མཁར་གདོང་གནའ་ཤུལ་དང་རིག་དངོས་ཞང་ཞུང་རིག་གནས་ཞིབ་འཇུག་གི་ལྡེའུ་མིག

མཁར་གདོང་གནའ་ཤུལ་དང་རིག་དངོས་ཞང་ཞུང་རིག་གནས་ཞིབ་འཇུག་གི་ལྡེའུ་མིག

རྩོམ་པ་པོ། ཚུལ་ཁྲིམས་ཕུན་ཚོགས། རྩོམ་ཁུངས། ཧི་མ་ལ་ཡའི་བོན།01
 02
03

   གནའ་བོའི་ཞང་ཞུང་རིག་གནས་ཞིབ་འཇུག་གི་ལྡེའུ་མིག་ཅེས་བྱ་བའི་ཞང་ཞུང་ཁྱུང་ལུང་དངུལ་མཁར་༼མཁར་གདོང༽གྱི་གནའ་ཤུལ་ཉེ་སྐོར་གྱི་གནའ་ཤུལ་རིག་དངོས་ལ་ཚན་རིག་དང་ཆེད་མཁས་པ་སོགས་ཀྱིས་ཞིབ་འཇུག་བྱས་པའི་སྐོར་མཚམས་སྦྱོར་རོབ་ཙམ་ནི།

04 05 06 

   དེའང་སྐྱབས་རྗེ་དགེ་སློང་བསྟན་འཛིན་དབང་གྲགས་མཆོག་གི་ཞལ་ནས་། སྔོན་མ་སྐྱབས་རྗེ་ཁྱུང་སྤྲུལ་རིན་པོ་ཆེའི་སྐབས་སུ། དབྱིན་ཇིའི་གནའ་རྫས་རྟོགས་ཞིབ་པས་མཁར་གདོང་ལ་རྙེད་པའི་གདུང་དུམ་སོགས་ཞིབ་འཇུག་བྱས་པ་རྒྱུད་ལོ་ངོ་སུམ་སྟོང་ལྷག་ཙམ་ཕྱིན་ཡོད་པའི་ངོས་འཛིན་བྱས་ཤིང་གནའ་རྫས་དེ་དག་ཁྱུང་ལུང་དངུལ་མཁར་གུར་གྱམ་དགོན་མདོ་སྔགས་གྲགས་རྒྱས་གླིང་དུ་ཉར་ཚགས་བྱས་ཡོད་རེད་། ཅེས་ང་ཚོ་སློབ་མ་རྣམས་ལ་དངོས་སུ་ཐེངས་མང་གསུངས་པ་དང་། སྤྱི་ལོ་༢༠༠༤ལོར་བོད་ལྗོངས་རིག་དངོས་གནའ་རྫས་ཁང་ནས་གཉེར་བའི་ཀྲུང་གོ་དང་ཨ་རིའི་ཚན་རིག་ཆེད་མཁས་པ་སོགས་མི་གྲངས་སུམ་བཅུ་ཙམ་གྱིས་ཟླ་བ་གཅིག་ལྷག་རིང་མཁར་གདོང་གི་མཁར་ཤུལ་ཐིག་ལེན་རིས་འབྲི་དང་བསྔོག་འདོན་ཚོད་ལྟ་དང་། གཡས་གཡོན་གྱི་གླང་ཆེན་གཙང་པོ་དང་ཆུ་དཀར་གཙང་པོའི་རྒྱུད་ཀྱི་བང་སོ་སོགས་ལ་ཐིག་འབྲི་བཅས་བྱས་ཏེ་ཁྱོན་གནའ་རྫས་གཉིས་བརྒྱ་ལྷག་ཙམ་རྙེད་སོན་བྱུང་ཞེས་ཟེར་ལ། དེའི་ནང་རྩ་ཆེ་ཤོས་ནི་མཁར་གདོང་གི་གནའ་ཤུལ་ཐོག་ཏུ་རྡོ་བརྩེགས་ཤུལ་ལ་རྨིད་གཅིག་ལྷག་ཙམ་བསྔོག་པས་ལི་མའི་ལྷ་སྐུའམ་མི་གཟུགས་དབུ་གཉིས་ཡོད་པ་ཤིག་རྙེད་ཅིང་། དེའང་ཁོ་ཚོས་ལི་སྐུ་དེ་ཞང་ཞུང་གི་སྐབས་སུ་བཟོས་པའི་ངོས་འཛིན་བྱས་ཡོད་ཀྱང་ལྷ་སྐུ་དེ་ཞང་ཞུང་གི་ལྷའམ་འདྲ་སྐུ་གང་ཡིན་མིན་སྐོར་ད་ལྟ་དངོས་སུ་ངོས་འཛིན་བྱེད་ཐུབ་མེད་ལ། དེའི་གནའ་རྫས་ཀུན་ཁོ་ཚོས་ཁྱེར་སོང་བས་གུར་གྱམ་དགོན་ལ་གཅིག་ཀྱང་བཞག་མེད། སྤྱི་ལོ་༢༠༠༦ ལོ་ཟླ་༨པར་གུར་གྱམ་དགོན་པའི་གཡས་འགྲམ་ས་ངོས་སུ་རྡིབ་པའི་བང་སོ་ང་ཚོ་གུར་གྱམ་དགོན་པའི་གྲྭ་བཙུན་ཚོས་བསྔོགས་ཏེ་རྙེད་སོན་བྱུང་བས། བང་སོའི་དུར་རྒྱགས་ནི་ཤིན་ཏུ་སྲབ་པའི་གསེར་ཤོག་དང་དངུལ་ཤོག འཇམ་ཤ་དོད་པའི་ལིའི་ལྷུང་གཟེད་དང་སྐྱོགས། ལི་ཆས། རྭ་ཅོའི་གཟར་བུ། རྡོའི་སྐོར་རུ། ཟངས་སྦུད་པ། སྨྱུག་སྣོད་སླས་མ། ཤིང་གི་པར་བུ། ལྕགས་ཀྱི་མདའ་མདུང་དང་། ཟངས་རྡིག རྫ་མ་ཆེ་ཆུང་མང་པོ། ཤིང་ཅོག་ཆུང་ཆུང་། གཡུ་ཡི་ཕྲེང་རྒྱན། མི་རུས་བཏུམས་བྱེད་ཀྱི་དར་ཟབ་དང་རི་མོ་ངོ་མཚར་ཅན་གྱི་གོས་ཆེན་དང། ཟ་རིགས་རྩམ་པ་དང་། ཇ་ལོ། སེམས་ཅན་གྱི་རུས་པ་སོགས་རྡོ་རྫ་ཤིང་ལྕགས་ཀྱི་ཡོ་བྱད་མང་པོ་རྙེད་སོན་བྱུང་བ་ཀུན་དགོན་འདིར་ཉར་ཚགས་བྱས་ཡོད། དེའང་སྤྱི་ལོ་༢༠༡༢ཟླ་༦པར་ཀྲུང་གོ་སྤྱི་ཚོགས་པེ་ཅིང་སྤྱི་ཚོགས་ཚན་རིག་གླིང་ནས་ཆེད་མཁས་པ་仝涛)ཐོང་ཐའོ་སོགས་ཀྱི་ལོ་ལྔའི་རིང་ས་གནས་འདིར་ཞིབ་འཇུག་བྱེད་རྒྱུའི་འཆར་གཞི་ལྟར། གོང་གི་བང་སོའི་གཡས་གཡོན་དུ་ཐིག་ལེན་རིས་འབྲི་དང་བསྔོག་འདོན་ཚོད་ལྟ་བྱས་ཤིང་འཇུག་འབྲས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་བསྔོག་འདོན་ཁྲོད་ཁྱོན་སྡོམ་བང་སོ་ཆེན་མོ་བཞི་རྙེད་པ་དང་། ཚང་མ་མངའ་རིས་སྒར་རྫོང་མོན་འཚེར་ཤང་གླང་ཆེན་ཁ་འབབ་བྱང་ངོགས་སུ་ཆགས་པའི་བོན་པོའི་དགོན་པ་ཁྱུང་ལུང་དངུལ་མཁར་གུ་རུ་གྱམ་དགོན་གྱི་མདུན་དུ་ཡོད་པ་རེད། བང་སོ་དེ་དག་ཕལ་ཆེར་ཀྲུང་གོའི་དབུས་རྒྱུད་ཧན་ཅིན་(中原汉晋)དུས་སྐབས་དང་མཉམ་ལ། བང་སོ་དང་པོ་དེའི་ཉེ་འཁོར་དུ་སྔོག་བཤེར་ཞིབ་ཕྲ་བྱས་རྗེས་གནའ་རྫས་རྟོག་ཞིབ་ཚོགས་པས་བར་ཐག་སྨི་༢༠ཙམ་གྱི་ཁྱབ་ཁོངས་སུ་སྔ་གཞུག་ཏུ་བང་སོ་ཆེན་མོ་གསུམ་ རྙེད་སོན་བྱུང་བ་དང་། བང་སོ་དེ་དག་གི་གཏིང་ཚད་ལ་སྨི་༥ནས་༦ཡོད་ཅིང་། མངའ་རིས་ས་ཁུལ་དུ་གཏིང་རིམ་ཆེས་ཟབ་ལ་མང་འདུས་བང་སོ་ཞིག་ཡིན་ཁར། བོད་ལྗོངས་ཡོངས་ནས་ཀྱང་དེ་ལྟ་བུ་བང་སོ་མཐོང་དཀོན་ནོ། །
 07 08

   ༢༠༠༦ལོར་ཁྱུང་ལུང་དངུལ་མཁར་གུ་རུ་གྱམ་གྱི་གྲྭ་བས་ས་ངོས་སུ་བུད་པའི་བང་སོ་དང་པོའི་རིག་དངོས་ཁག་ལ་གཙང་བཤེར་བྱས་མྱོང་བ་དང་། དེའི་ནང་དུ་འདབ་ཆགས་ཀྱི་རི་མོ་ཕབ་ཡོད་པའི་གནའ་བོའི་གོས་ཆེན་དང་ཁམ་མདོག་གི་དར་གོས་རྙིང་རོ། ལིའི་ལྷུང་བཟེད། ཤིང་གཙུབས་མེ་ལེན་ཡོ་ཆས། རྩྭ་བཟོས་ཡོ་ཆས་ལ་སོགས་ཡོད་ཅིང་། དར་གོས་དང་། ཤིང་། ཇ་ལོ་སོགས་ཀྱི་མ་དཔེ་དག་ལ་ཆེད་ལས་སྡེ་ཚན་ནས་ཚད་མཇལ་གཏན་འབེབས་བྱས་རྗེས་དར་གོས་ཆེན་ལ་ད་བར་དུ་ལོ་ངོ༡༧༤༧ཡས་མས་དང་། ཤིང་ལ་ད་བར་དུ་ལོ་ངོ་༡༦༥༣ཡས་མས་དང་། ཇ་ལོ་ལ་ད་བར་དུ་ལོ་ངོ༢༡༨༦ཡས་མས་བཅས་ཀྱི་ལོ་རྒྱུས་ཡོད་པ་བདེན་དཔང་བྱས། ཚད་མཇལ་གཏན་འབེབས་ལ་གཞིགས་ནས་རིག་འདེད་བྱས་ན་ཡིག་རིས་ཕབ་པའི་དར་གོས་ཆེན་ནི་ཧན་ཝེའི་(汉魏)སྐབས་ནས་ཡོང་བ་ཡིན་འདུག དུས་དེར་ནང་ལོགས་དབུས་རྒྱུད་ས་ཁུལ་དང་རྒྱང་ཐག་རིང་བའི་ཞང་ཞུང་བར་ལ་རིག་གནས་ཀྱི་འབྲེལ་འདྲིས་དང་འབྲེལ་བ་ཡོད་པ་མཚོན་ཐུབ། ཆེད་མཁས་པས་(王侯) “རྒྱལ་བློན” ཞེས་ཡི་གེ་འཁོད་ཅིང་འདབ་ཆགས་དང་དུད་འགྲོའི་གཟུགས་རིས་ཅན་གྱི་དར་གོས་ཧྲུལ་བོ་ནི་ད་བར་དུ་མདོ་དབུས་མཐོ་སྒང་དུ་རྙེད་པའི་ཆེས་སྔ་བའི་དར་གོས་རེད་ཟེར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་འབུམ་རམས་པ་ཐོང་ཐའོ་ཡིས་འདི་སྐད། བང་སོ་དང་པོའི་ནང་དུ་ལི་ཆས་དང་། ནང་ལོག་དབུས་རྒྱུད་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རལ་གྲི། དེ་མིན་སྲོག་ཆགས་ཀྱི་རུས་པ་སོགས་དུར་རྒྱགས་འབོར་ཆེན་འདུག་ལ། དེའི་ནང་དུ་ཚོན་རིས་ཀྱིས་བྲིས་པའི་གསེར་གྱི་ཞལ་འབག་ཆུང་ཆུང་ཞིག་ཡོད་པ་ནི་རྩ་མདའ་དང་རྒྱ་གར་བྱང་མའི་ས་ཁུལ་དུ་རྙེད་པའི་གསེར་གྱི་ཞལ་འབག་གི་རིག་གནས་མ་ལག་དང་གཅིག་ཏུ་གཏོགས་པ་རེད། ཡོ་ཆས་དེ་དག་ནི་ས་གནས་དེ་དང་ཉེ་བར་འབྲེལ་བའི་རྩ་མདའ་ས་ཁུལ་དང་། ཤན་ཅང་ལྷོ་རྒྱུད། རྒྱ་གར་བྱང་རྒྱུད། དེ་མིན་ནང་ལོགས་དབུས་རྒྱུད་ས་ཁུལ་བཅས་བར་ལ་རིག་གནས་ཀྱི་འབྲེལ་འདྲིས་ཆེན་པོ་ཞིག་ཡོད་པ་མངོན་པར་མཚོན་ཐུབ་པ་དང་། མདོ་དབུས་མཐོ་སྒང་གི་ཆེས་སྔ་ཤོས་ཀྱི་རིག་གནས་ལྟེ་གནས་ནང་གི་གཅིག་ཡིན་པ་ར་སྤྲོད་བྱུང་སྟེ། དེ་ནི་ཞང་ཞུང་མངའ་ཁོངས་ཀྱི་ལྟེ་གནས་སུ་གཏོགས་པས་ད་གཟོད་མཚར་སྡུག་རྣམ་པར་བཀྲ་བའི་རིག་གནས་འདི་ལྟ་བུ་བྱུང་བ་ཡིན་སྲིད་ཅེས་ཟེར།
 09 10

   ཐེངས་འདིའི་གནའ་རྫས་རྟོག་དཔྱོད་རུ་ཁག་གིས་བང་སོའི་ཉེ་འགྲམ་གྱི་རི་མགོའི་མཁར་གདོང་གི་ཤར་ངོས་ལ་ས་ཐིག་རིས་བྲིས་དང་ཚོད་སློག་བྱས་ཤིང་། གནས་ཤུལ་འདི་ནི་ཕལ་ཆེར་ཞང་ཞུང་རྒྱལ་རབས་སྐབས་ཀྱི་མཁར་ཁྱུང་ལུང་དངུལ་མཁར་གྱི་མཁར་ཤུལ་ཁག་ཅིག་ཡིན་པར་བཞེད་པ་མ་ཟད་ད་ལྟའི་མཁར་ཤུལ་གི་བརྩེགས་འོག་ཏུ་དེ་ལས་སྔ་བའི་བརྩེགས་པ་ཞིག་ཡོད་པ་མཐོང་བས་མཁར་ཤུལ་ལ་དུས་རིམ་སྔ་རྗེས་གཉིས་སུ་ཡོད་པར་ཁ་ཚོན་བཅད་པ་རེད། གནའ་རྫས་རྟོག་དཔྱོད་པ་རྣམས་ཀྱིས་བཞེད་པ་ལྟར་ན། མཁར་བརྩེགས་པའི་རྒྱུ་ཆ་དང་རིམ་པའི་སྟེང་ནས་བལྟས་ན་སྔ་མོའི་མཁར་གྲོང་མ་བརྩེགས་པའི་ཡར་སྔོན་དུ་འཚོ་སྡོད་བྱེད་པའི་དུས་ཡུན་ཤིན་ཏུ་རིང་བོ་ཞིག་འདུག་པས། མཁར་གདོང་གི་གནའ་ཤུལ་ནི་མིག་སྔའི་བར་དུ་བོད་ལྗོངས་སུ་རྙེད་པའི་མཁར་ཤུལ་ཆེས་སྔ་ཤོས་ཡིན་ཅིང་། བདག་ཉར་བྱས་པ་ཆེས་ལེགས་པ་དང་རིག་གནས་ཧ་ཅང་གྱ་ནོམ་པའི་མཁར་ཤུལ་ཞིག་ཀྱང་ཡིན། ཞེས་སོགས་ཀྱི་དཔྱད་འབྲས་བདེན་དཔང་གི་གཏམ་མང་པོ་སྤེལ་ཡོད། དེ་བཞིན་ཨ་རིའི་ཚན་རིག་ཞིབ་འཇུག་པས་ལྟར་ནས་ཀྱང་། ང་ཚོ་གྲྭ་པ་ཚོས་རྙེད་པའི་བང་སོའི་དེ་ནི་ས་འོག་རྐྱང་པ་ལ་ལོ་ཉུང་ཤོས་སུ་གཅིག་སྟོང་ལྔ་བརྒྱ་ལྔ་བཅུ་ནས་གཅིག་སྟོང་བདུན་བརྒྱའི་དབར་ཕྱིན་ཡོད་པའི་ར་སྤྲོད་བྱས། ༢༠༡༣ལོར་ས་གནས་འདིར་སྔ་ལོ་བཞིན་བང་སོ་བསྔོགས་འདོན་བྱས་ཏེ་རྙེད་སོན་བྱུང་བས་བང་སོ་བཞི་དང་དེའི་གནའ་རྫས་སུམ་ཅུ་སོ་གཉིས་ཙམ་རྙེད་སོན་བྱུང་ཡོད།
 11 12

  ༢༠༡༤ལོར་བང་སོ་གཅིག་བསྔོགས་འདོན་བྱས་པ་དང་། ༢༠༡༤ལོའི་དགུན་ཀར་འབྲོག་པ་ཚོས་རྙེད་སོན་བྱུང་བའི་བང་སོ་གཉིས་བཅས་ཀྱི་གནའ་རྫས་རིགས་དངོས་དེ་དག་ཐམས་ཅད་ད་ལྟ་གུར་གྱམ་དགོན་མདོ་སྔགས་གྲགས་རྒྱས་གླིང་དུ་ཉར་ཚགས་བྱས་ཡོད། མདོར་ན་དེ་སྔོན་རྙེད་སོན་བྱུང་བའི་གནས་རྫས་དང་མཁར་ཤུལ་ནི་སྔ་རྗེས་སུ་དབྱིན་ཇི། དབྱི་ཏ་ལི། ཨ་རི། ཀྲུང་གོའི་ཚན་རིག་པ་སོགས་ཆེད་མཁས་པ་མང་པོས་ཞིབ་འཇུག་བྱས་པ་དང་དཔྱད་རྩོམ་དྲྭ་ཚིག་གང་སར་སྤེལ་བ་སོགས་མི་སོ་སོའ་འདོད་སྟངས་མི་འདྲ་བ་མང་པོ་ཞིག་འདུག་མོད་ཀྱང་། ཁོ་ཚོས་དཔྱད་འབྲས་གཙོ་བོ་དེ་ལོ་ཚིག་གལ་ཆེན་ཤོས་ཡིན་པས་དེ་ལྟར་ནས། སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་པ་ནས་ཉུང་ཤོས་སྤྱི་ལོའི་དུས་རབས་བདུན་པ་དང་བརྒྱད་པའི་བར་དུ་འགྲོ་ཡོད་པའི་བདེན་དཔང་བྱས་པ་མ་ཟད། དེ་ནི་ཆེད་མཁས་པས། མཁར་ཤུལ་དེ་དུས་རིམ་སྔ་རྗེས་ཀྱི་དབྱེ་བ་བྱས་ཡོད་པས་ཞིབ་འཇུག་བྱས་ཚར་བ་འདི་དག་ཀུན། མཁར་ཤུལ་གྱི་སྟེང་རིམ་ལ་གནའ་རྫས་རྙེད་སོན་བྱུང་བའི་དཔྱད་འབྲས་ཤིག་རེད། ཆེས་སྔ་བའི་མཁར་ཤུལ་གྱི་འོག་རིམ་ལ་ནི་དཔྱད་ཞིབ་གཞི་ན་བྱེད་དགོས་པས་དེའི་དུས་རབས་དང་ལོ་གྲངས་ནི་དེ་ལས་མང་དུ་འགྲོ་གི་ཡོད་པ་ནི་སྨྲོས་ཅི་དགོས། མཁར་གདོང་གི་གནའ་ཤུལ་འདི་ཉིད་ནི་ཆེས་གཏིང་ཟབ་ཅིང་ཉེ་འཁོར་ལ་གནའ་ཤུལ་མང་པོ་ཡོད་པས་ཉམས་ཞིབ་བྱས་རིམ་བཞིན་དེ་ཙམ་གྱིས་ངོ་མཚར་ཆེ་རུ་འགྲོ་བ་ནི་གནའ་ཤུལ་འདི་ཡི་ཁྱད་ཆོས་ཤིག་རེད་འདུག ཁོ་བོས་ལོ་ངོ་བཅུ་ཙམ་གྱི་རིང་དུ་མཁར་གདོང་དང་དེའི་ཉེ་སྐོར་གྱི་གནའ་ཤུལ་ལ་ཆེད་དུ་འབད་དེ་ཉམས་ཞིབ་བྱས་པ་ཡིན་མོད་ཕྱོགས་ཙམ་ལས་ད་དུང་ཞིབ་པར་ཧ་གོ་ཞིང་ཁོག་ཏུ་ཆུད་པར་ནི་ཆེས་དཀའ་བའི་གནས་སུ་རེད་འདུག་གོ །


13 14
འཕྲོས་དོན་དུ་ཕྱོགས་ཀྱི་རྒྱལ་ཁམས་དག་ལ་རིག་གནས་དང་འབྲེལ་འདྲིས་ཡོད་པའི་སྐོར།

   གཡུང་དྲུང་བོན་གྱི་ལོ་རྒྱུས་རྣམས་སུ་ལྟར་ནས། སྤྱིར་རིག་པའི་གནས་ཆེན་ལྔ་དག་གི་བྱུང་ཁུངས་ནི་གཙང་རིས་ཞིང་ནས་ཡེ་དབང་རིགས་ལྔའི་ལྷ་ལྔས་སེམས་ཅན་ལྔའི་ཁྲི་མཆོག་གནོན་པའི་ཡེ་དབང་དེ་རྣམས་ཀྱིས་ཡེ་སྲིད་ཀྱི་རྒྱུད་ལྔ་ལ་ཤར་བའི་སེམས་ཅན་ཆེན་པོ་ལྔ་ཡི་ཀློང་ནས་བཟོ་དང་། སྒྲ། ཕྱི། ནང་། གསོ་བ་རིག་པ་བཅས་ལྔ་བྱུང་བའི་ལོ་རྒྱུས་ཡོད་པར་གཞིག་ནས། ཞང་ཞུང་གི་ཡུལ་འདིར་ཤེས་རིག་དེ་རྣམས་ཆེས་གནའ་བོའི་དུས་སུ་ཡོད་པར་མངོན་ཞིང་། ལྷག་པར་དུ་སྟོན་པ་གཤེན་རབ་མི་བོ་མཆོག་གི་མཛད་ཆེན་བཅུ་གཉིས་ཀྱི་ནང་ནས་ཐོག་མར་བསྟན་པའི་གཞི་མ་བཟོ་རིག་པ་སོགས་རིག་པའི་གནས་ཆེན་ལྔ་ཡི་གཞུང་ལུགས་རིམ་པར་གཏན་ལ་ཕབ་པར་མཛད་ཏེ། བཟོ་རིག་པ་ནི་བཟོ་རྒྱལ་གར་མ་ལི་ཤོ་ལ་གཉེར་དུ་གཏད། དེར་བསྟེན་པའི་སློབ་མ་བཟོ་དང་། ཕུབ། བླུག མགར། ལྷ། བྲིས་བཅས་སོགས་ལ་མཁས་པའི་ཕུལ་བྱུང་རྒྱན་དྲུག་ཅེས་བྱ་བ་བྱུང་ཞིང་གསས་མཁར་སུམ་བརྒྱ་དྲུག་ཅུའི་བཀོད་པའང་མཛད། དེ་དང་དེ་འབྲེལ་འཛམ་གླིང་ཕྱོགས་བཅུར་བཟོ་རིག་དར། ཞེས་གསུངས། དེ་བཞིན་སྒྲ་རིག་ལ་མཁས་རྨ་ལོ་གཡུ་ལོ་ལ་སོགས་དང་། ཕྱི་རིག་ལ་མཁས་ཀོང་ཙེ་འཕྲུལ་རྒྱལ་སོགས། ནང་རིག་ལ་མཁས་འཆི་མེད་ཡུམ་སྲས་གཤེན་སོགས། གསོ་རིག་ལ་མཁས་དཔྱད་བུ་ཁྲི་ཤེས་བཅས་སོགས་ལྷ་ཀླུ་མིའི་གཤེན་གསུམ་སོགས་ཀྱིས་སྤེལ་ཏེ་བརྒྱུད་པས། རིག་པའི་གནས་ལྔ་ནི་ཞང་ཞུང་སྒོ་ཕུགས་བར་གསུམ་ལ་དར་ཞིང་རྒྱས་པའི་སྐོར་ལོ་རྒྱུས་མི་དམན་པ་ཡོད། དེ་ལྟར་དུ་ད་ལྟ་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་པའི་བཟོ་རིག་པ་ལྟ་བུར་ཆ་བཞག་ན་། དེའི་སྐབས་སུའང་ལག་རྩལ་གྱིས་ཚད་གཞི་ཡང་མཐོ་པོར་སླེབ་ཡོད་པར་ངེས་ཏེ།
 15 16

   དེ་ཡང་ད་ལྟ་ང་ཚོ་གུར་གྱམ་དགོན་པར་ཡོད་པའི་ཤིན་ཏུ་འཇམ་ཤ་དོད་པའི་ལི་ཡི་ལྷུ་བཟེད་སོགས། དེ་བཞིན་ཞང་ཞུང་གི་རྒྱལ་རབས་སྐབས་སུ་བཟོས་པའི་གཡའ་དང་བཙའ་བརྒྱག་རྒྱུ་མེད་པ་རྡོ་ཆས་དང་རྫ་ཆས་རིགས། དེ་བཞིན་གཟི་ཡི་རིགས་མང་པོ་དང་། གནམ་ལྕགས་ཀྱི་རིགས་དཀར། ནག སེར། དམར་སོགས་དང་། ལིའི་རིགས་ཞང་ཞུང་ལི་ནག་དང་། ལི་དམར། ལི་ཁྲ། ལི་དཀར། ལི་སེར་བཅས་སོགས་ཀྱིས་བཟོས་པའི་ལྷ་སྐུ་དང་། སྲུང་བ། མཆོད་པའི་རྒྱན་རྫས་སོགས་མི་ཡི་ཡོ་བྱད་ཀྱི་རིགས་མང་པོ་དང་དེ་བཞིན་གནའ་ཤུལ་བཅས་ཡོད་པས་སོ། དེ་ལྟར་ཞིབ་འཇུག་པས། ཤིན་ཅང་ལྷོ་རྒྱུད། རྒྱ་གར་བྱང་རྒྱུད། དེ་མིན་ནང་ལོགས་དབུས་རྒྱུད་ས་ཁུལ་བཅས་བར་ལ་རིག་གནས་ཀྱི་འབྲེལ་འདྲིས་ཆེན་པོ་ཞིག་ཡོད་པ་མངོན་པར་མཚོན་ཐུབ། ཅེས་བཤད་པ་དེའང་བོན་གྱི་ལོ་རྒྱུས་ཡིག་རྙིང་འགའ་ཞིག་གིས་གསུང་ཚུལ་ལྟར་ན། ཞང་ཞུང་གི་ཡུལ་འདི་ཡུལ་དབུས་སུ་བྱས་པའི་མཐའ་འཁོར་དུ་ཡུན་ཕྲན་སུམ་བརྒྱ་དྲུག་ཅུ། ཡུལ་ཆེན་བཅོ་བརྒྱད་ཡོད་ཅིང་དེ་དག་ལ་རིག་གནས་དང་ཆོས་ལུགས་ཀྱི་འབྲེལ་བ་ཡོད་པ་མ་ཟད། ལྷག་པར་དུ་མཐའ་བཞི་རྒྱལ་པོ་བཞིའམ་བསྐོས་པའི་རྒྱལ་པོ་བཞི་ནི། ཇི་སྐད་དུ། སྲིད་པའི་བུ་བཞི་གཡུང་དྲུང་བོན་དུ་ངེས། ཞེས་གསུངས་པས། གཙུག་ལག་སོགས་སྲིད་པའི་བུ་བཞི་ཡི་འདུལ་ཞིང་། ཤར་རྒྱ་ནག་གཙུག་ལག་རྒྱལ་པོ། བྱང་ཁྲོམ་གེ་སར་དམག་གི་རྒྱལ་པོ། ནུབ་སྟག་གཟིག་ནོར་གྱི་རྒྱལ་པོ། ལྷོ་རྒྱ་གར་ཆོས་ཀྱི་རྒྱལ་པོ་ཞེས་ཞང་ཞུང་གི་ཕྱོགས་ཀྱི་རྒྱལ་ཁམས་ཆེན་པོ་བཞི་ཡོད་པར་དེ་དག་གི་བར་ལ་ཆབ་དཔལ་རིག་གསུམ་ཕན་ཚུན་ཕར་ཚུལ་འབྲེལ་འདྲིས་ཆེན་པོ་ཡོད་དེ།
 17 18

   སྟག་གཟིག་མཁས་པ་དམུ་ཙ་ཏྲ་ཧེ་སོགས་འཛམ་གླིང་མཁས་པའི་རྒྱན་དྲུག་ཅེས་ལོ་ཙ་བ་དྲུག་གིས་ཞང་ཞུང་གི་བོན་དང་རིག་གཞུང་སོགས་ལ་ཡུལ་གཞན་གྱི་སྒྲ་སྐད་ལ་བསྒྱུར་ཞིང་དེ་དག་ལ་དར་བའི་ལོ་རྒྱུས་ཡོད་པ་དང་། ཚུར་ལའང་རྣམ་རྒྱལ་གྱི་གཡང་སྒྲུབ་ལས། ཐོད་དཀར་སྲིད་པའི་གཏོ་གཡང་བླན། རྒྱ་གར་གཙུག་ལག་ཆོས་གཡང་བླན། རྒྱ་ནག་གཏན་གྱི་ཁྲིམས་གཡང་བླན། སྟག་གཟིག་དཀོར་ནོར་མཛོད་གཡང་བླན། ཞང་ཞུང་བོན་གྱི་མཐུ་གཡང་བླན། གེ་སར་དམག་གི་མི་གཡང་བླན། ཟ་ཧོར་གྲུ་གུའི་རྟ་གཡང་བླན། བྲུ་ཤ་ཁ་ཆེའི་སྨན་གཡང་བླན། བལ་མོན་བོད་ཀྱི་གཏེར་གཡང་བླན། ཞེས་དང་ཕྱོགས་བཞིའི་གཡང་འབོད་ལས། ཞང་ཞུང་རྒྱལ་པོ་བོན་གྱིས་ཕྱུག བོན་གྱིས་ཕྱུག་པའི་ཕྱུག་པའི་ཕྱུག་གཡང་བླན། རྒྱ་གར་རྒྱལ་པོ་ཆོས་ཀྱིས་ཕྱུག ཆོས་ཀྱིས་ཕྱུག་པའི་ཕྱུག་གཡང་བླན། རྒྱ་ནག་རྒྱལ་པོ་ཇ་དར་རས་ཀྱི་ཕྱུག ཇ་དར་རས་ཀྱི་ཕྱུག་པའི་ཕྱུག་གཡང་བླན། སྟག་གཟིག་རྒྱལ་པོ་ནོར་གྱིས་ཕྱུག ནོར་གྱིས་ཕྱུག་པའི་ཕྱུག་གཡང་བླན། ཧོར་གྱི་རྒྱལ་པོ་དམག་གིས་ཕྱུག དམག་གི་ཕྱུག་པའི་ཕྱུག་གཡང་བླན། ཞེས་སོགས་གསུངས་པས་འདི་དག་ནི་རྒྱལ་ཁབ་སོ་སོར་ལོ་གཉིས་སྟོང་གོང་ནས་དར་བའི་ཤེས་རིག་སོ་སོའི་རྒྱལ་ཁབ་ཀྱི་འབུར་དུ་ཐོན་པའི་ཁྱད་ཆོས་མཚོན་ནུས་འདུག་པས། བོན་གྱི་ཡིག་རྙིང་གཡང་ཆོག་གི་སྐོར་སོགས་ལ་འདི་ལྟར་མང་པོ་གསུངས་དོན་ནི་ཕན་ཚུན་བར་ལ་ཡིད་སྨོན་ཙམ་མ་ཟད། ཤེས་རིག་གི་འབྲེལ་འདྲིས་ཆེན་པོ་ཡོད་པར་མཚོན་ནུས་པར་སྙམ། འདིའི་སྐོར་འཁོད་པད་དུང་མང་པོ་ཡོད་པར་དཔྱད་རིན་ཤིན་ཏུ་ཆེ་མོད་གནས་སྐབས་དེ་ཙམ་མོ། ། 

ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས། ༢༠༡༦-༤-༢༨ཉིན།

 

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།