཡང་རྗོད་བྱ་དང་རྗོད་བྱེད་གཉིས་ཀྱི་སྒོ་ནས་བཏགས་པ་སྣང་མོད། གྲུབ་མཐའི་མིང་ནི་གཙོ་བོ་བརྗོད་བྱ་དོན་གྱི་སྒོ་ནས་བཏགས་པ་འདྲ། གཞན་ཡང་གཡུང་དྲུང་བོན་གྱི་གྲུབ་མཐའ་འདི་ནི་གཞུང་ལུགས་ཕུན་སུམ་ཚོགས་པ་དང་ཞང་བོད་ཡིག་རིགས་རིག་གཞུང་ཀུན་གྱི་བྱུང་ཁུངས་ཀྱི་ཕྱི་མོ་ཡིན་ཕྱིར་དང་། ནང་ཆོས་ཡོངས་ཀྱི་ཐོག་མ་ཡིན་པས་ན་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་ཞེས་ཀྱང་བརྗོད། ཞྭ་དཀར་གཡུང་དུང་བོན་ཀྱང་ཟེར། དེ་ལྟར་ཐོགས་ཚུལ་ནི་སྔར་གྲུབ་ཆེན་རིག་འཛིན་རྣམས་ཀྱིས་དབུ་ཞྭ་དཀར་མོ་རྩེ་རྒྱལ་ཞེས་པའི་ཞྭ་དེ་མནབས་པས་ཞྭ་དཀར་གཡུང་དྲུང་བོན་གྱི་མཚན་ཐོགས་པ་རེད། ལྟ་བའི་གཙོ་བོ་ནི་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་གཞི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཞེས་པའི་ལྟ་བ་དེ་འདོད། དེའང་ཕྱིས་སུ་གྲུབ་མཐའ་ལུགས་སྲོལ་མང་པོའང་མ་གྱེས་སོ།།
༢ གཉིས་པ་སྔ་འགྱུར་རྙིང་མ་བ། སྔ་འགྱུར་རྙིང་མ་བའི་གྲུབ་མཐའ་ཐོག་མར་དར་སའི་གནས་ནི་དབུས་གཙང་གི་ལྷ་ས་བསམ་ཡས་ཡིན་ཞིང་། དུས་རབས་དྲུག་པའི་ནང་སྤྱི་ལོ་༥༦༩ལོར་དར་བ་ལ་ལས་བཞེད། དེའི་དུས་དབུ་བརྙེས་ཙམ་ཡིན་པ་ཡང་བཤད། དེས་ན་སྲོལ་འབྱེད་པ་པོ་ཐོན་མི་སོགས་ཡིན་པ་འདྲ། དེ་ནས་ད་ལོར་མི་ལོ་༡༤༤༦་ཟིན་ཡོད་ཅིང་། འདོད་ཚུལ་གཞན་ནི་དུས་རབས་བརྒྱད་པའི་ནང་སྤྱི་ལོ་༧༥༢ཙམ་ནས་དར་བ་དང་། ཡོངས་གྲགས་སུ་སྲོལ་འབྱེད་པ་པོ་སློབ་དཔོན་པདྨ་འབྱུང་གནས་བཞེད་དེ། ལྷོ་ཁ་གྲྭ་ནང་རྫོང་གི་བསམ་ཡས་དགོན་པ་བཏབ། དེ་ནས་ད་ལོར་མི་ལོ་༡༢༦༣ཟིན་ཡོད་པ་རེད། རྙིང་མ་ཞེས་པའི་མཚན་ཐོགས་ཚུལ་ནི་དར་སྔ་ཕྱི་སྒོ་ནས་ཐོགས་པ་དང་། དེའང་ཕལ་ཆེ་བས་གསང་བསྔགས་ཀྱི་གཞུང་ལུགས་དར་སྔ་ཕྱིའི་སྒོ་ནས་བཏགས་པ་བཤད། དེའང་གྲུབ་མཐའ་གཞན་ལ་ལྟོས་པ་མ་ཡིན་པ། རང་ཕྱོགས་ཀྱི་གྲུབ་མཐའ་ནང་ལ་ལྟོས་ནས་བཞག་པར་མངོན། གཞན་ཡང་ཞྭ་དམར་པའང་ཟེར། དེ་ནི་གྲུབ་མཐའ་འདིར་ཞུགས་པའི་དགེ་འདུན་པ་སྡེ་ཡིས་དབུ་ཞྭ་དམར་པོ་མནབས་པས་དེ་ལྟར་ཐོགས་པ་བཤད། ལྟ་བའི་ནི་གཙོ་བོ་རྫོགས་ཆེན་གྱི་ལྟ་བ་འདོད་དོ།།
༣ གསུམ་པ་རྒྱལ་བ་བཀའ་རྒྱུད་པ། བཀའ་རྒྱུད་པའི་གྲུབ་མཐའ་སྲོལ་གཏོད་པ་པོ་ནི་གཙོ་བོ་ལྷོ་བྲག་མར་པ་ལོ་ཙཱ་རེད། ཁོང་ནི་དུས་རབས་བཅུ་གཅིག་པའི་ནང་སྤྱི་ལོ་༡༠༡༢ཆུ་བྱི་ལོར་སྐུ་འཁྲུངས་པ་དང་། འཁྲུངས་ནས་ད་ལོར་མི་ལོ་༡༠༠༣ཟིན་ཡོད་ཅིང་། དགུང་ལོ་༨༦ཐོག་སྐུ་ཞི་བར་གཤེགས། དང་པོར་དར་སའི་གནས་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་ལྷོ་བྲག་རྫོང་གི་ལྷོ་བྲག་གྲོ་བོ་ལུང་སོགས་རེད། གྲུབ་མཐའི་མཚན་ཐོགས་ཚུལ་ནི་གྲུབ་ཆེན་ཏེ་ལོ་པ་ནས་བཀའ་བབ་ཀྱི་གདམས་ངག་བཞི་རྒྱུད་འཛིན་མཛད་པས་བཀའ་རྒྱུད་པ་ཞེས་ཐོགས་པ་དང་།{ཕ་རྒྱུད་གསང་བ་འདུས་པའི་བཀའ་བབས་དང་། མ་རྒྱུད་འཁོར་ལོ་བདེ་མཆོག་གི་བཀའ་བབས། རྨི་ལམ་དང་བར་དོའི་གདམས་ངག་གི་བཀའ་བབས། འཕོ་བ་དང་གྲོང་འཇུག་གི་གདམས་ངག་གི་བཀའ་བབས།}བཀའ་རྒྱུད་པའི་གྲུབ་མཐའ་ལ་སྡེ་གཉིས་ཡོད་པ་རེད། གཅིག་ནི་བོན་གྱི་གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱིས་གཙང་པའི་ཡུལ་དུ་དགོན་པ་བཏབ་ནས་ཤངས་པ་བཀའ་རྒྱུད་བྱུང་། གཞན་ཡང་ཁྱུང་པོ་རྣལ་འབྱོར་བ་དེས་དགོན་པ་བརྒྱ་དང་བརྒྱད་བཏབ་ཅེས་པས། དུང་དཀར་བློ་བཟང་ཕྲིན་ལས། གྲུབ་མཐའི་སྐོར་གྱི་རྣམ་བཤད་ལས། དྭགས་པོ་བཀའ་རྒྱུད་ནི་དྭགས་པོ་ལྷ་རྗེ་ནས་བརྒྱུད་པ་དང་། དྭགས་པོ་བཀའ་རྒྱུད་ལ་བཀའ་རྒྱུད་ཆེ་བཞི་ཆུང་བརྒྱད་ཡོད་པ་བཤད་དོ།། ལྟ་བ་ནི་སྟོང་པ་ཉིད་ཀྱི་ལྟ་བ་ཕྱག་རྒྱ་ཆེན་པོ་འདོད་དོ།།
༤ བཞི་བ་དཔལ་ལྡན་ས་སྐྱ་བ། དཔལ་ལྡན་ས་སྐྱ་བའི་གྲུབ་མཐའ་སྲོལ་འབྱེད་པ་པོ་ནི་འཁོན་དཀོན་མཆོག་རྒྱལ་པོ་རེད། ཁོང་ནི་དུས་རབས་བཅུ་གཅིག་གི་ནང་སྤྱི་ལོ་༡༠༣༤ཤིང་ཁྱི་ལོར་སྐུ་འཁྲུངས་པ་དང། འཁྲུངས་ནས་ད་ལོར་མི་ལོ་༩༨༡་ཟིན་པ་དང། དགུང་ལོ་༦༨ཐོག་སྐུ་ཞི་བར་གཤེགས། གྲུབ་མཐའ་འདི་དགུང་ལོ་བཞི་བཅུའི་ཐོག་སྤྱི་ལོ་༡༠༧༣ཆུ་གླང་ལོར་ས་སྐྱ་དགོན་པ་བཏབ་ནས་དར་བ་སྟེ། དེ་ནས་ད་ལོར་མི་ལོ༩༤༢ཟིན་ཡོད་ཅིང་། དང་པོར་དར་སའི་གནས་ནི་བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེའི་ལྷོ་ནུབ་ངོས་སུ་ཡོད་ཅིང་། ས་སྐྱ་བ་ཞེས་པའི་མཚན་ཐོགས་ཚུལ་ནི་ས་སྐྱ་དགོན་པ་བཏབ་སའི་དབོན་པོ་རི་ལ་ས་དཀར་ཤས་ཆེ་བ་ཡོད་ས་དེར་དགོན་པ་བཏབ་པས་ས་མིང་དགོན་པར་ཐོགས་དེའི་མིང་ཆོས་ལུགས་ལ་ཐོགས་པ་སྣང་། ལྟ་བ་ནི་གསལ་སྟོང་འཛིན་མེད་ཀྱི་ལྟ་བ་དེ་འདོད། དེའང་ས་པཎ་གྱིས། ཕ་རོལ་ཕྱིན་པའི་ལྟ་བ་ལས།། ལྷག་པའི་ལྟ་བ་ཡོད་གྱུར་ན།། ལྟ་དེ་སྤྲོས་པ་ཅན་དུ་འགྱུར།། ཞེས་པའི་དགོངས་དོན་ལྟར་རོ།།
༥ ལྔ་བ་ཇོ་ནང་པའི་གྲུབ་མཐའ་ནི། ཇོ་ནང་པའི་གྲུབ་མཐའ་སྲོལ་འབྱེད་མཁན་ནི་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་རེད། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཁོང་ནི་དུས་རབས་བཅུ་གསུམ་པའི་ནང་སྤྱི་ལོ་༡༢༤༣ཆུ་ཡོས་ལོར་སྐུ་འཁྲུངས་པ་དང་། དེ་ནས་ད་ལོར་མི་ལོ་༧༧༢ཟིན་ཡོད་པ་རེད། དུས་རབས་བཅུ་བཞི་བའི་སྤྱི་ལོ་༡༣༡༣ཆུ་གླང་ལོར་དགུང་ལོ་༧༡ཐོག་སྐུ་ཞི་བར་གཤེགས་པ་དང་། དེ་ནས་ད་དབར་དུ་མི་ལོ༦༨༡ཟིན་ཡོད་པ་དང་། ཐོག་མར་དར་སའི་གནས་ནི་བོད་རང་སྐྱོང་ལྗོངས་ཀྱི་གཞིས་རྩེའི་ས་ཁུལ་གྱི་ལྷ་རྩེ་རྫོང་གི་ཁོངས་སུ་ཡོད་ཅིང་། ཇོ་ནང་ཞེས་གྲུབ་མཐའི་མཚན་ཐོགས་ཚུལ་ནི། ཇོ་མོ་ནང་ཞེས་ལུང་པ་ཞིག་ཡོད་པ་དེ་ན་དགོན་པ་དང་པོ་བཏབ་པས་དེ་ནས་ལུང་མིང་དགོན་པ་ལ་ཐོགས་དགོན་མིང་གྲུབ་མཐའ་ལ་ཐོག་པ་བཞེད། མདོར་ན་ཡུལ་གྱི་མིང་གྲུབ་མཐར་ཐོགས་པ་སྣང་། གཞན་ཡང་གྲུབ་མཐའ་འདི་ལ་སྦྱོར་དྲུག་པ་ཡང་ཟེར། དེའི་དོན་ནི་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་གདམས་པ་ཟབ་མོ་ཉམས་སུ་ལེན་པའི་ཆ་བཏགས་པའོ།། གྲུབ་མཐའ་འདི་ཡི་མཐར་ཐུག་གི་ལྟ་བ་ནི་གཞན་སྟོང་ཟེར་བ་དེ་འདོད་པ་རེད། དེ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་ཡིན་པ་དེ་ཉིད་རྟག་པ་ཡིན་པ་དང་། དངོས་པོ་མིན་ཡང་དངོས་པོར་ཁྱབ་པའི་གནས་ལུགས་ཡོན་ཏན་ཀུན་ཚང་བ་ཞིག་ཡིན་པར་བཞེད་དོ།།
༦ དྲུག་པ་རི་བོ་དགའ་ལྡན་པའི་གྲུབ་མཐའ་ནི། དགེ་ལུགས་པའི་གྲུབ་མཐའ་འདི་སྲོལ་གཏོད་མཁན་ནི་རྗེ་བཙུན་བློ་བཟང་གྲགས་པ་ཡིན་ཞིང་། ཁོང་ནི་དུས་རབས་བཅུ་བཞི་བའི་ནང་སྤྱི་ལོ་༡༣༥༧ལོར་སྐུ་འཁྲུངས་ཤིང་༡༤༡༩ལོ་དགུང་ལོ་༦༢ཐོག་ནས་སྐུ་ཞི་བར་གཤེགས་པ་དང་། འཁྲུངས་ནས་ད་ལོ་དབར་དུ་མི་ལོ༦༥༨ཟིན་པ་དང་། དུས་རབས་བཅོ་ལྔ་པའི་ནང་སྤྱི་ལོ་༡༤༠༩ས་གླང་ལོར་གྲུབ་མཐའ་འདི་སྲོལ་འབྱེད་དེ་དགའ་ལྡན་དགོན་བཏབ་པ་དང་། དེ་ནས་ད་ལོར་མི་ལོ༦༠༦སོང་ཡོད་པ་རེད། ཐོག་མར་དར་སའི་གནས་ནི་དབུས་གཙང་ལྷ་སའི་ཤར་ཕྱོགས་སྟག་རྩེ་རྫོང་ཁོངས་གཙང་ཆུ་ལྷོ་རྒྱུད་དབང་བསྐུར་རིའི་ལྡེབས་ངོས་སུ་དགའ་ལྡན་དགོན་པའི་ཡོད་ཅིང་། དགེ་ལུགས་ཞེས་གྲུབ་མཐའི་མཚན་ཐོགས་ཚུལ་ནི་དགའ་ལྡན་པའི་མཚན་འགྱུར་བར་བཞེད། དེས་ན་དགའ་ལྡན་དགོན་པ་དང་གོ་དོན་གཅིག་པས་དེ་བཞིན་ཐོགས་པ་དང་། གཞན་ཡང་ཞྭ་སེར་པའང་ཟེར། དེའི་དོན་ནི་རྗེ་ཙོང་ཁ་པའི་སློབ་བུ་དགེ་ལེགས་དཔལ་བཟང་གི་རེ་འདོད་དང་བསྟུན་ཏེ་ཞྭ་སེར་པོ་གྱོན་པས་ཞྭ་སེར་པ་ཐོགས་ཚུལ་དང་། བོན་བླ་བླ་མུ་ཐུར་དགོངས་པ་རབ་གསལ་ནས་སྡོམ་པ་ཞུ་སྟེ་བླ་མ་མི་བརྗེད་པའི་རྟགས་སུ་བཞག་པ་དེ་འགྱུར་བ་བཤད་པ་སོགས་ཡོད་པ་དང་། གྲུབ་མཐའ་འདི་ཡི་ལྟ་བ་ནི་དབུ་མ་ཆེན ་པོ་འདོད་དོ།།

ཕན་ཐོབ་རེ་བཞག་བཟང་པོས་ཁམས་གང་ཕྱིར།།
ཕན་སེམས་དག་པའི་ཅུང་ཙམ་གླེང་བ་ཡིས།།
ཕན་ཚུན་བར་གྱི་ཡིན་ལུགས་ངེས་ནས་ཀྱང་།།
ཕན་བདེའི་ལེགས་ཚོགས་མ་ལུས་འབྱུང་གྱུར་ཅིག།

དྲང་བདེན་རྟ་བདུན་དབང་པོའི་ཚ་ཟེར་གྱིས།།
ཆགས་སྡང་དུག་ཆུའི་མཚོ་མོ་སྐེམས་ནས་ཀྱང་།།
རྫོགས་ལྡན་དབྱར་གྱི་དུས་བཟང་འཆར་བ་དང་།།
འགྲོ་ཁམས་ཀུན་ཏུ་བཟང་པོའི་བཀྲ་ཤིས་ཤོག།

ཅེས་པའང་༢༠༡༤/༥/༢/ཉིན་བློ་གསལ་སློབ་གཉེར་བགྲོ་གླེང་ཐོག་འཇམ་ཉིའམ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་གླེང་བའོ།།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།